བསྟོད་རྩོམ་ཚངས་པའི་ན་ཆུང་འཛུམ་ཟེར།
རྩོམ་པ་བོའི་ཉེ་པར།
༄༅།། བསྟོད་ཚིག་ཏམྦུ་རའི་དབྱངས་རྟ།
སྟོང་བའི་དབྱངས་བདུན་འགུག་པའི་སྙིང་གི་ན་ཆུང་སྐྲ་ལོའི་སྣེ་མོ་རུ། །
བསྟོད་ཚིག་ངག་རིག་མེ་ཏོག་གིས་ནི་ཕྲ་རྒྱན་མུ་ཏིག་སླེ་འདོད་ཀྱིས།།
བྱུང་ངམ་འབྱུང་མིན་སྲིད་མིན་བརྗོད་འདོད་རྨད་བྱུང་རྒྱན་གྱི་ཕྲེང་བ་ནི།།
མི་ཕྱེད་སོར་བཅུས་བཏབ་པའི་མཛའ་མདུད་རྡོ་རྗེ་སྲོག་གི་སྲད་བུར་བརྒྱུ།།
མཚན་དཔེའི་ངོ་མཚར་མཛེས་མའི་ལང་ཚོ་ཅན།།
ཟག་མེད་བདེ་ཆེན་བརྩེ་དགའ་ཁོང་ན་དགོད། །
ལེགས་བྲིས་སྨིན་ལེགས་སྙེམས་པ་ཡོངས་འཕྲོག་ཅིང་།།
ལྷ་བྱད་ལྟ་བའི་ཆོག་མི་ཤེས་པ་ཁྱོད།།
ཁྱོད་ལ་བསྟོད་ཚིག་བརྗོད་པ་ཕལ་ཆེར་ནི།།
མེ་ཏོག་པདྨའི་རྒྱ་ལས་མ་ཐར་བ།།
དཔེ་ཅན་ཁྱོད་ཀྱང་ཤིན་ཏུ་མཚོན་ཐུབ་པའི།།
དཔེ་འདི་ཉིད་ལས་མེད་པ་ལོས་ཀྱང་ཡིན། །
མཐོན་མཐིང་ལན་བུའི་ཚོགས་ནི་ཟླ་ཕྱེད་ཀྱིས།།
གཅིག་ཏུ་བཅིངས་ཀྱང་བཞིན་ཟླའི་ཆ་རྫོགས་པ།།
འདི་ཀོ་འོས་སམ་ཞེས་ཏེ་ལྷ་མོ་འགའ། །
འཆི་མེད་ལམ་ཆེན་ལམ་ཆུང་སླེ་བཞིན་འོང་།།
རིག་བྱེད་འོ་མའི་གཏམ་གྱི་རྒྱ་མཚོའི་ནང་། །
ཚངས་ཆེན་ཆགས་པའི་མིག་ལས་མ་བྱུང་སྟེ།།
འཕགས་མཆོག་ཞོ་སོ་དཀར་བོའི་འཛུམ་བག་ལས།།
ནམ་མཁའི་ཟླ་བའི་གྲོགས་སུ་ཁྱོད་རང་བྱོན། །
འོ་མའི་ཁྲུས་ལ་རོལ་བའི་ཟླ་བ་སྟོང་། །
གཅིག་ཏུ་ཤར་བའི་མདངས་ཀྱིས་མི་ཁུག་པའི།།
ཁྱོད་བཞིན་དངུལ་དཀར་མེ་ལོང་དྭངས་མོའི་ངོར།།
སྟོང་དང་བདེན་པའི་སྣང་བརྙན་ཅི་ཡང་འཆར། །
རིན་ཆེན་གཟི་དང་འདྲ་བར་དཀར་ནག་གཉིས།།
མ་འདྲེས་གནག་སྣུམ་སྨིན་མའི་ཚང་ནང་ན། །
སྐྱ་ཀ་འཕུར་ལ་ཁད་ཀྱི་རི་དྭགས་མིག །
པདྨའི་ཚལ་དུ་གཡོ་བའི་བུང་བ་བཞིན། །
སིནྡུར་ཡི་དྭངས་ཆབ་བྱུག་བའི་མདངས།།
ཐུན་མཚམས་ངུར་སྨྲིག་རྗེས་སུ་ཆགས་པའི་སྤུན།།
བཅུ་དྲུག་ལང་ཚོ་སྨིན་པའི་མེ་ཏོག་བཅུད། །
འདི་ན་ཞེས་འདྲའི་མཁུར་ཚོས་འབུར་དུ་དོད།།
གཡེར་སྲབ་བྱུ་རུའི་སྒྲོས་ཀྱི་འདབ་ཁྱིམ་དུ།།
ཐགས་བཟང་བཞི་བཅུའི་གེ་སར་འཛུམ་པ་ཅན།།
དེ་ན་ལེགས་བཤད་བུང་བའི་འཕུར་ལྡིང་གིས། །
སྟོང་ཉིད་ཟབ་དོན་དྲུག་འགྱུར་གླུ་རུ་ལེན། །
བདེ་སྟོང་དཔལ་དུ་སྒེག་པའི་མྱོས་བུམ་ཟུང་།།
མཛེས་པ་གསལ་ཕྱིར་འཛེམ་བག་བྱེད་པ་བཞིན།།
དུ་ཀཱུ་ལ་ཡི་གོས་ཀྱིས་རབ་འཁྱུད་ཀྱང་། །
ཡིད་སྲུབས་བདག་པོའི་སྙིང་ཁམས་ད་དུང་དཀྲུག །
ཕྲ་ལྡེམ་དབྱར་གྱི་ལྕུག་ཕྲན་གསར་བ་བཞིན།།
ཡོད་དང་མེད་པར་དོགས་པའི་སྐེད་སྐབས་ནི།།
མཁྲང་ཟླུམ་འོ་འཛིན་ཁུར་གྱིས་མ་ནོན་པར།།
མཐོན་མཐིང་རལ་བའི་ཟུར་ཕུད་དྲང་འདི་ཡག །
ཞབས་ཟུང་བ་སོའི་འཁྲི་ཤིང་བསྣོལ་བ་ལ། །
པཉྩ་ལི་ཀའི་སྨད་གཡོགས་འཁྱུད་པ་ནི། །
གངས་ཀྱི་རི་བོས་མཁའ་གོས་གྱོན་པ་བཞིན།
པདྨའི་གདིང་བ་དཀར་བོའི་གདན་དུ་བཞུགས།།
ཕྱག་གཉིས་སྤང་རྒྱན་དཀར་བོའི་ཡུ་བ་ལས།།
མཉེན་ལྕུག་སོར་མོའི་འདབ་མ་གྲོལ་བ་ནི།།
ཆགས་སྡང་སྐྱི་སེར་རླུང་གིས་མི་གཡོ་ཞིང་།།
འདོད་ཆེན་བུང་བ་མི་འཁོར་འདི་ཀོ་མཚར།།
ཟླ་བའི་ངོས་སུ་མུ་ཏིག་ཤད་པ་བཞིན། །
སྙན་རྒྱན་ཨུཏྤལ་རྣ་ཆའི་འཕྱང་ཕྲུལ་ནི། །
ཆེད་དུ་མ་བསྐུལ་ངང་གིས་འདར་བ་ཡིས།།
དཀྱུས་རིང་མིག་གི་དཔལ་ལ་སྡང་སྙམ་བྱེད། །
བཻཌཱུརྻ་རྒྱུད་མང་གྲོགས་སུ་རྩེན་པ་ཡི།།
འཇམ་མཉེན་ཕྱག་གི་ལྗོན་ཤིང་འདར་ལྡན་ཅན།།
འདིས་ཀྱང་དངོས་གྲུབ་མཆོག་གི་དགའ་སྟོན་ལ། །
མཁས་པ་རྣམ་ནི་མགྲོན་དུ་འབོད་པ་འདྲ།།
ཧ་རིའི་ཙན་དན་ལྗོན་པའི་ནགས་ཀློང་རྩེར།།
གནག་སྣུམ་རལ་བའི་ཐོར་ཅོག་བཅིངས་པ་ལ།།
ཚེས་གསུམ་མཁའ་ཡི་ཟླ་ཚེས་ཀྱིས་བརྒྱན་ཏེ།།
ཟག་མེད་ཡོན་ཏན་རྒྱས་ན་ཁྱོད་དང་མཚུངས། །
སྔོན་ཚེ་གངས་ལྗོངས་ལྷ་ཡི་དགའ་ལྡན་དུ།།
རྒྱལ་ཀུན་ཡབ་གཅིག་རྗེ་བཙུན་འཇམ་པའི་དབྱངས།།
མི་ཡི་ཟོལ་ལ་བརྫུས་པའི་ཙོང་ཁ་བས།།
ཁྱོད་བཞིན་དགྱེས་པའི་མཛེས་པ་དངོས་སུ་མཐོང་།།
གང་ཁྱོད་འགྲོ་བ་རྣམས་ལ་རྗེས་ཆགས་པས།།
དཔག་ཡས་ཐུགས་རྗེ་ཀུན་ལ་མངོན་འཁྱུད་མོད།།
མཐོ་རིས་འོད་ལྔ་བཀྲ་བའི་ལྡིང་ཁང་ནས།།
དངོས་སུ་གཟིགས་པ་མེད་ན་ཅི་ལྟར་ལྟ། །
འཇུག་པ་བཅུ་ཡི་གོམ་བརྒྱ་ལྷུར་བླངས་ཀྱང་།།
མི་བཟོད་འཕྲིན་ལས་གདུགས་དཀར་གྱིས་ཁྱབ་ཚེ།།
“འཇིགས་པ་བརྒྱ་ཕྲག་མཐོང་བའི་སྐྱེ་བོ་རྣམས།། ”
མ་འཇིགས་སྐྱོབ་ཅེས་གསུང་ལ་འཆིང་ཐག་ལྷོད། །
དེ་ཚུལ་མཐོང་བས་བདག་གི་སོར་མོ་ནི།།
སྙིང་གི་འདབ་བརྒྱད་དབུས་སུ་ལེགས་ཟུམ་ཞིང་།།
མོས་གུས་ཆུ་སྐྱེས་དཀར་བོའི་ཏམྦུ་ར།།
རྣམ་དཔྱོད་རྐང་བ་དྲུག་གིས་བརྡུང་ལ་བྲེལ།།
ཞེས་པ་འདི་ནི་འཕགས་ཡུལ་སྙན་ངག་སྨྲ་བའི་གཙུག་རྒྱན་སློབ་དཔོན་དཎྚིའི་རང་ལུགས་ཀྱི་སྙན་ངག་སྨྲ་བའི་གྲལ་མཐའ་བ་གསེར་འཇམ་བདེར་འབོད་པས་ཆུ་སྟོད་ཟླ་བའི་དམར་ཕྱོགས་རྒྱལ་བ་དང་བོའི་ཞོགས་པའི་ཆར་མདོ་སྨད་བླ་བྲང་དུ་བྲིས།
༧རྗེ་བཙུན་འཇམ་པའི་དབྱངས་ཀྱི་བསྟོད་པ་གསེར་མདོག་གུར་ཀུམ་ཆུན་པོའི་བསུང་ངད་དྲི་འཛིན་དབང་བོ་འགུག་པའི་སྒྱུ་ཐབས་ཞེས་བྱ་བ།
དཀ༵ར་དཀ༵ར་ཟླ་ཞུན་མཐུངས་པས་རབ་ཏུ་མཛེ༵ས།།
མཛེ༵ས་མཛེ༵ས་ཞལ་གྱི་དཀྱིལ་འཁོར་ཀུན་ནས་དཀ༵ར།།
དཀ༵ར་དཀ༵ར་རྡུལ་བྲལ་དུང་གི་ཚེམས་ཕྲེང་མཛེ༵ས། །
མཛེ༵ས་མཛེ༵ས་ཤེས་རབ་ལྷ་ཡི་ལྷ་དེར་འདུད། །
དད་དུང་བྱང་གི་དྲི་བཞོན་གྱིས་བསྐྱོད་པའི། །
བསྟོད་ཚིག་གུར་ཀུམ་ས་ལ་གཏོར་བའི་རྡུལ།།
སླར་ཡང་སྤྱི་གཙུག་ནོར་བུའི་རྒྱན་བྱས་ཏེ། །
ཉིན་བྱེད་འཆར་ཀའི་སྐུ་ལ་མཆོད་དུ་གཏད།།
མ་ལུས་ཞིང་དུ་ཁྱོད་ལས་གཞན་པའི་སྐྱབས།།
རྒྱལ་མཆོག་བློ་བཟང་གྲགས་པས་རྙེད་མིན་ན།།
བདག་ལྟས་ཁྱོད་ཀྱི་ཡོན་ཏན་བརྗོད་པ་ལ། །
བློ་ཆུང་བྱིས་པ་དག་ཀྱང་གད་མོ་དགོད། །
འོན་ཏེ་ཁྱོད་ཐུགས་མཛའ་བའི་པ་ཏྲ་ནི།།
སྙིང་གི་ལྡེབས་སུ་བྲིས་པའི་མཛའ་ན་མོ།།
དབྱངས་ཅན་མགྲིན་པར་རོལ་བ་བདག་གིས་ནི། །
སྙན་ཚིག་པདྨའི་ཐོད་ཆིངས་ཕུལ་འདི་གསོལ། །
སྔོན་ཚེ་རྒྱལ་མཆོག་ཐུབ་པའི་དབང་བོ་ལ།།
སྦྲང་བོའི་བུ་ཡི་དད་སེམས་སྙིམ་པའི་རྡུལ། །
ཕུལ་བས་བདེ་ལེགས་མྱུར་དུ་གྲུབ་གྱུར་ཏེ། །
འདས་པའི་གོ་འཕང་མངོན་དུ་བྱས་མིན་ནམ།།
ལི་ཁྲིའི་ཚོན་གྱིས་ཀུན་ནས་མཛེ༵ས་འདྲའི་མཛེ༵ས་སྡུག་མཚོན་དུ་མེད་པའི་སྐུ།།
རབ་འབྱམས་ཤེས་བྱ་རྒྱ་མཚོའི་གཏི༵ང་བཞིན་གཏི༵ང་དང་ཕ་མཐའ་མེད་པའི་ཐུགས།།
དྲི་ཟའི་ན་ཆུང་སྟོང་གི་དབྱ༵ངས་ལྟར་དབྱ༵ངས་སྙན་འགག་པ་མེད་པའི་གསུང་།།
ཨེ་མ་ཤེས་རབ་ལྷ་ཡི་ལྷ༵་གཅིག་ལྷ༵་དང་ལྷ་མིན་ཀུན་གྱི་མཆོག །
མཛེས་སྡུག་ན་ཕྲ༵་ཕྲ༵་མོའི་སྨིན་གཞུ༵་གཞུ༵་ལྟར་གུག་པ་དེ་ཡི་འོག །
དཀྱུས་རིང་སྤྱན་ཟུ༵ང་ཟུ༵ང་ལྡན་རྫི་མ༵་མ༵་བསྐུལ་ངང་གིས་འདར་བའི་ནང་།།
ཅུང་ཟད་ཟུམ་བཞི༵ན་བཞི༵ན་གྱི་མདངས་མཛེ༵ས་མཛེ༵ས་པ་ལྷ་ལམ་སྤྲིན་མཐོངས་ཀྱི།།
རི་དྭགས་མཚན་དེ༵་དེ༵་ལྟར་ཁྱོད་མཚུ༵ངས་མཚུ༵ངས་དཔེ་གཞན་ནི་ཡོད་མིན་ཏེ།།
མཛེ༵ས་མཛེ༵ས་ཁྱོད་སྐུ་གསེར་གྱི་རི་མཛེ༵ས་མཛེ༵ས།།
སྙན༵་སྙན༵་ཁྱོད་གསུང་ཚངས་པའི་དབྱངས་སྙན༵་སྙན༵།།
གས༵ལ་གས༵ལ་ཁྱོད་ཐུགས་སྟོན་ཟླའི་བཞིན་གས༵ལ་གས༵ལ།།
ལེག༵ས་ལེག༵ས་ཟུར་ཕུད་ལྔ་ཡིས་སྤུད་ལེག༵ས་ལེག༵ས། །
དཀ༵ར་དཀ༵ར་པདྨ་རྒྱས་འདྲའི་བཞིན་དཀ༵ར་དཀ༵ར།།
འཁྱོ༵ག་འཁྱོ༵ག་སྨིན་མ་དབང་བོའི་གཞུ་འཁྱོ༵ག་འཁྱོ༵ག །
ལམ༵་ལམ༵་སྙིང་རྗེའི་སྤྱན་ཟུང་ཁྲ་ལམ༵་ལམ༵། །
གཟིག༵ས་གཟིག༵ས་འགྲོ་ལ་མ་ཡིས་བུ་གཟིག༵ས་གཟིག༵ས། །
ཕྱག་གི༵་འཁྲི༵་ཤིང་པདྨའི༵་ཡལ་འདབ་ཀྱི༵ས།།
འཛིན་པའི་མ་རི༵ག་དྲ་བའི༵་འཆི༵ང་རྒྱ་ནི༵།།
གཅད་ཕྱིར་ཕྱག་གི༵་རལ་གྲི༵འི་ཉི་མ་ཡི༵ས། །
བདག་གི༵་སྙི༵ང་ལ་རི༵ག་པའི༵་སྣང་བ་བྱི༵ན། །
སྐུ༵་གསུ༵མ་ཀུ༵ན་འདུ༵ས་རྩ་གསུ༵མ་བླ་མ་དང་།།
རྟག་ཏུ༵་མཚུ༵ངས་པ་ཟུ༵ར་ཕུ༵ད་ལྔ་བ་ཅན། །
དུ༵ས་ཀུ༵ན་མ་བྲལ་དྲུ༵ང་དུ༵་བདག་བཟུ༵ང་ནས།།
ཡུ༵མ་ལྟར་འཛུ༵མ་ནས་བུ༵་ལྟར་གདུ༵ང་བར་ཞུ༵། །
རྟེ༵ན་དང་བརྟེ༵ན་པར་ངེ༵ས་པ་མ་རྙེ༵ད་པར།།
དམར་སེ༵ར་ཤེ༵ས་རབ་ལྷ་ཁྱེད་བསྙེན་བྱས་ཚེ།།
སྐྱེ༵་བ་སྐྱེ༵་བར་བརྩེ༵་ཆེན་འདྲེ༵ན་བྱེ༵ད་ཟེ༵ར།།
འབྲལ་མེ༵ད་སེ༵མས་ལ་ཟླ་ཚེ༵ས་ལྟར་མཛེ༵ས་ཀྱེ༵།།
འགྲོ༵་བ་མང་བོ༵་འདོ༵ད་ཡོ༵ན་ལོ༵ངས་སྤྱོ༵ད་ལ།།
ཆགས་པས་སྨྱོ༵ས་པ་མགོ༵ན་པོ༵ས་མངོ༵ན་མཐོ༵ང་ནས།།
མ་ཚོ༵གས་འཁོ༵ར་བ་རྒྱ་མཚོ༵་ལས་སྒྲོ༵ལ་ལ། །
ལམ་མཆོ༵ག་འཁོ༵ར་ལོ༵་བཟང་བོ༵་མངོ༵ན་བྱོ༵ས་ཤོ༵ག །
མཐའ་མེད་འཁོ༵ར་བའི་འཁོ༵ར་འགྲོ་མ་ལུས་ཀུན༵།།
ཀུ༵ན་མཁྱེན་མཆོ༵ག་གིས་མཆོ༵ག་ཐུན་དངོས་གྲུབ་ལས༵།།
ལ༵ས་ཅན་མ༵་ལུས་མ༵་གྱུར་སེམས་ཅན་ཡ༵ང་། །
ཡ༵ང་དག་དཔ༵ལ་གྱི་དཔ༵ལ་ལ་ལོངས་སྤྱོད་ཅིག །
ཅེས་ཀྱང་སེམས་འདུན་ལྷོ་དྲི་བཞོན་གྱིས།།
བསྐུལ་བའི་སྙན་ངག་བུ་མོ་ན་ཕྲ་ཞིང་།།
མི་ལེགས་སྡེབ་སྦྱོར་རྐང་བ་འཐེང་ན་ཡང་།།
དད་སྙིང་འཁར་བར་ཁེན་གྱིན་ཁེན་གྱིན་འོང་།།
ཁྱོད་ཀྱིས་སྟོང་དང་རྟེན་འབྲེལ་མ་ལུས་ཀུ༵ན།།
ཀུ༵ན་ལ་འཛིན་དུ་མེད་ཅིང་གཏོང་དུ་མེ༵ད། །
མེ༵ད་པ་ཡོད་པར་འཛིན་པའི་བདག་གི་ཡོ༵ད། །
ཡོད༵་པ་མ་ཡིན་རང་བཞིན་གྱིས་སྟོང་ཞེས།།
མི་ཤིགས་སྙིང་གི་རི་ལ་དམ་གྱིས་འཁྱུད། །
སྒྲིབ་པ་གཉིས་ཀྱི་དུག་སྤྲིན་སྣང་བའི་དགྲ། །
མི་ཤེས་བློ་ཡི་མཁའ་ལ་འཐིབས་པ་ནི། །
ཁྱོད་ཐུགས་ཉི་མ་བྱེ་བའི་འོད་སྣང་གིས།།
སྤྲིན་བྲལ་ལྷ་ཡི་ལམ་ལ་འགོད་པར་ཤོག །
བྱོལ་མེད་སྲིད་པའི་བཙོན་ཁང་ར་བ་རུ། །
ལས་ཀྱི་སྒྲོག་གིས་བཅིངས་པའི་མ་རྣམས་ཀྱང་།།
ཐར་པའི་ས་ལ་གཤེགས་པའི་སྐལ་བཟང་ནི། །
ཀུན་གྱི་མགོན་དུ་འབོད་པ་ཁྱོད་ཀྱིས་སྩོལ། །
ཚངས་པའི་མགྲིན་པ་ནས་འོང་བའི།།
ཁྱོད་གསུང་མཛེས་མའི་འགྲམ་ཆང་རྡུལ། །
གཏོར་བས་དད་སོར་བ་ཀུ་ལ།།
ཟུམ་པ་འདི་ནི་འོས་སམ་སྙམ།།
ཉི་མ་བྱེ་བ་དུ་མའི་མདངས། །
གཅིག་ཏུ་ལྷུང་འདྲ་དེ་ཡིས་ནི།།
དང་བའི་ཡིད་ཀྱི་ཀུ་མུ་ད།།
མ་བསྲེགས་འདི་ཀོ་ཨེ་མ་མཚར།།
གསེར་གྱི་ལྷུན་པོ་སྟོང་གི་བརྗིད།།
ཁྱོད་སྐུས་ཉམས་པར་བྱེད་བཞིན་དུ།།
ཙོག་པོའི་སྟབས་ཀྱིས་པདྨའི་གདན།།
མ་བཅག་པ་ནི་ཅི་ཡིན་ལགས། །
པདྨའི་ཡུ་བ་མཇམ་པའི་སྤུན། །
ཕྱག་གི་སོར་མོའི་དྲ་བའི་རྒྱ།།
གཅད་དོགས་ཤེས་རབ་རལ་གྲི་ནི།།
ཅུང་ཟད་མཁའ་ལ་འཕྱར་རམ་སྙམ།།
ཕྱག་གཡས་རལ་གྲིའི་མཚན་པ་ནི།།
གཡོན་གྱིས་བརྐུ་བར་དོགས་མིན་ན།།
མ་ལུས་མཁྱེན་པ་དེ་ཡོད་བཞིན།།
ཐུགས་ཀར་གླེབས་བམ་འཛིན་དེ་ཅི།།
གུས་ལྡན་སྙིང་གི་རི་དབང་གིས།།
དད་སེམས་འོ་མཚོ་བསྲུབས་པ་ལས།།
བྱུང་བའི་ཁྱོད་འཛུམ་པདྨའི་འགྲས།།
མཁའ་ཡི་ཟླ་བར་ངལ་གསོ་བྱིན། །
དྲན་ཤེས་རྟ་ཕོ་སྒྲོག་ཤོར་མ།།
མུན་པའི་གཡང་གི་ལས་ཞུགས་ཚེ།།
ཁྱོད་གསུང་གསེར་གྱི་སྲབ་མདའ་ཡིས།།
ཡང་དག་དཀྱུ་ས་སྟོན་པར་ཤོག །
བག་ཡོད་སྤྲིན་གྱི་དར་དཀར་ནི།།
ཀུན་རྟོག་རླུང་གིས་བསྐྱོད་པའི་ཚེ།།
གཡོ་མེད་ཏིང་འཛིན་འགྲུབ་གྱུར་ཏེ།།
ཉམས་རྟོགས་ཞལ་རས་མཇལ་བར་ཤོག
རྒྱལ་ཡུམ་འཕགས་མ་ཡིད་བཞིན་གྱི་འཁོར་ལོར་ཅུང་ཟད་བསྟོད་པ་སྙིང་གི་སྨིན་ལེགས་ཁྲོ་བ་དོགས་གླུ།
གདོད་ནས་དག་པ་ཡེ་ཤེས་ཐུགས་ཀྱི་མཁར།།
གྲུབ་གཉིས་ཆུ་འཛིན་དར་དཀར་ཤམ་བུ་ཅན།།
རྒྱལ་ཀུན་བདག་གིར་བཞེས་པའི་ཡུམ་གྱུར་བ། །
ཉམ་ཐག་འཁོར་འགྲོ་ང་ལ་གཟིགས་ཤིག་ཀྱེ།།
ཟས་བཅས་སྙིང་གི་སྒོམ་ཁང་གོང་མ་ན། །
ཟག་མེད་སྨིན་ལེགས་ན་ཆུང་ཏཱ་རེ་མའི། །
སྤྲོས་བྲལ་ཆོས་སྐུའི་མེ་ཏོག་འཛུམ་པ་ནི་།།
ལས་ཀྱིས་གདུང་བའི་སྨན་དུ་གྲོལ་ལ་རན། །
བདག་ཡིད་དྲི་མེད་རས་དཀར་འདི་ཡི་སྟེང་།།
ཁྱོད་སྐུ་མེ་ཏོག་གཙག་དྲུབ་བྱེད་པ་ལ། །
རྣམ་དཔྱོད་རྒྱ་ཁབ་དྲང་བས་མི་ཆོག་སྟེ།།
དད་དུང་མཛུབ་མོའི་རྩལ་ཡང་ལྷག་པར་མཁོ།།
མི་འབྲལ་སྙིང་གི་བྱེའུ་ཆུང་སྐྱོ་བའི་གྲོགས།།
གཡུ་ལྗོན་ལང་ཚོ་དར་བའི་མཛའ་གཅུགས་མ།།
དཀར་འཇམ་ཟླ་བའི་མཛེས་སྡུག་དེ་ཡོད་བཞིན།།
ཞི་རྒྱས་དབང་གི་མདངས་ཀྱང་འཕྲོག་འདི་ཅི།།
ཟབ་གསལ་མཐོ་རིས་འོད་ལྔའི་ཡེ་ཤེས་ཏེ།།
ངེས་ལ་སྟོང་ཞིང་སྣང་ལ་འཇའ་རིས་བཞིན།།
གཞོམ་གཞིག་བྲལ་བ་དབྱིངས་ཀྱི་ལྡིང་ཁང་གི། །
བདེ་ཆེན་གར་གྱི་རོལ་པ་དེ་ཡང་མཛེས།།
མཛེས་པའི་དཔེ་ལ་སྐར་མ་སྟོང་གི་འོད།།
གཅིག་ཏུ་བཀོད་པའི་ཁུར་དེ་མ་བཟོད་པར།།
པདྨའི་ཁྲི་ལ་ཟོལ་གྱིས་འགྱིང་བ་ནི།།
ཆུ་སྐྱེས་ཚལ་ལ་གཡུ་སྦྲང་བབས་པ་བཞིན།།
ཞི་འཛུམ་ཟླ་བ་རྒྱས་པའི་དཀྱིལ་འཁོར་ན། །
གློག་འགྱུའི་མཛའ་བོར་བསྡེབས་པའི་སྤྱན་གྱི་གཟིས།།
མྱུར་བའི་སྟབས་ཀྱིས་འགྲོ་ལ་གཟིགས་པའི་ཚུལ།།
སྨིན་གཞུའི་རྒྱུད་ལས་མདའ་མོ་ཤོར་འདྲ་ལགས།།
པདྨའི་ཐོད་ཆིངས་འདབ་མ་གུད་དོགས་ནས།།
ཟླ་བ་རྒྱབ་ཏུ་སྦས་པའི་ཆོམ་རྐུན་མ།།
ལེགས་བྲིས་ན་ཆུང་མཛེས་པ་ཡོངས་བླངས་ཏེ།།
རང་ཉིད་རང་གི་མཚུངས་དཔེར་བཀོད་འདི་ནོངས།།
ཤེལ་གྱི་ལྗོན་པར་རིན་ཆེན་སེ་མོ་དོས།།
རབ་ཏུ་སྤུད་ཅིང་མཆོག་སྦྱིན་བུམ་བཟང་གིས།།
མི་འདོད་རིམས་དང་ཕོངས་ལ་སེལ་ནུས་ན།།
ཁྱོད་མཚུངས་ཆོས་ཀྱང་སྲིད་འདིར་ཡོད་མིན་ནམ།།
འཇུག་པ་བཅུ་བས་གོམ་བརྒྱ་ལྷུར་བླངས་ཀྱང་།།
དཔག་དཀའ་དམིགས་མེད་སྲིད་པའི་ཕ་མཐའ་རུ།།
གཡོ་ལྡན་ལྟ་བྱེད་གློག་ཞགས་ཀྱིས་བཅིངས་ཚེ།།
བརྒྱ་བྱིན་ལོང་བའི་ཟོལ་ལ་བརྟེན་འདི་འོས། །
རིམས་ནད་དུག་གི་ཀུན་ད་ཟུམ་པའི་ཕྱིར།།
མཚན་དཔེ་ཟླ་ཤེལ་བྱེ་བ་བརྩེགས་པའི་ཞལ། །
འགྲོ་བ་རྒྱ་མཚོའི་མེ་ལོང་ངོར་གསལ་ཏེ། །
དཔལ་གྱི་ཆུ་གཏེར་ཡར་ཡར་འཕེལ་ལ་ཤོག །
སྐད་ཅིག་མྱུར་བའི་གློག་གི་འདྲེན་བྱེད་ལ།།
ཀུན་ནས་ཅོ་འདྲི་འཕྲིན་ལས་འོད་དཀར་གྱིས།།
ལུས་ཅན་འགྲོ་བའི་སྲིད་པ་འདི་ཆུང་ཞེས། །
མ་ལུས་གཅིག་ཏུ་ཁྱབ་པ་དེ་ཡང་མཛེས།།
དུས་གསུམ་རྒྱལ་བ་ཡོངས་ཀྱིས་བསྒྲུན་མིན་ན།།
ཁྱོད་ཡོན་སྲིད་གསུམ་སྣོད་དུ་ཤོང་དཀའ་ཨང་།།
བརྒྱད་གཉིས་འཇིགས་ལས་སྲུང་བ་ཁྱོད་ཡོད་བཞིན།།
སེམས་ཅན་སྐྲག་པའི་ཆོ་ངེ་སྒྲོག་འོས་སམ། །
ཆོས་དང་སེམས་ཅན་ཕ་མཐའ་མ་དམིགས་ཀྱང་།།
མ་ཀུན་འཁོར་བའི་མཐའ་ལ་མ་གཏུགས་པར། །
མི་གཏོང་འཆིང་བའི་སྙིང་རྗེ་དེ་ཡོད་བཞིན།།
ལས་ཅན་རིམས་ནད་འདི་ཡིས་ཅི་ལ་གཅོང་།།
ལེགས་བྱས་ཆར་ཟིལ་བབས་པའི་རྗེས་དག་ཏུ།།
ཤར་བའི་སྙིགས་འགྲོའི་བསོད་ནམས་འཇའ་ཚོན་དེ།།
ལྡོག་མེད་ཡལ་བར་རིགས་སམ་འགྲོ་ཀུན་གྱིས།།
མ་རུ་འབོད་པའི་ལྷ་གཅིག་ཏཱ་རེ་མ། །
ངག་རིག་མེ་ཏོག་འདར་བྱེད་བུང་བའི་གར།།
འདི་ནས་འཁྱུག་མཚམས་འཇོག་ལ་མ་ཁྲེལ་རོགས།།
ཕྲག་དོགས་གཤིས་སུ་མངའ་བའི་ན་ཆུང་སྟེ། །
བདག་གི་སྨིན་ལེགས་སྤྱན་མདའ་འཕེན་ལ་དོགས།།
ཞེས་སྙིགས་དུས་འདིར་འགྲོ་བ་མང་བོའི་ལུས་སེམས་རིམས་ནད་དྲག་པོས་གདུང་བའི་ཚུལ་ལ་སྙིང་རྗེ་ཕྲན་སྐྱེས་པའི་རྐྱེན་བྱས་ཏེ་རྗེ་བཙུན་འཕགས་མ་སྒྲོལ་མ་ལ་ཅུང་ཟད་བསྟོད་ཅིག་གསོལ་བཏབ་པའི་ཚིགས་སུ་བཅད་པ་འདི་ནི་སློབ་དཔོན་དབྱིག་པ་ཅན་གྱི་རང་ལུགས་སྙན་ངག་སྨྲ་བ་གསེར་འཇམ་བདེར་འབོད་པས་ཆོ་འཕྲུལ་ཟླ་བའི་དམར་ཕྱོགས་བཟང་བ་དང་བོ་ལ་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་དུ་སྦྱར་བ་དགེའོ།།
གསར་འགོད་པ། སྨྲ་ཁམས་མཁའ་འགྲོ་རྒྱལ།
|