མགོ་ལོག་གཅིག་སྒྲིལ་ཁང་སར་ཇོ་ནང་དགོན་དུ་གནང་བའི་བསླབ་སྟོན།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 19 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགེ་རྒན་ལྡོང་ཡོན་ཏན་རྒྱ་མཚོ། »མགོ་ལོག་གཅིག་སྒྲིལ་ཁང་སར་ཇོ་ནང་དགོན་དུ་གནང་བའི་བསླབ་སྟོན།
མགོ་ལོག་གཅིག་སྒྲིལ་ཁང་སར་ཇོ་ནང་དགོན་དུ་གནང་བའི་བསླབ་སྟོན།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2020-08-19ལྟ་ཀློག (2942)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

མགོ་ལོག་གཅིག་སྒྲིལ་ཁང་སར་ཇོ་ནང་དགོན་དུ་དགེ་འདུན་པ་དང་སློབ་གྲྭ་བ་སོགས་ལ་བསླབ་སྟོན་གནང་བ་ཇི་བཞིན་སྒྲ་ཐག་ལས་བཤུས།

ལྡོང་ཡོན་ཏན་རྒྱ་མཚོས།

    ཡ་ལགས། དེ་རིང་ང་སྤྲུལ་སྐུ་བསམ་པ་ལྷུན་གྲུབ་ཀྱིས་མགྲོན་འབོད་བྱས་པ་བཞིན་ཁོང་གི་གྲྭ་ཤག་ཏུ་ཡོང་བར། ཁྱེད་གཅིག་སྒྲིལ་ཁང་སར་ཇོ་ནང་དགོན་གྱི་བླ་གྲྭ་ཡོངས་དང་སློབ་གྲྭ་ཆེ་འབྲིང་གི་སློབ་མ་འདི་འདྲ་མང་བོ་ཞིག་གིས་དཀར་ལ་གཙང་བའི་ཁ་བཏགས་ཀྱིས་མདུན་བསུས་ཏེ་ཁོང་ཚོར་ཆོས་འཇིག་རྟེན་གཉིས་ཆར་ནས་བསླབ་བྱ་ཞིག་གཏོང་དགོས་ཞེས་ནན་བསྐུལ་བྱས་བྱུང་། རྣམ་པ་ཚོའི་རེ་བཞག་འབྲས་

མེད་བྱེད་མི་ཐུབ་པས་ཁ་བརྡ་ཞིག་བྱས་ན་མི་ཆོག་རྒྱུ་མེད་མོད། རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་ཞལ་ནས། སྔོན་ཆད་མ་བྱུང་བའང་འདིར་བརྗོད་མེད། །སྡེབ་སྦྱོར་མཁས་པའང་བདག་ལ་ཡོད་མིན་ཏེ། ། ཞེས་གསུངས་པ་ཇི་ལྟ་བ་བཞིན་དུ། ང་རང་ཉིད་ཡོན་ཏན་ནང་ནོམ་གྱི་ཆ་ནས་དབུལ་བོ་དབུལ་རྐྱང་ཞིག་ཡིན་པས།   སུས་ཀྱང་མ་ཐོན་པའི་ཚིག་གི་སྡེབ་སྦྱོར་སྙན་མོ་དང་སྔར་མ་གྲགས་པའི་བརྗོད་དོན་ཟབ་པ་དང་རྒྱ་ཆེ་བ། མཁས་པ་ངོ་མཚར་སྐྱེ་འོས་པ་དང་བློ་གསལ་དང་བ་འདྲེན་ནུས་པ་སོགས་ཅི་ཡང་ཞུ་རྒྱུ་མེད། ཁྱད་པར་དུ་ང་ལྟ་བུ་ཞིག་གིས་བླ་མ་གྲྭ་ཚང་དང་ཡོན་ཏན་པའི་སྡེ་འདི་འདྲ་ཞིག་ལ་བསླབ་བྱ་གཏོང་རྒྱུ་ཟེར་ན། རང་ཉིད་ཀྱི་ཀུན་སྤྱོད་དང་བསམ་བློ། གཤིས་རྒྱུད་སོགས་ལ་བློ་ཁ་ནང་དུ་ཕྱོགས་ནས་ཞིབ་འདང་ཞིག་བརྒྱབ་ཚེ། ཧ་ཅང་ངོ་གནོང་དགོས་པ་ལྟ་བུའི་ཚོད་དུ་ཡོད། འཇམ་མགོན་བླ་མ་རྗེ་བློ་བཟང་གྲགས་པའི་ཞལ་ནས་ཀྱང་། རང་མ་དུལ་བར་གཞན་འདུལ་བའི་གནས་མེད་པས། གཞན་འདུལ་བའི་བླ་མ་དེས་ཐོག་མར་རང་གི་རྒྱུད་འདུལ་བ་ཞིག་དགོས། ཞེས་གསུངས་པ་ལྟར་རང་སེམས་གྱོང་བོ་དང་གཤིས་སྤྱོད་རྩུབ་པོ་སོགས་ལ་དོ་དམ་རེ་བྱེད་ཐུབ་ན་གཞན་ལ་བསླབ་བྱ་གཏོང་བའི་འོས་བབས་གཏན་ནས་མེད་པ་ཞིག་ཡིན། འོན་ཀྱང་ཁྱེད་ཅག་ཨུ་ཚུགས་ཆེ་བ་དང་ང་ངོ་ཚ་མི་ཤེས་པ་གཉིས་ཐོ་ཐུག་པས་གླེངམོལ་གློ་བུར་བ་འདི་བྱེད་དགོས་བྱུང་། འདི་ནི་ང་རང་གི་བསམ་ཚུལ་དང་དྲན་ཚུལ་ཙམ་ཡིན་པ་ལས་ཁྱེད་ཚོར་བསླབ་བྱ་བཏང་བ་མིན། བསླབ་བྱ་ཞིག་གི་ཚད་གཞིར་ཡང་སླེབས་མི་སྲིད། འདི་ནི་རྣམ་པ་ལྷན་རྒྱས་ལ་ཐོག་མའི་སྙན་སྐུལ་ཙམ་ཡིན་ལགས།

དེ་ཡང་ཆོས་གཞུང་དག་ན། ལས་མ་བྱས་པ་དང་མི་འཕྲད་པ། བྱས་པ་ཆུད་མི་ཟ་བ་ཞེས་གསུངས་ཡོད་པ་ཇི་བཞིན་དུ། དེ་རིང་འདིར་འདུས་ཀྱི་རང་རེ་ཚང་མ་སྔོན་བསགས་ལས་དང་སྨོན་ལམ་ཞིག་གིས་ཆོས་ལྡན་བོད་ཁ་ཅན་གྱི་ལྗོངས་འདིར་སྐྱེས་ཤིང་། ཤ་ཁྲག་རུས་གསུམ་གྱི་ཆ་ནས་བོད་མི་རིགས་དང་འབྲེལ་བ། དགའ་ཁ་འཁྱེར་སོ་སོགས་ཕྱོགས་མང་བོ་ཞིག་ནས་མཐུན་ས་ཡོད་པ་ཤ་སྟག་རེད་ཅེས་བཤད་ཆོག་པར་སྙམ། དེའི་ཕྱིར་ཕྱོགས་གཅིག་ནས་བསམ་ན་ཐུན་མོང་གི་ལས་དབང་དང་ཐུན་མོང་གི་འགན་འཁྲི་སོགས་ལས་བརྩམས་པའི་གྲྭ་རྐྱང་དཀྱུས་མ་ངའི་སེམས་གཏམ་འདི་ཁྱེད་ཅག་ལ་ལྷུག་བརྗོད་བྱེད་པའི་གོ་སྐབས་བྱུང་བར་དགའ་སྤྲོ་ཆེན་པོ་སྐྱེས།   རང་རེ་བོད་ཁ་བ་ཅན་ཟེར་བ་འདི་ནི། འདས་པའི་ལོ་རྒྱུས་ཁྲོད་སུམ་གཉིས་ས་ཡི་དཀྱིལ་འཁོར་ལ་དབང་བསྒྱུར་མྱོང་མཁན་གྱི་མི་རིགས་སྟོབས་ལྡན་ཞིག་དང་རྒྱལ་ཁབ་གྲགས་ཅན་ཞིག་ཡིན་པ་ངས་གསལ་བཤད་མ་བྱས་ཀྱང་ཚང་མས་ཤེས་ངེས་པ་ལྟར་ཡིན་མོད། དུས་ཀྱི་འཁོར་ལོ་བར་མེད་དུ་འཁོར་ཏེ་ཡོང་བའི་ད་སྐབས། ཕྱི་ནང་གི་འགལ་རྐྱེན་མང་བོ་ཞིག་གིས་ཆོས་སྲིད་རིག་གནས་སོགས་ཕྱོགས་གང་ཐད་ནས་ཆེས་ཉམས་རྒུད་དུ་གྱུར་བས། བསམ་ན་སེམས་ན་ཞིང་བལྟས་ན་མིག་ཆུ་ཤོར་འགྲོ་བའི་ཚད་དུ་ལྷུང་ཡོད་པ་དེ་རེད། འོན་ཀྱང་རང་རེའི་ཆེན་པོ་དང་མཐོན་པོ་ཕལ་ཆེར་གཞན་གྱི་ངོ་འཛིན་དང་རང་གི་ལྟོ་རྒྱབ་ཙམ་གྱི་ཆེད་དུ་ངལ་ཞིང་། གསར་སྐྱེས་ཡོན་ཏན་པར་རློམ་པ་ཁག་ཅིག་རང་རིགས་ཀྱི་གཤེད་དུ་བཞེངས་ནས་ག་ས་གང་དུ་བསམ་བློ་ནང་འཁྲུག་གི་སྦྱོར་བར་བརྩོན་པ། གཞན་ཕལ་ཆེར་ཅི་མིན་འདི་མིན་གྱི་ཀློང་ནས་མི་ཚེ་ཆུད་ལ་གཟོད་ཅིང་། རོ་ཁ་གདངས་ལ་ལ་གྲོག་གནམ་འབབ་ཀྱི་རེ་ལྟོས་དང་བཅས་ཏེ་མི་རིགས་འདིའི་ལས་དབང་མི་གཅིག་གི་ནུས་མཐུ་དང་བྱིན་རླབས་ལ་བཅོལ་ཞིང་སྒུག་པ་ནི་རང་རིགས་རྒུད་ཅིང་ཕོངས་བའི་ནད་གདོན་གྱི་རྩ་བ་ཡིན་པར་བདག་གིས་འདོད་དེ། སྤྱིར་ཐུན་མོང་གི་ལས་དབང་ངམ་ཐུན་མོང་གི་བདེ་སྐྱིད་ཀྱི་ཆེད་དུ་ཐུན་མོང་གིས་འབད་ཅིང་བརྩོན་དགོས་པ་ནི་ཆོས་འཇིག་རྟེན་གང་གི་དབང་དུ་བྱས་ཀྱང་ཧ་ཅང་གིས་འགྲིག་པ་ཞིག་རེད། དེ་མིན་ན། སངས་རྒྱས་བཅོམ་ལྡན་འདས་ལྟ་བུ་བྱམས་དང་བརྩེ་བའི་ཡོན་ཏན་ཡོངས་སུ་རྫོགས་པ་ཞིག་གིས་རང་རེ་ཚང་མ་ཆེས་སྔ་མོ་ཞིག་ནས་བདེ་སྐྱིད་ཀུན་ལྡན་དང་སྡུག་བསྔལ་ཀུན་བྲལ་གྱི་ཞིང་ཁམས་ཤིག་ཏུ་ཤར་སེར་དྲངས་བཏང་ན་ཆོག་མོད། དེ་ལྟར་དྲངས་ཚུལ་ཡོད་པ་མ་ཡིན་པས། གཞུང་ཆེན་མོ་དག་ནའང་། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་། ། འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། ། ཉིད་ཀྱི་རྟོགས་པ་གཞན་ལ་འཕོ་མིན་ཏེ། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་མཛད། །ཅེས་གསུངས་ཡོད་པ་ལྟར་རེད། དེའི་ཕྱིར་བོད་མི་རིགས་ཀྱི་འཕེལ་རྒྱས་དང་བདེན་དོན་གྱི་ཆེད་དུ། སྐྱ་སེར་དང་ཕོ་མོ་རིས་སུ་མ་མཆིས་པ། ས་གནས་དང་གྲུབ་མཐའ་ཕྱོགས་སུ་མ་ལྷུང་བ།   རྒན་གཞོན་དང་མཁས་བླུན་ལ་ཁྱད་པར་མེད་པར། བྲག་སྲིན་གྱི་རྒྱུད་པ་ལས་མཆེད་ཅིང་གྱེས་པའི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་རྫོགས་ཀྱིས་ཤུགས་བསྐྱེད་དགོས་པ་ནི་ཅུང་ཟད་ཙམ་ཡང་བཏང་སྙོམས་བྱེད་མི་རུང་བའི་གནད་དམ་པ་ཞིག་ཡིན་པར་སྙམ་སྟེ། མང་བོས་བཏེགས་ན་སྡོང་བོ་ཡང་ཞེས་རང་རེའི་སྔོན་བྱོན་མེས་པོ་ཉམས་མྱོང་ཅན་ཚོས་ཆེས་ངོ་མཚར་བའི་སྡོམ་ཚིག་ཅིག་བཞག་ཡོད་པ་བཞིན་མ་ཡིན་ནམ། ཚང་མས་སྟོབས་ཤུགས་གཅིག་སྒྲིལ་བྱས་ན་བོད་མི་རིགས་ལའང་འཕེལ་རྒྱས་ཀྱི་མདུན་ལམ་ཆེན་པོ་ཅིའི་ཕྱིར་མེད་དེ་ཡོད་ངེས་པ་ཡིན།

དེ་རིང་འདིར་བཞུགས་ཀྱི་ཁྱེད་དགེ་འདུན་པ་རྣམ་པར་མཚོན་ན། འཇམ་དབྱངས་བླ་མ་གུང་ཐང་བསྟན་པའི་སྒྲོན་མེའི་ཞལ་ནས། དལ་བའི་རྟེན་ཐོབ་རྒྱལ་བའི་བསྟན་དང་མཇལ། །མཚན་ལྡན་བཤེས་དང་ཆོས་མཐུན་གྲོགས་ཀྱིས་བསྐྱངས། ། མཐུན་རྐྱེན་རྟེན་འབྲེལ་འཛོམས་པ་འདི་འདྲ་བ། །ཡང་ཡང་རྙེད་པར་དཀའ་ལ་དོན་ཆེ་བས། །ཕྱི་བཤོལ་སྤངས་ཏེ་སྙིང་བོ་ལོངས་ཤིག་ཨང་། །ཞེས་གསུངས་པ་བཞིན་དུ། རྒྱུ་དཔེ་ངོ་བོ་གསུམ་གྱི་སྒོ་ནས་ཤིན་ཏུ་རྙེད་དཀའ་ཞིང་རྙེད་ན་དོན་ཆེ་བའི་དལ་འབྱོར་གྱི་ཆོས་བཅོ་བརྒྱད་ཚང་བའི་མི་ལུས་རིན་པོ་ཆེ་ཐོབ། མཇལ་དཀའ་བ་མདོ་སྔགས་ཟུང་དུ་འབྲེལ་བའི་རྒྱལ་བའི་བསྟན་པ་རིན་པོ་ཆེར་མཇལ་ཏེ་ཐོས་བསམ་སྒོམ་སྒྲུབ་བྱེད་པའི་སྐལ་བ་དང་ཡང་ལྡན། འཕྲད་དཀའ་བ་མཚན་ཉིད་བཅུ་ལྡན་གྱི་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་ཁྱད་པར་དུ་འཕགས་པ་དག་གིས་རྗེས་སུ་བཟུང་སྟེ། དཔལ་ཇོ་ནང་བའི་རིང་ལུགས་དྲི་མ་མེད་པ་འཛིན་པའི་ཆོས་སྡེ་ཆེན་པོ་འདི་ལྟ་བུ་ཞིག་གི་ནང་དུ་ཞུགས་ནས་མི་ཚེའི་སྙིང་བོ་ལེན་པར་བརྩོན་བཞིན་པ་ནི་ཨེ་མ་ཧོ་རྨད་བྱུང་སྐལ་བ་བཟང་སྙམ་དུ་དགའ་བ་བསྐྱེད་ན་འགྲིག སྤྱིར་དགེ་འདུན་དཀོན་མཆོག་ཟེར་བ་ནི་དཀོན་མཆོག་གསུམ་གྱི་ཡ་གྱལ་སྟེ་ཀུན་གྱིས་མཐར་ཐུག་གི་སྐྱབས་བཅོལ་ས་དང་རེ་བ་འཆང་ས་ཞིག་རེད། མཚན་ཉིད་བརྒྱད་དམ་གཉིས་ལྡན་གྱི་དགེ་འདུན་དཀོན་མཆོག་ཅིག་དཀའ་ཡང་། གྲྭ་བ་ཞིག་ཡིན་ན་ཀུན་སློང་ཀུན་སྤྱོད་ཚད་དང་ལྡན་པ་གཞིར་བཞག་པའི་སྟེང་ལམ་བསླབ་པ་གསུམ་གྱི་ཉམས་ལེན་དང་ལུང་སྡེ་སྡོད་གསུམ་གར་སློབ་གཉེར་ཕྱོགས་སུ་མ་ལྷུང་བ་གནང་མཁན་ཞིག་ཡིན་དགོས། དེ་ལྟར་གནང་ཐུབ་ན་རབ་དང་། གལ་ཏེ་མདོ་རྒྱུད་རིག་གནས་ཡོངས་སུ་རྫོགས་པར་སྦྱངས་མ་ཐུབ་ཀྱང་། མཉམ་མེད་ཇོ་བོ་ཆེན་པོའི་ཞལ་ནས། ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་གྲངས་མང་། །ཚེ་ཡི་ཚད་ཀྱང་ཅི་ཙམ་མི་ཤེས་པས། །ངང་བས་ཆུ་ལས་འོ་མ་ལེན་པ་ལྟར། ། རང་གི་འདོད་པ་དང་དུ་ལེན་པར་གྱིས། ། ཞེས་གསུངས་པ་ལྟར་རང་རང་གི་དགའ་ཕྱོགས་མོས་ཕྱོགས་དང་། ནུས་ཕྱོགས་འཁྱོངས་ཕྱོགས་ཀྱི་རིག་གནས་ཡོན་ཏན་རེར་དམིགས་བཀར་གྱིས་སྦྱང་བ་བྱེད་དགོས་པ་ནི་གནད་ཀྱི་དམ་པ་རེད། རང་ཉིད་དགའ་ཕྱོགས་ཀྱི་རིག་གཞུང་ལ་བརྩོན་ན་གྲུབ་འབྲས་ཀྱང་ཡག་པོ་ཞིག་འཐོབ་ཐུབ། ཤེས་རིག་ཡོན་ཏན་དར་བའི་ཕྱི་གླིང་བའི་ཕ་མ་ཚོས། ཆུང་དུས་ནས་བུ་ཕྲུག་གི་གཤིས་རྒྱུད་དང་དགའ་ཕྱོགས་ལ་རྒྱུས་ལོན་བྱས་ནས། ལྒང་ལི་རྩེད་རྒྱུར་དགའ་མཁན་ཞིག་ཡིན་ན་ལྒང་རྩེད་རུ་ཁག་ལ་ཞུགས་སུ་འཇུག་པ་དང་། ཚན་རིག་ཞིབ་འཇུག་གི་ལས་ལ་སྤྲོ་བ་ཞིག་ཡིན་ཚེ་དེ་དང་དེའི་སློབ་གྲྭ་དང་བྱ་བར་ཞུགས་སུ་འཇུག་པས་འཛམ་གླིང་ན་འགྲན་ཟླ་བྲལ་བའི་སྣ་གཅིག་ཤེས་ཡོན་པ་མང་བོ་བྱུང་དང་བྱུང་བཞིན་ཡོད་པ་དེ་འདྲ་རེད།

དགོན་པ་གྲྭ་ཚང་ཞིག་ལ་མཚོན་ན་སྒོམ་སྒྲུབ་ཉམས་ལེན་བྱེད་མཁན་དང་།     བསླབ་པ་སློབ་གཉེར་བྱེད་མཁན། རྩིས་དང་སྨན། ལྷ་བཟོ་སོགས་ཐ་སྙད་རིག་གནས་ཤེས་མཁན་ཡོད་དགོས་པར་མ་ཟད། རྒྱ་སྐད་དང་དབྱིན་སྐད་ཀྱི་ལོ་ཙཱ་བ། གློག་ཀླད་སོགས་དེང་རབས་ཀྱི་རིག་གནས་ཡོན་ཏན་ཡང་ཤེས་མཁན་དགོས་པ་རེད།   ཕྱོགས་སྣ་ཚོགས་ནས་སྣ་འཛོམས་ཤིག་ཡོང་ན་དགོན་པ་གྲྭ་ཚང་དེ་མིང་དོན་མཚུངས་པའི་ཤེས་རིག་གི་ལྟེ་གནས་ཤིག་ཏུ་འགྱུར་རྒྱུ་རེད། སྔོན་ཡིན་ན་གྲྭ་བ་ཞིག་ལ་གལ་ཏེ་ཡོན་ཏན་ཆེན་པོ་མེད་ཀྱང་། མང་ཚོགས་ཀྱི་དད་པ་བརྟན་ཞིང་ཕྱི་ཕྱོགས་ཀྱི་འཕེལ་འགྱུར་སྣ་ཚོགས་ཤིག་ལྗོངས་འདིར་སླེབས་མེད་པས། མཆོད་འབུལ་དང་རྟེན་བཞེངས། འཚོ་རྟེན་སོགས་ལ་དེ་འདྲའི་དཀའ་ཁེག་ཆེན་པོ་མེད། དེང་སང་དུས་རབས་ཁད་ཀྱིས་འགྱུར་བའི་གོ་རིམ་ཁྲོད་དད་པ་དང་དག་སྣང་རྐྱང་རྐྱང་བྱས་ནས་སྡོད་མཁན་ཆེས་ཉུང་ཉུང་ཡིན། དགེ་འདུན་པ་ཚོར་རིག་གནས་ཡོན་ཏན་ངེས་ཅན་ཞིག་མེད་ན་མཆོད་པའི་ཡུལ་དུ་བཀུར་རྒྱུ་ལྟ་ཅི། འཕྱ་སྨོད་དང་ལོག་རྟོག་གི་རྒྱུ་རུ་ཡང་འགྱུར་ཉེན་ཆེ། ས་གནས་ལ་ལའི་ལས་བྱེད་པ་ཚོས། རང་གི་བུ་ཕྲུག་ལ་སྡིགས་དམོད་བྱེད་ཚེ། ཁྱོད་ཀྱིས་རང་གི་མིང་ཡང་འབྲི་མི་ཤེས་ཚུལ་ལ་བལྟས་ན་གྲྭ་བ་ཞིག་དང་མཚུངས་གི་ཞེས་ཀྱང་བཤད་སྐད་ཐོས། གོང་གི་སྐད་ཆ་དུམ་བུ་དེ་གོ་ན་ཁྱེད་རྣམ་པར་ཚོར་སྣང་ག་འདྲ་འདུག   ངུ་དགོས་པ་ཞིག་འདུག་གམ་ཡང་ན་དགོད་དགོས་པ་ཞིག་འདུག སྤྱིར་དགེ་འདུན་པ་དང་གྲྭ་བ་ཞེས་པ་དེ་སྔོན་གྱི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དང་མངའ་བདག་ཁྲི་རལ་བ་ཅན་སོགས་ཀྱི་བཀས་བཅད་དང་སྒྲིག་ཁྲིམས་རབ་དང་རིམ་པ་བཟོས་པ་སོགས་ཕྱི་ནང་གི་རྒྱུ་རྐྱེན་མང་བོ་ཞིག་གི་དབང་གིས་བོད་སྤྱི་ཚོགས་ཀྱིས་སྐྱབས་གནས་དཀོན་མཆོག་གསུམ་གྱི་ཡ་གྱལ་དུ་བགྲངས་ཏེ་ཡིད་ཆེས་གཙང་མས་ཕྱག་དང་སྐྱབས་ཞུ་བྱེད་པའི་གནས་སུ་འཇོག་མོད། ད་ལྟ་མིའི་མཚན་ཉིད་མ་རྫོགས་པ་ལྟ་བུ་ཞིག་གི་ལྟ་ཚུལ་རེ་འགའ་ཐོན་བཞིན་པའང་ཕྱོགས་གཅིག་ནས་བསམ་ན་རང་རེ་ཚོས་ཤེས་རིག་ཡོན་ཏན་ལ་དོ་སྣང་མ་བྱས་པར་ཁུ་སིམ་མེར་འདུག་རྐྱང་བྱས་པས་ལན་པ་མ་རེད་དམ། འདས་པའི་ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས་པ་ཡིན་ན། ད་ལྟའི་བོད་རིག་པ་ཞེས་པའི་སྐད་གྲགས་ཅན་དེ་ཡང་གཙོ་བོ་དགེ་འདུན་པ་རྣམས་ཀྱིས་བསྒྱུར་སྤེལ་དང་གསར་བཏོད་གནང་ཡོང་བ་ཤ་སྟག་རེད།   འོན་ཀྱང་དུས་ཀྱི་འཁོར་བསྐྱོད་དང་འགྲོགས་ཏེ་རིམ་གྱིས་རིམ་གྱིས་གྲྭ་བ་ཞེས་པ་གཏོ་མདོས་སོགས་འདོན་པའི་རིམ་གྲོ་བ་ཞིག་གམ། ཡང་ན་ཁ་འདོན་དགེ་སྦྱོར་རེ་བྱས་ཏེ་ཁ་རོག་གེར་འདུག་པའི་དོན་ཉུང་བྱ་ཉུང་ཅན་ཞིག མདོ་ཤེས་ན་སྔགས་མི་ཤེས་པ་ལྟ་བུ། དེ་གཉིས་ཅུང་ཙམ་ཤེས་ནའང་ཐ་སྙད་རིག་གནས་ལ་ཐན་དུ་ལྟ་བ་ལྟ་བུ། གསར་དར་རིག་གནས་ལ་བློ་མི་ཕྱོགས་ཤིང་སྤྱི་ཚོགས་བདེ་སྡུག་ལ་ཁ་ཡ་མི་བྱེད་པ་ལྟ་བུ་སོགས་གཤོག་ཡས་ཆད་པའི་ཁྱུང་ཆེན་དང་ཚོར་འདུ་བྲལ་བའི་སྡོང་རྒན་ལྟ་བུ་མང་བོ་ཞིག་བྱོན་དང་འབྱོན་བཞིན་པ་ནི་བོད་པའི་དགེ་འདུན་པ་ཚོའི་ངོ་ཚ་དང་ངེས་པར་དུ་བསྒྱུར་བཅོས་བྱེད་དགོས་པའི་གནས་འབའ་ཞིག་རེད་སྙམ། སྤྱིར་ང་ནི་སྲོལ་རྒྱུན་ཡོད་ཚད་ལ་ཐན་དུ་བལྟ་ཞིང་སྔོན་བྱོན་མེས་པོ་ཚོས་མ་འཁྱོངས་ཚུལ་བཤད་དེ་རྒན་བགྲེས་ཚོའི་སྟེང་ལ་ནག་ཉེས་ལུང་བ་གང་འཇོག་མཁན་ཀྱི་དེང་རབས་གསར་བརྗེ་བ་དཔའ་བོའི་རིགས་དེ་གཏན་ནས་མ་ཡིན་མོད། ང་ཚོས་གནའ་དེང་ཟུང་གི་རིག་གནས་ལ་ཤ་ཆོད་རུས་ཆོད་ཅིག་མ་སྦྱངས་པར་གདོད་མའི་འགྲོ་སྟངས་འདུག་སྟངས་གཅིག་བུ་ལ་ཐོད་པ་གཏུགས་ནས་བསྡད་ན། ནམ་ཞིག་ང་ཚོ་ངོ་མ་དུས་རབས་ཀྱི་ཀླུད་རྫས་སུ་གྱུར་ཏེ་མ་མཐའ་རྟེན་བཞེངས་དང་མཆོད་འབུལ་ཙམ་ཡང་བྱེད་མཁན་མེད་པའི་ཚོད་དུ་འགྲོ་བའི་ཉེན་ཁ་ཡང་ཡོད་རྒྱུ་རེད་སྙམ་མཁན་ཞིག་ཡིན།   ང་ཚོ་རབ་ཏུ་བྱུང་ཞིང་ཆོས་སྒྲུབ་པའི་དམིགས་ཡུལ་ནི་གཞན་གྱི་མཆོད་འབུལ་དང་རྟེན་བཞེངས་ཙམ་དུ་རེ་བའི་ཆེད་མ་ཡིན་པ་བཤད་མ་དགོས་ཀྱང་། ཕྱིའི་གནས་ཚུལ་རགས་པ་དང་སྒོ་བསྟུན་ན་ང་ཚོ་སྤྱི་ཚོགས་ཀྱི་ཁས་ལེན་དང་རམ་འདེགས་ལ་ཁ་འབྲལ་ཐབས་མེད་པའི་ཚོད་དུ་ཡོད་པའི་ངོས་ནས་བཤད་པ་ཡིན། གྲྭ་བ་ཞེས་པ་ཡོན་ཏན་མེད་པ་ཤ་སྟག་ཡིན་ན་རིམ་གྱིས་མང་ཚོགས་ཀྱི་དད་པའང་ཉམས་འགྲོ་ལ་གསར་ཞུགས་གྲྭ་བཙུན་ཡང་ཆེས་ཉུང་ནས་ཉུང་དུ་འགྲོ་ངེས། འདི་ནི་ཆོས་ཉིད་ཅིག་རེད། གནད་འགག་ཅིག་རེད།

ཁང་སར་གསར་མའི་དགོན་པ་དང་ཇོ་ནང་བའི་དགོན་པ་འདི་གཉིས་གནས་གཞི་གཅིག་ཏུ་ཆགས་ཡོད་ལ། ཕན་ཚུན་ལ་བརྩི་བཀུར་དང་མཐུན་སྒྲིལ་ཆེན་པོ་ཡོད་པ་ནི་ཧ་ཅང་གི་རྗེས་སུ་ཡི་རངས་བྱེད་འོས་པའི་གནས་དམ་པ་ཞིག་རེད། རང་རང་གི་གྲུབ་མཐའ་དང་དེའི་ལྟ་སྒོམ་སྤྱོད་གསུམ་གཙོ་བོར་བྱེད་དགོས་པ་ལྟ་ཅི་སྨྲོས། འོན་ཀྱང་གྲུབ་མཐའི་ཁྱད་པར་གོས་ཀྱི་ཁ་མདོག་དམར་སེར་ཡིན་མིན་གྱིས་རྩོད་ཁུལ་བྱས་ཏེ་མཐུན་སྒྲིལ་གྱི་རྨང་གཏོར་བ་ཡིན་ན་རང་གཞན་ཚང་མ་ཕོངས་ལ་སྦྱོར་བ་ལས་གཞན་ཅི་ཡང་ཡིན་མི་སྲིད། ད་ལྟ་འཛམ་གླིང་གི་ཆོས་ལུགས་ཤེས་ལྡན་པ་ཚོས་ནང་བའི་ཆོས་ལུགས་དང་གནམ་བདག་ཆོས་ལུགས་སོགས་ཆོས་ལུགས་ཁག་ཕན་ཚུན་བར་མཐུན་སྒྲིལ་བྱེད་དགོས་ཚུལ་གཙོ་བོར་གླེང་གི་ཡོད་ན་རང་རེ་ནང་བའི་གྲུབ་མཐའ་ཁག་གིས་ནང་ཕན་ཚུན་ལ་བརྩི་བཀུར་དང་ལྟ་བ་མཉམ་གནས་བྱེད་རྒྱུ་ནི་བཤད་མ་དགོས་པ་ཞིག་རེད།

ང་ཁང་སར་གསར་མའི་དགོན་པར་དགེ་རྒན་ལ་ཡོང་ཁུལ་བྱས་ནས་ད་བར་དུ་ལོ་ལྔ་དྲུག་ཞིག་འགོར་བའི་རིང་ལ་ཁྱེད་ཚོའི་དགོན་པ་ནས་ཀྱང་གྲྭ་བ་རེ་འགའ་དཔེ་ཁྲིད་ལ་ཉན་དུ་ཡོང་། ཕལ་ཆེར་ཡོན་ཏན་གྱི་རྨང་གཞི་ལེགས་ཤིང་བརྩོན་སེམས་ཆེ་བ་རེ་རེད། ངས་རྒྱུས་ལོན་བྱས་པ་ལྟར་ན། ཁྱེད་ཚོའི་དགོན་པར་ཕྱོགས་གཞན་ནས་ཕེབས་པའི་མཁན་པོ་ཡོན་ཏན་ཆེ་ཞིང་ལྷག་བསམ་དཀར་བ་ཞིག་ཡོད་འདུག ཁོང་གི་སྐུ་དྲིན་གྱིས་སྤྱིར་དགོན་པ་འདིའི་དགེ་འདུན་པ་རྣམས་ཀྱི་བསམ་བློའི་ཁ་ཕྱོགས་དང་། རིག་གནས་ཡོན་ཚད། གཤིས་ཀ་ཀུན་སྤྱོད་སོགས་དགའ་འོས་པའི་གནས་སུ་འདུག ངས་གོང་དུ་ཞུས་པ་བཞིན། ང་ཚོ་མཉམ་གཤིབ་བྱས་ནས་ལོ་མང་བོ་བསྡད་པའི་རིང་དགོན་པ་འདིའི་ནང་གི་ལ་ལ་ཞིག་ངའི་སློབ་མར་གྱུར་ཞིང་མང་བོ་ཞིག་ཆོས་གྲོགས་སུ་གྱུར་ཡོད། དེ་དག་ལ་ཁ་བརྡ་གླེང་མོལ་བྱས་པ་ཡིན་ན། རིག་གནས་ཡོན་ཚད་དང་ལྷག་པར་དུ་བསམ་བློའི་ཁ་ཕྱོགས་ཡག་པོ་ཞིག་ཡོད་གི།   འདི་ཧ་ཅང་གི་གལ་ཆེན་པོ་རེད། དགོན་པ་ལ་ལ་སོའི་ནང་གི་གྲྭ་བ་རྒན་པ་ཁ་ཤས་ཀྱིས། ཐ་སྙད་རིག་གནས་ལ་སྦྱངས་ན་དད་པ་ཉམས་འགྲོ་བ་དང་སངས་རྒྱས་ཀྱི་བསྟན་པ་ལ་གནོད་བསྐྱེལ་རབས་ཀྱང་གསུང་མཁན་ཡོད་མོད། མདོ་དྲིན་ལན་གསབས་པ་ལས། རིག་པའི་དངོས་པོ་ལྔ་ལ་མ་བསླབས་ན་ནམ་དུ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བམ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་མི་འགྱུར་རོ། །དེ་བས་ན་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་རིག་པའི་དངོས་པོ་ལྔ་ལ་བསླབ་པར་བྱའོ། ། ཞེས་དང་། མངོན་པར་འབྱུང་བའི་རྒྱུད་ལས། བྱང་ཆུབ་སེམས་དཔའ་སེམས་ཅན་ཀུན་འདུན་པར་བྱ་བའི་ཕྱིར་གཞན་དག་ལ་སྙན་པར་དངགས་པའི་བསྟན་བཅོས་དང་། མིང་གཅིག་དོན་དུ་མར་འཇུག་པ་དང་། དོན་གཅིག་ཉིད་ཀྱང་མིང་གི་རྣམ་གྲངས་དུ་མར་མངོན་པར་བརྗོད་པའི་བསྟན་བཅོས་དང་། ལྕི་བ་དང་ཡང་བའི་ཡི་གེ་བསྒྱུར་བ་དང་སྤེལ་བའི་སྒོ་ནས་ཚིགས་སུ་བཅད་པའི་བསྟན་བཅོས་དང་། མདོ་འཛིན་པ་དང་། བཞད་གད་དང་། སྐད་དུ་མ་གཞན་དུ་བསྒྱུར་བས་འགྲོ་བ་དགའ་བར་བྱེད་པ་ཟློས་གར་གྱི་བསྟན་བཅོས་དང་། གྲངས་ཀྱི་རིག་པས་གཞལ་ཏེ་ངོ་མཚར་བར་སྟོན་པ་རྩིས་ཀྱི་བསྟན་བཅོས་རྣམས་ཀྱང་བསླབ་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་ཕྱིར་རོ། ། ཞེས་གསུངས་པ་ལྟར། མདོ་རྒྱུད་རིག་གནས་ཀུན་ལ་ཕྱོགས་སུ་མ་ལྷུང་བའི་སློབ་གཉེར་མཐའ་ཆོད་པ་ཞིག་མ་བྱས་པར་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་ཚུལ་གཏན་ནས་མེད། ཐ་སྙད་རིག་གནས་སྦྱོང་མཁན་གྱི་ནང་ན་གྲྭ་ལོག་དང་ལྟ་ལོག་བྱེད་མཁན་རེ་འགའ་ཡོད་པ་མངོན་སུམ་ཡིན་མོད། དེ་ནི་གང་ཟག་རང་རང་གི་སྐྱོན་ཡིན་པ་ལས་ཐ་སྙད་རིག་གནས་ཀྱི་སྐྱོན་ག་ལ་ཡིན་ཏེ་མིན་ནོ། །གྲྭ་ལོག་དང་ལྟ་ལོག་བྱེད་པ་དེ་རིག་གཞུང་གང་རུང་ལ་སྦྱངས་པའི་སྐྱོན་ཡིན་ན་མདོ་སྔགས་ཀྱི་གཞུང་མར་ཁུ་འདྲ་བ་ལ་སྦྱོང་མཁན་ཚོའི་ཁྲོད་དུའང་དེ་འདྲའི་རིགས་མེད་པ་མ་ཡིན་པས་ཧ་ཅང་ཐལ་ཆེ་བར་མ་གྱུར་ཏམ།

དགོན་པ་གྲྭ་ཚང་འདི་ལྟ་བུ་ལ་མཚོན་ནས་བཤད་ན། དཔལ་རྒྱལ་བ་ཇོ་ནང་བའི་རིང་ལུགས་དྲི་མ་མེད་པ་འཛིན་པའི་ཆོས་སྡེ་ཞིག་རེད། གཙོ་བོ་རང་རང་གི་གྲུབ་མཐའི་ལྟ་སྒོམ་སྤྱོད་གསུམ་རྣམ་པར་དག་པ་ལ་བརྩོན་པ་གཞིར་བྱས་པའི་སྟེང་།     ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གཞུང་ལུགས་དག་ལ་ཅི་ནུས་ཀྱིས་སློབ་གཉེར་བྱེད་རྒྱུ་ཡང་གལ་ཆེན་པོ་རེད་སྙམ། བྱ་རྒྱལ་རྒོད་པོས་གནམ་འཕང་གཅོད་པ་ལ་གཤོག་པ་གཉིས་དང་མི་ལྡན་ཐབས་མེད་ཡིན་པ་བཞིན། ཐུན་མོང་རིག་གནས་ཀྱི་ཡན་ལག་ཤིག་མེད་ན་མཁས་པའི་བྱ་བ་འཆད་རྩོད་གསུམ་གང་ལ་ཞུགས་ཀྱང་ལག་རྡུམ་བྲག་ལ་འཛེགས་པ་བཞིན་དཀའ་ས་འཁེགས་ས་མང་བོ་ཡོད། ཐ་སྙད་རིག་གནས་ལ་སློབ་དགོས་ཚུལ་བཤད་ན། ལ་ལས་གུང་ཐང་བསྟན་པའི་སྒྲོན་མེའི་སློབ་གཉེར་བསླབ་བྱའི་ནང་གི། སྒྲ་སྙན་སྨན་རྩིས་སོགས་ལ་མགོ་འཁོར་བ། །གཞུང་ལུགས་ཐོས་བསམ་རྣལ་མའི་གེགས་ཡིན་པས། །རྩ་བ་བོར་ནས་ཡལ་ག་མ་འཛིན་ཨང་། །ཞེས་པའི་ལུང་དེ་དྲངས་ནས། ཐ་སྙད་རིག་གནས་ལ་སྦྱངས་པ་ནི་སངས་རྒྱས་བྱེད་ཀྱི་བཀག་རྡོ་ཞིག་ཡིན་ཏེ། སྔོན་བུ་སྟོན་རིན་པོ་ཆེས་ཀྱང་སྐུ་ཚེ་གང་བོར་ལྕགས་ཀྱི་ཐུར་མ་བཅུ་གསུམ་ཟད་རག་བར་དུ་རྩིས་ལ་སྦྱངས་པས། སྐུ་ཚེ་དེ་ཉིད་ལ་འཚང་རྒྱ་རྒྱུ་ཡིན་པའི་བར་ཆད་དུ་གྱུར་ཚུལ་ཡང་གླེང་བར་བྱེད། ངས་བསམ་ན་འདི་ནི་ཆོས་ཀྱི་གནད་མ་མཁྱེན་པའི་གླེན་བཤད་ཅིག་དང་། མཁས་པའི་དགོངས་པ་མ་ལོན་པའི་ལོག་འགྲེལ་ཞིག་སྟེ། རང་རེའི་སྐར་རྩིས་ཀྱི་གཞུང་ནི་སྔོན་བྱང་ཕྱོགས་ཤམ་བྷ་ལའི་རྒྱལ་བོ་ཟླ་བཟང་གིས་ཁྱིམ་སྤང་དགོས་མི་དགོས་པར་ཉམས་སུ་བླངས་ཏེ་སངས་རྒྱས་ཆོག་པའི་གདམས་པ་ཞིག་གནང་དགོས་ཚུལ་ཞུས་པ་བཞིན་སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱིས་གསུངས་པའི་བཀའ་ཡིན་པས། དེས་བུ་སྟོན་རིན་པོ་ཆེར་ འཚང་རྒྱ་བའི་གེགས་ཤིག་ཇི་ལྟར་བྱེད། གོང་གི་དྲངས་མ་ཐག་པའི་འཇམ་དབྱངས་བླ་མ་བསྟན་པའི་སྒྲོན་མེ་ཚང་གི་ལུང་དོན་ཡང་སྐབས་ཐོབ་སྐབས་ཐོབ་ལ་སྦྱར་ དགོས་པ་ལས་ཐ་སྙད་རིག་གནས་དགོས་མེད་དུ་གསུངས་པའི་དོན་དུ་གོ་མི་རུང་ཞེས་དགེ་བའི་བཤེས་གཉེན་ཚོས་རྒྱུན་དུ་གསུངས་སྲོལ་ཡོད། སྐབས་འདིའི་ཁོང་གི་བསླབ་བྱ་གནང་ཡུལ་ནི་མདོ་སྔགས་ཀྱི་གཞུང་ལ་སློབ་གཉེར་གནང་མཁན་ཚོ་རེད། མདོའམ་སྔགས་གང་རུང་གི་གཞུང་ལ་སློབ་གཉེར་བྱེད་བཞིན་པའི་ཚེ། དེ་ཉིད་འཕྲོ་བསྐྱུར་རམ་ལས་ཞོར་ལྟ་བུར་བཞག་ནས་སྒྲ་སྙན་སྨན་རྩིས་སོགས་ལ་སྦྱངས་ན་ངོ་མ་རྩ་བ་བོར་ནས་ཡལ་ག་ལ་འཇུས་པ་ལྟ་བུ་ཞིག་རེད། དེ་བཞིན་དུ་སྒྲ་སྙན་སོགས་ཀྱི་གཞུང་ཞིག་ལ་སྦྱོང་བཞིན་པའི་སྐབས་དེ་འཕྲོ་བསྐྱུར་བྱས་ནས་དབུ་ཚད་ཀྱི་གཞུང་ལྟ་བུ་ཞིག་ལ་སྦྱངས་ནའང་རྩ་བ་བོར་ནས་ཡལ་གར་འཇུས་པའི་དཔེ་དང་རིགས་འདྲར་གྲུབ།   འོན་ཀྱང་གཞུང་ལུགས་ཟབ་ཚད་སོགས་ཀྱི་ཆ་ནས་མདོ་སྔགས་གཉིས་རྩ་བ་དང་ཐ་སྙད་རིག་གནས་ཡལ་ག་ལྟ་བུ་ཡིན་པ་སྨྲོས་མེད་ཡིན་མོད་འདི་ནི་གནས་ཚུལ་ཁ་ཁ་རེད། རྣམ་པ་ཚོས་གོ་བ་ལེན་ནོར་བྱེད་མི་རུང་བ་ནི་གནད་ཀྱི་དམ་པ་ཡིན་ལགས།

རང་རེ་བོད་ཁ་བ་ཅན་ནི་སྔོན་རིག་གནས་ཆེས་ཆེར་དར་བའི་མི་རིགས་ཡིན་ཕྱིར། ལོ་ཙཱ་བ་དང་པཎ་ཊི་ཏ་སོགས་ངེས་དོན་གྱི་མཁས་པ་གསུང་འབུམ་བྲག་རི་བརྩིགས་བརྩིགས་བྱེད་མཁན་མང་བོ་ཞིག་བྱོན་མྱོང་བ་དེ་དག་སུ་ཡིན་ཡང་མདོ་སྔགས་རིག་གནས་ཀུན་ལ་ཕྱོགས་སུ་མ་ལྷུང་བའི་སློབ་གཉེར་གཤའ་མ་བྱས་ཡོད་པ་ཤ་སྟག་རེད། སྔོན་གྱི་བཀའ་གདམས་པའི་བླ་མ་རེ་འགའ་མགར་ཁང་དུ་ཕེབས་ཏེ་མགར་བའི་ཐོ་བ་དབུ་ཐོག་ཏུ་འཇོག་བཞིན་འདི་ལྟ་བུ་ལའང་མཁས་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པར་གྲགས། ང་ཚོ་ནང་བ་སངས་རྒྱས་པས་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་རྒྱུ་ཡོད་པར་ཁས་ལེན་པ་བཞིན་ད་ལྟ་ཚན་རིག་པ་ཚོས་ཀྱང་གལ་སྲིད་མིའི་ཀླད་ཤུགས་སམ་འབུ་ཕྲ་ཡོངས་རྫོགས་བཀོལ་སྤྱོད་བྱེད་ཐུབ་པ་ཡིན་ན་ངོ་མ་དེ་འདྲ་ཞིག་ཡོད་སྲིད་པའི་ལྟ་ཚུལ་འདོན་བཞིན་ཡོད་སྐད་ཐོས། འོན་ཀྱང་རང་རེ་ཚོའི་སློབ་གཉེར་ཉི་ཚེ་བའམ་ཕྱོགས་སུ་ལྷུང་བ་དེས་ཐམས་ཅད་མཁྱེན་པའི་གོ་འཕང་ལྟ་ཅི་མཁས་པ་ཙམ་གྱི་གོ་འཕང་ཡང་འཐོབ་དཀའ་བ་ཡིན་ཏེ། འཇམ་མགོན་ས་སྐྱ་པཎ་ཆེན་གྱི་ཞལ་ནས།མ་བསླབ་པ་ལས་ཀུན་མཁྱེན་དུ། །འགྲོ་ན་རྒྱུ་འབྲས་ག་ལ་བདེན། །རྒྱུ་འབྲས་བསླུ་བ་མེད་པ་འདི། ། ཐམས་ཅད་མཁྱེན་པའི་ཁྱད་ཆོས་ཡིན། ། ཞེས་ གསུངས་ཡོད་པ་ལྟར་རེད།

དེ་ལྟར་མདོ་སྔགས་རིག་གནས་ཀུན་ལ་སྦྱོང་དགོས་པ་སྨྲོས་མེད་ཡིན་ལ། སྦྱོང་བའི་གོ་རིམ་ཡང་ཐོག་མར་ཡི་གེའི་སྦྱོར་ཀློག་ནས་བཟུང་སྟེ། ཡིག་གཟུགས་སྣ་ཚོགས། དག་ཡིག་དང་སུམ་རྟགས། མངོན་བརྗོད་དང་སྙན་ངག སྒྲ་རྩིས་སོགས་ཐ་སྙད་རིག་གནས་ཀྱི་རྨང་གཞི་ཡོད་པར་བྱས་རྗེས་ནང་དོན་རིག་པའི་གཞུང་ལུགས་ཟབ་མོ་དག་ལ་སློབ་དགོས་པ་ཡིན་ཏེ། སློབ་དཔོན་ཐོན་མིས་ཀྱང་། རྗེས་འཇུག་བཅུ་བོའི་དོན་ཤེས་ན། །འབྲི་དང་ཀློག་དང་འཆད་རྣམས་ཀྱི།། མཚམས་སྦྱོར་སྒྲ་ལ་ཐོགས་མེད་ ཅིང་། །འབྲེལ་བར་སྨྲ་བའི་མཆོག་ཏུ་གྱུར། །གཞན་ཡང་རྗེས་འཇུག་ཤེས་པ་ཡིས། ། དོན་གྱི་སྦྱོར་བ་མ་མཐོང་ཡང་། །དོན་དང་མཐུན་པའི་སྦྱོར་བ་ཤེས། །རྗེས་འཇུག་སྦྱོར་བ་མཁས་པ་ན། །ལུང་གི་དོན་དང་སྦྱོར་བ་དང་། །བླ་མའི་མན་ངག་གསུམ་སྦྱར་ནས། །དོན་གྱི་ཐོག་ཏུ་དབབ་པར་བྱ། །ཞེས་དང་། བསླབ་ལ་བརྩོན་པའི་གང་ཟག་གིས། །དང་བོར་ང་རོ་རྣམས་ལ་སྦྱངས། །སྔོན་འཇུག་རྨང་གཞི་རྗེས་འཇུག་གསུམ། ། ཀློག་གི་ཆེད་དུ་བསླབ་པ་ཡིན། །རྗེས་འཇུག་བཞི་ཡི་སྦྱོར་བ་ནི། །ཉན་བསམ་བསྟན་པའི་ཆེད་དུ་སྦྱང་། །ཡན་ལག་དེ་དག་མཐུ་ཡིས་ནི། །འབྲས་བུའི་ཆེད་དུ་གཏན་ལ་དབབ། །ཞེས་གསུངས་པ་ལྟར་རོ། །ད་ལྟ་མང་བོ་ཞིག་གིས། དང་བོ་ནས་ངས་གཞུང་བཀའ་པོད་ལྔ་ལ་བརྩོན་བཞིན་ཡོད། བསྐྱེད་རིམ་དང་རྫོགས་རིམ་སྦྱོང་གི་ཡོད། སྒོམ་རྒྱག་གི་ཡོད་སོགས་མཐོ་མཐོ་དང་ཟབ་ཟབ་ཀྱི་རིགས་དེ་ངོམ་རྒྱུར་དགའ་མོད། གོང་ཞུས་ལྟར་གོ་རིམ་ཡོད་པ་བྱས་ནས་སྦྱངས་ན། སྔོན་བྱོན་མཁས་པའི་ཞལ་རྒྱུན་དུ་བཞུགས་པ་བཞིན། འོག་མ་འོག་མ་གོང་མ་གོང་མའི་སྟེགས་སུ་འགྱུར་རྒྱུ་ཞིག་ཡོད་ངེས་པ་ཡིན། དེ་རིང་གི་ཚོགས་ཐོག་འདིར་གཞོན་སྐྱེས་གྲྭ་བཙུན་འདི་འདྲ་མང་བོ་ཞིག་བཞུགས་ཡོད་གི། ཁྱེད་རྣམ་པས་རང་གི་མི་ཚེའི་མཛེས་རྒྱན་དང་དྲིན་ཕ་མ་སོགས་ཀྱི་རེ་བཞག བོད་པའི་ལས་དབང་དང་སངས་རྒྱས་ཀྱི་བསྟན་པ་ཡུན་རིང་གནས་ཤིང་རྒྱས་པའི་ཆེད་དུ། ཐ་སྙད་རིག་གནས་ནས་འགོ་བཟུང་སྟེ་མདོ་སྔགས་གཞུང་ལུགས་ཀུན་ལ་ཕྱོགས་སུ་མ་ལྷུང་བའི་སློབ་གཉེར་ཚད་ལྡན་ཞིག་བྱེད་རྒྱུ་ནི་ངས་དེ་རིང་རྣམ་པ་ཚོར་ཞུ་བྱའི་སྙིང་གཏམ་མམ་རེ་བ་དང་བོ་ཡིན།

དེ་ནས་རྣམ་པ་ཚོར་ཞུ་རྒྱུ་ཞིག་ལ། ང་ཚོ་ནི་སྤྲེལ་སྲིན་གྱི་རྒྱུད་པ་ལས་མཆེད་པའི་བོད་མི་ཤ་སྟག་རེད། བོད་མི་ཞིག་ཡིན་པའི་ཆ་ནས་བོད་པའི་ལ་རྒྱ་ཞིག་ཅིས་ཀྱང་ཡོད་དགོས། སྟག་གཟིག་དོམ་དྲེད་དང་རྟ་ནོར་ལུག་གསུམ་སོགས་གླེན་ལྐུགས་དུད་འགྲོའི་ཚོགས་ལའང་རང་དང་རིགས་མཐུན་པའི་ཁྱུ་དེར་ལ་རྒྱའམ་དུང་བ་རེ་ཡོད་པ་མིན་ནམ། ཕྱི་གླིང་བའི་མཁས་པ་ཚོས། ལ་རྒྱ་མེད་པའི་མི་ཚེ་དེ་ནི་མི་ཚེ་ཕྱེད་མ་ཡིན། ཞེས་བརྗོད་སྲོལ་ཡོད། དེང་སང་ལ་རྒྱ་ཞེས་བཤད་ཡོང་དུས་མང་བོ་ཞིག་གིས་དེ་ནི་ཁ་འཁྲུག་གམ་ཁྲིམས་འགལ་ལྟ་བུ་ཞིག་ཏུ་གོ་བ་ལེན་འགྲོ། དེ་ནི་ཧ་ཅང་གིས་ནོར་འཁྲུལ་ཞིག་རེད།ཁྲིམས་མཐུན་གྱི་ལ་རྒྱ་དང་ཁེ་དབང་ཙམ་ཡང་གླེང་མི་ཆོག་ཅེས་འུར་རྒྱག་མཁན་མཚན་ཚོ་ནི་ངོ་མ་རྒྱལ་ཁབ་ཕོངས་ལ་སྦྱོར་བའི་ཁྲིམས་འགལ་བ་ཞིག་ལས་གཞན་ཅི་ཡང་མིན། འདིར་ང་ཚོ་ཞེད་སྣང་སྤུ་ཙམ་ཡང་སྐྱེ་དགོས་དོན་མེད། ང་ཚོས་བོད་མི་རིགས་ཀྱི་འཕེལ་རྒྱས་དང་ཉམས་རྒུད་གླེང་བ་ནི་རྒྱལ་ཁབ་ལ་ཕན་པའི་བྱ་བ་ཉག་གཅིག་མ་རེད་ཅེས་སུ་ཞིག་གིས་གླེང་ཐུབ། དེ་ལྟར་མ་རེད་ཅེས་གླེང་མཁན་ཞིག་ཡོད་ཚེ།   དེས་ནི་ཁ་གསལ་མཐིལ་རྟོགས་ཀྱི་སྒོ་ནས་བོད་མི་རིགས་འདི་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་མ་ཡིན་པར་བསྒྲུབས་ཏེ་རྒྱང་ཕུད་གཏོང་བཞིན་ཡོད་པ་རེད། དེའི་ཕྱིར་ང་ཚོས་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་བོད་པའི་ལ་རྒྱ་དང་བདེ་སྡུག་ངེས་པར་དུ་གླེང་དགོས་པ་ཡིན། འོན་ཀྱང་ཁུ་ཚུར་དང་ཁ་ཚིག་སྐམ་པོའི་ལ་རྒྱ་དེས་ཅི་ཡང་མི་ཕན།   འཕྲལ་ཕུགས་གཉིས་ཀར་ཕན་ངེས་པའི་གཞོམ་བྲལ་རྡོ་རྗེ་ལྟ་བུའི་ལ་རྒྱ་ཞིག་འཛིན་ན་བོད་མི་རིགས་ཀྱི་ཐུན་མིན་ཁྱད་ཆོས་སུ་གྱུར་བའི་ཤེས་རིག་ཡོན་ཏན་དང་ཡུལ་སྲོལ་གོམས་གཤིས། བསམ་པའི་ལངས་ཕྱོགས་སོགས་དར་སྤེལ་དང་དེ་གཅིག་གྱུར་གྱི་ལས་ལ་འབད་ཅིང་བརྩོན་དགོས་པ་ནི་བཤོལ་མི་རུང་བའི་གནས་གཅིག་བུ་ཡིན་པར་སྙམ།

ཡང་ལ་ལས་ཅི་ཞིག་ཤེས་མདོག་གིས་དགེ་འདུན་པ་རྣམས་ཀྱིས་སྤྱི་ཚོགས་ཀྱི་བདེ་སྡུག་དང་མི་རིགས་ཀྱི་ལས་དབང་གླེང་བ་ནི་ཆེས་མི་རུང་བ་ལྟ་བུ་་ཞིག་ཏུ་ངོས་འཛིན་གྱིན་ཡོད་པ་རེད། ངས་བསམ་ན་དེ་ནི་སངས་བཅོམ་ལྡན་འདས་ཀྱི་དགོངས་པའི་ཕྱོགས་འགྲོ་ཙམ་ཡང་མ་ཤེས་པའི་གླེན་རྟགས་ཤིག་སྟེ། ཐེག་པ་ཆེན་པོའི་ཆོས་ལུགས་ཉམས་སུ་ལེན་པ་བོ་ཞིག་གི་ངོས་ནས་སྤྱི་ཚོགས་ཀྱི་བདེ་སྡུག་ལ་དོ་ཁུར་ཆེན་པོ་བྱེད་དགོས་པ་ནི་རྩ་བའི་ཆ་རྐྱེན་ཡིན་པས། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་རང་སྟེང་དུ་ལེན་ཞིང་རང་ཉིད་ཀྱི་བདེ་དགེ་ཡོད་ཚད་དེ་དག་གི་ཆེད་དུ་ཁ་ཙམ་ཚིག་ཙམ་མ་ཡིན་པར་གཏོང་ཐུབ་དགོས་པ་ནི་ཐེག་པ་ཆེན་པོ་བའི་ཉམས་ལེན་མ་ཡིན་ཞེས་ཤེས་ལྡན་སུ་ཞིག་གིས་སྨྲ། འོན་ཀྱང་དང་བོ་ནས་དེ་དག་ཐམས་ཅད་དམིགས་འོག་ཏུ་ཆུད་པ་ཤིན་ཏུ་དཀའ་བས། ཐོག་མར་རང་ཉིད་ཀྱི་ཚེ་འདིའི་མ་དང་། དེ་ནས་གཉེན་ཉེ་དུ། དེ་ནས་རུ་སྡེ་དང་ཡུལ་ཕྱོགས། དེ་ནས་མི་རིགས་དང་རྒྱལ་ཁབ་སོགས་རིམ་བཞིན་རྒྱ་བསྐྱེད་ནས་དེ་དག་བདེ་དགེའི་གནས་ལ་ཅི་ཐུབ་གང་ཐུབ་ཀྱིས་འགོད་དགོས་པ་ཞིག་ཡིན་རྒྱུ་རེད་མ་གཏོགས། རང་གི་སྡེར་གཏོགས་པ་ཐམས་ཅད་ཤར་ལ་གཡུགས་ནས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་ཚུལ་ཞིག་གང་ན་ཡོད། སྔོན་བྱོན་རྒྱལ་དབང་སྐུ་འཕྲེང་རིམ་བྱོན་དང་པཎ་ཆེན་སྐུ་འཕྲེང་རིམ་བྱོན་སོགས་སྐྱེས་བུ་དམ་པ་ཆེས་མང་བོ་ཞིག་གིས་རང་རང་གི་སྐུ་སྲོག་ཐད་དུ་བོར་ནས་བོད་མི་རིགས་ཀྱི་ཆེད་དུ་བརྩོན་པ་བླ་མེད་གནང་མྱོང་ལ། དེ་དག་ཆོས་མཐུན་གྱི་སྐྱེས་བུ་ཤ་སྟག་མ་རེད་ཅེས་སུ་ཞིག་གིས་སྨྲ། སྔ་དྲོ་བླ་མའི་རྣམ་ཐར་དེ། ཕྱི་དྲོ་སློབ་མའི་ཉམས་ལེན་ཡིན་ཞེས་གསུངས་པ་ལྟར། རང་ཅག་གིས་ཀྱང་ཁོང་རྣམ་པའི་ཐུགས་སྟོབས་དང་ཕྱག་ལས་གནང་ཚུལ་ལ་ཅི་ནུས་ཀྱིས་སློབ་སྦྱོང་རེ་བྱས་ན་ཤིན་ཏུ་འགྲིག སྤྱིར་ལ་རྒྱ་འཛིན་ཚུལ་ལ་ཕྱོགས་ལྷུང་རང་བཞིན་ཅན་ཞིག་དང་དྲང་བདེན་དང་དོན་དངོས་རང་བཞིན་ཅན་གཉིས་ཡོད་པ་ལས་རང་རེ་གྲྭ་བཙུན་ཞིག་གི་ངོས་ནས་ཕྱི་མའི་རིགས་དེ་དོན་དུ་གཉེར་བྱ་གཙོ་བོ་ཡིན་པ་ནི་བཤད་མ་དགོས་པ་ཤིག་རེད།

 

དེ་ལྟར་དྲང་བདེན་རང་བཞིན་གྱི་ལ་རྒྱ་འཛིན་དགོས་པའི་ཚུལ་ལ་ངེས་ཤེས་བརྟན་པོ་ཞིག་རྙེད་རྗེས། མི་རིགས་ཀྱི་ངོ་བོ་དང་དེ་ཡུན་གནས་ཀྱི་ཕྱོགས་ལ་འབད་བརྩོན་གནང་དགོས་པ་ནི་གནད་ཀྱི་དམ་པ་ལགས། མི་རིགས་མི་རིགས་ཟེར་བ་དེ་རིགས་རྒྱུད་གཅིག་བུའི་སྟེང་ནས་བཀར་ན་མི་འགྲིག རིགས་རྒྱུད་གཅིག་བུ་མ་གཏོགས་ལོགས་སུ་དགར་བྱེད་ཅིག་མེད་ན་དུད་འགྲོ་དང་ཁྱད་པར་མེད་འགྲོ། དེས་ན་མི་རིགས་ཞེས་པ་ཕན་ཚུན་དགར་བྱེད་ནི། ཐུན་མིན་གྱི་སྐད་ཡིག་དང་། གནས་ཡུལ། དཔལ་འབྱོར་འཚོ་བ། ཆོས་ལུགས་དད་མོས་དང་རིག་གནས་སེམས་ཁམས་བཅས་སུ་གནའ་དེང་མཁས་པ་ཐུན་མོང་གིས་འདོད་བཞིན་པ་དེ་འདྲ་རེད། ཁྱད་ཆོས་དེ་དག་ལས་ཀྱང་ཆེས་གཙོ་བོར་གྱུར་བ་ནི་སྐད་ཡིག་དང་རིག་གནས་སེམས་ཁམས་ཡིན་ཏེ། དོར་ཞི་གདོང་དྲུག་སྙེམས་པའི་བློ་ལྡན་མཆོག་གིས་མཛད་པའི་ལྷག་བསམ་དབྱར་རྔའི་རང་སྒྲ་ལས། མི་རིགས་ཞེས་པ་རིག་གནས་ཆ་ནས་འཇོག །རིག་གནས་རྩ་བ་ཆད་ན་མི་རིགས་ཀྱི། །ལྗོན་ཤིང་སྐམ་ཕྱིར་རིག་གནས་ལ་སྡང་བ། །མི་རིགས་རྩ་མེད་གཏོང་བའི་ངན་གཡོ་ཡིན། །ཞེས་གནད་ལ་ཁེལ་བའི་གསུང་དེ་འདྲ་གནང་ཡོད།

སྤྱིར་བཏང་ལོ་རྒྱུས་ཀྱི་ཆ་ནས་བཤད་ན། བོད་རིག་པ་ཞེས་འཛམ་གླིང་ན་སྐད་གྲགས་ཅན་ཞིག་ཡོད་པ་དེ། གཙོ་བོ་དགོན་སྡེའི་ཁྲོད་ནས་སྐུ་ཚེ་གང་བོར་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་གསུམ་གྱིས་དུས་འདའ་བར་གནང་བའི་དགེ་འདུན་པ་རྣམས་ཀྱིས་དར་སྤེལ་དང་བརྒྱུད་འཛིན་བྱས་ཡོང་བ་ཞིག་རེད་ཅེས་བརྗོད་ཀྱང་མི་ཆོག་རྒྱུ་མེད། འོན་ཀྱང་ད་སྐབས་དགོན་སྡེའི་ཁྲོད་ནའང་མདོ་སྔགས་རིག་གནས་ཀུན་ལ་ཕྱོགས་སུ་མ་ལྷུང་བའི་སློབ་གཉེར་མཐར་ཕྱིན་ཞིག་བྱེད་མཁན་ཆེས་ཉུང་ངུར་གྱུར་ལ།   མ་མཐའ་རང་གི་ཕ་སྐད་དག་མོ་ཞིག་ཀྱང་ཤོད་ཀི་ཡོད་མེད་ཅི་རིགས་རེད། འདི་ནི་ཧ་ཅང་ཉེན་ཁ་ཆེ་བའི་གནས་ཤིག་ཡིན། ངས་བོད་སྤྱི་ཚོགས་ཁྲོད་ཀྱི་ལས་བྱེད་པ་དང་སློབ་མ་ལྟ་ཅི། ཐ་ན་ཞིང་འབྲོག་མང་ཚོགས་དང་དགོན་སྡེའི་གྲྭ་བཙུན་རྣམས་ཀྱིས་ཀྱང་ད་ལྟ་ཇ་ཡུན་གཅིག་ལའང་རྒྱ་སྐད་མ་འདྲེས་པའི་བོད་སྐད་གཙང་སང་ངེ་བ་ཞིག་གཏན་ནས་ཤོད་ཀྱིན་མེད། འདི་ནི་རང་རིགས་རྒུད་ཅིང་ཕོངས་པའི་རྩ་བ་རེད་ཅེས་གོ་སྐབས་གང་བྱུང་ལ་ཉན་མི་ཉན་གཉིས་ཀར་བཤད་ཀྱིན་ཡོད། འདིའི་སྐོར་ངས་དེ་རིང་དཔེ་འདྲེན་ལུང་འདྲེན་བྱས་ནས་མང་བོ་བཤད་མི་དགོས། དུས་ཚོད་ཀྱིས་ཀྱང་མི་འདང་གི། ཚང་མས་དེང་རབས་འཚོ་བའི་སྐོར་གྱི་གླེང་མོལ་ཐེངས་གཅིག་བྱས་པ་ཡིན་ན་རང་དབང་མེད་པར་ངོ་གདོང་ལ་དམར་མདངས་ཆགས་འོང་། མི་བདེན་གི་འདོད་ན་ཚོད་ལྟ་ཐེངས་གཅིག་བྱེད་རོགས། (ཚང་མ་ལྷན་ཅིག་ཏུ་བགད)

བོད་བརྒྱུད་ནང་བསྟན་རིག་པ་ཞེས་འཛམ་གླིང་ན་གྲགས་སྐད་ཆེ་བ་དེ་ཉིད་གྲ་མ་ཉམས་ཤིང་གྲུ་མ་ཆག་པའི་ཆ་ཚང་བ་ཞིག་དར་སྤེལ་དང་རྒྱུན་འཛིན་བྱེད་དགོས་ན་མི་རིགས་རང་གི་སྐད་ཡིག་སྟེང་ནས་རྒྱུན་འཛིན་བྱེད་རྒྱུ་མ་གཏོགས་སྐད་ཡིག་གཞན་གྱིས་དེ་འདྲ་ཞིག་འོང་ཐབས་མེད་ཅེས་ཁོང་ཐམས་ཅད་མཁྱེན་པས་ཀྱང་ཡང་ཡང་གསུང་གི་འདུག དེ་བཞིན་དུ་མི་རིགས་ཀྱི་ཁྱད་ཆོས་དང་སེམས་ཁམས། རིག་ གནས་ལ་དགའ་ཞེན། ལ་རྒྱ་འཛིན་ཚུལ་སོགས་ཀྱང་རང་གི་སྐད་ཡིག་ལེགས་པོ་ཤེས་མིན་གྱི་སྟེང་ན་གནད་འགག་གཙོ་བོ་ཡོད། དེའི་སྟེང་དུ་རྒྱ་ཡིག་དང་དབྱིན་ཡིག་སོགས་ཀྱང་ཤེས་ན་མཆོག་ཏུ་གྱུར་བའི་ཡན་ལག་རེད། དབྱིན་ཡིག་ནི་ད་ལྟ་འཛམ་གླིང་སྤྱིས་བཀོལ་སྤྱོད་བྱེད་པའི་ཡི་གེར་གྱུར་ཡོད་ལ། རྒྱ་ཡིག་ཀྱངབཀོལ་སྤྱོད་བྱེད་མཁན་གྱི་ཆ་ནས་གྲངས་འབོར་ཧ་ཅང་ཆེན་པོར་ཆགས་ཡོད་པས་དེ་དག་ཤེས་ན་མི་བཟང་བ་དང་མི་ལེགས་པ་ག་ན་ཡིན་མོད། བོད་མི་ཞིག་ཡིན་པའི་ཆ་ནས་བོད་རང་གི་སྐད་ཡིག་དེ་ལེགས་པར་ཤེས་དགོས་པ་ཡིན་ཏེ། པཎ་ཆེན་ཐམས་ཅད་མཁྱེན་པའི་ཞལ་ནས་ཀྱང་། ཁྱོད་ཚོས་ང་ཚོ་རང་གི་མི་རིགས་ཀྱི་མདུན་ལམ་འདི་ལ་བསམ་བློ་ཞིག་ཨེ་བཏང་། རང་གི་མི་རིགས་ཀྱི་ཆེད་དུ་རང་གི་སྐད་ཡིག་སྦྱང་མི་དགོས་ཟེར་ན་འདང་ཞིག་རྒྱོབས། ཞེས་དང་། བོད་ཡིག་སྦྱོང་རྒྱུ་འདི་རང་གི་མི་རིགས་ཀྱི་འོས་ འགན་ཡིན་པས་ཕན་ཐོགས་རུང་མ་ཐོགས་རུང་ཅི་ནས་ཀྱང་བོད་ཡིག་སྦྱང་དགོས་པ་རེད། ཅེས་དང་། མི་རིགས་ཤིག་ལ་མཚོན་ན། རང་གི་སྐད་དང་ཡི་གེ་གཞི་རྩ་བྱེད་རྒྱུ་ཧ་ཅང་ནས་གལ་ཆེ་བའི་བྱ་བ་ཞིག་རེད།དེའི་རྒྱུ་མཚན་ནི་མི་རིགས་ཤིག་ལ་རང་གི་སྐད་དང་ཡི་གེ་ཡོད་པ་དེ་མི་རིགས་གནས་རྒྱུ་དང་མི་རིགས་ཚུགས་རྒྱུའི་རྩ་བའི་མཐུན་རྐྱེན་ཞིག་ཡིན་པ་རེད། ཅེས་གནད་ལ་ཁེལ་བའི་ལེགས་བཤད་མང་བོ་བསྩལ་ཡོད་པ་ལྟར་ཡིན་པས་ཚང་མས་བློ་རྩེ་ནང་ལ་བཀུག་ནས་བསམ་གཞིག་ནན་མོས་ལག་ལེན་ཅི་ཐུབ་རེ་གནང་རྒྱུ་ཤིན་ཏུ་གལ་ཆེ་བ་ལགས།

ལ་ལས་རྒྱ་སྐད་རྒྱ་ཡིག་ཅིག་མ་ཤེས་ན་ཟ་ཁང་ཞིག་གི་ནང་དུ་སོང་ན་ཟ་མ་ཞིམ་པོ་རང་གི་ཁམས་དང་མཐུན་པ་ཞིག་དགོས་ཞེས་ཀྱང་བཤད་མི་ཤེས། དེ་བཞིན་དུ་ཚོང་ཁང་དང་སྨན་ཁང་རེའི་ནང་དུ་སོང་ནའང་དཀའ་ས་འཁེགས་ས་མང་བོ་ཡོད་པས། བོད་རིགས་བྱིས་པ་ཚོས་རྒྱ་སྐད་རྒྱ་ཡིག་རེ་སྦྱངས་ན་ལེགས་ཞེས་བཤད་མཁན་མང་རབས་ཐོས། འདི་ནི་ཆེས་གུ་ཐུག་པའི་བསམ་བློ་ཞིག་རེད། མིག་རྒྱ་ཐུང་བའི་མཚོན་རྟགས་ཤིག་རེད། རང་ཚུགས་མེད་པའི་དན་རྟགས་ཤིག་རེད། ད་ལྟ་དུས་རབས་དང་ཁོར་ཡུག་གི་རྐྱེན་གྱིས་རྒྱ་སྐད་དང་རྒྱ་ཡིག་རེ་ཤེས་ན་སྟབས་བདེ་ས་མང་བོ་ཡོད་པ་ངོ་མ་རེད། འོན་ཀྱང་གནས་སྐབས་ཀྱི་སྟབས་བདེ་ཙམ་དང་གནས་སྐབས་ཀྱི་ཁ་རྒྱབ་ཙམ་གྱི་ཆེད་དུ་ཕ་མེས་ཡང་མེས་ཚོས་ཚེ་སྲོག་གིས་བསྐྲུན་པའི་སྐད་ཡིག་དང་རིག་གནས་སོགས་ཉམས་པར་བྱས་ཏེ་སྐད་གྲགས་ཆེ་བའི་མི་རིགས་ཤིག་རྒྱ་མཚོའི་ཀློང་དུ་ཁ་བ་ཐིམ་པ་བཞིན་མེད་པར་གྱུར་སོང་ན་ག་ལ་འགྲིག འདི་ནི་ང་ཚོའི་ངོ་ཚ་དང་ཕམ་ཁ་མིན་ན་ཅི་ཞིག་ཡིན། སྙན་རྩོམ་རིག་པའི་ཤེས་བྱ་གནད་བསྡུས་ལས།   ནང་ཉམས་མི་རིགས་དབང་གིས་ཁྱད་ཡོད་མིན། །ཚིག་སྦྱོར་སྐད་རིགས་དབང་གིས་ཁྱད་མེད་མིན། །རང་སྐད་ལ་ནི་གཞན་སྐད་ཤན་ཞུགས་པ། །བརྡ་སྤྲོད་ལུགས་ལ་བློ་མིག་ལྡོངས་པའི་རྟགས། །ཞེས་གསུངས་པ་བཞིན་བླང་དོར་གྱི་བློ་མིག་ལྡོངས་ཤིང་ཅོལ་ཆུང་གི་ཧོལ་རྒྱུགས་བྱེད་སྟངས་འདིས་ནམ་ཡང་རང་རེ་ཚོ་ཕོངས་ལ་སྦྱོར་བཞིན་པའི་ཚུལ་དེ་ལེགས་པར་ཤེས་ན་འགྲིག

ངས་གོང་དུ་ཞུས་པ་བཞིན་བོད་ཅིག་ལ་བོད་སྐད་བཤད་མི་ཤེས་གི་ཟེར་ན་ཐུགས་ཁྲོ་བཞེས་ནའང་ཐང་མོད། རང་བློ་རང་ལ་ལྐོག་ཏུ་མ་གྱུར་བ་ཡིན་པས། ཉལ་འདང་ལག་པ་བྲང་འདང་གི་དཔེ་ལྟར། རང་གི་བྲང་ཁར་རང་གི་ལག་པ་བཞག་ནས་ཞིབ་འདང་རེ་གནོང་དང་ངོ་ཚ་བའི་ཚོད་དུ་མེད་དམ། དེ་རིང་འདིར་འདུས་ཀྱི་དགེ་འདུན་པ་དང་སློབ་གྲྭ་བ་ཚང་མའི་ཕ་མ་གཉིས་ཀ་བོད་པ་ཤ་སྟག་རེད། རང་གི་ཤ་ཁྲག་རུས་གསུམ་ཡང་བོད་དང་འབྲེལ་ནས་ཡོད། དེའི་ཁར་ད་རུང་ཁྱོད་ཚོ་བོད་བརྒྱུད་ནང་བསྟན་རིག་པའི་བརྒྱུད་འཛིན་པ་དང་མ་འོངས་བོད་ཀྱི་རེ་ལྟོས་འཆའ་སའི་ཡོན་ཏན་པའི་སྡེ་རེད། བོད་སྐད་བོད་ཡིག་མི་ཤེས་ཟེར་ན་ངོ་ཚ་དགོས་པའི་གནས་ཤིག་ལས་ཡོན་ཏན་ཞིག་ཏུ་རློམ་ས་གཏན་ནས་མི་འགྲོ། དེ་འདྲ་ཞིག་ཨེ་རེད།

ཁྱིམ་མཚེས་ཀྱི་རྒྱ་མི་རིགས་ལ་ལྟོས་དང་། ང་ཚོ་བོད་ཀྱིས། འོ་དེ་རྒྱ་འདྲ་འདྲ་ཞིག་རེད་ཅེས་ཆེས་ཉམ་ཆུང་དང་ནུས་མེད་ལྟ་བུ་ཞིག་གི་ཡུལ་དུ་བཞག་ནས་མཐོང་ཆུང་བྱེད་ཁུལ་བྱེད་མོད། ངོ་མ་བཤད་ན། ང་ཚོ་བོད་མི་རིགས་དང་རྒྱ་མི་རིགས་གཉིས་ལ་རང་གཤིས་བརྟན་མི་བརྟན། བསམ་བློའི་དམིགས་རྒྱང་རིང་མི་རིང་། ལ་རྒྱ་ཡོད་མེད། དོན་གྱི་ཕུགས་གནད་རྟོགས་མི་རྟོགས། ཤེས་རིག་ཡོན་ཏན་ལ་མཐོང་ཆེན་བྱེད་མི་བྱེད་སོགས་ལ་གནམ་ས་ལྟ་བུའི་བར་ཆད་ཅིག་མི་འདུག་གམ། ཁོ་ཚོ་མཚོ་བོད་མཐོ་སྒང་སོགས་སུ་ཡོང་སྟེ་དངོས་སུ་གཞིས་ཆགས་ནས་མི་ལོ་ལྔ་བཅུ་ཡས་མས་ཤིག་ འགོར་ཟིན་པའི་རིང་ལ། བོད་ཀྱི་ས་ཆ་ནས་སྐྱེས་པའམ་བོད་ཀྱི་ས་ཆ་ནས་ནར་སོན་པ་སོགས་གང་ཡིན་ཡང་། རྒྱ་སྐད་གཞི་ནས་བརྗེད་དེ་བོད་སྐད་རྐྱང་རྐྱང་བཤད་མཁན་གྱི་རྒྱ་མི་གཅིག་ཀྱང་རྙེད་ཨེ་སྲིད། ཕལ་ཆེར་གཅིག་ཀྱང་མེད་ཅེས་ཚིག་ཐག་བཅད་ཆོག་རྒྱུ་རེད། ང་ཚོ་བོད་ལ་འདང་ཞིག་བརྒྱབ་པ་ཡིན་ན། གཤམ་གྱི་ཉེ་འདབས་ཀྱི་རྫོང་གཅིག་པོ་ལ་དཔེ་ཞིག་བཞག་ན། ཁྱེད་རྣམ་པ་སོང་ནས་ཉམས་ འཇོག་ཅིག་བྱོས་དང་། སྤྱིར་ལོ་རྒྱུས་དང་དངོས་དོན་སོགས་གང་ལ་འདང་བརྒྱབ་ཀྱང་བོད་རྫོང་ངོ་མ་ཞིག་ཡིན་པ་བཤད་མ་དགོས་མོད། ཚང་མས་རྒྱ་སྐད་ད་མ་དིག་ཅིག་ཨེ་འཁྱོངས་ལྟ་བ་ལས་བོད་སྐད་རྣམ་དག་བཤད་མཁན་ཞིག་བཙལ་ཡང་མི་རྙེད་པའི་ཚོད་ཡིན། ཡུལ་འདིར་གཞིས་ཆགས་པའི་རྒྱ་མི་ཞིག་ཡིན་ན། མཐོ་རིམ་ལས་ཁུངས་དག་ཏུ་ཡོད་པ་ཚོ་ལྟ་ཅི་སྨྲོས། ཐ་ན་སྲང་བར་ཕྱགས་མཁན་དང་སྤྱོད་ཁང་དོ་དམ་པ། རྐང་གསུམ་འཁོར་ལོ་སྐོར་མཁན་ཚུན་ཆད་ཀྱིས་རྒྱ་སྐད་བཤད་ཅིང་རྒྱ་ཡིག་བཀོལ་ནས་ཁ་ཨེ་སོས་ལྟ་བ་ལས་རང་གི་བླ་སྲོག་བོར་ཏེ་ཁ་ཨེ་སོས་དང་རྒྱབ་ཨེ་ཁེབ་ལྟ་གིན་མེད། ཞག་སྒྲོན་རྐང་གཅིག་ལས་བཀར་རྒྱུ་མེད་ཀྱང་རང་མི་རིགས་ཀྱི་གོམས་སྲོལ་ཞིག་ཡིན་སྣང་གིས་རང་རང་གི་སྐྱེས་སྐར་ལ་རོལ་གྱིན་ཡོད། ངལ་གསོའི་དུས་ཚོད་ཅུང་ཙམ་ཡོད་ནའང་རྒྱ་ཡིག་གི་ཚགས་པར་རེ་ཀློག་གིན་འཛམ་གླིང་གི་ཁ་ ཕྱོགས་དང་སྤྱི་ཚོགས་ཀྱི་འགྱུར་ལྡོག་སོགས་ལ་དོ་སྣང་བྱེད་བཞིན་པ་དེ་འདྲ་རེད།   དེའི་ཕྱིར་ངས་ཁོ་ཚོར་རང་གཤིས་བརྟན་པོ་ཞིག་དང་མིག་རྒྱང་རིང་བོ་ཞིག་ཡོད་གི་ཞེས་བཤད་པ་ཡིན།

རང་རེ་བོད་མི་རིགས་ལ་མཚོན་ན། ཡོན་ཏན་པའི་སྡེ་དཔུང་གསུམ་ཡོད། དེ་ནི་ལས་བྱེད་པ་དང་། སློབ་གྲྭ་བ། དགེ་འདུན་པའི་སྡེ་གསུམ་རེད། ཇོ་མོའི་སྡེར་ཤེས་རིག་ཡོན་ཏན་ལ་བརྩོན་མཁན་ཤིན་ཏུ་ཉུང་བས་ངས་འདིར་ཆད་པ་བཅད་དེ་ཁོ་ཚོ་ཡོན་ཏན་པའི་སྡེར་མ་བགྲངས་པ་ཡིན།(དགོད་སྒྲ)ཨ་ལ་ཀུ་རེ་ཡིན། ང་གྲྭ་རྐྱང་ཞིག་ལ་གཞན་ཚོར་ཆད་པ་གཅོད་རྒྱུའི་དབང་ཆ་སྐྱིད་པོ་དེ་འདྲ་ཞིག་གང་ན་ཡོད། དེ་ལྟར་ཨེ་ཡོད་ཀྱི་འདུན་པའང་མེད། (སླར་ཡང་དགོད་སྒྲ)ཕྱོགས་ཆེ་ས་ནས་བཤད་ན་བོད་ཀྱི་ཡོན་ཏན་པའི་སྡེ་ནི་ཕལ་ཆེར་རིགས་དེ་གསུམ་གྱི་ནང་དུ་འདུ། བོད་ཀྱི་ཡོན་ཏན་པའམ་རིག་གནས་པའི་སྡེ་དེ་གསུམ་ལས། ད་སྐབས་བོད་རིགས་སློབ་གྲྭ་བས་བོད་ཡིག་མི་ཤེས་པའམ་ཤེས་ཀྱང་དུང་ཞེན་དང་ཡིད་ཆེས་མེད་པ། བོད་རིགས་ལས་བྱེད་པས་བོད་སྐད་མི་ཤེས་པའམ་ཤེས་ཀྱང་བཤད་རྒྱུར་ངོ་ཚ་བ། བོད་རིགས་དགེ་འདུན་པས་གསར་དར་རིག་གནས་ལ་བློ་མི་ཕྱོགས་པའམ་ཕྱོགས་ཀྱང་ཐན་དུ་བརྩི་བ་སོགས་ཀྱིས་བལྟས་བལྟས་རིག་རིག་ལ་ང་ཚོ་རྗེས་ནས་རྗེས་སུ་ལུས་ཤིང་རྒུད་པ་ནས་ཆེས་རྒུད་པར་འགྲོ་བཞིན་ཡོད། རང་རེ་བོད་ལ་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ལ་སོགས་པས་མཚོན་པའི་འཛམ་གླིང་ན་ངོམ་ཆོག་ཆོག་གི་རིག་གནས་ཇི་སྙེད་ཅིག་ཡོད་པ་དེ་དག་དུས་རབས་ཀྱི་འགྲོས་དང་མཐུན་པར་བོད་རང་གི་སྐད་ཡིག་གིས་གཙོ་བོར་རྒྱུན་འཛིན་བྱེད་དགོས་པ་མ་གཏོགས། མི་རིགས་གཞན་གྱི་སྐད་ཡིག་གམ་གནའ་སྲོལ་རྐྱང་བས་དུས་རབས་གསར་བའི་བོད་མིའི་དགོས་མཁོ་ཡོངས་རྫོགས་གཏན་ནས་སྐོང་མི་ཐུབ། རང་ཉིད་བོད་པ་ཞིག་གི་ཆ་ནས་སྔོན་བྱོན་ཕ་མེས་ཡང་མེས་ཚོར་ཕྱིར་འདང་ཞིག་རྒྱོབས་དང་། གདོད་མའི་དུས་རབས་དང་རྡོ་ཆས་དུས་རབས། རྒྱལ་ཕྲན་སིལ་མའི་དུས་རབས་སོགས་ཀྱི་གནས་ཚུལ་གསལ་བོ་ཞིག་ཤེས་དཀའ་ཡང་། སྤྱི་ལོ་སྔོན་གྱི་ལོ་བརྒྱ་དང་ཉེར་བདུན་པར་གཉའ་ཁྲི་བཙན་པོའམ་འོ་ལྡེ་སྤུ་རྒྱལ་ཞེས་པ་བོད་སྤྱིའི་རྒྱལ་བོར་བཞུགས་པ་ནས་ད་བར་མི་ལོ་སྟོང་ཕྲག་གཉིས་ལྷག་འདས་ཟིན་མོད། དེའི་རིང་ལ་བོད་མི་ཞིག་གིས་བོད་སྐད་བརྗེད་སོང་བའི་ལོ་རྒྱུས་ཤིག་གཏན་ནས་བཤད་རྒྱུ་མེད། ང་ཚོས་གནའ་མི་གླེན་པ་ཞེས་མཐོང་ཆུང་བྱེད་ཁུལ་བྱེད་མོད། ཁོ་ཚོར་གླེན་ཚུགས་ཆེ་ཡང་ཆོག མཁྲེགས་འཛིན་རྒོད་ཀྱང་རུང་། རང་གི་སྐད་ཡིག་བཀོལ་ཞིང་རང་གི་གཤིས་ཀ་བསྲུངས་ནས་ཡ་གླིང་ཤར་རྒྱུད་ན་བོད་ཅེས་པའི་སྙན་གྲགས་ཆེ་བའི་ལོ་རྒྱུས་ཀྱི་རྡོ་རིང་མཐོན་པོ་ཞིག་བརྟན་པོར་བསྒྲེངས་ཡོད་པ་རེད།

ངས་རྒྱུན་པར་འདི་འདྲ་བསམ་གྱིན་ཡོད། ས་གནས་ཤིག་གམ་དགོན་པ་ཞིག་ན་བླ་མ་བསམ་བློ་བ་ཞིག་དང་། སློབ་གྲྭ་ཞིག་ན་དགེ་རྒན་ཡོན་ཏན་པ་དང་ལྷག་བསམ་ཅན་ཞིག་ཡོད་ན། དགོན་པ་དང་སློབ་གྲྭ་དེའི་བསམ་བློ་དང་ཡོན་ཚད་ཀྱང་གཞན་དང་མི་འདྲ་བ་ཞིག་རང་ཤུགས་ཀྱིས་ཆགས་འོང་། དེ་བཞིན་དུ་དགོན་པ་ཞིག་ལ་རིག་གནས་ཡོན་ཏན་དང་བསམ་བློའི་ཁ་ཕྱོགས་ཡག་པོ་ཞིག་ཡོད་ཚེ་དེའི་ཁོར་ཡུག་གི་ལྷ་སྡེ་རུ་སྡེ་རུ་དང་བཅས་པར་ཕྱོགས་གང་ཐད་ནས་ཤུགས་རྐྱེན་ཡག་པོ་ཞིག་ཐེབས་འོང་བ་ཆོས་ཉིད་ཡིན་པས། ས་གནས་འདིར་ཡང་ཁྱེད་དགེ་འདུན་པ་དང་སློབ་གྲྭ་བ་རྣམས་ཀྱིས་སྣེ་ཁྲིད་དེ། རང་རང་གི་ཁྱིམ་ཚང་དང་སྡེ་བ། རུ་སྡེ་གཡས་གཡོན་ཚང་མར། ང་ཚོ་བོད་རེད། བོད་སྐད་བཤད་དགོས་ནི་རེད། བོད་མི་ཞིག་གིས་བོད་སྐད་དང་བོད་ཡིག་མ་ཤེས་ན་ངོ་ཚ་དགོས་པའི་གནས་རེད། ཅེས་སྐྱ་མིར་འགྲོ་བཤད་དང་རྐང་ཐང་ལ་འདུག་བཤད་བྱེད་ཐུབ་ན་རང་ཤུགས་ཀྱིས་བོད་སྐད་བཤད་མཁན་དང་བོད་ཡིག་སྦྱོང་མཁན་ཇེ་མང་ལ་འགྲོ་ངེས། སྐད་ཡིག་ནི་མི་རིགས་ཤིག་གི་བླ་སྲོག་ཡིན་པས་སྣང་ཆུང་བྱེད་གཏན་ནས་མི་རུང་། བླ་སྲོག་མེད་པའི་མི་རིགས་ཤིག་ཡིན་ན་དེར་ཡར་རྒྱས་དང་མདུན་ལམ་སོགས་གང་ཡང་ཡོད་མི་སྲིད། དེའི་ཕྱིར་ངས་ཀྱང་གོ་སྐབས་ནམ་བྱུང་ལ་སྐད་ཡིག་གལ་ཆེན་ཡིན་ཚུལ་སྐོར་ཅི་ཤེས་གང་ཤེས་ཀྱིས་མང་བོ་བཤད་ཀྱིན་ཡོད། ལ་ལས་ལྡོང་ཡོན་ཏན་ལ་སྐད་ཡིག་ཁོ་ན་མ་གཏོགས་ཅི་ཡང་བཤད་རྒྱུ་མེད་ཀི་བསམ་ན་ཐང་མོད། སྤྱིར་ང་རང་མདོ་སྔགས་ཐང་མར་བརྡལ་བའི་དགེ་བཤེས་དང་གནའ་དེང་རིག་གཞུང་མཁྱེན་པའི་ཤེས་ཡོན་པ་ཆེན་པོ་ཞིག་མིན་ཚུལ་གོང་ཞུས་ལྟར་ལགས། འོན་ཀྱང་། རྒྱ་ནག་གི་རྩོམ་པ་བོ་གྲགས་ཅན་ལིས་ཞུན་གྱིས། ཉམས་རྒུད་བརྒྱ་སྟོང་ཁྲི་འབུམ་ལས། །མི་རིགས་ཉམས་པ་བཟོད་པར་དཀའ། །ཞེས་བཤད་སྐད་འདུག་པ་བཞིན་རང་ཉིད་གཏོགས་པའི་མི་རིགས་འདིའི་དར་རྒུད་ལ་བསམ་སྟེ། སྐད་ཡིག་དམ་འཛིན་གྱི་སྐོར་ལ། གལ་བོ་ཆེ་ལ་ནན་ཏན་དང་། །དམ་པའི་ཆོས་ལ་བརྒྱ་ཚར་གྱི་དཔེ་ལྟར་དེ་རིང་གི་གཏམ་བཤད་ལས་ཀྱང་དུས་ཚོད་རིང་ཤོས་སྐད་ཡིག་གི་སྐོར་ལ་བཀོལ་བའི་ཁུལ་ཡིན་ལགས། འདི་ནི་ངས་རྣམ་པ་ཚོར་ཞུ་འདོད་པའི་རེ་བ་གཉིས་པ་ཡིན།

འཇམ་དབྱངས་བླ་མ་གུང་ཐང་བསྟན་པའི་སྒྲོན་མེའི་ཞལ་ནས། ཀུན་སྤྱོད་གཙང་བས་གཞན་གྱི་ཡིད་དུ་འཐད། །སྨྲ་བ་ཉུང་བས་ཕོག་ཐུག་གཡེང་བ་མེད། །དད་བརྩོན་དྲན་ཤེས་བརྟན་པོས་ཉིན་རེ་བཞིན། །ཡོན་ཏན་ཡར་ཚེས་ཟླ་ལྟར་འཕེལ་བས། །སྒོ་གསུམ་བག་དང་ལྡན་པར་གྱིས་ཤིག་ཨང་། །ཞེས་གསུངས་པ་ལྟར། རང་རེ་ཚོ་ཤཱཀྱའི་དགེ་སློང་ཞིག་ཡིན་པའི་ཆ་ནས་དང་། བོད་པའི་ཡོན་ཏན་པའི་རིགས་ཤིག་ཡིན་པའི་ཆ་ནས། རང་གི་ཀུན་སློང་ཀུན་སྤྱོད་ལེགས་པོ་ཞིག་ཡིན་པ་གཞིར་བཞག་གིས། དད་ལྡན་དང་བ་འདྲེན་ནུས་ཤིང་། གཞན་ལ་ལམ་སྟོན་བྱེད་ཐུབ་པ་ཞིག་དགོས་པ་ནི་སྨྲོས་མེད་རེད། ང་རང་ཉིད་དེ་འདྲའི་ཀུན་སྤྱོད་ཡག་པོ་དང་ཀུན་སློང་བཟང་བོ་ཅན་ཞིག་མ་ཡིན་པས་ཁྱེད་ཅག་ལ་འདིའི་སྐོར་ནས་བསླབ་སྟོན་བྱེད་རྒྱུ་ནི་ཤིན་ཏུ་མི་འཚམས་པ་ལྟ་བུ་ཞིག་རེད། འོན་ཀྱང་ཉུང་ཟད་ཕན་དུ་རེ་བའི་ཀུན་སློང་གཙང་མས་མཚམས་སྦྱར་ཏེ་སྔོན་བྱོན་སྐྱེས་བུ་དམ་པ་དག་གི་གསུང་གསེར་ནག་གི་ཐིགས་པ་ལྟ་བུ་དག་ན་ཅི་གསུངས་གང་གསུངས་རེ་ངོ་སྤྲད་ན་ཕན་པ་ལས་གནོད་མི་ཆེ་བར་སེམས། དེ་ཡང་གྲྭ་བ་ཞིག་ཡིན་ཚེ་རབ་བྱུང་ན་ཆོས་འདུལ་བའི་བཅས་ཁྲིམས་ཚུལ་བཞིན་དུ་བྱེད་རྒྱུ་ལས་ལྷག་པ་ཞིག་མེད་ཀྱང་། དུས་ཀྱི་དབང་གིས་དེ་དག་གཅིག་ཀྱང་མ་ཉམས་པར་བྱེད་རྒྱུ་ནི་ཧ་ཅང་ཁག་པོ་ཡིན་རྒྱུ་རེད། འོན་ཀྱང་འདུལ་བའི་གཞུང་དག་ན། རབ་བྱུང་བ་ཞིག་ཡིན་ཚེ་བསྒྱུར་བ་རྣམ་པ་གསུམ་ངེས་པར་དུ་དགོས་པར་གསུངས། དེ་ནི་མིང་བསྒྱུར་བ། ལུས་བསྒྱུར་བ། སེམས་བསྒྱུར་བ་གསུམ་རེད། མིང་བསྒྱུར་བ་ཞེས་པ་ནི་གྲྭ་བ་ཞིག་ཡིན་ཚེ་ངེས་པར་ཆོས་མིང་འདོགས་ཤིང་དེས་འབོད་དགོས་པ་རེད།   དེང་སྐབས་གྲྭ་བ་ཚོའི་མིང་ལའང་སྔོན་གྱི་སྐྱ་མིང་། མགོན་པོ། མེ་ཏོག རྟ་མགྲིན། ཚེ་རིང་སོགས་སུ་འབོད་པ་ནི་ཉེས་པ་ཆེ་ཞིང་གོམས་སྲོལ་ངན་པ་ཞིག་ཡིན་པས་ངེས་པར་དུ་བསྒྱུར་བཅོས་བྱས་ན་ལེགས།   གྲྭ་ས་ཆེན་མོ་དག་ན་གྲྭ་བ་ཞིག་ལ་གྲོང་མིང་གིས་བོས་ན་ངོ་ཚ་དང་ཐན་ལྟས་ལྟ་བུ་ཞིག་ཏུ་བརྩི། ལུས་བསྒྱུར་བ་ནི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གནང་བའི་ནབ་བཟའ་མདོག་སོགས་ཚད་ལྡན་མནབ་དགོས་པའི་དོན་རེད། དེང་སྐབས་གྲྭ་གཞོན་ལ་ལ་ཁྱིམ་པའི་རྟགས་ཀྱི་གོས་གོན་རྒྱུར་དགའ་ཞིང་ཁྱད་པར་དུ་གྲོང་ཁྱེར་སོགས་སུ་འགྲིམ་ཚེ་ངེས་པར་དུ་གྲོང་ཆས་བྱེད་དགོས་པ་ལྟ་བུའི་གོམས་སྲོལ་ངན་པ་ཞིག་ཆགས་བཞིན་པ་ནི་གཏན་ནས་མི་ལེགས། གཟན་ཤམ་ནི་རང་རེ་དགེ་འདུན་པ་ཚོར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གནང་བའི་གོས་ཁྱད་པར་བ་ཡིན་པས། རང་ལ་སྟབས་བདེ་མིན་དང་གཞན་གྱི་མིག་ལ་མཛེས་མིན་ཙམ་ལ་བསྙད་བཏགས་ཏེ་རྩེད་ཆས་བྱས་ན་ག་ལ་འགྲིག ཕྱོགས་གཅིག་ནས་བཤད་ན་དེ་ནི་རང་རྒྱུད་ཀྱི་སྡོམ་པ་སྲུང་བྱེད་ཀྱི་ལྕགས་རི་ལྟ་བུའང་ཡིན།     བཀའ་གདམས་པའི་བླ་མ་ཤ་ར་བའི་ཞལ་ནས་ཀྱང་། ཁྱིམ་པ་ལས་ཀས་བྲེལ་བའི་དུས་སུ་གོས་བཟང་བཟང་གྱོན་ལ་དེ་ན་ཕར་སོང་དང་རབ་ཏུ་བྱུང་བ་ཨ་རེ་སྐྱིད་སྙམ་ནས། མ་འོངས་པ་ན་རབ་བྱུང་གི་བག་ཆགས་འཇོག་ཅེས་གསུངས། འོན་ཀྱང་དེང་སྐབས་བག་ཆགས་བཟང་བོ་འཇོག་མཁན་ལས་ངན་པ་འཇོག་མཁན་མང་སྟེ། ལུས་སྨད་གྲྭ་བ་དང་ལུས་སྟོད་གྲོང་བ་ལྟ་བུ། སྐྲ་རིང་བོ་བཞག་སྟེ་སྟེང་ལ་སྣུམ་བྱུག་པ། མཚོན་ཆ་འདོགས་པ། གཟན་སྣེ་རླུང་ལ་བསྐྱོན་བཞིན་འཕྲུལ་རྟ་ཞོན་པ། རྡོ་སྟེགས་སྤོ་ལོ་འཕེན་པ། ཚོང་ཁེ་བུན་ལོག་བྱེད་པ་སོགས་ཁྱིམ་པ་ཡ་རབས་ཤིག་གི་ཚད་དུའང་མི་སླེབས་པ་སོགས་ནི་ངེས་པར་དུ་སྤང་དགོས་པའི་གཤིས་ཀ་དག་ཡིན་ཏེ། གུང་ཐང་བསྟན་པའི་སྒྲོན་མེའི་ཞལ་ནས། གདོལ་སྤྱོད་ཁྱིམ་པའི་རྗེས་འཇུག་གཡོ་ཁྲམ་མཁན།   །ཆོས་མིན་སྤྱོད་པའི་ཐན་སྙེ་མགོ་འཕང་མཐོ། །ལྟོ་སྐྱ་གོས་ཧྲིལ་ཐོས་དང་ཚུལ་ཁྲིམས་ཀྱི། །བཅུད་ལྡན་སྙེ་མའི་མགོ་བོ་དམའ་ནའང་། །གཏན་གྱི་སྐྱིད་སྡུག་འདྲ་འདྲ་མིན་ནོ་ཨང་། །ཞེས་གསུངས་པ་ལྟར་རེད། འོན་ཀྱང་ལ་ལས་འཕྲུལ་རྟ་ཞོན་པ་དང་རྡོ་སྟེགས་སྤོ་ལོ་འཕེན་པ་སོགས་མི་ཆོག་ཚུལ་འདུལ་བའི་གཞུང་དག་ན་མེད་ཅེས་ཞིབ་ཆ་འདོན་ཁུལ་བྱེད་མོད། དེའི་རིགས་ཀྱིས་ཁྱིམ་པ་སུན་འབྱིན་དང་དགེ་འདུན་ནང་ཁྲིམས་ཞེས་འཛེམ་དགོས་ས་ཞིག་ཡོད་པ་ལ་ཐུགས་བསམ་བཏང་མི་འདུག ཡང་ཁྲམ་པ་རྐུན་མ་དང་སྒྱུ་རྩལ་བ་སོགས་གྲྭ་བ་མ་ཡིན་པ་རྣམས་ཀྱིས་རྒྱུ་ནོར་གྱི་ཆེད་དུ་གཟན་ཤམ་གྱོན་ནས་རྩེད་ཆས་བྱེད་བཞིན་པ་དེ་སྤྱིར་ཁྲིམས་མཐུན་གྱི་རྒྱལ་ཁབ་ཅིག་ལ་མཚོན་ན་ངེས་པར་དུ་བཀག་སྡོམ་དང་རྩད་གཅོད་བྱེད་དགོས་པའི་གནས་གལ་ཆེན་ཞིག་ཡིན་མོད་ད་ལྟ་སུ་ཡིས་དོ་སྣང་བྱེད།

དེ་ནས་སེམས་བསྒྱུར་བ་ཞེས་པ་ནི་རབ་ཡིན་ན་ངེས་འབྱུང་རྣམ་པར་དག་པས་རྒྱུད་བསྐུལ་ཏེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ཞིག་དགོས། ངེས་འབྱུང་རྣམ་དག་ཅེས་པ་ནི། རྗེ་རིན་པོ་ཆེའི་ལམ་གཙོ་རྣམ་གསུམ་ལས། དལ་འབྱོར་རྙེད་དཀའ་ཚེ་ལ་ལོང་མེད་པ། །ཡིད་ལ་གོམས་པས་ཚེ་འདིའི་སྣང་ཤས་ལྡོག །ལས་འབྲས་མི་བསླུ་འཁོར་བའི་སྡུག་བསྔལ་རྣམས། །ཡང་ཡང་བསམ་པས་ཕྱི་མའི་སྣང་ཤས་ལྡོག །དེ་ལྟར་གོམས་པས་སྲིད་པའི་ཕུན་ཚོགས་ལ། །ཡིད་སྨོན་སྐད་ཅིག་ཙམ་ཡང་མི་སྐྱེ་ཞིང་། །ཉིན་མཚན་ཀུན་ཏུ་ཐར་བ་དོན་གཉེར་བློ། །བྱུང་ན་དེ་ཚེ་ངེས་འབྱུང་སྐྱེས་པ་ལགས། །ཞེས་གསུངས་པ་ལྟ་བུ་ཞིག་དགོས་མོད། ད་ལྟ་ཐུན་མོང་སྣང་ཚོད་ཀྱི་དབང་དུ་བྱས་ན་དེ་འདྲའི་ངེས་འབྱུང་རྣམ་དག་རྒྱུད་ལ་སྐྱེས་ནས་རབ་ཏུ་བྱུང་མཁན་ཅུང་དཀོན་པའི་ཚོད་ཡིན། དེ་ཡང་རྒྱ་ཆེར་འགྲེལ་བ་ལས།   མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་མེད་པར་སྡོམ་པ་མི་སྐྱེའོ། ། ཞེས་སྤྱིར་ངེས་འབྱུང་གི་བསམ་པ་རྣམ་དག་མེད་པར་རྒྱུད་ལ་སྡོམ་པ་མི་སྐྱེ་བར་གསུངས་མོད། དེ་ནི་ངེས་འབྱུང་ཁྱད་པར་ཅན་ལ་དགོངས་པ་ལས། མཁན་སློབ་ཀྱིས་བརྡ་སྤྲད་པའི་ཚེ་འཁོར་བ་ལས་ཐར་འདོད་དང་ཐར་བ་ཐོབ་འདོད་ཀྱི་བསམ་བློ་ཞིག་སྐྱེས་པས་ཀྱང་རྒྱུད་ལ་སྡོམ་པ་སྐྱེ་སྟེ། ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱིས་མཛད་པའི་འདུལ་བ་རྒྱ་མཚོའི་སྙིང་བོའི་དགོངས་དོན་རབ་ཏུ་སྣང་བར་བྱེད་པའི་སྒྲོན་མེ་ཞེས་བྱ་བ་ལས། སྡོམ་པའི་ངོ་བོ་ཇི་ལྟ་བུ་ཡིན་ཞེ་ན་དེ་ནི། སྡོམ་པ་འབོགས་པའི་ཚེ་མཁན་སློབ་སོགས་ཀྱིས་འཁོར་བའི་ཉེས་དམིགས་དང་ཐར་བའི་ཕན་ཡོན་གྱི་ཁྱད་པར་བརྡ་སྤྲད་པ་ལས་བྱུང་བའི་ངེས་འབྱུང་གི་བསམ་པ་རྣམ་དག་གམ། མ་མཐའ་བཅོས་མ་གང་རུང་གིས་རྒྱུ་བྱས་པ་ལ་བརྟེན་ནས་སྐྱེས་ཤིང་། སེམས་ཅན་གཞན་ལ་གནོད་པ་གཞི་སྲོག་གཅོད་པ་ལ་སོགས་པའི་གནོད་པ་རྒྱུ་དང་བཅས་པ་ལས་བཟོད་པའི་དགེ་བ་ཞིག་ལ་འཇོག ཅེས་དང་།    མཁས་གྲུབ་ཐམས་ཅད་མཁྱེན་པའི་ཐུབ་བསྟན་བྱི་དོར་དུ། གང་ཟག་འགའ་ཞིག་ལ་སྔོན་སྡོམ་པ་ལེན་པའི་ཚེ་སྡོམ་པ་དངོས་སུ་མ་སྐྱེས་ཀྱང་། ཕྱིས་ངེས་འབྱུང་སྐྱེས་པའི་ཚེ་སྔར་གྱི་ཆོ་ག་ལ་བརྟེན་ནས་བླངས་པའི་ཚུལ་ཁྲིམས་དེ་སྡོམ་པར་འགྱུར་བར་གསུངས་པ་སོགས་འདིའི་སྐོར་ལ་རྗེ་ཡབ་སྲས་སོགས་ཀྱིས་མཛད་པའི་གཞུང་ཆེན་མོ་དག་ཏུ་རྩོད་པ་ཤིན་ཏུ་མང་ཡང་དེ་རིང་འདི་ནས་དོགས་པ་བཅད་དེ་འདུག་ཁོམ་མེད་ཀི། མདོར་ན་གྲྭ་བ་བྱེད་ཚེ་དེའི་དགེ་མཚན་ཤེས་ཤིང་དེ་ལ་དགའ་ཞེན་ཆེ་བ་ཞིག་དགོས་པ་མ་མཐའི་ཆ་རྐྱེན་ཡིན་རྒྱུ་རེད་སྙམ། དེའི་ཕྱིར་ན་ཚོད་ཅུང་སྨིན་ཞིང་བསམ་གཞིག་ཏོག་ཙམ་གཏོང་ཤེས་རྗེས་གྲྭ་བ་བྱས་ན་བཟང་ས་མང་བར་སྙམ། འདི་ནི་ཞོར་འཕྲོས་ཀྱི་བསམ་ཚུལ་ཕྲན་བུ་ཡིན།

རང་རེ་ནང་བ་བའི་གསུང་ཚུལ་གཞིར་བཞག་ན། ད་ལྟ་ནི་སྙིགས་མ་ལྔ་ཆེས་ཆེར་བདོ་བའི་དུས་སྐབས་ཡིན། སྙིགས་མ་ལྔ་བདོ་བའི་འགོ་ནི་སངས་རྒྱས་རྒྱས་ཤཱཀྱ་ཐུབ་པ་སྐུ་མྱ་ངན་ལས་འདས་ཏེ་ལོ་སྟོང་དང་ལྔ་བརྒྱ་ཙམ་ནས་ཡིན་པར་འདོད། དེ་ལྟར་ན་སྙིགས་མའི་རང་མཚང་མངོན་དུ་གྱུར་ཏེ་མི་ལོ་སྟོང་ཕྲག་གཅིག་ལྷག་ཙམ་འདས་ཟིན་པ་རེད། དེའི་ཕྱིར་ད་ལྟ་མི་རྣམས་ཀྱི་ཁྲེལ་དང་ངོ་ཚ་ཇེ་ཆུང་དུ་གྱུར། ཞེ་སྡང་ཁོང་ཁྲོ་ཇེ་ཆེར་གྱུར། ཁྱད་པར་དུ་ཡང་དག་པའི་གནས་ལུགས་ལ་རྡོག་རྫིས་གཏོང་མཁན་གྱི་ལྟ་ལོག་པ་ཉིན་རེ་ནས་ཉིན་རེར་ཇེ་མང་དུ་འགྲོ་བའི་སྐབས་ཡིན་པས་ཆོས་མིན་གྱི་གྲོགས་པོའི་དབང་དུ་མི་འགྲོ་ཞིང་དེ་དག་ལ་རིམས་ནད་བཞིན་དུ་འཛེམ་དགོས་པ་ནི་གལ་ཆེན་པོ་ཡིནཏེ། མྱ་ངན་ལས་འདས་པ་ལས། བྱང་ཆུབ་སེམས་དཔའ་ནི་གྲོགས་ངན་པ་ལ་འཇིགས་པ་ལྟར་གླང་བོ་ཆེ་མྱོས་པ་ལ་སོགས་པ་ལ་ནི་མ་ཡིན་ཏེ།   འདིས་ནི་ལུས་ཙམ་འཇིག་པར་བྱེད་ཀྱི་སྔ་མས་ནི་དགེ་བ་དང་སེམས་རྣམ་པར་དག་པ་གཉིས་ཀ་འཇིག་པར་བྱེད་དོ། །ཡང་དེ་གཉིས་ཀྱིས་ཤའི་ལུས་ཙམ་དང་ཆོས་ཀྱི་ལུས་འཇིག་པ་དང་། ངན་སོང་དུ་བསྐྱུར་མི་ནུས་པ་དང་། ངེས་པར་བསྐྱུར་ནུས་པ་ཡིན་ནོ། །ཞེས་དང་། བདེན་པ་བོའི་ལེའུ་ལས། གང་དག་སྡིག་གྲོགས་སྦྲུལ་ཀྱིས་སེམས་ཟིན་ཅིང་། དགེ་བའི་བཤེས་ཀྱི་དུག་སྨན་རྣམ་སྤངས་པ། །དེ་དག་དམ་ཆོས་དཀོན་མཆོག་ཐོས་གྱུར་ན། །ཀྱེ་མ་བག་མེད་གཡང་ས་ཆེ་ལས་ལྟུང། །ཞེས་དང་། མཛའ་བཤེས་ཀྱི་ཚོམས་ལས། དད་པ་མེད་ཅིང་འཇུངས་པ་དང་། །བརྫུན་དུ་སྨྲ་དང་ཕྲ་མ་ཅན། །    མཁས་པས་བཤེས་པར་མི་བྱ་ཞིང་། །སྡིག་ཅན་མི་དང་འགྲོགས་མི་བྱ། །གལ་ཏེ་སྡིག་པ་བྱེད་པ་དག །སྡིག་མི་བྱེད་པས་བསྟེན་ན་ཡང་། །སྡིག་པ་བྱེད་པ་དོགས་སྐྱེ་ཞིང་། །མི་སྙན་པ་ཡང་འཕེལ་བར་འགྱུར། །བསྟེན་བྱ་མ་ཡིན་བསྟེན་པའི་མི། །དེ་ཡི་སྐྱོན་གྱིས་སྐྱོན་ཅན་འགྱུར། །དོང་བར་དུག་བསྐུས་མདའ་བཅུག་པས། །དུག་མ་བསྐུས་པའང་གོས་པ་བཞིན། །ཞེས་གསུངས་ཏེ་རང་རེ་བོད་ཀྱི་གཏམ་དཔེ་ལའང་། མཆོད་རྟེན་དང་འགྲོགས་ན་དཀར་བོ། རྫ་མ་དང་འགྲོགས་ན་ནག་པོ་ཞེས་བཤད་ཚུལ་ཡོད་པ་དེ་དང་དོན་གཅིག་མཚུངས་རེད། དེབཞིན་དུ་བྱང་ཆུབ་ལམ་རིམ་ཆེན་མོ་ལས། མི་དགེ་བའི་བཤེས་གཉེན་ནི་གང་ལ་བརྟེན་ན་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བའི་ཉེས་སྤྱོད་སྔར་ཡོད་པ་རྣམས་མི་འགྲིབ་ཅིང་སྔར་མེད་པ་རྣམས་གསར་དུ་འཕེལ་བར་འགྱུར་བ་རྣམས་སོ། །ཞེས་དང་། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱི་ཞལ་ནས། ཐ་མ་ཞིག་གྲོགས་བཟང་བོ་དང་འགྲོགས་ཀྱང་འབྲིང་ལས་མི་ཐེངས། རབ་ཅིག་ཐ་མ་དང་འགྲོགས་ན་ཐ་མར་འགྲོ་བ་ལ་ཚེགས་མེད་ཅེས་སོགས་མང་དུ་གསུངས་ཡོད་པ་ལྟར་ཡིན་པས་འདིར་བཞུགས་སྐྱ་སེར་ཕོ་མོ་སུ་ཡིན་ཡང་གྲོགས་ངན་པ་ལ་མི་འགྲོགས་རྒྱུ་གལ་ཆེ་བ་ཡིན། བརྟག་དཔྱད་ཡང་དག་པ་མ་བྱས་ན་ཕར་བལྟས་ཚོད་ཀྱིས་ཁྱོད་ལ་བཟང་བཟང་རྒྱན་རྒྱན་དང་ཤ་ཚ་ཁུལ་གྲོས་འདེབས་ཁུལ་བྱེད་པ་མང་བོ་ཞིག་གིས་འདི་ཕྱི་གཉིས་ཀར་ཕོངས་ལ་མི་སྦྱོར་བའི་ངེས་པ་མེད་དེ། གུང་ཐང་བསྟན་པའི་སྒྲོན་མེའི་ཞལ་ནས། སྡིག་གྲོགས་ཡིན་ཞེས་རྭ་ཅན་མི་འབྱུང་གིས། །གཅེས་ཤིང་ཕན་པའི་ཟོལ་གྱིས་འཛུམ་བསྟན་ནས། །རྩེ་རྒོད་གཡེང་བའི་གྲོགས་བྱེད་བག་མེད་ཀྱི། །ལས་ལ་སྦྱོར་དེ་སྡིག་པའི་གྲོགས་ཡིན་པས། །འགོ་བའི་ནད་བཞིན་རིང་དུ་སྤོངས་ཤིག་ཨང་། །ཞེས་གསུངས་པ་བཞིན་ཡིན་ནོ། །སྡིག་གྲོགས་སྤངས་ཤིང་ཆོས་གྲོགས་བསྟེན་དགོས་པ་བདེན་མོད། ཇི་འདྲ་ཞིག་ལ་ཆོས་གྲོགས་ཟེར་བ་ཡིན་ཞེ་ན། དོན་འདི་ཡང་སྔོན་བྱོན་སྐྱེས་བུ་དམ་པ་ཚོས་རང་རེ་ལ་ཡང་དག་པར་གདམས་ཡོད་དེ། དཔུང་བཟང་གིས་ཞུས་པའི་མདོ་ལས། ཇི་ལྟར་འཁོར་ལོ་གཅིག་པའི་ཤིང་རྟ་ནི། །རྟ་དང་ལྡན་ཡང་ལམ་དུ་མི་འགྲོ་ལྟར། །དེ་བཞིན་སྒྲུབ་པ་ཡི་ནི་གྲོགས་མེད་ན། །ལུས་ཅན་དངོས་གྲུབ་འཐོབ་པར་མི་འགྱུར་རོ། །དེ་ནི་བློ་ལྡན་གཟུགས་བཟང་གཙང་སྤྲ་ཆེ། །རིགས་ནི་བཙུན་ཞིང་ཆོས་ལ་གཞོལ་བ་དང་། །སྤོབས་པ་ཆེ་ཞིང་དཔའ་ལ་དབང་བོ་དུལ། །སྙན་པར་སྨྲ་ཞིང་སྦྱིན་ཕོད་སྙིང་རྗེ་ཅན། །བཀྲེས་དང་སྐོམ་དང་ཉོན་མོངས་བཟོད་པ་དང་། །བྲམ་ཟེ་དང་ནི་ལྷ་གཞན་མཆོད་མི་བྱེད། །བསྒྲིན་ཅིང་གཟོ་ལ་བྱས་པ་གཟོ་བ་དང་། །དཀོན་མཆོག་གསུམ་ལ་དད་པ་གྲོགས་པོ་ཡིན། །དེ་ལྟའི་ཡོན་ཏན་མ་ལུས་ལྡན་པ་དག །རྩོད་པའི་དུས་ན་ཤིན་ཏུ་དཀོན་པས་ན། །ཡོན་ཏན་ཕྱེད་དམ་བཞི་ཆ་བརྒྱད་ཆ་ཅན། །དེ་ལྟ་བུ་ནི་བསྔགས་པས་གྲོགས་པོར་བསྟེན། །ཞེས་གསུངས་པ་ལྟ་བུའི་ཆོས་གྲོགས་ཤིག་བསྟེན་ཅི་ཐུབ་བྱེད་དགོས་པ་ཡིན་ནོ། །མདོར་ན་ཀུན་སྤྱོད་ལེགས་ཤིང་ཀུན་སློང་གཙང་བ། གྲོགས་ངན་པ་དང་མི་འགྲོགས་ཤིང་ཆོས་གྲོགས་དམ་པ་དང་འགྲོགས་ན་དགེ་མཚན་ཆེ་ཚུལ་འདི་ངས་དེ་རིང་ཁྱེད་རྣམ་པར་ཞུ་ འདོད་པའི་སྙིང་གཏམ་མམ་རེ་བཞག་གསུམ་པ་ཡིན་ལགས།

འཇམ་མགོན་ས་སྐྱ་པཎ་ཆེན་གྱི་ཞལ་ནས། མང་བོ་གཅིག་ཏུ་བློ་མཐུན་ན། །ཉམ་ཆུང་གིས་ཀྱང་དོན་ཆེན་འགྲུབ། །སྲོག་ཆགས་གྲོག་མའི་ཚོགས་འདུས་པས། །སེང་གེའི་ཕྲུ་གུ་བསད་ཅེས་གྲགས། །ཞེས་གསུངས་པ་ལྟར། ཁ་བ་གངས་ཅན་གྱི་ཡུལ་འདིར་འཁོད་པའི་སྐྱེ་བོ་རྒན་དར་གཞོན་གསུམ་མམ་སྐྱ་སེར་ཕོ་མོ་ཚང་མས་མཐུན་སྒྲིལ་གྱི་དཔུང་རྡང་གཅིག་ཏུ་སྦྲེལ་ནས་ཐུན་མོང་གི་བདེ་སྐྱིད་ཀྱི་ཆེད་དང་ཐུན་མོང་གི་འཕེལ་རྒྱས་ལ་གཅིག་ཏུ་བརྩོན་དགོས་པ་ནི་གནད་ཀྱི་དམ་པ་ཡིན་ཏེ། མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་ལ། སྟོབས་ཤུགས་ནི་འཕེལ་རྒྱས་ཀྱི་རྩ་བ་ཡིན་ཞེས་ཤར་ནུབ་མཁས་པ་མང་བོས་གསུང་བཞིན་ཡོད། རང་རེ་གནའ་མི་བོད་ཀྱི་གཏམ་དཔེ་ལའང་། མང་བོས་བཏེགས་ན་སྡོང་བོ་ཡང་། ཞེས་བཤད་སྲོལ་ཡོད་པ་ལྟར་མཐུན་སྒྲིལ་ནི་ཆེས་གཙོ་བོའི་ནང་གི་གཙོ་བོ་ཡིན། དཔེར་ན། དགོན་པ་གྲྭ་ཚང་འདིའི་ནང་ལ་བསམ་བློ་བ་དང་ཡོན་ཏན་པ། སྤྱི་དོན་པ་རེ་ཡོད་ན་ཚང་མས་དེ་ལ་ཅི་ཐུབ་གང་ཐུབ་ཀྱིས་རྒྱབ་སྐྱོར་དང་རྗེས་སུ་ཡི་རངས་བྱེད་རྒྱུ་ཡིན་ན་ཆོས་སྲིད་རིག་གནས་སོགས་ཕྱོགས་གང་ཐད་ནས་འཕེལ་རྒྱས་སུ་མི་འགྲོ་བ་ག་ལ་སྲིད། ངས་འདིར་ཁྱེད་རྣམ་པར་ཀུ་རེ་དང་འབྲེལ་བའི་གཏམ་རྒྱུད་ཅིག་བཤད། སྔོན་མི་གཉིས་ཀྱིས་གཏམ་གླེང་སྣ་ཚོགས་བྱས་ཏེ་བསྡད་པར། ཅིག་ཤོས་ཀྱིས་ཁྱོད་རང་རེའི་དགོན་པར་དད་པ་ཨེ་ཡོད་ཅེས་དྲིས་ཚེ། ཅིག་ཤོས་ཀྱིས་དད་པ་ལོས་ཡོད། ངའི་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་རང་གི་དགོན་པ་གྲྭ་ཚང་ཡིན་ཞེས་ལན་བཏབ། ཅུང་ཙམ་འགོར་རྗེས་འོ་ན་དགོན་པའི་ནང་གི་གྲྭ་བ་ག་གེ་མོར་ཨེ་དད། ཅེས་དྲིས་ཚེ་གྲྭ་བ་དེར་སྐྱོན་འདི་དང་གན་ཡོད་པས་མི་དད་ཚུལ་བཤད། དེ་བཞིན་དགོན་པའི་གྲྭ་བ་རེ་རེ་བཞིན་དྲིས་པར་རེ་རེ་ལ་སྐྱོན་བརྗོད་རེ་བྱས་པས་མཐར་ཁོ་དད་པ་ཡོད་སའི་གྲྭ་བ་གཅིག་ཀྱང་མ་རྙེད། གཏམ་རྒྱུད་ཐུང་ངུ་འདིས་ཅི་ཞིག་གསལ་བཤད་བྱེད་ཀྱིན་ཡོད་ཅེ་ན། ང་ཚོས་རང་ཉིད་ཀྱི་བསམ་ཚུལ་དྲན་ཚུལ་གཅིག་བུ་ཚད་མ་དང་། རང་ཉིད་སྐྱོན་ཀུན་ཟད་ཅིག་ཏུ་སྒོམ་བཞིན་གཞན་གྱི་ཡོད་ཚད་མ་དག་པ་དང་སྐྱོན་གྱི་རྣམ་པར་བལྟས་པས་དོན་དམ་རང་གཞན་ཚང་མ་ཕོངས་ལ་སྦྱོར་ངེས་པའི་བདེན་པའི་རང་ཞལ་དེ་སྟོན་བཞིན་ཡོད་པ་རེད། རང་གི་ཉེ་འཁོར་ན་ཡོད་པ་དང་རང་དང་ན་ཚོད་མཉམ་པ། རང་དང་ལས་རིགས་གཅིག་པ། རང་གིས་འགྲན་མི་བཟོད་པའི་མི་སོགས་ལ་ཕྲག་དོག་དང་བར་ཆད་བྱེད་པ་ནི་འགྲོ་བ་མིའི་བསྒྱུར་དཀའ་བའི་རང་གཤིས་ངན་པ་ཞིག་རེད། ས་སྐྱའི་ལེགས་བཤད་དུའང་། མཁས་པ་རང་གི་ཡུལ་ལས་ཀྱང་། །རྒྱལ་ཁམས་གཞན་དུ་མཆོད་པ་ཐོབ། །ནོར་བུ་གཞན་དུ་བྲིན་པ་ཙམ། །རྒྱ་མཚོའི་གླིང་དུ་ག་ལ་བྲིན། །ཞེས་གསུངས་པ་དེའི་ཕུགས་ནས་མི་ཞིག་ལ་ཡོན་ཏན་དང་འཇོན་ཐང་ཅི་ཙམ་ཡོད་ཀྱང་རང་ཡུལ་ནས་དེའི་སྐྱོན་མ་གཏོགས་ཡོན་ཏན་མི་མཐོང་བའི་གནས་ལུགས་ཤིག་གསུང་བཞིན་ཡོད་པར་སྙམ། དེའི་ཕྱིར་རང་དགོན་དུ་རང་གཞན་གཉིས་ཕན་གྱི་བྱ་བཞག་སྒྲུབ་མཁན་རེ་ཡོད་ན་ཚང་མས་ནོར་བུའི་རིན་ཐང་ངོ་ཤེས་པར་བྱས་ཏེ་རྒྱབ་སྐྱོར་དང་སྟོབས་ཤུགས་གཅིག་སྒྲིལ་བྱས་ན། དགོན་པ་གྲྭ་ཚང་ཡང་ཡག་པོ་ཞིག་འོང་རྒྱུ་རེད། རིག་གནས་ཡོན་ཏན་ཡང་གོང་འཕེལ་དུ་འགྲོ་རྒྱུ་རེད། འཇིག་རྟེན་གཏམ་དཔེ་ལའང་། མིས་མི་བརྩིས་ན་བླ་མ་དང་དཔོན་པོ། ཤིང་གིས་ཤིང་ཁུར་ན་ལྷ་ཁང་དང་གསེར་ཁང་ཞེས་བརྗོད་པ་ལྟར་རོ། 

ལ་ལ་ཞིག་གིས་ཁ་ནས་མི་རིགས་དང་གྲུབ་མཐའ། ས་གནས་དང་རུ་སྡེ་སོགས་ཀྱི་ལ་རྒྱ་གླེང་ཡང་། དོན་གྱིས་རང་རིགས་རྒུད་ཅིང་ཕོངས་པའི་ནང་འཁྲུག་གི་འཁོར་ལོ་སྐོར་བཞིན་ཡོད། འདི་ནི་ཆེས་ཡ་ང་བའི་སྐྱོ་གར་ཞིག་སྟེ། རྒྱལ་ཁབ་དང་མི་རིགས་གཞན་ཚོར་སྤྱི་མཐུན་གྱི་ཁེ་དབང་དང་ཡར་རྒྱས་ཀྱི་ཆེད་དུ་ཚེ་སྲོག་སྟོང་ཕྲག་ཙམ་རེ་དུས་གཅིག་ལ་ཕུལ་བའི་ལོ་རྒྱུས་ཀྱང་ཡོད་མོད། རང་རེས་ནང་འཁྲུག་གི་འཁོར་ལོ་བསྐོར་ནས་མི་ཤི་རྟ་འགྱེལ་གྱི་ངོ་ཚ་ཉོས་མྱོང་བ་ལས་མི་རིགས་ཤིག་གི་ཆེད་དུ་ཉིན་ལས་ངོས་གཙང་བ་ཞིག་ཀྱང་བྱེད་མཁན་ཉུང་ཉུང་མ་ཡིན་ནམ། སྤྱིར་ཡིན་ན་མི་རིགས་ཤིག་འདི་ལྟརཉམས་རྒུད་དུ་འགྲོ་བཞིན་པའི་ཚེ། ཨ་བྲ་མདའ་ཐེག་གིས་མདའ། སྲེ་མོང་མདུང་ཐེག་གིས་མདུང་ཞེས་པའི་དཔེ་ལྟར། ཡོན་ཏན་པ་དང་དཔོན་པོ། ཕྱུག་པོ་དང་དཔའ་བོ། ཞིང་འབྲོག་མང་ཚོགས་སོགས་ཡོད་ཚད་ཀྱིས་རང་གི་འཇོན་ཐང་དང་མཐུན་པར་བོད་མི་རིགས་ལ་ཞབས་ཕྱིའམ་ལག་རྗེས་རེ་འཇོག་པར་བརྩོན་དགོས་པ་ནི་ང་གྲྭ་རྐྱང་ཞིག་གིས་མ་བཤད་ཀྱང་རང་རྟོགས་ཡོད་དགོས་པ་ཞིག་མ་རེད་དམ།

ཕྱི་གླིང་བ་དཔྱོད་ལྡན་ཞིག་གིས་ང་ཚོ་བོད་མི་རིགས་ཀྱི་གནས་བབས་མཚོན་པའི་རི་མོ་ཞིག་བྲིས་ཡོད་སྐད་འདུག རི་མོ་དེ་ནི་འདམ་ནང་དུ་ཟུག་ཡོད་པའི་རླངས་འཁོར་ཞིག་སྟེ། ཁ་ལོ་བས་ནུས་ཤུགས་དང་ཐབས་བཀོད་ཡོད་ཚད་ཀྱིས་རླངས་ འཁོར་དེ་འདམ་ལས་འདྲེན་པར་བརྩོན་མོད། རླངས་འཁོར་ནང་དུ་མི་གང་ཡོད་པ་ལས་གཅིག་ཀྱང་སར་མ་བབས་པར་སྒེའུ་ཁུང་ནང་ནས་མགོ་ཕྱི་ལ་བསྲིངས་ཏེ་ཁ་ལོ་བར་ལྟད་མོ་བལྟས་ནས་ཡོད། ངས་ནམ་ཡང་རི་མོ་དེས་ངོ་མ་ང་ཚོ་བོད་ཀྱི་གནས་བབས་དངོས་མཚོན་པར་བྱས་འདུག་སྙམ། རྒྱུ་མཚན་གང་ཡིན་ཞེ་ན། རང་རེ་བོད་ཁ་བ་ཅན་ལ་སྐྱབས་མགོན་ཉི་ཟླ་རྣམ་གཉིས་ཀྱིས་མཚོན་པའི་ཆོས་སྲིད་རིག་གནས་ཀྱི་དེད་དཔོན་བླ་ན་མེད་པ་དག་གིས་ནམ་ཡང་དབུ་ཁྲིད་དང་ལམ་སྟོན་གནང་ བཞིན་ཡོད་ཀྱང་། ང་ཚོས་རླངས་འཁོར་ནང་གི་ལྟད་མོ་བ་ཚོ་དང་འདྲ་བར། ལས་ཤིག་ཡོད་ན་ལམ་ཞིག་ཡོད་འགྲོ། ཁོང་རིན་པོ་ཆེའི་ཐུགས་རྗེ་དང་བྱིན་རླབས་ཤིག་གིས་ནམ་ཉི་མ་ཞིག་ལ་བདེ་སྐྱིད་དང་ཡར་རྒྱས་ཟེར་བ་དེ་གནམ་ནས་འབབ་འབབ་དང་ས་ནས་སྐྱེ་སྐྱེ་བྱེད་འོང་རྒྱུ་ཞིག་ཡོད་འདུན་གྱིས་རང་སྣང་སྐྱིད་ལ་བསྐུར་ནས་ལྷོད་ཅིག་གེར་བསྡད་ཡོད་པ་འདི་རེད། རང་གིས་རིག་གནས་ཡོན་ཏན་མི་སློབ།   གཞན་ལ་མཐུན་སྒྲིལ་དང་རྗེས་སུ་ཡི་རངས་མི་བྱེད། འཛམ་གླིང་གི་ཁ་ཕྱོགས་དང་སྤྱི་ཚོགས་ཀྱི་འཕེལ་འགྱུར་ལ་དོ་སྣང་མི་བྱེད་པར་ས་ཆ་ཁུགས་ཀྱོག་རེ་ནས་རྣམ་གསུམ་ལེ་ལོའི་ཁོལ་བོ་བྱས་ཏེ་བསྡད་ན་རང་རེ་ཚོ་རྗེས་ལུས་མི་ཐེབས་ན་གཞན་སུ་ཞིག་རྗེས་ལུས་ཐེབས། དྲན་པ་ཉེར་བཞག་ལས། ཉོན་མོངས་རྣམས་ཀྱི་གཞི་གཅིག་ནི། །ལེ་ལོ་ཡིན་ཏེ་གང་ལ་ཡོད། །གང་ལ་ལེ་ལོ་གཅིག་ཡོད་པ། །ལེ་ལ་ཆོས་ཀུན་མེད་པ་ཡིན། །ཞེས་དང་། བྱང་ཆུབ་ལམ་རིམ་ཆེན་མོ་ལས། བརྩོན་འགྲུས་མེད་ན་ལེ་ལོའི་དབང་དུ་སོང་ནས་དཀར་ཆོས་ཀུན་གྱིས་ཕོངས་པར་འགྱུར་བས་གནས་སྐབས་དང་མཐར་ཐུག་གི་སྐྱེས་པའི་དོན་ཐམས་ཅད་ལས་ཉམས་པར་འགྱུར་རོ། །ཞེས་གསུངས་པ་ཇི་ལྟ་བ་བཞིན་ནོ། །འདི་དང་འབྲེལ་ཏེ་རྣམ་གསུམ་ལེ་ལོའི་དབང་དུ་མི་འགྲོ་ཞིང་བརྩོན་འགྲུས་ཀྱི་གོ་ཆ་གལ་ཆེ་ཚུལ་སོགས་ཀྱང་མདོ་ཙམ་རེ་ཞུས་ན་ཆོག་མོད་དུས་ཚོད་ཀྱིས་དབང་གིས་ཞུ་ཁོམ་མི་འདུག་པས་དེ་ཙམ་བྱ།

དེས་ན་ངས་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་མཐུན་སྒྲིལ་གལ་ཆེ་བའི་སྐོར་ནས་ད་དུང་ཅུང་ཙམ་ཞུ་བར་འདོད། དཔེར་ན། ཁྱེད་རྣམ་པ་དཔལ་ལྡན་ཇོ་ནང་བའི་གྲུབ་མཐའ་སྐྱོང་ཞིང་འཛིན་པ་ཤ་སྟག་ཡིན་ལ། ང་རང་སྔོན་བསགས་ལས་སྔོན་བཟང་བོས་མཉམ་མེད་ཙོང་ཁ་བའི་བསྟན་པར་ཞུགས་པའི་བཙུན་གཟུགས་ཤིག་རེད། འོན་ཀྱང་ངེད་ཅག་ཚང་མས་རང་རང་གི་གྲུབ་མཐའི་དགེ་མཚན་ཁོ་ན་གླེང་བཞིན་གཞན་ལ་མཐོང་ཆུང་ངམ་ལོག་ལྟ་བྱེད་པའི་ལམ་དུ་མ་ཞུགས་པར། ཚང་མ་བོད་རིགས་ཡིན་ལ་མཉམ་མེད་ཤཱཀྱའི་རྒྱལ་བོའི་རྗེས་འཇུག་ཅིག་ཡིན་པ་གཅིག་མཚུངས་ཀྱི་འདུ་ཤེས་གཙང་མས་དེ་རིང་འདི་ལྟར་ལྷན་ཅིག་ཏུ་འཛོམས་ཏེ་ཆོས་རིག་གཉིས་ཆར་ནས་རང་རང་གི་སེམས་པའི་རང་མདངས་སྟོན་ཐུབ་པ་བྱུང་བ་ནི་ཆེས་ཆེར་དགའ་འོས་པ་ཞིག་མ་ཡིན་ནམ། ལྟོས་བཅས་ཀྱིས་བཤད་ན་འདི་ལྟར་མཐུན་སྒྲིལ་གྱི་དཔུང་རྡང་གཅིག་ཏུ་སྦྲེལ་ཏེ་ཐུན་མོང་གི་ལས་སྐལ་ལ་བགྲོ་གླེང་རེ་བྱས་པས་ཀྱང་གྲུབ་འབྲས་འོས་འཚམས་རེ་ཅིས་ཀྱང་འཐོབ་ངེས་པ་ཡིན། རང་གི་གྲིབ་མ་ལའང་ཡིད་མི་ཆེས་པ་ལྟ་བུའི་སྒོ་ནས་རང་རང་སར་འགྱིང་བསྡད་ན་ཇི་འདྲའི་ནུས་སྟོབས་ཆེ་ཡང་མི་གཅིག་གམ་ཡང་ན་ས་གནས་ཤིག ཡང་ན་གྲུབ་མཐའ་གཅིག་གི་འཕེལ་རྒྱས་ཙམ་རེད། གཅིག་ཕན་གཅིག་གྲོགས་དང་བསམ་བློ་གཅིག་གྱུར་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ། ངས་གོང་དུ་ཞུས་པ་བཞིན་གདན་ས་འདིར་ཁང་སར་གསར་མའི་དགོན་དང་ཇོ་ནང་དགོན་གཉིས་མཉམ་གཅིག་ཏུ་ཆགས་ཡོད། གྲྭ་ཚང་གཉིས་ཀར་གཞན་དང་མི་མཚུངས་པའི་མཐུན་སྒྲིལ་ཡག་པོ་ཞིག་ཡོད་ཀི། །ཚུལ་འདིར་ངས་སྙིང་ཁུང་རུས་པའི་གཏིང་ནས་རྗེས་སུ་ཡི་རངས་བྱེད། མཐུན་སྒྲིལ་གྱི་ཟམ་པ་འདི་ཡུན་ནས་ཡུན་དུ་བསྲིངས་ཏེ་ཕ་ཡུལ་གཅིག་སྒྲིལ་མི་དམངས་ཀྱིས་གཙོས་དད་ལྡན་འགྲོ་བ་ཡོངས་ལ་མིག་ལྟོས་ཡག་པོ་དང་བག་ཆགས་ཟབ་མོ་ཞིག་འཇོག་ཐུབ་པར་ཞུ། ལས་དང་སྨོན་ལམ་གྱིས་འབྲེལ་བའི་རང་གི་གྲུབ་མཐའ་གཙོ་བོར་བྱེད་དགོས་པ་ལྟ་ཅི་སྨྲོས། འོན་ཀྱང་དེ་རྒྱུ་མཚན་དུ་བྱས་ནས་ནང་བའི་གྲུབ་མཐའ་གཞན་ལ་མ་དད་པ་བྱེད་མི་རུང་སྟེ། ཆོས་བཅུ་བ་ལས། གང་གིས་འདྲེན་པ་ངེས་འབྱུང་ལ། །དད་པ་ཐེག་པའི་མཆོག་ཡིན་ཏེ། །དེ་ཕྱིར་བློ་དང་ལྡན་པའི་མིས། །དད་པའི་རྗེས་སུ་འབྲང་བར་བསྟེན། །མ་དད་པ་ཡི་མི་དག་ལ། །དཀར་བོའི་ཆོས་རྣམས་མི་སྐྱེ་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་གསུངས་པ་ལྟར་རེད།

དཔེར་ན་མང་བོ་ཞིག་ལྷ་སར་འགྲོ་དགོས་པ་ལ། འགའ་རེ་རྐང་ཐང་དུ་འགྲོ་བ་དང་འགའ་རེ་རླངས་འཁོར་དང་གནམ་གྲུར་བསྡད་ནས་འགྲོ། ལ་ལ་མདོ་སྨད་ནས་འགྲོ་ཞིང་ལ་ལ་ཁམས་ཕྱོགས་ནས་འགྲོ་མཁན་ཡང་ཡོད་མོད། དཀའ་ཚེགས་དང་མྱུར་བུལ་གྱི་ཁྱད་པར་རེ་ཡོད་སྲིད་པ་ལས་མཐར་ཐུག་ལྷ་སར་ཐོན་པར་ཁྱད་པར་མེད་པ་བཞིན། ནང་བའི་གྲུབ་མཐའ་སྨྲ་བ་གང་ཡིན་ཡང་མཉམ་མེད་ཤཱཀྱའི་རྒྱལ་བོའི་ལུང་རྟོགས་གཉིས་ལྡན་གྱི་བསྟན་པར་ཞུགས་མཁན་ཞིག་ཡིན་པ་བཤད་མ་དགོས། དེས་ན་ཁམས་དང་མོས་པ། ལས་དང་སྨོན་ལམ་གྱི་དབང་གིས་རང་ཉིད་གང་ལ་གཏོགས་པའི་གྲུབ་མཐའ་དེ་རང་ཉིད་ཀྱི་ངོས་ནས་གཙོ་བོ་དང་གཞན་གྱི་གྲུབ་མཐར་གུས་བརྩི་དང་དག་སྣང་སྦྱོང་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་ཡིན་ཚོད་རེད།

དེ་རིང་འདིར་སློབ་གྲྭ་བ་ཡང་མང་བོ་ཞིག་ཕེབས་འདུག གོང་དུ་བོད་མི་ཞིག་ཡིན་པའི་ཆ་ནས་བོད་སྐད་བོད་ཡིག་ཤེས་དགོས་ཤིང་བོད་ཀྱི་ལ་རྒྱ་ཡོད་དགོས་པ། ཕན་ཚུན་ལ་མཐུན་སྒྲིལ་དང་མི་གཤིས་ཡག་དགོས་ཚུལ་སོགས་བཤད་པ་དེ་ལས་ལྷག་པ་ཞིག་ཁྱེད་རྣམ་པར་ཡང་ཞུ་རྒྱུ་མེད་མོད། དེང་སང་མང་བོ་ཞིག་གིས་བོད་རིག་པར་དགེ་མཚན་མེད་ཚུལ་དང་། ནང་བསྟན་ཆོས་ལུགས་ཀྱིས་བོད་མི་རིགས་ཕོངས་ལ་སྦྱར་ཚུལ། བོད་ཀྱི་ཡུལ་སྲོལ་གོམས་གཤིས་ཡོད་ཚད་ཤར་ལ་གཡུག་དགོས་ཚུལ། སྔོན་གྱི་སྐྱེས་བུ་དམ་པ་དང་ཕ་མེས་ཡང་མེས་ཚང་མ་རྙིང་ཞེན་དང་མཁྲེགས་འཛིན་གྱི་རྒྱ་ལས་མ་ཐར་ཚུལ་སོགས་ཀྱི་བཟླས་བརྗོད་ལ་བརྩོན་ཏེ། སྔོན་གྱི་ཡོད་ཚད་དོར་བྱ་ཡིན། ད་ལྟའི་ཡོད་ཚད་བླང་བྱ་རེད་ཅེས་འུར་རྒྱག་གི་ཡོད། ངས་བསམ་ན་དེ་འདྲ་ཟེར་མཁན་ཕལ་ཆེར་ལ་མི་རིགས་ཀྱི་ཤ་ཞེན་དང་མདུན་སྐྱོད་ཀྱི་སྤོབས་པ་མཐོན་པོ་རེ་ཡོད་སྲིད་མོད། རིག་གནས་ཀྱི་རྨང་གཞི་དང་སློབ་གསོའི་ཁ་ཕྱོགས་སོགས་ཀྱིས་ཤུགས་རྐྱེན་ཐེབས་ཏེ་དོན་གྱི་གནད་མ་དཔོག་ས་དང་ལ་རྒྱ་འཛིན་ཚུལ་མ་ཤེས་པ། ཞིབ་འཇུག་གིས་མ་འདང་བ་དང་རི་བོང་ཅལ་འགྲོག་གི་རྣམ་པར་སོང་བ་སོགས་ཞན་ཕྱོགས་ཀྱི་ཆ་མང་བོ་ཞིག་ཀྱང་ཡོད་པར་སྙམ། ད་ལྟ་སྤྱི་ཚོགས་ཁྲོད་ཀྱི་སློབ་གྲྭ་ཕལ་ཆེ་བའི་ནང་ནས་བོད་ཀྱི་རིག་གནས་ཆ་ཚང་ཞིག་ལྟ་ཅི་རང་རྐང་ཟིན་པ་གཅིག་ཀྱང་སློབ་ཐུབ་རྒྱུ་དཀའ་བའི་ཚོད་དུ་ལྷུང་ཡོད། དེ་ནི་བོད་རིགས་སློབ་མའི་རིག་པ་མི་ཡག་པ་དང་བོད་རིགས་དགེ་རྒན་ལ་ཡོན་ཏན་མེད་པའི་རྐྱེན་གྱིས་མ་རེད། གཙོ་བོ་ང་ཚོའི་སློབ་དེབ་འགྲིག་མེད། ད་ལྟ་ཅུང་ཇེ་ལེགས་སུ་འགྲོ་བཞིན་ཡོད་མོད། སྔོན་སོ་ཡིན་ན་སློབ་དེབ་ལ་མི་རིགས་ཀྱི་ཁྱད་ཆོས་དང་། གཞུང་ལུགས་ཀྱི་གོ་རིམ། རིག་གནས་ཀྱི་ཉིང་བཅུད། ངོ་ཚ་ཁྲེལ་ཡོད་ཀྱི་གོམས་སྲོལ་བཟང་བོ་སོགས་ཀྱི་ཆ་ཅི་ཡང་མེད་པར། སྤྲང་བོས་རྩམ་པ་སློང་བ་བཞིན་ཉ་དང་ཉུང་མ་བསྲེས་ཏེ། ཡོད་ཚད་ཐན་ནེ་ཐུན་ནེ་ཞིག་ལས་དག་ཡིག་ངོས་གཙང་བ་ཞིག་ཀྱང་ཐར་ཆགས་སུ་སློབ་མི་ཐུབ་པས་བོད་རང་གི་རིག་གནས་ཡོན་ཏན་གྱི་རྨང་གི་ཆེན་པོ་ཞིག་ཆགས་མ་ཐུབ། དེའི་ཁར་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་མང་བོ་ཞིག་བརྒྱུད་པའི་རིང་ལ་གཞན་གྱི་རིག་གནས་ཡང་ཕྱོགས་འགྲོ་ཙམ་ཤེས་ཤིང་རྒྱལ་ཁབ་དང་མི་རིགས་གཞན་གྱི་འཕེལ་འགྱུར་རེ་འགའ་ཡང་མཐོང་ཐོས་སུ་གྱུར་བ་ན། རང་རིགས་རྒུད་ཅིང་ཕོངས་པའི་རྩ་བ་རང་གི་རིག་གནས་དང་སྔོན་བྱོན་ཕ་མེས་ཡང་མེས་ཚོ་མ་འགྲིག་པར་སྙམ་སྟེ་གཞོན་སྐྱེས་མང་བོ་ཞིག་གི་མིག་རྩ་དམར་བོར་གྱུར་དང་འགྱུར་བཞིན་ཡོད། ཐ་ན་རང་གི་མ་དང་སྲིང་མོ་ཆུང་མར་ལེན་མི་ཆོག་པ་འདི་ཡང་བོད་ཀྱི་གོམས་སྲོལ་རྙིང་བ་ཞིག་ཡིན་པས་ངེས་པར་དུ་བསྒྱུར་བཅོས་བྱེད་དགོས་ཚུལ་གྱི་རྩོམ་ཡིག་ཡང་སྤེལ་སྐད་ཐོས། འདི་ནི་བོད་གཅིག་བུའི་གོམས་སྲོལ་ཞིག་ག་ན་ཡིན་ཏེ་ཤེས་ལྡན་འགྲོ་བ་མིའི་རིགས་སྤྱིའི་གོམས་སྲོལ་ཞིག་དང་ཐ་ན་རྒྱལ་ཁྲིམས་ཀྱིས་ཀྱང་ཐག་བཅད་ཡོད་པ་ཞིག་མ་ཡིན་ནམ།

ངོ་མ་བཤད་ན་དེང་སྐབས་འཛམ་གླིང་ན་བོད་རིག་པ་སྤྱི་དང་བྱེ་བྲག་ཏུ་བོད་བརྒྱུད་ནང་བསྟན་རིག་པའི་དགེ་མཚན་ཉིན་རེ་ནས་ཉིན་རེར་ཇེ་ཆེར་གྱུར་ཏེ། མིག་ཟུང་རིག་རིག་དང་འགྲམ་ཆུ་འཛར་འཛར་གྱིས་བོད་སྐད་བོད་ཡིག་སློབ་ཅིང་བོད་རིག་པར་སྦྱང་བརྩོན་བྱེད་པའི་ཕྱི་གླིང་བ་ལོ་རེ་ནས་ལོ་རེར་ཇེ་མང་དུ་འགྲོ་བཞིན་ཡོད་པ་དེ་རེད། འོན་ཀྱང་ང་ཚོས་གསལ་ཞིབ་ཏུ་ཤེས་དགོས་པ་ཞིག་ལ། དེ་དག་གིས་རིག་གནས་ཤིག་གམ་རང་གི་དམིགས་འདུན་གཞན་ཞིག་གི་ཆེད་དུ་བོད་ཀྱི་སྐད་ཡིག་དང་བོད་རིག་པར་སྦྱོང་བཞིན་པ་ལས་བོད་ཀྱི་ཆེད་དུ་སྦྱོང་བཞིན་མེད་པ་དེ་རེད། ང་ཚོས་རིག་གནས་ཀྱི་ཆེད་དུ་བོད་ཀྱི་སྐད་ཡིག་དང་རིག་གནས་སྦྱོང་དགོས་ལ་མི་རིགས་ཀྱི་ཆེད་དུའང་སྦྱོང་དགོས། ཚུལ་འདི་དང་འབྲེལ་ཏེ་བོད་རིག་པའི་དགེ་མཚན་དང་དེར་བསྔགས་པ་བརྗོད་པའི་གནའ་དེང་ཤར་ནུབ་རྒྱལ་ཁབ་ཀྱི་མཁས་པ་དང་བསམ་བློ་བ། ཚན་རིག་པ་སོགས་ཀྱི་ལུང་ཚིག་དང་ངག་སྒྲོས་ཐར་ཐོར་རེ་དྲངས་རྒྱུ་ཡོད་མོད།   དེ་རིང་ཕྱི་དྲོར་ངས་ད་རུང་གོང་གི་གསར་མའི་དགོན་པར་དཔེ་ཁྲིད་རེའི་གཟུགས་བརྙན་སྐྱོང་ཁུལ་བྱེད་དགོས་པས་ད་མང་བོ་མི་ཞུ།

ཡང་མང་བོ་ཞིག་གིས་བོད་ཡིག་སྦྱངས་ན་མདུན་ལམ་མེད་པས་རྒྱ་སྐད་དང་རྒྱ་ཡིག་སློབ་དགོས་ཚུལ་བཤད་ཀྱིན་ཡོད། མདུན་ལམ་ཡོད་མེད་དེ་གཙོ་བོ་རང་རང་ལ་རག་ལས། ང་ཚོ་ཚང་མས་བོད་ཡིག་སྦྱངས་ཤིང་དེའི་བཀོལ་རྒྱ་ཇེ་ཆེར་བཏང་སྟེ།   བོད་རང་གི་ས་ནས། །ཚོང་ཁང་དང་སྨན་ཁང་། གློག་ཀླད་དང་ཁ་པར། ཟ་ཁང་དང་ལས་ཁུངས་སོགས་ཚང་མར་དེ་ཁོ་ན་བེད་སྤྱོད་བྱས་པ་ཡིན་ན་རང་ཤུགས་ཀྱིས་བོད་ཡིག་ཤེས་མཁན་གྱི་མདུན་ལམ་ཇེ་ཆེ་དང་ཇེ་ཡངས་སུ་འགྱུར་འགྲོ་བ་མ་ཡིན་ནམ། ཁྱོད་མི་ནུས་མེད་དང་མྱུར་དུ་སེམས་ཤུགས་ཉམས་འགྲོ་མཁན་ཞིག་ཡིན་ཚེ། རྒྱ་ཡིག་མ་ཟད་དབྱིན་ཡིག་ཤེས་མཁན་ཞིག་ཡིན་ཡང་མདུན་ལམ་ཆེན་པོ་དང་ཕྱག་རྗེས་རླབས་ཆེན་འཇོག་མཁན་ཞིག་ཏུ་འགྱུར་མི་སྲིད། ལ་ལས་བོད་ཡིག་སློབ་གྲྭ་ནས་མཐར་ཕྱིན་ཚེ། སྐད་ཡིག་དགེ་རྒན་ནམ་སྐད་བསྒྱུར་ལས་ཁུངས་ལྟ་བུ་ཞིག་ལས་ལས་བགོ་བྱེད་ས་མེད་པས་བོད་ཡིག་སྦྱངས་ན་ངའི་ལག་ཏུ་ཟླ་ཕོག་མི་ལོན་ཞེས་འོ་དོད་འབོད་ཀྱིན་ཡོད། ཁྱོད་མི་ནུས་པ་ཅན་དང་ཧུར་བརྩོན་ཅན་ཞིག་ཡིན་ན། ངེས་པར་དུ་རྒྱལ་ཁབ་ཀྱི་ལས་ཁུངས་ཤིག་ཏུ་ལས་བགོ་བྱེད་དགོས་དོན་མེད། ད་ལྟ་སློབ་མཐར་ཕྱིན་པ་དང་ལས་བགོ་བྱེད་པའི་འགྲོ་སྟངས་དེར་གཞི་ནས་འགྱུར་བ་བཏང་ཟིན་པ་སུ་ཡིས་མི་ཤེས། ཕྱི་གླིང་བ་ལྟ་བུར་མཚོན་ན་ཡིག་རྨོངས་པ་ནི་ཆེས་ཉུང་ངུ་ཞིག་ལས་མེད་ཀྱང་། ཡོན་ཏན་ཡོད་མཁན་ཕལ་ཆེ་བ་ཞིག་རྒྱལ་ཁབ་ཀྱི་ལས་ཁུངས་སུ་ཞུགས་ཀྱིན་མེད། དང་བོ་ནས་མིག་རྒྱང་རིང་བོ་བྱས་ཏེ། རང་གི་ནུས་པ་རང་སྤེལ་བྱེད་རྒྱུ་ཡིན་ཞེས་རང་གིས་ལས་ཁུངས་དང་ཚོགས་པ་བཙུགས། ངོ་མཚར་བའི་རིག་འཕྲུལ་དང་ཐོན་རྫས་སྣ་ཚོགས་གསར་བཏོད་བྱས་ནས་འཛམ་གླིང་རིག་པས་བསྐོར་བཞིན་ཡོད་པ་ལས། རང་གི་ཁ་རྒྱབ་རྐྱང་རྐྱང་གི་ཆེད་དུ་མགོ་འཁོར་ནས་བསྡད་མེད་པ་དེ་རེད།

དེས་ན་སློབ་གྲྭ་བ་ཡིན་ནའང་ཆོག དགེ་འདུན་པ་རྣམ་པ་ཡིན་ནའང་ཆོག་གི། རང་གི་ནུས་པ་འདོན་སྤེལ་དང་རང་གི་རིག་གནས་ཀྱི་རིན་ཐང་ཤེས་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་རེད། རང་གི་རིག་གནས་ཀྱི་རིན་ཐང་མ་ཤེས་ན། རྒྱལ་བ་ཚངས་དབྱངས་རྒྱ་མཚོས། ནོར་བུ་རང་ལ་ཡོད་དུས། །ནོར་བུའི་ནོར་ཉམས་མ་ཆོད། །ནོར་བུ་མི་ལ་ཤོར་དུས། །སྙིང་རླུང་སྟོད་ལ་འཚང་ཡོང་། །ཞེས་གསུངས་པ་ལྟ་བུ་ཞིག་མི་འབྱུང་བའི་ངེས་པ་མེད། སྔོན་བྱོན་རྒྱལ་བློན་དང་ལོ་པཎ་བཀའ་དྲིན་ཅན་ཚོས་རང་གི་སྐུ་སྲོག་ཐད་དུ་བོར་ནས་གསར་བཏོད་དང་ཚུར་ལེན་བྱས་ཡོང་བའི་བོད་རིག་པ་འདིའི་བདག་པོ་ང་ཚོས་བྱེད་མ་ཐུབ་པ་ཡིན་ན། དེ་ལས་ལྷག་པའི་ངོ་ཚ་དང་གྱོང་གུད་ཅིག་མེད། གོང་ཞུས་ཚང་མ་གནའ་སྲོལ་བཟང་བོ་དང་སྔར་ཡོད་རིག་གནས་དག་རྒྱུན་འཛིན་བྱེད་དགོས་པའི་སྐོར་ཤ་སྟག་ཡིན། འོན་ཀྱང་ང་ཚོས་དེ་དག་རྐྱང་རྐྱང་གི་དགེ་མཚན་གླེང་ཞིང་དེ་རྒྱུན་འཛིན་བྱས་ནས་བལྟས་བསྡད་ན་དུས་རབས་ཀྱི་རྗེས་སུ་ལུས་འགྲོ། དེས་ན་དགེ་མཚན་ཆེ་བའི་གསར་དར་རིག་པ་ཚུར་ལེན་དང་གནའ་སྲོལ་མི་ལེགས་པ་རྣམས་འདོར་བ་སོགས་སྙིགས་དོར་བཅུད་ལེན་ཡང་དག་པ་ཞིག་བྱས་ཏེ་དུས་རབས་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་དགོས་པ་ནི་གནད་ཀྱི་དམ་པ་ཡིན། དཔེར་ན་གློག་ཀླད་ལྟ་བུའི་རིག་གནས་ཐོན་རྫས་གསར་བ་ཞིག་དགོན་པའི་ནང་ལ་དར་ཡོང་དུས་མང་བོ་ཞིག་སྙིང་ཤོར་ནས། དེ་ནི་དགོན་པ་གཏོར་བྱེད་ཅིག་མིན་ནམ་ལྟ་བུའི་དོགས་པ་སྐྱེ་བཞིན་ཡོད། སྤྱིར་རང་ལ་ཁ་ཕྱོགས་བརྟན་པོ་ཞིག་དང་། དམིགས་ཡུལ་ལེགས་པོ་ཞིག རིག་གནས་ཡོན་ཏན་གྱི་རྨང་གཞི་བརྟན་པོ་ཞིག་ཡོད་ཚེ། གསར་དར་རིག་གནས་དང་ཐོན་རྫས་གང་མང་ཞིག་ང་ཚོ་འཕེལ་རྒྱས་ཀྱི་དཔུང་གྲོགས་ངོ་མ་ཡིན། དཔེར་ན། ཁ་པར་དང་རླངས་འཁོར། མེ་འཁོར་དང་གནམ་གྲུ་སོགས་ཀྱིས་ང་ཚོ་འགྲུལ་བཞུད་ཀྱི་དུས་ཚོད་ཐུང་ནས་ཐུང་ངུར་བཏང་ཞིང་ས་སྒང་ཕུང་གཅིག་ཅན་དུ་འགྱུར་བའང་རྨི་ལམ་ཙམ་མ་ཡིན་པའི་བདེན་དཔང་བྱས། སྒྲ་བསྐྱེད་དང་སྐད་བུག། སྒྲ་གཟུགས་ཕབ་ལེན་དང་ཉན་མཐོང་འཕྲུལ་ཆས་སོགས་ཀྱིས་དཔེ་ཁྲིད་དང་དབང་བསྐུར་སོགས་ནམ་འདོད་དུ་ཉན་ཆོག་ཅིང་མི་ཚོགས་ཁྲི་འབུམ་འདུས་ཀྱང་མི་མཐོང་མི་ཐོས་པའི་སེམས་ཁྲལ་མི་དགོས་པ་སོགས་ཀྱི་དགེ་མཚན་བརྗོད་ཀྱིས་ག་ལ་ལངས། གློག་ཀླད་གསར་བཟོ་བྱེད་ཐུབ་སོང་ན་ལྟ་ཅི། དེ་བཀོལ་སྤྱོད་བྱེད་ཚུལ་གཅིག་བུ་ཤེས་སོང་ནའང་ནང་བསྟན་རིག་གནས་དུས་རབས་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་གཏོང་ཚུལ་སྣ་ཚོགས་ཡོད། དཔེར་ན་སྔོན་ཆད་ང་ཚོས་རྒྱལ་བའི་གསུང་རབ་བཀའ་འགྱུར་ལྟ་བུ་ཞིག་གི་དཔར་ཤིང་གསར་དུ་བརྐོ་བ་དང་དེ་ཐེངས་གཅིག་དཔར་བ་ལའང་དུས་ཚོད་རིང་བོ་ག་འདྲ་ཞིག་བཀོལ་དགོས། དེང་སྐབས་གློག་ཀླད་ཀྱི་རིག་པ་སོགས་དར་བས། མཉེན་ཆས་ལག་མཐིལ་ཙམ་དང་ཡིག་སྣོད་མཐེབ་མོ་ཙམ་གྱི་ནང་དུའང་བཀའ་བསྟན་འགྱུར་གཉིས་ཀ་ཤོང་བ་དེ་འདྲ་རེད། དེང་སང་འོད་སྡེར་གསར་བ་ཞིག་ཐོན་འདུག དེའི་ནང་དུ་རང་རེ་བོད་ཀྱི་མཁས་པ་བརྒྱ་ལྷག་གི་གསུང་འབུམ་ཆ་ཚང་བཅུག་ཡོད།   རིན་གོང་སྒོར་བཅུ་ཕྲག་ལྷག་རེད། དེའི་ཁ་ཕྱེས་ནས་ཁྱོད་ཀྱིས་དཔེ་ཀློག་བྱེད་འདོད་ན། དེ་ཡིག་དཔར་དང་སྦྲེལ་ནས་དཔར་བསྐྲུན་བྱེད་འདོད་ན། ཡོངས་རྫོགས་དུས་ཚོད་ཁ་ཤས་ཀྱི་བྱ་བ་རེད། དུས་ཚོད་ཆུད་ཟོས་སུ་གཏོང་མི་འདོད་ཅིང་མི་ཚེའི་སྙིང་བོ་ཤེས་རིག་ཡོན་ཏན་གྱིས་གཞལ་འདོད་མཁན་ཞིག་ལ་མཚོན་ན་དེ་ནི་ཆེས་རྙེད་པར་དཀའ་བའི་ནོར་བུ་ཞིག་དང་ཅིས་མི་མཚུངས། དེས་ན་སྟབས་བདེ་ལ་བཀོལ་རྒྱ་ཆེ་བ་སོགས་ཀྱི་དེང་རབས་རིག་པ་དང་འཕྲུལ་འཁོར་སོགས་ཀྱིས་ཟུར་བརྒྱན་ཏེ་དུས་རབས་གསར་བའི་འགྲོས་དང་མཐུན་པའི་སྒོ་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་སྤྱི་དང་ཁྱད་པར་དུ་བོད་བརྒྱུད་ནང་བསྟན་རིག་གཞུང་དར་སྤེལ་དང་རྒྱུན་འཛིན་བྱེད་དགོས་པ་རེད་མ་གཏོགས། གདོད་མ་སྟེ་ལོ་སྟོང་ཕྲག་ཡར་སྔོན་གྱི་རྒྱུན་འཛིན་བྱེད་སྟངས་བྱེད་གཅིག་བུར་འཐམ་ནས་བསྡད་ན་དུས་རབས་ཀྱི་འཁོར་ཕྱོགས་དང་ད་ལྟའི་མིའི་བློ་མོས་སོགས་ལ་མི་འཚམས་ས་མང་བོ་ཞིག་ཡོད། དེའི་ཕྱིར་སྲོལ་རྒྱུན་རིག་གནས་དང་དེང་རབས་རིག་གནས་ཟུང་འབྲེལ་བྱེད་དགོས་ལ་སྙིགས་དོར་བཅུད་ལེན་གྱི་བློ་མིག་ཀྱང་གསལ་བོ་ཡོད་དགོས་པ་ནི་ཆེས་གལ་ཆེན་ནང་གི་དོན་ཆེན་ཞིག་ཡིནསྙམ།

ཁོང་ཐམས་ཅད་མཁྱེན་པས་ཀྱང་། བོད་ཀྱི་ཁྱད་ཆོས་ལྡན་པའི་དེང་རབས་རིག་གནས་པ་དང་དེ་ལས་ཀྱང་སྣ་གཅིག་ཤེས་ཡོན་པ་གལ་ཆེ་ཚུལ་གསུང་གིན་ཡོད། དེ་ནི་གང་འདྲ་ཞིག་ལ་ཟེར་བ་རེད་ཅེ་ན། ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་དད་མོས། བསམ་བློའི་ལངས་ཕྱོགས་སོགས་ཀྱི་ཐད་ནས་བོད་པ་གཙང་མ་གཙང་རྐྱང་ཞིག་ཡིན་པ་གཞིར་བྱས་པའི་སྟེང་། དུས་རབས་ཉེར་གཅིག་པའི་བསམ་བློའི་ཁ་ཕྱོགས་ཡག་པོ་ཡོད་པ། དུས་རབས་ཉེར་གཅིག་པའི་རིག་གནས་དང་ལྡན་པ། དུས་རབས་ཉེར་གཅིག་པའི་ཁ་ཕྱོགས་དང་མཐུན་པའི་སྒོ་ནས་བོད་ཀྱི་སྲིད་འབྱོར་རིག་གསུམ་དང་བཅས་པ་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་ཞིག་ལ་གོ་དགོས་རྒྱུ་རེད་སྙམ། དེས་ན་དེ་རིང་འདིར་བཞུགས་ཀྱི་དགེ་འདུན་པ་དང་སློབ་གྲྭ་བ་སོགས་སུ་ཡིན་ཡང་གོང་ཞུས་ཁྱད་ཆོས་དེ་དག་དང་ལྡན་པའི་དེང་རབས་བོད་ཀྱི་ཤེས་ཡོན་པ་ཤ་སྟག་ཏུ་འགྱུར་བར་འབད་ཅིང་བརྩོན་པ་བླ་མེད་གནང་རྒྱུ་ནི་ངས་ཁྱེད་རྣམ་པར་གླེང་འདོད་པའི་སེམས་གཏམ་བཞི་བ་ལྟ་བུ་ཡིན།

མདོར་ན། རང་རེ་ཚང་མས་སྔོན་བྱོན་སྐྱེས་བུ་དམ་པ་དག་གིས་སྐུ་སྲོག་ལ་མ་འཛེམས་པར་གསར་བསྐྲུན་དང་ཤུལ་བཞག་གནང་ཡོད་པའི་རིག་གཞུང་དག་རྒྱུན་འཛིན་དང་དགོས་ཕན་ཆེ་བའི་གསར་དར་རིག་གནས་དག་ཚུར་ལེན་ཡང་དག་པ་བྱས་ཏེ། རབ་ཡིན་ན་སངས་རྒྱས་ཀྱི་བསྟན་པ་དང་བོད་མི་རིགས་ལ་བསུབ་དུ་མེད་པའི་ཕྱག་རྗེས་འཇོག་མཁན་ཞིག དེ་ཙམ་མ་ནུས་ཀྱང་ཕ་མའི་རེ་བ་སྟོང་ཟད་དུ་མི་གཏོང་ཞིང་རང་གི་མི་ཚེ་ཆུད་ཟོས་སུ་མི་ཤོར་བ་ཞིག་ལ་བརྩོན་པ་གནང་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་འདོད་པས་དེ་དག་ཁྱེད་རྣམ་པས་ཐུགས་ལ་ཟུངས། ངའི་ཡོན་ཚད་ཀྱི་མ་འདང་ས་དང་དཔྱད་སྟོབས་ཀྱིས་མ་དཔོག་ས། བསམ་ཚུལ་མ་འགྲིག་ས་སོགས་གང་ཡོད་ལྷག་ལུས་མེད་པར་འདོར་རྒྱུ་དང་དེ་འདྲའི་ནོར་འཁྲུལ་གྱི་རིགས་གང་ཡོད་ལ་ཁ་མིན་དོན་གྱིས་བཟོད་གསོལ་ཀྱང་ཕུལ་བ་ཡིན་ལགས། མཐར་ཁྱེད་ཅག་གི་ཅི་བསམ་མཐའ་དག་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུ། (ཚང་མས་ལགས་སོ་ཞུས)

གསུང་བཤད་སྒྲ་ཐག་ཏུ་བླངས་ཡོད་པ་དངོས་གཞིར་བཞག་སྟེ་ཁོང་གི་སློབ་བུ་ཡོངས་ཀྱི་གྲལ་མཐའ་ཙམ་ཟིན་པའི་ལས་སྐལ་བཟང་བོ་ཅན།   ཁང་སར་ཇོ་ནང་དགོན་གྱི་སྤྲུལ་མིང་འཛིན་པ་བསམ་པ་ལྷུན་འགྲུབ་ཏུ་འབོད་པས་ཡི་གེར་ཕབས་ཤིང་སློབ་དཔོན་རིན་པོ་ཆེས་ཞུ་དག་ཐེངས་གཅིག་ཀྱང་གནང་ཡོད་པ་འདིས་ཀུན་ལ་ཕན་ཐོགས་པར་སྨོན་ནོ། 

གསར་འགོད་པ། སྨྲ་ཁམས་མཁའ་འགྲོ་རྒྱལ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 63v9 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23669183
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།