ལམ་གྱི་གཙོ་བོ་རྣམ་གསུམ་གྱི་འགྲེལ་བ་འདོད་འཇོའི་དཔག་བསམ་ཞེས་བྱ་བ་བཞུགས་སོ།།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ཆོས་ལུགས།» ནང་བསྟན་རིག་གཞུང་། »ལམ་གྱི་གཙོ་བོ་རྣམ་གསུམ་གྱི་འགྲེལ་བ་འདོད་འཇོའི་དཔག་བསམ་ཞེས་བྱ
ལམ་གྱི་གཙོ་བོ་རྣམ་གསུམ་གྱི་འགྲེལ་བ་འདོད་འཇོའི་དཔག་བསམ་ཞེས་བྱ་བ་བཞུགས་སོ།།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2020-08-08ལྟ་ཀློག (10614)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།། ལམ་གྱི་གཙོ་བོ་རྣམ་གསུམ་གྱི་འགྲེལ་བ་འདོད་འཇོའི་དཔག་བསམ་ཞེས་བྱ་བ་བཞུགས་སོ།།

    ༄༅། ། ན་མོ་ཨཱརྱ་ཏཱ་རེ་ཡ། ངེས་འབྱུང་སེམས་ཀྱིས་ལུས་ངག་དབང་དུ་བསྒྱུར། །བློ་གྲོས་བཟང་པོས་མཐར་འཛིན་གོ་སྐབས་འཕྲོག ། དམིགས་མེད་བརྩེ་བས་ཡིད་ཅན་ཅིག་ཅར་འཁྱུད། །རིམ་གཉིས་མཐར་སོན་བླ་མས་རྟག་སྐྱོངས་ཤིག །བདེར་གཤེགས་གསུང་གསང་མཐའ་དག་བསྡུས་པའི་གཟུགས། ། འཇོ་སྒེག་ལང་ཚོའི་དཔལ་འཛིན་རྒྱུད་མང་སྒྲས། །མ་རིག་གཉིད་སློང་རིག་པའི་སྒོ་འབྱེད་པའི། །དབྱངས་ཀྱི་ལྷ་མོ་བདག་བློར་དགྱེས་བཞིན་བཞུགས། ། དྲི་མེད་བློ་གྲོས་ནོར་བུ་ཀེ་ཏ་ཀས། །དུས་འདིར་དམ་ཆོས་རྙོག་མ་བགྲུངས་བྱས་ཏེ། །དགེ་ལེགས་སྲོལ་བཟང་བཙུགས་པའི་གྲགས་པ་ཆེ། ། འཇིག་རྟེན་འདི་ན་མི་ནུབ་རྒྱལ་གྱུར་ཅིག །དེ་ཡི་ལེགས་བཤད་འོ་མའི་ཆུ་གཏེར་ལས། །རྣམ་དཔྱོད་སྐྱོགས་ཀྱིས་ཇི་ལྟར་བཅུས་ཚོད་ཀྱིས། ། འདུན་ལྡན་འགའ་ཡི་རེ་བ་བསྐང་ཕྱིར་དུ། །ཇི་ལྟར་ནུས་བཞིན་ཉུང་དུ་སྤེལ་བར་བྱ། །འདིར་གང་བཤད་པར་བྱ་བའི་ཆོས་ནི། རྗེ་ཙོང་ཁ་པ་ཆེན་པོས་ཚ་ཁོ་ངག་དབང་གྲགས་པ་ལ་ཞལ་གདམས་སུ་གནང་བའི་ལམ་གྱི་གཙོ་བོ་རྣམ་གསུམ་ཞེས་གྲགས་པ་དེ་ཡིན་ཞིང་། དེ་ཡང་ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་བ་གསུམ་ལ་ལམ་གྱི་གཙོ་བོ་ཟེར་བའི་རྒྱུ་མཚན་ནི། ལེགས་བཤད་སྙིང་བོ་ཆུང་བ་ལས། ཁྱོད་ཀྱིས་ཇི་སྙེད་བཀའ་སྩལ་པ། །རྟེན་འབྲེལ་ཉིད་ལས་བརྩམས་ཏེ་འཇུག །དེ་ཡང་མྱ་ངན་འདའ་ཕྱིར་ཏེ། །ཞི་འགྱུར་མིན་མཛད་ཁྱོད་ལ་མེད། །ཅེས་གསུངས་པ་ལྟར། རྒྱལ་བས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཐམས་ཅད་གདུལ་བྱས་མྱ་ངན་ལས་འདས་པ་ཐོབ་པའི་ཆེད་དུ་དང་། མྱང་འདས་སམ་ཐར་པ་ནི་བཅིངས་པ་ལས་གྲོལ་བའམ་འཁོར་བའི་ཆོས་དང་བྲལ་བ་ལ་ཟེར་བས། དེ་ལྟ་བུ་འཁོར་བའི་ཆོས་དང་འབྲལ་བ་ལ་འཁོར་བའི་ཆོས་མི་འདོད་པ་ཞིག་ཐོག་མར་དགོས་པས། ངེས་འབྱུང་ནི་འཁོར་བ་སྤོང་བར་བྱེད་པའི་ཐབས་ཀྱི་གཙོ་བོ་དང་། ཡང་དག་པའི་ལྟ་བ་ནི་འཁོར་བའི་རྩ་བ་གཅོད་བྱེད་ཀྱི་གཙོ་བོ་དང་། བྱང་ཆུབ་ཀྱི་སེམས་ནི་ཐེག་ཆེན་གྱི་ཐར་པ་ཐོབ་པའི་ཐབས་ཀྱི་གཙོ་བོ་ཡིན་པས་སོ། ། དེ་ལྟ་བུ་ལམ་གྱི་གཙོ་བོ་རྣམ་གསུམ་འཆད་པ་ལ་གསུམ། ཀླད་ཀྱི་དོན་དང་། གཞུང་གི་དོན་དང་། མཇུག་གི་དོན་གསུམ་མོ། ། དང་པོ་ལ་ཡང་གསུམ། མཆོད་པར་བརྗོད་པ། རྩོམ་པར་དམ་བཅའ་བ། སྣོད་ལྡན་མཉན་པར་བསྐུལ་བའོ། ། དང་པོ་ནི།  

    རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ། ། ཞེས་སོ། ། དེ་ཡང་རྣམས་སྒྲ་གསུམ་ཕན་ཆད་ལ་འཇུག་པས་ན། སྐབས་འདིའི་མཆོད་ཡུལ་ལ་ཡི་གེ་ཕྱི་མོ་ཀློག་པའི་སློབ་དཔོན་ནས་བཟུང་མཐར་དབུ་མའི་ལྟ་བ་སྟོན་པའི་བར་གྱི་བཤེས་གཉེན་ ཐམས་ཅད་བཟུང་ངོ་། ། གཉིས་པ་རྩོམ་པར་དམ་བཅའ་བ་ནི།

    རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་པོའི་དོན། ། རྒྱལ་སྲས་དམ་པ་རྣམས་ཀྱིས་བསྔགས་པའི་ལམ། ། སྐལ་ལྡན་ཐར་འདོད་རྣམས་ཀྱི་འཇུག་ངོགས་དེ། ། ཇི་ལྟར་ནུས་བཞིན་བདག་གིས་བཤད་པར་བྱ། ། ཞེས་སོ། ། འདི་ལ་ཚིག་དོན་དང་། སྤྱི་དོན་གཉིས། དང་པོ་ནི། རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་པོའི་དོན་ཡང་དག་པའི་ལྟ་བ་དང་། རྒྱལ་སྲས་དམ་པ་རྣམས་ཀྱིས་བསྔགས་པའི་ལམ་བྱང་ཆུབ་ཀྱི་སེམས་དང་། སྐལ་ལྡན་ཐར་འདོད་རྣམས་ཀྱི་འཇུག་ངོགས་ངེས་འབྱུང་གསུམ་པོ་དེ་ཇི་ལྟར་ནུས་བཞིན་བློ་བཟང་གྲགས་པ་བདག་གིས་བཤད་པར་བྱ་ཞེས་བྱ་བ་ཡིན་ནོ། ། གཉིས་པ་སྤྱི་དོན་ནི། གསུང་རབ་ཀུན་གྱི་སྙིང་པོ་ནི་ཡང་དག་པའི་ལྟ་བ་ཡིན་ཏེ། རྗེ་རང་གི་ཞལ་ནས། ཕན་མཛད་ཁྱོད་ཀྱིས་འགྲོ་བ་ལ། ། སྨན་པའི་སླད་དུ་བཀའ་སྩལ་པ། ། བསྟན་པའི་སྙིང་པོ་སྟོང་པ་ཉིད། ། ཅེས་གསུངས་པའི་ཕྱིར། ། དེ་ཡང་ཇོ་བོ་རྗེས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་། ། བཞི་སྟོང་གསུངས་པ་ཐམས་ཅད་ཀྱང་། ། ཆོས་ཉིད་འདི་ལ་གཞོལ་ཞིང་འབབ། ། ཅེས་གསུངས་པ་ལྟར། རྒྱལ་བས་ཆོས་གསུངས་པའི་དགོས་པ་ནི་སེམས་ཅན་རྣམས་ཐར་པ་ཐོབ་པའི་ཆེད་དུ་ཡིན་ལ། ཐར་པ་ཐོབ་པ་ལ་བདག་འཛིན་གཅོད་དགོས་ཤིང་། དེ་གཅོད་བྱེད་ཀྱི་ཐབས་ནི་ཡང་དག་པའི་ལྟ་བ་ཁོ་ན་ལ་རག་ལས་པས་ན་བསྟན་པའི་སྙིང་པོ་ནི་སྟོང་པ་ཉིད་ལ་ཐུག་པ་ཡིན་ནོ། ། ཡང་སྤྱོད་འཇུག་ལས། དམ་ཆོས་འོ་མ་བསྲུབས་པ་ལས། །མར་གྱི་ཉིང་ཁུ་ཕྱུང་བ་ཡིན། ། ཞེས་གསུངས་པ་ལྟར་བསྟན་པའི་སྙིང་པོ་བྱང་ཆུབ་ཀྱི་སེམས་ལ་བྱེད་ཀྱང་རུང་བ་ལྟར། ཀུན་གཟིགས་ལྔ་པས་ངེས་འབྱུང་ལ་བྱེད་པ་ཡང་མི་འཐད་པ་མ་ཡིན་ནོ། ། བྱང་ཆུབ་ཀྱི་སེམས་ལ་རྒྱལ་སྲས་རྣམས་ཀྱིས་བསྔགས་ཚུལ་ནི། སྤྱོད་འཇུག་ལས། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། ། འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། ། བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། ། འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། ། ཞེས་གསུངས་པ་ལྟར། ད་ལྟ་ཤིན་ཏུ་དབུལ་བའི་འགྲོ་བ་ཐ་ཆད་ཞིག་ཀྱང་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་མ་ཐག་ནས་ལུང་རྟོགས་ཀྱི་ཡོན་ཏན་གཞན་གང་ཡང་མེད་ཀྱང་རྒྱལ་བའི་སྲས་པོ་དང་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་མིང་ཐོབ་ཅིང་འགྲོ་བ་ལྷ་དང་བཅས་པའི་ཕྱག་བྱ་བའི་གནས་སུ་འགྱུར་བ་དང་། སྡོང་པོ་བཀོད་པའི་མདོ་ལས་ཀྱང་། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། ། ཞེས་གསུངས་པའི་དོན་རྒྱུད་བླ་མ་ལས། ཐེག་མཆོག་ལ་མོས་ས་བོན་ཤེས་རབ་ནི། ། སངས་རྒྱས་ཆོས་སྐྱེད་མ་དང་བསམ་གཏན་གྱི། ། བདེ་བའི་མངལ་གནས་སྙིང་རྗེའི་མ་མ་ཅན། ། གང་ཡིན་དེ་དག་ཐུབ་པའི་རྗེས་སྐྱེས་སྲས། ། ཞེས་གསུངས་སོ། ། དེ་ཡང་དཔེར་ན་ཆུ་དང་ལུད་དང་དྲོད་ལ་སོགས་པ་ནི་འབྲས་ཀྱི་ས་བོན་དང་ཕྲད་ན་འབྲས་ཀྱི་མྱུ་གུ་བསྐྱེད་པ་དང་། གྲོ་དང་སྲན་མ་ལ་སོགས་པའི་ས་བོན་དང་ཕྲད་ན་དེ་དག་གི་མྱུ་གུ་བསྐྱེད་པས་རྒྱུ་ཐུན་མོང་བ་ཡིན་པ་བཞིན་དུ། འཇིག་རྟེན་ན་རྗེ་རིགས་ཡིན་ཡང་རྒྱལ་པོ་དང་ཕྲད་ན་རྒྱལ་རིགས་བསྐྱེད་པ་དང་བྲམ་ཟེ་དང་ཕྲད་ན་བྲམ་ཟེའི་རིགས་བསྐྱེད་པ་ལྟར། སྟོང་ཉིད་རྟོགས་པའི་ཤེས་རབ་ནི་ཆུ་ལུད་སོགས་དང་འདྲ་བར་བྱང་ཆུབ་གསུམ་གའི་རྒྱུ་དང་། ཕ་བོད་ལས་རྒྱ་དང་སོག་པོའི་རིགས་མི་འབྱུང་བ་ལྟར། བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཁོ་ནའི་རིགས་བསྐྱེད་དོ། ། གཞན་ཡང་ཉམས་མགུར་ལས། སེམས་བསྐྱེད་ཐེག་མཆོག་ལམ་གྱི་གཞུང་ཤིང་སྟེ། ། རླབས་ཆེན་སྤྱོད་པ་རྣམས་ཀྱི་གཞི་དང་རྟེན། ། ཚོགས་གཉིས་ཀུན་ལ་གསེར་འགྱུར་རྩི་ལྟ་བུ། ། ཞེས་སོགས་ལྟར་བསྔགས་ཚུལ་མཐའ་ཡས་སོ། ། ངེས་འབྱུང་ཐར་འདོད་རྣམས་ཀྱི་འཇུག་ངོགས་ཡིན་ཚུལ་ནི། བཞི་བརྒྱ་པ་ལས། གང་ལ་འདིར་སྐྱོ་ཡོད་མིན་པ། ། དེ་ལ་ཞི་གུས་ག་ལ་ཡོད། ། ཅེས་གསུངས་པ་ལྟར། དཔེར་ན་གྲང་བས་ཉེན་པའི་མི་ཞིག་གྲང་བའི་རེག་བྱ་སྡུག་བསྔལ་དུ་ཤེས་ནས་ཡིད་སྐྱོ་བར་མ་གྱུར་ན་དེ་ཞི་བའི་བདེ་བ་ལ་མོས་གུས་མི་སྐྱེ་བ་ལྟར་ཐར་པ་འདོད་པ་རྣམས་ཀྱང་། འཁོར་བ་ལས་ཐོག་མར་ཡིད་འབྱུང་དགོས་པས་ན་ངེས་འབྱུང་ནི་ཐར་འདོད་རྣམས་ཀྱི་དང་པོའི་འཇུག་སྒོ་ཡིན་ནོ། ། མཁས་པ་གཞན་དག་གིས་ཡང་དག་པའི་ལྟ་བ་ཐར་འདོད་ཀྱི་འཇུག་སྒོར་བཀྲར་བ་ནི། ཡུལ་འཁོར་སྐྱོང་གིས་ཞུས་པ་ལས། སྟོང་བ་ཞི་བ་སྐྱེ་བ་མེད་པའི་ཚུལ། ། མི་ཤེས་པས་ནི་འགྲོ་བ་འཁྱམས་གྱུར་པ། ། དེ་དག་ཐུགས་རྗེ་མངའ་བས་ཐབས་ཚུལ་དང་། ། རིགས་པ་བརྒྱ་དག་གིས་ནི་འཛུད་པར་མཛད། ། ཅེས་པའི་དགོངས་པ་འགྲེལ་པའི་ཚུལ་ལོ།   

གསུམ་པ་སྣོད་ལྡན་མཉན་པར་བསྐུལ་བ་ནི།

     གང་དག་སྲིད་པའི་བདེ་ལ་མ་ཆགས་ཤིང་། ། དལ་འབྱོར་དོན་ཡོད་བྱ་ཕྱིར་བརྩོན་པ་ཡིས། ། རྒྱལ་བ་དགྱེས་པའི་ལམ་ལ་ཡིད་རྟོན་པའི། ། སྐལ་ལྡན་དེ་དག་དང་བའི་ཡིད་ཀྱིས་ཉོན། ། ཅེས་སོ། ། ཚིག་དོན་ནི། བག་ཆགས་བཟང་པོ་བརྟས་པའི་གདུལ་བྱ་གང་དག་འཁོར་བ་ལས་སྐྱོ་བའི་ངེས་འབྱུང་གི་སྟོབས་ཀྱིས་སྲིད་པའི་བདེ་བ་ལ་མ་ཆགས་ཤིང་དལ་འབྱོར་གྱི་རྟེན་དོན་ཡོད་པར་བྱ་བའི་ཕྱིར་དུ་བརྩོན་པ་ཡིས། རྒྱལ་བ་དགྱེས་པའི་ལམ་སྟེ་བྱང་ཆུབ་ཀྱི་སེམས་དང་སྟོང་བ་ཉིད་ཀྱི་ལྟ་བ་ཐབས་ཤེས་ཟུང་འབྲེལ་ལ་ཡིད་རྟོན་པ་སྟེ་ཡིད་ཆེས་པའི་སྐལ་ལྡན་གྱི་གདུལ་བྱ་དེ་དག་དང་བའི་ཡིད་ཀྱིས་ཉོན་ཅིག་ཅེས་གདམས་པའོ། །

རྩ་བའི་ས་བཅད་གཉིས་པ་གཞུང་དོན་བཤད་པ་ལ་གསུམ། ངེས་འབྱུང་གི་བསམ་པ་དང་། བྱང་ཆུབ་ཀྱི་སེམས་དང་། ཡང་དག་པའི་ལྟ་བའོ། །  དང་པོ་ལ་ཡང་གསུམ། ངེས་འབྱུང་འཚོལ་དགོས་པའི་རྒྱུ་མཚན་དང་། ངེས་འབྱུང་བསྐྱེད་པའི་ཐབས་དང་། ངེས་འབྱུང་སྐྱེས་པའི་ཚད་དོ། ། དང་པོ་ནི།

      རྣམ་དག་ངེས་འབྱུང་མེད་པར་སྲིད་མཚོ་ཡི། ། བདེ་འབྲས་དོན་གཉེར་ཞི་བའི་ཐབས་མེད་ལ། ། སྲིད་ལ་བརྐམ་པ་ཡིས་ཀྱང་ལུས་ཅན་རྣམས། ། ཀུན་ནས་འཆིང་ཕྱིར་ཐོག་མར་ངེས་འབྱུང་བཙལ། ། ཞེས་སོ། ། ཚིག་དོན་ནི། འཁོར་བ་ལས་ཐར་པར་འདོད་ན་ཐོག་མར་ངེས་འབྱུང་བཙལ་དགོས་ཏེ། བཅོས་མ་མ་ཡིན་པའི་རྣམ་དག་ངེས་འབྱུང་མེད་པར་སྲིད་པའི་རྒྱ་མཚོ་ཡི་ཟག་བཅས་ཀྱི་བདེ་བ་དང་དེའི་འབྲས་བུ་དོན་དུ་གཉེར་བའི་བློ་ཞི་བའི་ཐབས་མེད་པ་ཡིན་ལ། དེས་ན་སྲིད་པའི་བདེ་བ་ལ་བརྐམ་པ་སྟེ་ཆགས་པ་ཡིས་ཀྱང་ལུས་ཅན་རྣམས་འཁོར་བར་ཡང་ཡང་མཚམས་སྦྱོར་བའི་ཚུལ་གྱིས་ཀུན་ནས་ཏེ་ཇེ་དམ་དུ་འཆིང་བར་བྱེད་པའི་ཕྱིར་ན་ཐོག་མར་ངེས་འབྱུང་བཙལ་བར་བྱའོ་ཞེས་གདམས་སོ། ། འདི་ནི་རྗེ་བཙུན་འཇམ་པའི་དབྱངས་ཀྱིས། ངེས་འབྱུང་ལ་དྲན་ཤེས་བསྟེན་པའི་དམིགས་རྣམས་གོམས་པར་མ་བྱས་ན། དགེ་བ་ཐམས་ཅད་སྣང་ཤས་ཀྱིས་དབང་བྱས་ནས། འཁོར་བ་འབའ་ཞིག་གི་རྒྱུ་བྱེད་པ་བཞིན་ན། ། དེས་ན་སྔགས་ལ་སོགས་པའི་གདམས་ངག་གང་ཟབ་ཟེར་བ་བཞག་ནས། ཐོག་མར་ངེས་འབྱུང་དང་བྱང་སེམས་ལ་མྱོང་བ་ཐོན་པར་བྱ་དགོས་ཞེས་གདམས་པའི་དགོངས་པའོ། །

གཉིས་པ་ངེས་འབྱུང་བསྐྱེད་པའི་ཐབས་ལ་གཉིས། ཚེ་འདིའི་སྣང་ཤས་ལྡོག་པའི་ཚུལ་དང་། ཕྱི་མའི་སྣང་ཤས་ལྡོག་པའི་ཚུལ་ལོ། ། དང་པོ་ནི།

     དལ་འབྱོར་རྙེད་དཀའ་ཚེ་ལ་ལོང་མེད་པ། ། ཡིད་ལ་གོམས་པས་ཚེ་འདིའི་སྣང་ཤས་ལྡོག ། ཅེས་སོ། ། དོན་ནི་དལ་འབྱོར་གྱི་ལུས་རྟེན་འདི་རྙེད་དཀའ་ཞིང་རྙེད་ན་དོན་ཆེ་བ་ཡིན་མོད། འོན་ཀྱང་རང་ཅག་རྣམས་ལོ་དྲུག་ཅུ་ཐུབ་པའི་དབང་དུ་བྱས་ནའང་། ལོ་དུ་མ་ཞིག་ནི་སྔར་དོན་མེད་དུ་འདས་ཟིན་པ་དང་། ད་ནི་ཚེ་ལྷག་མ་ཅི་ཙམ་ཡོད་པ་ཡང་མི་ཤེས་ཤིང་། གལ་ཏེ་སླར་ལོ་ཉི་ཤུ་སུམ་ཅུ་ལུས་པའི་དབང་དུ་བཏང་ནའང་། སྔར་འདས་པའི་ལོ་དང་ཟླ་བ་དེ་སྙེད་ཀྱི་རིང་ལ་ཆོས་རྣམ་དག་དེ་དང་དེ་བྱས་སོ་ཞེས་མཛུབ་མོ་བཙུགས་ས་མེད་པར་དོན་མེད་དུ་ཐལ་སོང་བ་བཞིན་དུ། མ་འོངས་པའི་ལོ་ཟླ་སོགས་ཀྱི་ཡུན་ཡང་ཚེ་འདིའི་ལྟོ་རྒྱབ་ཀྱི་ཁོལ་པོར་སོང་སྟེ་དགུན་དུས་ཀྱི་གྲིབ་སོ་ལྟར་མྱུར་བ་མྱུར་བར་འདའ་བའི་ཚུལ་བསམ་ན་ཚེ་འདི་ལ་ཡིན་རིང་སྡོད་པའི་ལོང་མེད་པར་ངེས་པས། དེས་ན་བཤེས་སྤྲིངས་ལས། ཚེ་ནི་གནོད་མང་རླུང་གིས་བཏབ་པ་ཡི། ། ཆུ་ཡི་ཆུ་བུར་ལས་ཀྱང་མི་རྟག་ན། ། དབུགས་དབྱུང་དབུགས་འབྱུང་གཉིད་ཀྱིས་ལོག་པ་ལས། ། སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། ། ཞེས་འཚོ་བའི་རྐྱེན་ཉུང་ཞིང་འཆི་བའི་རྐྱེན་ཤིན་ཏུ་མང་བས་ལུས་འདི་རླུང་གིས་བཏབ་པའི་ཆུ་ཡི་ལྦུ་བ་ལས་ཀྱང་འཇིག་པར་སླ་བ་ཡིན་པས་དོ་ནུབ་གཉིད་ལོག་ནས་ནངས་པར་སད་རྒྱུ་ཡོང་བ་ངོ་མཚར་བའི་གནས་སུ་གསུངས་པ་ལྟར། འཆི་བ་མི་རྟག་པ་བསྒོམ་པ་ནི་གནད་དམ་པ་ཡིན་མོད་འོན་ཀྱང་། བདག་ནམ་ཞིག་ན་ངེས་པར་འཆིའོ་སྙམ་པ་ཙམ་རྒན་པོ་ཀུན་ལ་ཡོད་པས་དེ་ནི་སྐབས་འདིའི་བསྒོམ་ཚུལ་གཏན་མིན་ཞིང་། དེས་ན་ནམ་ཉིང་མཚམས་སྦྱར་བ་ཙམ་ནས་འཆི་བའི་བྱ་བ་བྱེད་བཞིན་པར་གྲུབ་ཚུལ་དང་། གསོན་པའི་རིང་ལ་ལོང་མེད་ཚུལ་བསྒོམ་དགོས་པ་ཡིན་ཏེ། རང་ཅག་རྣམས་འཆི་བའི་ཆེད་དུ་སྐྱེ་བ་བླངས་པ་ཡིན་པའི་ཕྱིར། དེའི་ཕྱིར་ཚེ་ལ་ལོང་མེད་པ་བསྒོམས་པས་ཚེ་འདིའི་སྣང་ཤས་ལྡོག་ཚུལ་གྱི་གདམས་པ་འདི་ཤུན་ཏུ་ཟབ་པ་ཡིན་ཏེ། བཞི་བརྒྱ་པ་ལས། འཆི་བར་བྱ་ཕྱིར་སྐྱེ་འགྱུར་ཞིང་། ། གཞན་དབང་འགྲོ་བའི་ངང་ཅན་ལ། ། འཆི་བ་བྱ་བ་ལྟར་སྣང་སྟེ། ། གསོན་པ་བྱ་བ་མིན་ཕྱིར་རོ། ། ཞེས་གསུངས་སོ། ། ཚིགས་བཅད་འདིའི་དོན་ཅུང་ཟད་འགྲེལ་ན། རང་ཅག་རྣམས་འཆི་བར་བྱ་ཕྱིར་སྐྱེ་བར་འགྱུར་ཞིང་། སྐྱེ་བ་བླངས་པ་དེ་ཡང་རྒ་བ་དང་ན་བ་དང་རྒུད་པ་ལ་སོགས་པའི་རྐྱེན་ལ་རག་ལས་པས་ན་གཞན་གྱི་དབང་དུ་སོང་ཞིང་། གཤེད་མ་ལྟ་བུ་རྒ་བ་ལ་སོགས་པ་དེ་ཉིད་ཀྱིས་མྱུར་དུ་འཆི་བདག་གི་དྲུང་དུ་འཁྲིད་པའི་ཕྱིར། ། དེ་ཡང་དཔེར་ན་གཤེད་མས་གསད་བྱ་གསོད་སར་འཁྲིད་པ་ནས་མགོ་བོ་གཅད་པའི་བར་གྱི་བྱ་བ་ཐམས་ཅད་འཆི་བའི་བྱ་བ་བྱེད་བཞིན་པ་ལྟར། སྐྱེས་པ་ཡང་འཆི་བའི་བྱ་བ་བྱེད་བཞིན་པ་ལྟར་སྣང་སྟེ་གསོན་པོའི་བྱ་བ་བྱེད་བཞིན་པ་མིན་པར་མཐོང་བ་ལྟར་རོ་ཞེས་བཤད་པ་ལྟར་དང་། སྐྱེས་རབས་ལས་ཀྱང་། མི་དབང་དཔའ་བོ་ཐོག་མའི་མཚན་མོར་ནི། ། གང་ནས་འཇིག་རྟེན་མངལ་ན་གནས་གྱུར་པ། ། དེ་ནས་བརྩམས་ཏེ་དེ་ནི་ཉིན་རེ་ཞིང་། ། འགྲོས་བཤོལ་མེད་པར་འཆི་བདག་དྲུང་དུ་འགྲོ། ། ཞེས་པ་ལྟར་རོ། ། དེ་ཡང་དཔེ་ཅི་དང་འདྲ་ན་དཔེ་གསུམ་གྱིས་མཚོན་པར་བྱེད་དེ། དཔེར་ན་རྒྱལ་པོ་ཤིན་ཏུ་གཏུམ་པོ་ཞིག་གིས་ཞག་གྲངས་འདི་ཙམ་ལ་ཁྱོད་ངེས་པར་འོང་དགོས་ཞེས་མངགས་པའི་ཕོ་ཉ་པའི་བྱ་བ་ནི་འོང་བ་ཁོ་ན་ཡིན་གྱི་སྡོད་པ་མིན་པ་བཞིན་དུ། སྐྱེས་པའི་བྱ་བ་ཡང་འཆི་བ་ཁོ་ན་ཡིན་གྱི་གསོན་པ་མ་ཡིན་ཞིང་། ཡང་དཔེར་ན་ཀུན་ཏུ་རྒྱུ་མོ་ཞིག་གིས་ཁྱིམ་དུ་གཞུག་པར་བྱའོ་སྙམ་སྟེ་སྒོ་ན་འདུག་པའི་རྔ་མོང་འགྲོ་བ་དེའི་དབང་དུ་སོང་བ་ལྟར་སྐྱེས་པ་འཆི་བའི་གཞན་དབང་ཅན་དང་། ཡང་ཇི་ལྟར་གཞན་གསད་པའི་གཤེད་བྱེད་བསླང་བ་དང་། གཤེད་བྱེད་དེས་གཞན་གསོད་མ་ནུས་པར་སློང་བ་པོ་དེ་ཉིད་གསད་པ་ལྟར་གསོན་པའི་ཆེད་དུ་སྐྱེས་ཀྱང་སྐྱེས་པས་ནི་གསོན་པའི་བྱ་བ་མི་བྱེད་པར་འཆི་བའི་བྱ་བ་བྱེད་པས། དེས་ན་རང་ཅག་རྣམས་ཚེ་འདིའི་ལུས་བོར་ཡང་ཕྱི་མའི་ལུས་རྙེད་ནས་རེ་ཞིག་སྡོད་རྒྱུ་ཞིག་ཡོང་ངོ་སྙམ་ན་ཤིན་ཏུ་མི་རིགས་ཏེ། འདུ་བའི་བདེ་བ་ཐམས་ཅད་བྲལ་བའི་སྡུག་བསྔལ་དང་རྗེས་སུ་འབྲེལ་བ་ཤ་སྟག་ཡིན་བའི་ཕྱིར། དཔེར་ན་བཀྲ་ཤིས་མའི་རྗེས་སུ་སྣ་ནག་མ་ངེས་པར་འབྲང་པ་དང་། ཁ་ཟས་དུག་བཅས་དང་མཆིལ་བའི་ཟས་ཟ་བ་དེ་དག་ལ་གདོན་མི་ཟ་བར་འཆི་བའི་སྡུག་བསྔལ་འབྱུང་བར་འགྱུར་བ་ལྟ་བུ་ཡིན་ཏེ། བཞི་བརྒྱ་པའི་འགྲེལ་བ་ལས། ཁ་ཅིག་གིས་ང་ལ་བཀྲ་ཤིས་ཡོང་བར་གྱུར་ཅིག་ཅེས་ལྷ་མཉེས་པར་བྱས་པ་དང་དེས་དམ་པ་ཐོབ་པར་གྱུར་ཏོ། ། དེ་ཁྱིམ་དུ་ཞུགས་པའི་ཁྱིམ་དུ་མཚན་མོ་བཀྲ་ཤིས་མ་དང་དེའི་ཕྱི་བཞིན་འབྲང་བའི་སྣ་ནག་མོ་ཡང་བཞུགས་པར་གྱུར་ཏོ། ། དེས་བཀྲ་ཤིས་མ་ལ་འདི་སུ་ཡིན་ཞེས་དྲིས་པ་དང་དེས་སྣ་ནག་མའོ་ཞེས་སྨྲས་སོ། ། དེས་སྨྲས་པ། བདག་གིས་འདིའི་ཕྱིར་དམ་པ་ཐོབ་པ་མ་ཡིན་ནོ་ཞེས་སྨྲས་སོ། ། བཀྲ་ཤིས་མས་སྨྲས་པ། གང་ན་ང་ཡོད་པ་དེར་འདི་ཡང་གདོན་མི་ཟ་བར་ཡོད་དོ་ཞེའོ་ཞེས་བྱུང་བ་ལྟར་རོ། ། འདིའི་བཀྲ་ཤིས་མ་དང་སྣ་ནག་མ་ནི་ལང་ཟག་ཐ་དད་པ་གཉིས་ལྷན་ཅིག་ཏུ་རྒྱུ་བའི་དཔེ་ཡིན་ལ། དབུ་མ་འཇུག་པ་ལས་བྱུང་བ་ནི་ལྷན་ཅིག་ཏུ་མི་གནས་པའི་དཔེ་ཡིན་པས་དེ་གཉིས་སོ་སོར་ཕྱེད་པ་གཅེས་སོ། ། མདོར་ན་འཆི་བ་མི་རྟག་པ་བསྒོམ་ཚུལ་དངོས་ནི། རང་ཅག་སྐྱེས་བུ་ཐ་མལ་བ་འདི་ལྟར་བསམ་དགོས་ཏེ། ཁོ་བོས་བྱེད་སྟངས་འདི་ལྟ་ན་ངན་འགྲོར་འགྲོ་བའི་རྒྱུ་མ་བཀག་པ་དང་བདེ་འགྲོར་འགྲོ་བའི་རྒྱུ་མ་བསགས་པར་འཆི་ངེས་པས་ཅི་དྲག་སྙམ་དུ་འཆི་ལུགས་ལ་སྐྲག་པ་བསྐྱེད་པ་དེ་རང་ཡིན་ཞིང་། དེ་ལྟར་སྐྲག་པ་བསྐྱེད་པའི་དགོས་པ་ནི། འཆི་བ་དེ་ཡང་ཐབས་གང་གིས་ཀྱང་བཟློག་ཏུ་མེད་པས་ཅི་བྱས་ཀྱང་། ལུས་ལོངས་སྤྱོད་གཉེན་དང་འབྲལ་དགོས་པ་གདོན་མི་ཟའོ་སྙམ་དུ་ཡང་ཡང་བསམ་ན་དེ་དག་དང་མི་འབྲལ་བའི་རེ་བ་ལྡོག་ནས་ངན་འགྲོའི་རྒྱུ་འགོག་ཅིང་བདེ་འགྲོའི་རྒྱུ་བསྒྲུབ་ཏུ་ཡོད་པས་འཆི་བ་ལ་སྐྲག་པ་མི་འབྱུང་བ་ཞིག་ཡོང་སྟེ། དེའི་ཕྱིར་ལམ་རིམ་ཆེན་མོ་ལས། འཆི་བ་དྲན་པའི་བློ་ཇི་ལྟ་བུ་ཞིག་བསྐྱེད་པ་ནི་ཞེས་པ་ནས་འཆི་བ་ལ་སྐྲག་པར་མི་འགྱུར་བ་ཡིན་ནོ་ཞེས་གསུངས་སོ། ། དེ་ཕྱིར་ཚེ་འདིའི་བྱ་བྱེད་ཐམས་ཅད་གསོད་སར་འཁྲིད་པའི་མི་ལ་རྒྱན་བཏགས་པ་དང་འདྲ་བར་དོན་མེད་དོ་སྙམ་དུ་ཡིད་ལ་གོམས་པས་ཚེ་འདིའི་སྣང་ཤས་ལྡོག་གོ། ། གཉིས་པ་ཕྱི་མའི་སྣང་ཤས་ལྡོག་ཚུལ་ནི།

    ལས་འབྲས་མི་བསླུ་འཁོར་བའི་སྡུག་བསྔལ་རྣམས། ། ཡང་ཡང་བསམ་ན་ཕྱི་མའི་སྣང་ཤས་ལྡོག ། ཅེས་སོ། ། དོན་ནི་ལམ་རིམ་ཆེན་མོ་ལས། མཛངས་བླུན་ནས་འབྱུང་བའི་གསེར་ལྷ་དང་གསེར་དབྱིག་དང་གླང་པོ་སྐྱོང་གི་མཐའ་བཞིན་ཏེ། ལུང་དང་མཛངས་བླུན་དང་ལས་བརྒྱ་པ་སོགས་ལས་ངེས་པར་བྱའོ། ། ཞེས་གསུངས་པ་ལྟར་ལས་དང་དེའི་འབྲས་བུ་མི་བསླུ་བའི་ཚུལ་ཤིན་ཏུ་ཕྲ་བ་རྣམས། ། མདོ་མཛངས་བླུན་ལྟ་བུ་ལུང་ལ་བརྟེན་ནས་ངེས་དགོས་ཤིང་། དེ་ཡང་མཛངས་པ་ནི་མཁས་པའི་མིང་ཡིན་པས། མདོ་མཛངས་བླུན་ཚར་གཅིག་གཉིས་བལྟས་པ་ཙམ་གྱིས་ལས་འབྲས་ལ་ཡིད་ཆེས་པ་ཆེར་སྐྱེ་གང་ཟག་དེ་མཁས་པ་དང་། དེ་ལྟ་མིན་ན་གང་ཟག་དེ་བླུན་པོར་གོ་བྱེད་ཡིན་པས་མཛངས་བླུན་ཞེས་པ་ནི་མཁས་བླུན་འབྱེད་བྱེད་ཅེས་པའི་དོན་ཡིན་ནོ། ། དེའི་ཕྱིར་དཀར་ནག་གི་ལས་ཀྱི་འབྲས་བུ་བདེ་སྡུག་འབྱུང་བ་མི་བསླུ་ཞིང་འཁོར་བའི་གནས་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཡིན་པའི་ཚུལ་རྣམས་ཡང་ཡང་བསམ་ན་ཕྱི་མའི་ལྷ་དང་མིའི་གོ་འཕང་ལ་ཞེན་པའི་སྣང་ཤས་ལྡོག་པས་རྒྱས་པར་ལུང་དེ་དག་ཏུ་བལྟ་བར་བྱའོ། ། གསུམ་པ་ངེས་འབྱུང་སྐྱེས་པའི་ཚད་ནི།

     དེ་ལྟར་གོམས་པས་འཁོར་བའི་ཕུན་ཚོགས་ལ། ། ཡིད་སྨོན་སྐད་ཅིག་ཙམ་ཡང་མི་སྐྱེ་ཞིང་། ། ཉིན་མཚན་ཀུན་ཏུ་ཐར་པ་དོན་གཉེར་བློ། ། བྱུང་ན་དེ་ཚེ་ངེས་འབྱུང་སྐྱེས་པ་ལགས། ། ཞེས་སོ། ། འདི་ལ་ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། བཤད་མ་ཐག་པ་དེ་ལྟར་དུ་གོམས་པས་འཁོར་བ་གཞན་རྣམས་ལྟ་ཅི་སྨོས་ཚངས་པ་དང་བརྒྱ་བྱིན་དང་འཁོར་བསྒྱུར་གྱི་ཚེ་རིང་ནད་མེད་ལོངས་སྤྱོད་ཆེ་བ་ལ་སོགས་པའི་ཕུན་སུམ་ཚོགས་པ་གང་ལའང་། སྐྱུགས་ནད་ཅན་གྱིས་སྐྱུགས་བྲོ་བའི་དངོས་པོ་ལ་ཡིད་སྨོན་སྐད་ཅིག་ཙམ་ཡང་མི་སྐྱེ་ཞིང་དོན་དུ་མི་གཉེར་བ་ནི། དཔེར་ན། ལམ་རིམ་ཆེན་མོ་ལས། བྱང་པའི་བྱིས་པ་ནི་བྱང་ན་རྩམ་པ་དཀོན་པས་ཉུང་མ་ཉི་ཚེ་ཟ་པས། བྱིས་པ་ཞིག་བཀྲེས་ཏེ་རྩམ་པ་ཟ་འདོད་ནས་མ་ལ་ཟས་བསླངས་པ་ལ་མ་ལ་རྩམ་པ་མེད་པས་ཉུང་གཤེར་ཞིག་བྱིན་པས་དེ་མི་འདོད་ཟེར། དེ་ནས་ཉུང་མ་སྐམ་པོ་ཞིག་བྱིན་པས་དེ་མི་འདོད་ཟེར། དེ་ནས་ཉུང་མ་ཕོ་ཤ་ཞིག་བྱིན་པ་ལ་ཡང་དེ་མི་འདོད་ཟེར། དེ་ནས་ཉུང་མ་བཙོས་འཁེངས་ཤིག་བྱིན་པས་དེ་ཡང་ང་མི་འདོད་ཟེར་ཞིང་ཁོ་མ་མགུ་ནས་དེ་ཡོ་ཉུང་མ་ཡིན་ཟེར་ལོ། ། དེ་བཞིན་དུ་རང་ཅག་ཀྱང་འཇིག་རྟེན་གྱི་བདེ་བ་གང་མཐོང་བ་དང་ཐོས་པ་དང་དྲན་པ་ཐམས་ཅད་ལ་དེ་ཡང་འཇིག་རྟེན་ཡིན་དེ་ཡོ་སྡུག་བསྔལ་ཡིན། ཅིས་ཀྱང་བྱར་སྙམ་ནས་སྐྱུགས་རིང་རིང་བ་དགོས་གསུངས་པ་ལྟར་རོ་ཞེས་བྱུང་བ་བཞིན་དུ། འཁོར་བ་ཡིན་ཚད་ལ་ཞེན་པ་གཏིང་ནས་ལོག་སྟེ་ཉིན་མཚན་ཀུན་ཏུ་ཐར་པ་དོན་དུ་གཉེར་པའི་བློ་ནམ་བྱུང་ན་དེ་ཚེ་ངེས་འབྱུང་གི་བསམ་པ་བཅོས་མ་མ་ཡིན་པ་སྐྱེས་པའི་ཚད་ལགས་སོ་ཞེས་པའོ། ། ངེས་འབྱུང་ལ་བཅོས་མ་དང་བཅོས་མིན་དང་མངོན་གྱུར་དང་བརྟན་པོ་དང་ཤུགས་དྲག་སོགས་ཀྱི་རྣམ་གྲངས་མང་ཞིང་། སྐབས་འདིར་བཤད་པ་ནི་ངེས་འབྱུང་བཅོས་མ་མ་ཡིན་པ་ལ་བྱའོ། ། སྤྱིར་ངེས་འབྱུང་ལ་བཅོས་མིན་མི་དགོས་ཏེ། སྡུག་ཀུན་ཅི་རིགས་ཀྱི་ཉེས་དམིགས་ཤེས་ནས་དེ་ལས་ཐར་འདོད་ཙམ་གྱི་བློ་ནམ་སྐྱེས་པ་ན་ངེས་འབྱུང་རྣམ་དག་དང་ངེས་འབྱུང་མཚན་ཉིད་པ་སྐྱེས་པའི་གོ་ཆོད་དེ། ལམ་རིམ་ཆུང་བ་ལས། དེ་ལྟར་སྡུག་ཀུན་གཉིས་ཀྱི་སྒོ་ནས་འཁོར་བའི་མཚན་ཉིད་ཞིབ་ཏུ་ཤེས་པར་བྱས་པ་ན་དེ་དོར་འདོད་པ་དང་དེ་རྣམས་ཉེ་བར་ཞི་བ་ལ་ཐོབ་འདོད་བྱུང་བ་ཙམ་ནས་ངེས་འབྱུང་གི་བསམ་པ་ཡིན་མོད་ཀྱང་ཞེས་གསུངས་པའི་ཕྱིར། ངེས་འབྱུང་བཅོས་མིན་སྐྱེ་བ་ལ་དེ་ཙམ་གྱིས་མི་ཆོག་པར་ཐར་པ་དོན་གཉེར་གྱི་བློ་ངང་ངམ་ཤུགས་ཀྱིས་སྐྱེས་པ་གཅིག་དགོས་ཏེ། དེ་ཉིད་ལས། དེ་ཙམ་གྱིས་མི་ཆོག་པས་མེ་འབར་བའི་ཁྱིམ་དུ་ཆུད་པ་དང་། བཙོན་རར་ཆུད་པའི་བཙོན་གནས་དེ་ལ་མི་འདོད་ཅིང་དེ་ནས་ཐར་པར་འདོད་པའི་བློ་ཅི་ཙམ་སྐྱེ་བ་དེ་ལྟ་བུའི་བློའི་ཚོད་ཙམ་དུ་བསྐྱེད་པར་བྱ་ཞེས་གསུངས་པའི་ཕྱིར། དེ་ལྟ་བུ་ངེས་འབྱུང་གི་བསམ་པ་བཅོས་མ་དང་བཅོས་མིན་གང་ཡིན་ཡང་རྒྱུན་ལྡན་དུ་ཡོད་པ་ལ་མངོན་གྱུར་ཅེས་བྱ་ཞིང་། རྐྱེན་ཆུང་ངུ་ཙམ་གྱིས་བསྒྱུར་དུ་མི་བཏུབ་པའི་ངེས་འབྱུང་དེ་ལ་བརྟན་པོ་ཞེས་བྱའོ། ། ཤུགས་དྲག་ནི་ཤུགས་མ་ཡལ་བ་ལ་བྱེད་པས་དེ་ལ་མངོན་གྱུར་མི་དགོས་ཏེ། གཉིད་ལོག་པའི་སྐྱེས་བུ་འབྲིང་འགའ་ཞིག་གི་རྒྱུད་ལ་ངེས་འབྱུང་ཤུགས་མ་ཡལ་བ་ཡོད་ཀྱང་མངོན་གྱུར་པ་མེད་པས་སོ། །

གཉིས་པ་དེ་ལ་མཐའ་དཔྱད་པ་ལས། སོ་ཐར་གྱི་སྡོམ་པ་ངེས་འབྱུང་གི་བསམ་པས་ཐོབ་དགོས་སམ་མི་དགོས། དགོས་ན་དེང་སང་གི་རབ་བྱུང་ཕལ་ཆེར་སྡོམ་མེད་དུ་འགྱུར་ཞིང་། མི་དགོས་ན་མདོ་རྩ་བའི་རང་གི་རྣམ་བཤད་དང་། རྒྱ་ཆེར་འགྲེལ་དང་། གཞི་འགྲེལ་དང་། ཕྲན་ཚེགས་འགྲེལ་པ་སོགས་ལས། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་མེད་པར་སྡོམ་པ་མི་སྐྱེ་བར་བཤད་པ་དང་། འདུལ་བ་རྒྱ་མཚོའི་སྙིང་པོ་ལས་ཀྱང་། ངེས་འབྱུང་བསམ་པས་རྒྱུ་བྱས་ནས། ། གཞན་གནོད་གཞི་དང་བཅས་པ་ལས། ། ལྡོག་པ་དེ་ཡང་ལུས་ངག་ལས། ། ཞེས་སོགས་གསུངས་པ་ཅི་ལྟར་ཡིན་ཞེ་ན། མཁས་པ་ཕལ་ཆེ་བས་སོ་ཐར་གྱི་སྡོམ་པ་ངེས་འབྱུང་གི་བསམ་པས་འཐོབ་དགོས་པ་གཞིར་བཞག་ཏུ་བཞེད་པ་མཐུན་ཞིང་། འོ་ན་ད་ལྟའི་གང་ཟག་དབང་པོ་རྟུལ་པོ་དག་གིས་སྡོམ་པ་ལེན་པའི་ཚེ་ངེས་འབྱུང་བཅོས་མ་ཙམ་ཡང་གསལ་འདེབས་པ་ཤིན་ཏུ་དཀའ་བ་རྣམས་ཀྱིས་སྡོམ་པ་མི་ཐོབ་པ་མ་ཡིན་ནམ་ཞེ་ན། དེ་ལ་མཁས་གྲུབ་ཐམས་ཅད་མཁྱེན་པས། དང་པོ་ལེན་དུས་ན་སོ་ཐར་གྱི་སྡོམ་པ་མ་སྐྱེས་ཀྱང་ཕྱིས་ངེས་འབྱུང་སྐྱེས་པའི་ཚེ་སྔར་ཆོ་ག་ལ་བརྟེན་ནས་བླངས་པའི་ཚུལ་ཁྲིམས་དེ་ངེས་འབྱུང་གི་ཚུལ་ཁྲིམས་སུ་གྱུར་པར་བཞེད་དེ། ཐུབ་བསྟན་བྱི་དོར་ལས། དེའི་ཕྱིར་ད་ལྟའི་གང་ཟག་སྔོན་དུ་བློ་མ་སྦྱངས་པའི་ཐམ་ཐོམ་ལ། སྡོམ་པ་ལེན་པའི་ཚེ་ངེས་འབྱུང་གི་བསམ་པ་བཅོས་མ་ཙམ་ཡང་གསལ་ཐེབས་པ་ཤིན་ཏུ་དཀའ་བ་རྣམས་ཀྱིས། ཕྱིས་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ལྟ་བུ་ལ་ལེགས་པར་བློ་སྦྱངས་ཏེ་ངེས་འབྱུང་གི་བསམ་པ་མྱོང་བ་སྣ་ཟིན་སྐྱེས་ན། བློ་དེས་ཟིན་པའི་བསླབ་བྱ་ལ་སློབ་འདོད་ཀྱིས་ཀུན་ནས་བསླང་བའི་སྤོང་སེམས་སྐྱེས་པ་ཕྱིན་ཆད། ངེས་འབྱུང་གི་ཚུལ་ཁྲིམས་སུ་གྱུར་པ་ཡིན་པས་ཚུལ་འདི་ལ་འབད་པར་བྱའོ་ཞེས་གསུངས་པའི་ཕྱིར། འདིས་སྡོམ་པ་ཐོབ་པའི་རྒྱུའི་ཀུན་སློང་ལ་ངེས་འབྱུང་མི་དགོས་ཀྱང་དུས་ཀྱི་ཀུན་སློང་ལ་དགོས་པར་བཞེད་པའི་ཕྱོགས་སོ། ། མཁས་གྲུབ་རྗེའི་བཞེད་ཚུལ་དེ་ནི། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་ལམ་གྱི་གཙོ་བོ་རྣམ་གསུམ་གྱི་འགྲེལ་པ་ལྟར་ན་མཁན་ཆེན་ངག་དབང་གྲགས་པའི་རྗེས་སུ་འབྲང་བ་ཡིན་པར་མངོན་ནོ། ། ཀུན་མཁྱེན་མཚོ་སྣ་བས་ཀྱང་འདི་བཞེད། དེ་ལྟར་ཁས་ལེན་མཁན་ཡང་མང་དུ་ཡོད་དོ། ། རྒྱལ་ཚབ་ཐམས་ཅད་འཁྱེན་པས། ངེས་འབྱུང་བཅོས་མིན་མི་དགོས་ཀྱང་སྐྱབས་འགྲོའི་བརྡའ་སྤྲོད་པ་ལྟར་སྡོམ་པ་ལེན་པའི་རྒྱུའི་དུས་ན་ངེས་འབྱུང་གི་ཤུགས་བརྟན་པོ་ཡོད་ཙམ་གྱིས་ཆོག་པར་བཞེད་དེ། གནམ་རྩེ་ལྡེང་མ་ལས། མྱང་འདས་ཀྱི་བསམ་པ་མེད་པར་སོ་སོར་ཐར་པའི་སྡོམ་པ་མི་སྐྱེ་འཁོར་བ་མཐའ་དག་གི་ཉེས་དམིགས་ཤེས་ནས་འདོར་འདོད་ཀྱི་བློ་བཅོས་མ་མ་ཡིན་པ་མ་སྐྱེས་ཀྱི་བར་དུ་སྡོམ་པ་མི་སྦྱིན་པར་འགྱུར་རོ་སྙམ་ན། འདིར་མྱང་འདས་ཀྱི་བསམ་པ་ནི། སྲིད་པའི་སྐྱོན་དང་ཞི་བའི་ཕན་ཡོན་བསམ་པས་ཡིད་འགྱུར་བའི་མྱོང་བ་ཤུགས་དྲག་ལ་མི་བྱེད་ཀྱི། སྐྱབས་འགྲོའི་བརྡའ་སྦྱོར་བའི་གོ་བ་བརྟན་པོ་ལ་བྱེད་དོ་ཞེས་གསུང་ངོ་ཞེས་གསུངས་པའི་ཕྱིར། རྗེ་རིན་པོ་ཆེ་ཡང་འདི་ཁོ་ན་བཞེད་པར་གསལ་ཏེ། འདིའི་ཞེས་གསུང་ངོ་ཞེས་པའི་གསུང་མཁན་དེ་རྗེ་ཉིད་ལ་བྱེད་དགོས་པའི་ཕྱིར་རོ། ། རྗེ་དགེ་འདུན་གྲུབ་ཀྱང་འདི་ཁོ་ན་ལྟར་བཞེད་དེ། འདུལ་ཊིཀ་རིན་ཆེན་ཕྲེང་བ་ལས། ངེས་འབྱུང་གི་བསམ་པ་བརྟན་པོ་རྒྱུན་ཆགས་སུ་མེད་ཀྱང་སྡོམ་པ་ལེན་པའི་ཚེ་མཁན་སློབ་ཀྱིས་མྱང་འདས་ཀྱི་བསམ་པ་བརྟན་པོ་དགོས་ཞེས་ལེགས་པར་བརྡའ་སྤྲད་པ་ལས་ངེས་འབྱུང་གི་བསམ་པ་སྐྱེ་བའི་ཕྱིར། དཔེར་ན་མཁན་སློབ་ཀྱིས་ལེགས་པར་བརྡའ་སྤྲད་པ་ལས་སྡོམ་པ་ཐོབ་དུས་ཤེས་པ་བཞིན་ནོ་ཞེས་གསུངས་པའི་ཕྱིར། དཔེ་འདི་གནད་ཆེ་འོག་ཏུ་བཤད་པར་བྱའོ། ། དེ་དག་ནི་སྡོམ་པ་ཐོབ་པའི་རྒྱུའི་ཀུན་སློང་ལ་ངེས་འབྱུང་དགོས་པར་བཞེད་པའི་ཕྱོགས་སོ། ། དེ་ལ་འདི་ལྟར་དཔྱད་དེ། ལས་ཆོག་གསེར་མདོག་རྣམ་རྒྱལ་ལས། སྐད་གཟེངས་མཐོ་བ་དང་སེ་གོལ་གྱི་བརྡའ་སྤྲོད་ཅེས་པ་ལྟར་མཛད་པ། དབང་རྣོན་གྱི་རིགས་ལ་བརྡའ་འཕྲོད་ཀྱང་ཕལ་མོ་ཆེ་སྔར་གྱི་བཤད་པ་བརྗེད་ནས་གཡམ་ལ་རྒྱུགས་པ་མང་བས་ཞེས་གསུངས་པ་ལྟར། དེ་ཡང་ལོ་བདུན་ཙམ་ནས་རབ་ཏུ་བྱུང་བ་ཕལ་ཆེ་བ་དང་བོད་སྐད་ལ་མ་སྦྱངས་པའི་དབང་རྟུལ་རྣམས་ལྟ་ཅི་སྨོས། བོད་སྐད་དང་ཆོས་སྐད་ལ་སྦྱངས་འཁུལ་ཡོད་པའི་བདག་ལྟ་བུ་ལ་མཚོན་ནའང་སྡོམ་པ་ལེན་སྐབས་དེར་ཆོས་གོས་གདིང་བ་སོགས་ལ་གཡེང་བའི་སེམས་ཚབ་ཚུབ་ཀྱི་ངང་ནས་སློབ་དཔོན་གྱི་ཚིག་གི་རྗེས་ཟློས་ཨེ་ཐུབ་ཙམ་ལ་སེམས་གཏད་པ་མ་གཏོགས། འདོད་ཆགས་དང་བྲལ་བའི་མྱང་འདས་ཆོས་དཀོན་མཆོག་དང་དེས་ཅི་ལྟར་སྐྱོབ་པའི་ཚུལ་ལ་གོ་བ་ལེགས་པར་མ་ཆགས་པ་ནི་རང་བློ་རང་ལ་ལྐོག་ཏུ་མ་གྱུར་པས་གསལ་ཞིང་། དེས་ན་མཁན་སློབ་ཀྱིས་སྐྱབས་འགྲོའི་བརྡའ་ལེགས་པར་སྤྲད་ན་ཡང་། བསྒྲུབ་བྱས་བརྡའ་དོན་མ་གོ་བ་མང་བས་ངེས་འབྱང་ཅི་ལྟར་སྐྱེ་ཞེ་ན། དེ་ལ་ཁོ་བོས་གསང་གཏམ་འདི་བཤད་པར་བྱ་སྟེ། སྤྱིར་མཁན་སློབ་ཀྱིས་བརྡའ་སྤྲད་པ་ལྟར་བསྒྲུབ་བྱས་བརྡའ་དོན་གོ་དགོས་པ་གཏན་ནས་མ་ཡིན་ཏེ། བསྒྲུབ་བྱས་བརྡའ་དོན་མ་གོ་ཡང་སྡོམ་པ་སྐྱེས་པ་དུ་མ་ཡོད་པའི་ཕྱིར། སྒོ་མང་འདུལ་བའི་མཐའ་དཔྱོད་ཙིནྟ་མ་ཎིའི་ཕྲེང་མཛེས་སྐལ་བཟང་རེ་བ་ཀུན་སྐོང་ལས། བསམ་པ་ཐག་པས་ལེན་འདོད་ཡོད་ལ་དགེ་འདུན་གྱིས་རང་ཉིད་བསྙེན་རྫོགས་བྱེད་པར་ཤེས་ན་ཚིག་དོན་མི་གོ་བའི་འོན་པ་ལ་ཡང་སྐྱེ། དེ་ལྟར་ཡིན་ན་ཚིག་དོན་མ་གོ་ཡང་དེ་དུས་གཉིད་ལོག་པ་དང་སྙོམས་པར་ཞུགས་པ་དང་། ར་རོ་བར་གྱུར་ཀྱང་སྐྱེ། དེ་ལྟར་ཡིན་ན་སྐད་རིགས་མི་འདྲ་བས་ཚིག་དོན་མ་གོ་ཡང་བསྙེན་རྫོགས་ཀྱི་སྡོམ་པ་སྐྱེ་བ་རྣམས་སངས་རྒྱས་དང་མཁས་པའི་དགོངས་པ་ཡིན་པའི་ཕྱིར་ཞེས་གསུངས་པའི་ཕྱིར། དེ་རེ་རེ་ལ་ལུང་གསལ་བོ་རེ་ཡང་ཡོད་དེ། དང་པོ་ནི། མེ་ཏོག་ཕྲེང་རྒྱུད་ལས། འོན་པས་ཀྱང་ནི་གོ་གྱུར་ན། ། ལས་བརྗོད་པ་ནི་མི་ཐོས་ཀྱང་། ། འདི་ལ་བསྙེན་རྫོགས་ཡོད་པ་སྟེ། ། ཚུལ་ཁྲིམས་ལ་ནི་ཉེས་པ་མེད། ། ཅེས་གསུངས་པའི་ཕྱིར། གཉིས་པ་ནི། ལུང་ལས། བཙུན་པ་གཉིད་ལོག་པ་བསྙེན་པར་རྫོགས་པར་བགྱི་ན་བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི། དེ་སྟེ་ལུས་དང་ཚིག་གིས་དམིགས་ལ་གསོལ་བ་དང་ལས་བྱེད་པའི་ཚེ་གཉིད་ཀྱིས་ལོག་ཀྱང་བསྙེན་པར་རྫོགས་པ་ཞེས་བྱའོ་ཞེས་གསུངས་པའི་ཕྱིར། གསུམ་པ་ནི། ལུང་ལས། བཙུན་པ་མཐའ་འཁོབ་པས་འཕགས་པའི་སྐད་དུ་བསྙེན་པར་རྫོགས་པར་བགྱིས་པ་དང་། མཐའ་འཁོབ་པ་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན་བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི། དེ་སྟེ་གསུང་རབ་འདི་དང་ལྡན་ཞིང་རབ་ཏུ་ལྡན་ལ་ཁས་ལེན་པའི་སེམས་ཡོད་ན་བསྙེན་པར་རྫོགས་པ་ཞེས་བྱ་སྟེ་ཞེས་གསུངས་པའི་ཕྱིར། དེའི་ཕྱིར་སོག་པོ་ལ་ཆོ་གའི་ཚིག་སོག་སྐད་དུ་མ་བཏོན་ན་སྡོམ་པ་མི་སྐྱེ་སྙམ་པའི་ལོག་རྟོག་ལུང་ཐ་མ་འདིས་ལེགས་པར་སེལ་ནུས་ཤིང་། ཁས་ལེན་པའི་སེམས་ཡོད་ན་ཞེས་པ་འདིས་ཞེ་ཐག་པ་ནས་སྡོམ་པ་ལེན་འདོད་ཀྱི་ཡིད་དམ་དེ་སྡོམ་པ་ཐོབ་པའི་རྒྱུའི་གཙོ་བོ་གལ་ཆེ་ཤོས་སུ་བཤད་པ་ཡིན་པས་དེའི་ཕྱིར་དེ་ལྟ་བུའི་རྒྱུ་ཚོགས་ཚང་ན་ཚིག་དོན་མ་གོ་ཡང་སྡོམ་པ་སྐྱེ་བ་ནི། རྣམ་འགྲེལ་ལས། མ་ཚང་མེད་རྒྱུ་དེ་ལ་ནི། ། འབྲས་བུ་གང་གིས་འགོག་པར་བྱེད། ། ཅེས་གསུངས་པའི་དགོངས་པ་ཡིན་ནོ། ། དེ་ལ་ཁ་ཅིག་ན་རེ། དེ་མི་འཐད་པར་ཐལ། སྡོམ་པ་ཐོབ་དུས་མི་ཤེས་ན་སྡོམ་པ་མི་སྐྱེ་བའི་ཕྱིར་ཏེ། ལུང་ཞུ་བ་ལས། གང་ཟག་གསུམ་ནི་བསྙེན་པར་མ་རྫོགས་པ་ཞེས་བྱ་སྟེ། གསུམ་གང་ཞེ་ན། བདག་གི་མིང་མ་བརྗོད་པ་དང་། མཁན་པོའི་མིང་མ་བརྗོད་པ་དང་། སྡོམ་པ་ཐོབ་པའི་དུས་མི་ཤེས་པའོ་ཞེས་གསུངས་པ་གང་ཞིག ། གཉིད་ཀྱིས་ལོག་པ་དེས་སྡོམ་པ་ཐོབ་མ་ཐོག་པའི་དུས་མི་ཤེས་པའི་ཕྱིར་ཟེར་ན། དེ་ནི་ཤིན་ཏུ་བདེན་དེ། ལུང་གཅིག་ལས་ཚིག་མི་ཐོས་པའི་འོན་པ་དང་དོན་མི་གོ་བའི་ང་རོ་བ་དག་ལ་སྡོམ་པ་སྐྱེ་བར་ཡང་བཤད། ཡང་སྡོམ་པ་ཐོབ་དུས་མི་ཤེས་པ་ལ་སྡོམ་པ་མི་སྐྱེ་བར་བཤད་པ་ཅི་ལྟར་མི་འགལ་བའི་ཚུལ་འདི་ཀུན་གཟིགས་ལྔ་པ་ཆེན་པོས་དཀའ་གནས་སུ་མཛད་ནས་མཁས་པ་དག་གིས་དོགས་པ་ཆོད་ཅིག་ཅེས་གདམས་པའི་དོན། ཀུན་འཁྱེན་འཇམ་དབྱངས་བཞད་པས། ལུང་ཕྱི་མ་སྤྱིར་བཏང་དང་སྔ་མ་དམིགས་བསལ་ཡིན་ཞེས་ཀུན་གཟིགས་ལྔ་པའི་དགོངས་པ། རིན་པོ་ཆེའི་སྒྲོམ་བུ་ཁ་ཕྱེ་ནས་ལེགས་བཤད་ཡིད་བཞིན་གྱི་ནོར་བུ་བདག་ཅག་རྣམས་ལ་བྱིན་པ་ཡིན་ཚུལ་འདུལ་བའི་མཐའ་དཔྱོད་དེ་ལས་རྒྱས་པར་བྱུང་བ་ལྟར་རོ། ། ད་ནི་རང་ལུགས་བརྗོད་པར་བྱ་སྟེ། དེ་ཡང་སྟོད་ལུང་ཕུ་ཨར་བྱང་ཆུབ་ཡེ་ཤེས་ཀྱི་གཙུག་ལག་ཁང་གནམ་རྩེ་ལྡེང་དུ། ལོ་ཆེན་སྐྱབས་མཆོག་དཔལ་བཟང་། རྗེ་བཙུན་རེ་མདའ་པ། རྗེ་རིན་པོ་ཆེ་གསུམ་འདུལ་བ་ལ་གཟིགས་རྟོག་ཞིབ་མོ་གནང་དུས་སུ། རྗེ་རིན་པོ་ཆེས་ཆོས་གྲྭར་གསུང་ཆོས་སུ་བསྩལ་པའི། གནམ་རྩེ་ལྡེང་མར་གྲགས་པ་འདི་རྗེའི་གསུང་དངོས་ཡིན་གཤིས་དེ་གཞིར་བཅས་ཏེ་བཤད་ན། དཔེར་ན་དགེ་བསྙེན་དང་དགེ་ཚུལ་གྱི་སྐབས་སུ་མཁན་སློབ་ཀྱིས། འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ་ཞེས་རྗེས་ཟློས་བྱེད་དུ་བཅུག་པའི་སྐབས་ཀྱི་ཚིག་འདིས། ཆོས་ཀྱི་མཆོག་མྱ་ངན་ལས་འདས་པ་ལ་བདག་གིས་ཡང་དག་པར་བརྟེན་པར་བྱེད་ཅེས་ཁས་ལེན་དུ་བཅུག་པ་ཡིན་པས་ཆོས་ལ་སྐྱབས་སུ་འགྲོ་བའི་དོན་ལེགས་པར་ཚང་ཞིང་། སྐྱབས་འགྲོའི་ངོ་བོ་ཡང་སྐབས་འདིར་ཚིག་ལ་འཇོག་པ་དང་ཤིན་ཏུ་མཐུན་ལ། དེ་ལྟ་ན་ཡང་དེའི་ཚེ་ན་བསྒྲུབ་བྱས་ཚིག་དོན་ཇི་བཞིན་མ་གོ་ཞིང་། ངེས་འབྱུང་གི་བསམ་པ་ཡང་མངོན་གྱུར་ཏུ་མ་སྐྱེས་མོད་འོན་ཀྱང་ངེས་འབྱུང་ཐོབ་པའི་གོ་ཆོད་དེ། དཔེར་ན་སློབ་དཔོན་གྱིས་བདག་གིས་སྐད་གཟེངས་མཐོ་བ་དང་སེ་གོལ་གྱི་བརྡའ་སྤྲད་པ་དང་མཉམ་དུ་ཁྱོད་ཀྱི་རྒྱུད་ལ་སྡོམ་པ་ཐོབ་པའི་དུས་ཡིན་ནོ་ཞེས་བརྡའ་སྦྱར་ཡང་། བསྒྲུབ་བྱས་དེའི་ཚེ་ན་གཉིད་ལོག་པ་སོགས་ཀྱིས་སྡོམ་པ་ཐོབ་པའི་དུས་མ་ཤེས་པ་སྲིད་ཀྱང་སྡོམ་པ་ཐོབ་པའི་གོ་ཆོད་པ་བཞིན་ཡིན་པའི་ཕྱིར། དེ་ལྟར་བརྡའ་དོན་མ་གོ་བ་དག་ལ་སྡོམ་པ་སྐྱེས་པ་དེ་བཞིན་དུ། སྐྱབས་འགྲོའི་ཚིག་གི་རྗེས་ཟློས་བྱས་ཀྱང་དོན་མ་གོ་ན་ཡང་མ་མཐའ་ངེས་འབྱུང་གི་བསམ་པ་ལྐོག་གྱུར་ཙམ་ཐོབ་དགོས་པའི་རྒྱུ་མཚན་ནི། བསྒྲུབ་བྱ་དེ་ངེས་འབྱུང་གི་བསམ་པ་དང་ལྡན་པ་དང་སྡོམ་པ་སྐྱེ་བའི་བར་ཆད་དང་མི་ལྡན་ཞིང་། ཞེ་ཐག་པ་ནས་སྡོམ་པ་ལེན་འདོད་ཡོད་པ་དང་། སྟོན་པས་ཀྱང་དེ་ལྟ་བུའི་རྒྱུའི་ཚོགས་ཚང་བ་དག་ལ་ངེས་འབྱུང་གི་སྡོམ་པ་སྐྱེ་བར་བཅས་པ་མཛད་པའི་དབང་གིས་ཡིན་ཏེ། དཔེར་ན། མིང་ཆེན་གྱི་མདོ་ལས། མིང་ཆེན་འདི་ལྟར་ཁྱིམ་པ་གོས་དཀར་པོ་བགོས་པ། སྐྱེས་པ་ཕོའི་དབང་བོ་དང་ལྡན་པ་ཞིག སངས་རྒྱས་ལ་སྐྱབས་སུ་འགྲོ་ཆོས་དང་དགེ་འདུན་ལ་སྐྱབས་སུ་འགྲོ་ཞིང་། བདག་དགེ་བསྙེན་དུ་བཟུང་དུ་གསོལ་ཞེས་ཚིག་ཏུ་སྨྲ་ན་འདི་ཙམ་གྱིས་དགེ་བསྙེན་དུ་འགྱུར་རོ་ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཚིག་སྨྲ་ན་འདི་ཙམ་གྱིས་ཞེས་པའི་ཙམ་སྒྲས་བསམ་པ་གཞན་མེད་ན་ཡང་སྡོམ་པ་ལེན་འདོད་ཀྱི་མུ་ནས་ཚིག་རྗེས་ཟློས་གཅིག་པུས་ཆོག་པར་བསྟན་ཏོ། ། དེའི་ཕྱིར་མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་མེད་པར་སོ་ཐར་གྱི་སྡོམ་པ་མི་སྐྱེ་བར་བཤད་པ་ནི། མྱང་འདས་ཐོབ་འདོད་ཀྱི་བསམ་པ་མངོན་གྱུར་པ་བཤད་པ་མ་ཡིན་གྱི། མྱ་ངན་ལས་འདས་པའི་བསམ་པའི་གོ་བ་སྟེ་ནུས་པའམ་ཤུགས་བརྟན་པོ་ཐོབ་དགོས་པར་བཤད་པ་ཡིན་ཞེས་བཤད་ན་གནམ་རྩེ་ལྡེང་མའི་དགོངས་པ་དང་མཐུན་ནམ་སྙམ་མོ། ། སྐྱབས་སུ་འགྲོ་བ་ཙམ་གྱིས་མྱང་འདས་ཀྱི་བསམ་པ་བརྟན་པོར་བྱེད་པ་ནི་རྗེའི་དགོངས་པ་འཁྲུལ་མེད་ཡིན་ཏེ། ལམ་རིམ་ཆེན་མོར་སྐྱབས་འགྲོ་བདུན་ཅུ་བ་ལས་ཀྱང་། དགེ་བསྙེན་གསུམ་ལ་སྐྱབས་འགྲོ་བ། ། དེ་ནི་སྡོམ་བརྒྱད་རྩ་བ་ཡིན། ། ཞེས་གསུངས་ཏེ་སྐྱབས་འགྲོས་མྱང་འདས་ཀྱི་བསམ་པ་བརྟན་པར་བྱེད་ཅིང་དེ་ལས་སྡོམ་པ་སྐྱེ་བ་ལ་དགོངས་སོ། ། ཞེས་གསུངས་པའི་ཕྱིར། འོ་ན་སྐྱབས་འགྲོའི་ཚིག་རྗེས་ཟློས་ཙམ་གྱིས་ངེས་འབྱུང་ཐོབ་པ་དེ་ལྟ་ན། ལེགས་སྨོན་དང་འཇིགས་སྐྱོབ་ཀྱི་ཚུལ་ཁྲིམས་སོ་ཐར་དུ་འགྱུར་རོ་ཞེ་ན། མི་འགྱུར་ཏེ། དེ་དག་ལ་བསམ་པ་ཐག་པ་ནས་སྡོམ་པ་ལེན་འདོད་མེད་པས་སོ། ། ཡང་ཁ་ཅིག་ན་རེ། ངེས་འབྱུང་གི་བསམ་པ་མེད་པ་སྡོམ་པ་ཐོབ་པ་ཡོད་དེ། ཀུན་དགའ་བོའི་སྲིང་མོའི་བུ་གཉིས་རབ་ཏུ་བྱུང་དུས་ན་དེ་ལ་ངེས་འབྱུང་གི་བསམ་པ་མེད་པའི་ཕྱིར་ཏེ། དེ་གཉིས་ལ་མོའུ་འགལ་གྱི་བུས་དམྱལ་བ་སྤྲུལ་ཏེ་བསྟན་པ་ན་སྐྱེས་བུ་ཆུང་ངུའི་བསམ་པ་སྐྱེ་ཞིང་། དེ་ནས་ཀྱང་བདེ་འགྲོ་ནས་འགྲོར་ལྟུང་ཚུལ་གྱི་ལུང་ཐོས་པ་ན་གཟོད་སྐྱེས་བུ་འབྲིང་གི་བསམ་པ་སྐྱེས་པ་ཡིན་པའི་ཕྱིར་ཏེ། ལམ་རིམ་ཆེན་མོ་ལས། འདི་ལ་སྐྱེས་བུ་ཆུང་འབྲིང་གི་བསམ་པ་རིམ་ལྡན་དུ་སྐྱེ་ཚུལ་ཤིན་ཏུ་གསལ་ལ་ཞེས་གསུངས་པའི་ཕྱིར་ན། མ་ཁྱབ་སྟེ། མཛོད་ལས། མྱུར་བ་སྲིད་པ་གསུམ་གྱིས་ཐར། ། ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། དེ་མི་འཐད་པར་ཐལ། མྱུར་བ་སྲིད་པ་གསུམ་གྱིས་ཐར་ཞེས་པ་སྤྱིར་བཏང་ཡིན་གྱི། དམིགས་བསལ་ལ་ཀུན་དགའ་བོའི་ཚ་བོ་ལྟ་བུ་ལམ་ལ་མ་ཞུགས་པའི་གང་ཟག་དབང་རྣོན་འགའ་ཞིག་ཚེ་གཅིག་ལ་དགྲ་བཅོམ་ཐོབ་པ་མི་འགལ་ཞེས་འཇམ་དབྱངས་བཞད་པས་བཤད་པའི་ཕྱིར་ཏེ། འདུལ་བའི་མཐའ་དཔྱོད་སྐལ་བཟང་རེ་བ་ཀུན་སྐོང་ལས། ལུང་གི་སྒྲས་ཟིན་ལྟར་ན་ཀུན་དགའ་བོའི་ཚ་བོ་གཉིས་ཀྱི་རྒྱུད་ལ་དང་པོར་ངེས་འབྱུང་བཅོས་མིན་མེད་ལ་ཞེས་པ་ནས། སྤྱིར་བཏང་དམིགས་བསལ་གྱིས་གང་ཟག་དབང་བོ་རྣོ་རྟུལ་རེ་གཉིས་མི་འདྲ་བའི་ཁྱད་པར་མེད་པར་ཐལ་བ་དང་ཞེས་གསུངས་པའི་ཕྱིར་ན་འདིར་མ་ཁྱབ་སྟེ། ལུང་དེའི་འཕྲོར། དེ་ཉིད་ལས། མངོན་རྟོགས་རྒྱན་ལས། དངོས་པོ་ལྡན་དང་མི་ལྡན་དང་། ། ཞེས་པས་ཐེག་ཆེན་འཕགས་ལམ་རྒྱུན་མི་ཆད་པ་དང་། ཉན་ཐོས་ཀྱི་འཕགས་ལམ་སྐབས་སུ་རྒྱུན་མི་ཆད་མི་འོང་བར་བཤད་པ་མ་ཡིན་པར་ཐལ་བ་དང་ཞེས་པ་འདིས། གོང་གི་དེ་རང་ལུགས་མ་ཡིན་པར་བྱས་འདུག་པའི་ཕྱིར། སྤྱིར་མཛོད་ལས་བཤད་ཚད་ཐམས་ཅད་ཐེག་ཆེན་པས་སྒྲ་ཇི་བཞིན་དུ་ཁས་ལེན་མི་དགོས་ཀྱང་། དེ་ཉིད་ལས་ཐེག་དམན་ལམ་གྱི་བགྲོད་ཚུལ་གྱི་རྣམ་བཞག་ཇི་སྙེད་བྱུང་བ་རྣམས་དེ་ལྟར་དུ་ཁས་ལེན་པའི་གནད་གཅིག་ཀྱང་མཆིས་པས། དེའི་ཕྱིར་མྱུར་བ་སྲིད་པ་གསུམ་གྱིས་ཐར་ཞེས་པ་ལ་སྤྱིར་བཏང་དམིགས་བསལ་དེ་འདྲ་བྱེད་མི་རུང་བ་འདྲ་སྙམ་པས་དཔྱད་པར་འཚལ། སྨྲས་པ། དགེ་བཅུ་ཉ་ལྕིབས་ཁོག་པ་ལས་འོངས་པའི། ། དལ་འབྱོར་རྙེད་དཀའ་རིན་ཆེན་མུཀྟི་ཀ ། རྣམ་གཡེང་ཆོམ་པོའི་ལག་ཏུ་མ་བཏང་བར། ། ཚུལ་བཞིན་སྤྱོད་རྣམས་འདི་དང་ཕྱི་མར་འཚེང་། ། སྡུག་བསྔལ་མི་འདོད་བཞིན་དུ་མྱོང་དགོས་འདི། ། སུས་ཀྱང་མ་བྱིན་རང་གིས་ཉོས་པ་སྟེ། ། སྔོན་བསགས་ལས་ངན་རྒྱལ་པོ་རབ་ཁྲོས་ཏེ། ། ཉེར་ལེན་ཕུང་པོའི་བཙོན་དུ་བཅུག་པས་བྱས། ། ལས་འབྲས་སྒྲུབ་བྱེད་ལུང་གི་རྔ་བོ་ཆེ། ། དཔྱད་གསུམ་རྣམ་པར་དག་པའི་དབྱུག་གུ་ཡིས། ། བདེན་པའི་དཔང་པོར་བསྐུལ་ཚེ་བསྟན་དོན་ལ། ། བསླུ་བ་མེད་པའི་རང་སྒྲ་གཞི་ནས་འབྱིན། ། སྐྱེ་རྒ་ན་འཆིའི་ཤྭ་འོད་ཤེས་བཞིན་དུ། ། འགོག་ཐབས་རག་བརྩིགས་ལས་ལ་མི་འབད་པར། ། སོས་བདེ་གློས་ཕབ་གཉིད་ཀྱིས་ལོག་པ་དག ། བྱིས་པ་བས་ཀྱང་བསམ་མེད་འགོ་སྟོང་ཡིན། ། དེ་ཕྱིར་ཀུན་འབྱུང་པིར་ཐོགས་དབང་པོ་ཡི། ། འདུ་ཤེས་ལས་འཁྲུངས་སྡུག་བདེན་རི་མོ་དེ། ། ལམ་བདེན་རླུང་གིས་རྗེས་མེད་བསུབས་ཤུལ་དུ། ། ཐར་པའི་རྨང་རྡོ་བཏིང་བ་དོན་པོ་ཡིན། ། ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

གཉིས་པ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བཤད་པར་བྱ་བ་ལ། བྱང་ཆུབ་དུ་སེམས་བསྐྱེད་དགོས་པའི་རྒྱུ་མཚན་དང་། སེམས་དེ་བསྐྱེད་པའི་ཐབས་དང་། སེམས་བསྐྱེད་སྐྱེས་པའི་ཚད་དོ། ། དང་པོ་ནི།

      ངེས་འབྱུང་དེ་ཡང་རྣམ་དག་སེམས་བསྐྱེད་ཀྱིས། ། ཟིན་པ་མེད་ན་བླ་མེད་བྱང་ཆུབ་ཀྱི། ། ཕུན་ཚོགས་བདེ་བའི་རྒྱུ་རུ་མི་འགྱུར་བས། ། བློ་ལྡན་རྣམས་ཀྱིས་བྱང་ཆུབ་སེམས་མཆོག་བསྐྱེད། ། ཅེས་དང་། དོན་ནི་དེ་ལྟར་གོམས་པས་སྲིད་པ་མཐའ་དག་མེ་འབར་བའི་རླུབས་ལྟར་མཐོང་བ་ན་འཁོར་བ་ལས་ཡིད་འབྱུང་སྟེ་ཐར་པ་ཐོབ་འདོད་སྐྱེ་མོད། ངེས་འབྱུང་དེ་ཡང་རྣམ་དག་སྟེ་གཞན་གྱི་དོན་དུ་སངས་རྒྱས་ཐོབ་པར་འདོད་པའི་སེམས་སྐྱེད་བཅོས་མིན་གྱིས་ཟིན་པ་མེད་ན་བླ་མེད་བྱང་ཆུབ་ཀྱི་ཕུན་སུམ་ཚོགས་པའི་ཟག་མེད་བདེ་བའི་རྒྱུ་རུ་མི་འགྱུར་བ་ནི། ལམ་རིམ་ཆེན་མོ་ལས། འདི་ལ་འབད་ནས་བཅོས་མ་མིན་པ་ཞིག་སྐྱེ་རྒྱུ་བྱུང་ན་དེས་ཟིན་པའི་བྱ་རོག་ལ་ཟན་ཉུང་ཟད་ཅིག་བྱིན་པ་ཡང་བྱང་སེམས་ཀྱི་སྤྱོད་པ་ཞེས་བྱ་བའི་གྲངས་སུ་འགྲོ་ཡི། དེ་མེད་ན་སྟོང་གསུམ་རིན་པོ་ཆེས་བཀང་སྟེ་བྱིན་ཡང་བྱང་ཆུབ་སེམས་དཔའི་སྤྱོད་པར་མི་ཆུད་དོ་ཞེས་གསུངས་པ་ལྟར་རོ། ། དེ་བས་ན་བློ་ལྡན་རྣམས་ཀྱིས་སྐྱེས་བུའི་རྩལ་ཅི་ཡོད་ཀྱིས་བྱང་ཆུབ་སེམས་མཆོག་བསྐྱེད་པར་བྱ་ཞེས་པའོ། ། འདིའི་བློ་ལྡན་ནི་སྤྱིར་ཤེས་རབ་དང་ལྡན་པ་ཙམ་ལ་མི་བྱེད་པར་གཞན་གྱི་སྡུག་བསྔལ་བསལ་བའི་དོན་ཁུར་དུ་འཁྱེར་བ་ལ་བྱ་རིགས་ཏེ། དེ་ཉིད་ལས།  དེ་ལྟར་འགྲོ་བ་སྡུག་བསྔལ་གྱིས་ཀུན་ཏུ་གདུང་བར་མཐོང་ནས་དེ་དག་གི་དོན་དུ་བྲེལ་བ་སྐྱེས་བུ་ཞེས་བྱ་ལ་མཁས་པ་ཞེས་ཀྱང་དེ་ལ་བྱ་སྟེ་ཞེས་གསུངས་པའི་ཕྱིར། དེའ་ལྟར་བཤད་དགོས་པ་ནི་སྐྱེས་བུའི་སྐད་དོད་པུ་རུ་ཥ་ཞེས་པ་ནུས་པ་དང་ལྡན་པ་ལ་འཇུག་པ་དེ་ཤེས་པའི་ཆེད་དུའོ། ། གཉིས་པ་སེམས་དེ་བསྐྱེད་པའི་ཐབས་བཤད་པ་ནི།

     ཤུགས་དྲག་ཆུ་བོ་བཞི་ཡི་རྒྱུན་གྱིས་ཁྱེར། ། བཟློག་དཀའ་ལས་ཀྱི་འཆིང་བ་དམ་པོས་བསྡམས། ། བདག་འཛིན་ལྕགས་ཀྱི་དྲ་བའི་སྦུབས་སུ་ཚུད། ། མ་རིག་མུན་པའི་སྨག་ཆེན་ཀུན་ནས་འཐིབས། ། མུ་མེད་སྲིད་པར་སྐྱེ་ཞིང་སྐྱེ་བ་རུ། ། སྡུག་བསྔལ་གསུམ་གྱིས་རྒྱུན་ཆད་མེད་པར་མནར། ། གནས་སྐབས་དེ་འདྲར་གྱུར་པའི་མ་རྣམས་ཀྱི། ། ངང་ཚུལ་བསམ་ནས་སེམས་མཆོག་བསྐྱེད་པར་མཛོད། ། ཅེས་སོ། ། དེ་ལ་ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། སེམས་བསྐྱེད་པའི་ཐབས་མར་ཤེས་དྲིན་དྲན་སོགས་དུ་མ་ཡོད་པ་ལས། འདིར་སྙིང་རྗེའི་སྒོ་ནས་སེམས་བསྐྱེད་ཚུལ་བཤད་པ་ཡིན་ལ། དེ་ཡང་འགྲོ་བ་རྣམས་འཁོར་བར་འཕྱན་པ་ནི་ཉོན་མོངས་པའི་གཞན་དབང་ཅན་ཡིན་ཏེ། ཤུགས་དྲག་པའི་མ་རིག་པའི་ཆུ་བོ་དང་ལྟ་བའི་ཆུ་བོ་དང་འདོད་པའི་ཆུ་བོ་དང་སྲིད་པའི་ཆུ་བོ་བཞི་ཡི་རྒྱུན་གྱིས་ཁྱེར་བའི་ཤུགས་ཀྱིས་རང་དབང་མེད་པར་སྲིད་པའི་རྒྱ་མཚོར་བསྐྱལ་བ་ཡིན་ནོ། ། སྡུག་བསྔལ་མི་འདོད་བཞིན་དུ་མྱོང་བ་ནི། རྣམ་སྨིན་བཟློག་དཀའ་བའི་ལས་ཀྱི་གཞན་དབང་ཅན་ཡིན་ཏེ། དཔེར་ན་མི་གཅེར་བུའི་རྒྱབ་ཏུ་ཚེར་མའི་ཕུང་པོ་འཆིང་བ་དམ་པོས་བསྡམས་པ་དང་འདྲ། འཁོར་བ་ལས་ཐར་དཀའ་བ་ནི་བདག་ཏུ་འཛིན་པའི་དབང་གིས་ཡིན་ཏེ། དཔེར་ན་ལྕགས་ཀྱི་དྲ་བའི་སྦུབས་སུ་ཆུད་པའི་མི་དེ་ལས་ཐར་བར་དཀའ་བ་བཞིན་ནོ། ། བདག་ཡོད་པར་འཛིན་པ་དེ་ཡང་བདག་མེད་པར་མ་རིག་པའི་དབང་གིས་ཡིན་ཏེ། དཔེར་ན་མུན་པའི་སྨག་ཆེན་ཀུན་ནས་འཐིབས་པའི་ཁང་པའི་ནང་དུ་སྦྲུལ་མེད་པར་མ་མཐོང་བའི་དབང་གིས་སྦྲུལ་ཡོད་པའི་འཇིགས་པ་སྐྱེ་བ་དང་འདྲ་བའི་ཚུལ་བསམ་པའི་སྒོ་ནས་མུ་མེད་དེ་མཐའ་མེད་པའི་སྲིད་པར་སྐྱེ་ཞིང་ཡང་སྐྱེ་བ་རུ་སྡུག་བསྔལ་གསུམ་གྱིས་རྒྱུན་ཆད་མེད་པར་མནར་ཚུལ་ལེགས་པར་བསྒོམས་ཏེ་གནས་སྐབས་དེ་འདྲར་གྱུར་པའི་མ་རྣམས་ཀྱི་ངང་ཚུལ་བསམ་ནས་བརྩེ་བའི་ཀུན་ནས་བསླང་སྟེ་སེམས་མཆོག་བསྐྱེད་པར་མཛོད་ཅེས་གདམས་པའོ། །  དེ་ཡང་རྐང་པ་དང་པོ་གཉིས་སེམས་ཅན་ཙམ་ལ་དམིགས་པའི་སྙིང་རྗེ་དང་ཐ་མ་གཉིས་དམིགས་མེད་ལ་དམིགས་པའི་སྙིང་རྗེ་བསྟན་ཏོ། ། གཉིས་པ་ནི། དེ་ལ་འདི་ལྟར་དཔྱད་དེ། སྐབས་འདིར་འཇིག་ལྟ་ཡང་མ་རིག་པ་ཡིན་པར་བཞེད་པའི་སྐབས་མ་ཡིན་ནམ། ཅིའི་ཕྱིར་བདག་འཛིན་ལྕགས་ཀྱི་དྲ་བའི་སྦུབས་སུ་ཆུད། ། མ་རིག་མུན་པའི་སྨག་ཆེན་ཀུན་ནས་འཐིབས། ། ཞེས་བདག་འཛིན་དང་མ་རིག་པ་སོ་སོར་བཤད་ཅེ་ན། སྐབས་འདིར་བདག་འཛིན་དང་མ་རིག་པ་གཉིས་སོ་སོར་བཤད་པའི་དགོས་པ་ནི། འཇིག་ལྟས་བདག་ཡོད་པར་འཛིན་པ་ནི་རང་སྟོབས་ཀྱིས་མ་ཡིན་པར་གྲོགས་མ་རིག་པའི་སྟོབས་ཀྱིས་རྨོངས་པ་ཡིན་ཚུལ་ཤེས་པར་བྱ་བའི་ཆེད་དུ་ཡིན་ལ། སྤྱིར་རྗེ་རིན་པོ་ཆེས། འཇིག་ལྟ་མ་རིག་པར་བཞེད་པ་ཙམ་དུ་མ་ཟད་བདག་འཛིན་དང་བདེན་འཛིན་ཀྱང་མ་རིག་པ་ཡིན་ཞེས་མང་དུ་གསུངས་སྣང་སྟེ། ལྷག་མཐོང་ཆེན་མོ་ལས། འདིར་སློབ་དཔོན་ཟླ་བ་གྲགས་པའི་བཞེད་པ་ནི་དབུ་མ་པ་གཞན་རྣམས་ཤེས་སྒྲིབ་ཏུ་བཞེད་པའི་དངོས་པོ་བདེན་པར་འཛིན་པ་ནི་མ་རིག་པར་བཞེད་ལ་ཞེས་ལ་ཞེས་དང་། དེ་ལ་མ་རིག་པ་ནི་རིག་པའི་བཟློག་ཕྱོགས་ཡིན་ལ་རིག་པའང་གང་རུང་རུང་ལ་མི་བྱ་ཡི་བདག་མེད་པའི་དེ་ཁོ་ན་ཉིད་རིག་པའི་ཤེས་རབ་བོ། ། དེའི་བཟློག་ཕྱོགས་ནི་ཤེས་རབ་དེ་མེད་པ་ཙམ་དང་དེ་ལས་གཞན་པ་ཙམ་ལ་མི་རུང་བས་དེའི་འགལ་ཟླ་འཛིན་པའོ། ། དེ་ནི་བདག་ཏུ་སྒྲོ་འདོགས་པ་ཡིན་ལ་དེ་ཡང་ཆོས་ཀྱི་བདག་ཏུ་སྒྲོ་འདོགས་པ་དང་གང་ཟག་གི་བདག་ཏུ་སྒྲོ་འདོགས་པ་གཉིས་ཡིན་པས་ཆོས་ཀྱི་བདག་འཛིན་དང་གང་ཟག་གི་བདག་འཛིན་གཉིས་ཀ་མ་རིག་པ་ཡིན་ནོ། ། ཞེས་དང་། གཏི་མུག་དེ་ཇི་ལྟ་བུ་ཞིག་ཡིན་སྙམ་ན། ཕྱི་ནང་གི་ཆོས་རྣམས་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་རང་བཞིན་ལ་སྒྲོ་འདོགས་པའི་བློ་ནི་འདིར་མ་རིག་པ་སྟེ་ཞེས་གསུངས་པའི་ཕྱིར། བདག་འཛིན་དང་བདེན་འཛིན་མ་རིག་པར་བཤད་པ་དེ་ཡང་། ལུང་གིས་བཤད་ཚུལ་ཞིག་ཀྱང་ཡིན་ཏེ། སྟོང་ཉིད་བདུན་ཅུ་བ་ལས། རྒྱུ་དང་རྐྱེན་ལས་སྐྱེས་དངོས་རྣམས། ཡང་དག་པར་ནི་རྟོག་པ་གང་། ། དེ་ནི་སྟོན་པས་མ་རིག་གསུངས། ། དེ་ལས་ཡན་ལག་བཅུ་གཉིས་འབྱུང་། ། ཞེས་གསུངས་པའི་ཕྱིར། ལམ་རིམ་ཆུང་ངུ་ལས་ཀྱང་། ། ཟླ་བའི་ཞབས་ཀྱིས་འཇིག་ལྟ་ལ་སྒོས་སུ་མ་རིག་པར་བཤད་པ་མ་བྱུང་ཡང་། གང་ཟག་དང་ཆོས་སོ་སོར་མ་ཕྱེ་བར་སྤྱིར་དངོས་པོ་བདེན་འཛིན་ཉོན་མོངས་ཅན་གྱི་མ་རིག་པར་གསུངས་ཤིང་ཞེས་གསུངས་པའི་ཕྱིར། འོ་ན་དེ་ལྟར་བཤད་པའི་དགོས་པ་གང་ཞེ་ན། དེ་ལ་ནི་སྟོང་བ་རྟེན་འབྱུང་གི་དོན་དུ་རྗེན་པར་གཟིགས་ཤིང་། སྲིད་པའི་དཔལ་འབྱོར་ལ་སྙིང་པོ་ཏིལ་འབྲུ་ཙམ་ཡང་མེད་པར་དགོངས་ཏེ། སྒྲུབ་པ་སྙིང་པོར་མཛད་པའི་སྒོ་ནས་གོ་འཕང་མཐོན་པོར་གཤེགས་ཤིང་། རྒྱལ་བསྟན་དྲི་མ་མེད་པའི་སྲོག་འཛིན་དམ་པ་མཚན་བརྗོད་པར་དཀའ་བ་རྗེ་གྲུབ་པའི་དབང་ཕྱུག་ཀློང་རྡོལ་ངག་དབང་བློ་བཟང་རིན་པོ་ཆེའི་ཞལ་སྔ་ནས། ལམ་རིམ་གསུང་བཤད་ཀྱི་སྐབས་སུ་འདི་འདྲ་གསུང་གིན་ཡོད་དེ། བདེན་འཛིན་ཆོས་ཅན། སེམས་བྱུང་ཡིན་པར་ཐལ། མ་རིག་པ་ཡིན་པའི་ཕྱིར་ཞེས་པའི་རིགས་པ་འདི་ཙམ། རྗེ་རིན་པོ་ཆེས་མི་མཁྱེན་པ་དང་མ་དགོངས་པ་མ་ཡིན། དེ་ལ་དགོས་པ་ཡོད་ཅེས་གསུང་བར་གདའ་བས། དེས་ན་སྤྱིར་འཁོར་བའི་རྩ་བ་མཐར་གཏུགས་ན་བདེན་འཛིན་དང་དེའི་བག་ཆགས་སོགས་ལ་ཐུག་ཚུལ་ཡོད་ནའང་། ལེགས་བཤད་སྙིང་བོ་ཆུང་བ་ལས། འཇིག་རྟེན་རྒུད་པ་ཇི་སྙེད་པ། ། དེ་ཡི་རྩ་བ་མ་རིག་སྟེ། ། ཞེས་དང་། རྣམ་འགྲེལ་ལས། མི་ཤེས་སྲིད་པའི་རྒྱུ་ཡིན་ཡང་། ། ཞེས་གསུངས་པ་ལྟར་ཀླུ་སྒྲུབ་ཡབ་སྲས་སོགས་ཀྱིས་ཀྱང་འཁོར་བའི་རྩ་བ་ངོས་བཟུང་བ་ན་བདེན་འཛིན་དང་འཇིག་ལྟ་སོགས་ཀྱི་མིང་གིས་མི་སྨོས་པར་མི་ཤེས་པ་དང་མ་རིག་པ་སོགས་ཀྱི་མིང་གིས་བསྟན་པ་ལ་དགོས་པ་འདི་ཡོད་དམ་སྙམ་སྟེ། ཚིག་གསལ་ལས། གཏི་མུག་ཟད་པར་བྱ་ཕྱིར་གསུང་བ་གང་ཡིན་དེས་ནི་ཉོན་མོངས་མ་ལུས་འཇོམས། ། ཉོན་མོངས་མཐའ་དག་གཏི་མུག་ལ་ནི་ཡང་དག་བརྟེན་པར་རྒྱལ་བ་རྣམས་ཀྱིས་གསུངས། ། ཞེས་དང་། བཞི་བརྒྱ་བ་ལས་ཀྱང་། ལུས་ལ་ལུས་དབང་ཇི་བཞིན་དུ། ། གཏི་མུག་ཀུན་ལ་གནས་གྱུར་ཏེ། ། དེ་ཕྱིར་ཉོན་མོངས་ཐམས་ཅད་ཀྱང་། ། གཏི་མུག་བཅོམ་པས་འཇོམས་པར་འགྱུར། ། ཞེས་གསུངས་པ་ལྟར། དཔེར་ན་ཤིང་སྡོང་གི་རྩ་བ་བཅད་ན་ཡལ་ག་སོགས་རང་ཤུགས་ཀྱིས་སྐེམ་པར་འགྱུར་བ་དང་འདྲ་བར་མ་རིག་པ་བཅོམ་ན་ཉོན་མོངས་ཐམས་ཅད་འཇོམས་སླ་བའི་གནད་གཅིག་ཡོད་པ་ལ་དགོངས་པར་སེམས་སོ། ། དེ་ཡང་ཅི་ལྟར་ཞེ་ན། ལྷག་མཐོང་ཆེན་མོ་ལས། སྔར་བཤད་པའི་མ་རིག་པའི་འཛིན་སྟངས་ཀྱི་ཞེན་ཡུལ་དེ་ཉིད་བཞིར་བཞག་ནས་རང་དང་གཞན་གྱི་སྡེ་པ་དངོས་པོར་སྨྲ་བ་རྣམས་ཀྱིས་ཁྱད་པར་དུ་མ་ཞིག་སྒྲོ་བཏགས་པ་གྲུབ་མཐའི་དབང་གིས་བཞག་པ་ཐམས་ཅད་ནི། མ་རིག་པའི་འཛིན་སྟངས་ཀྱི་ཡུལ་དེ་ཉིད་སུན་ཕྱུང་བ་ན། རྩ་བ་ཆད་པའི་ལྗོན་པ་ལྟར་མཐའ་དག་ལྡོག་པར་འགྱུར་བས། ཤེས་རབ་ཅན་གྱིས་ནི་ལྷན་སྐྱེས་ཀྱི་མ་རིག་པའི་ཞེན་ཡུལ་དགག་བྱའི་རྩ་བར་ཤེས་པར་བྱ་ཡི་ཞེས་པ་ནས་སེམས་ཅན་ཐམས་ཅད་འཁོར་བར་འཆིང་བ་ནི་ལྷན་སྐྱེས་ཀྱི་མ་རིག་པ་ཡིན་པའི་ཕྱིར་ཞེས་གསུངས་པའི་དགོངས་པ་ཡིན་པའི་ཕྱིར་དང་། དགག་བྱ་འགོག་པའི་རིགས་པ་མང་དུ་གསུངས་པའི་དགོས་པ་ཡང་། མ་རིག་པའི་ཞེན་ཡུལ་སུན་དབྱུང་བར་བྱ་བ་གཅིག་པུའི་ཆེད་དུ་ཡིན་ཏེ། དེ་ཉིད་ལས། སློབ་དཔོན་གྱིས་དབུ་མའི་བསྟན་བཅོས་སུ་དགག་བྱ་འགོག་པའི་རིགས་པ་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་ཀྱང་། གཏི་མུག་གིས་ཆོས་རྣམས་ལ་རང་གི་ངོ་བོས་གྲུབ་པར་སྒྲོ་བཏགས་པའི་རང་བཞིན་དེ་བཀག་ནས་ཆོས་རྣམས་ཀྱི་རང་གི་ངོ་བོ་ཉིད་མེད་པ་སྟོང་པར་མཛད་པ་ཡིན་པས། མ་རིག་པའི་འཛིན་སྟངས་སུན་དབྱུང་པ་ཁོ་ནའི་དོན་དུ་རིགས་པ་སྣ་ཚོགས་པ་གསུངས་པ་ཡིན་པར་བུདྷ་པྰ་ལི་ཏ་ལས་ཞེས་སོགས་གསུངས་པ་ལྟར་ཡིན་ནོ། ། ད་ནི་དགོས་པའི་གཙོ་བོ་མདོར་བསྡུ་ན་བདག་མེད་མ་རིག་པས་འཁོར་བར་འཁོར་ལ་དེ་རིག་པ་ལས་གྲོལ་ཞེས་པའི་དོན་ནོ། ། གསུམ་པ་སེམས་བསྐྱེད་སྐྱེས་པའི་ཚད་ནི། དེ་ལྟར་སྙིང་རྗེ་ལྷག་བསམ་གོམས་སྟོབས་ཀྱིས། ། འགྲོ་བའི་སྡུག་བསྔལ་སྙིང་གིས་མ་བཟོད་ནས། ། དེ་ཡི་དོན་དུ་སངས་རྒྱས་ཐོབ་འདོད་བློ། ། བཅོས་མིན་སྐྱེས་ཚེ་སེམས་བསྐྱེད་སྐྱེས་པ་ལགས། ། ཞེས་ཁོ་བོས་གསར་དུ་བྲིས་པ་ལྟར་གོ་བར་བྱའོ། ། འདི་ལ་ལམ་རིམ་ཆེ་ཆུང་གཉིས་ཀར་སེམས་བསྐྱེད་སྐྱེས་པའི་ཚད་ཀྱི་ས་བཅད་ཡོད་ཀྱང་། བཤད་པ་དངོས་གཞིའི་སྐབས་སུ་སྔར་བཤད་པ་ལས་ཀྱང་ཤེས་པར་བྱའོ་ཞེས་པ་ཙམ་ལས་མེད་ལ། འོན་ཀྱང་ལམ་རིམ་ཆེན་མོར་སྙིང་རྗེ་སྒོམ་ཚུལ་གྱི་ཐད་དུ་བཤད་པ་ཟུར་ཙམ་བྱུང་བ་ལ་དཔག་ན་འདི་ལྟ་བུའི་སྐྱེས་ཚད་ཅིག་བཤད་ནའང་འགལ་བ་མེད་པར་བསམ་ནས་སྨྲས་པ་ཡིན་གྱི་མ་ཚང་བ་ཁ་བསྐངས་པ་གཏན་ནས་མ་ཡིན་ནོ། །

 སྨྲས་པ། སྙིང་སྡུག་བུ་ཆུང་མི་གཙང་འདམ་ཁྲོད་དུ། ། ལྷུང་བའི་ངང་ཚུལ་མཐོང་བའི་མ་རྒན་ལྟར། ། ལུས་ཅན་བརྩེ་བས་འཁྱུད་པའི་སེམས་མཆོག་འདི། ། ཀུན་མཁྱེན་སར་བགྲོད་གཞུང་ལམ་གཅིག་པུར་ངེས། ། སྙིང་ནད་བསྐྱེད་པའི་མི་སྡུག་དགྲ་ལ་ཡང་། ། སྙིང་རྗེ་གོམས་ན་ཡིད་འོང་བུ་ལྟ་བུར། ། གཅེས་པར་འཛིན་པའི་བློ་ཡང་སྐྱེ་སྲིད་པ། ། འདུས་བྱས་སོ་ན་མི་གནས་འགྱུར་བའི་རྟགས། ། གང་ཞིག་ཐོབ་ན་གཉིད་དམ་སད་ཀྱང་རུང་། ། ཐ་ན་ཕྱི་ནང་དབུགས་རྒྱུ་ཙམ་གྱིས་ཀྱང་། ། དོན་ཆེན་ཆོ་ག་རྫོགས་པའི་སེམས་མཆོག་དེ། ། རང་ཤ་བཙོང་བའི་རིན་གྱིས་ཉོས་ཀྱང་རིགས། ། ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

འཇལ་བྱེད་དཔྱད་གསུམ་དག་པའི་ཚད་མ་ཡིས། ། གཞལ་བྱ་རྒྱལ་བའི་དགོངས་དང་དགོངས་མིན་དག ། རྣམ་པར་འབྱེད་པའི་བློ༷་གྲོས་བཟ༷ང་པོ་ཡིས། ། རྒྱལ་བ་གཉིས་པར་གྲ༷གས་པ༷་དེས་སྐྱོངས་ཤིག ། གསུམ་པ་ཡང་དག་པའི་ལྟ་བ་བཤད་པ་ལ་ལྔ། རྟེན་འབྲེལ་ཟབ་མོ་རྟོགས་དགོས་པའི་རྒྱུ་མཚན་དང་། རྟེན་འབྲེལ་ཟབ་མོ་རྟོགས་པའི་ཚུལ་དང་། རྟེན་འབྲེལ་ཟབ་མོ་མ་རྟོགས་པའི་ཚུལ་དང་། རྟེན་འབྲེལ་ཟབ་མོ་རྟོགས་པའི་ཚད་དང་། དེ་དག་གི་སྤྱིའི་དོན་ནོ།  ། དང་པོ་ནི།

     གནས་ལུགས་རྟོགས་པའི་ཤེས་རབ་མི་ལྡན་ན། ། ངེས་འབྱུང་བྱང་ཆུབ་སེམས་ལ་གོམས་བྱས་ཀྱང་། ། སྲིད་པའི་རྩ་བ་གཅོད་པར་མི་ནུས་པས། ། དེ་ཕྱིར་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད། ། ཅེས་སོ། ། གང་ཟག་སུས་ཀྱང་ཆོས་རྣམས་ཀྱི་གནས་ལུགས་ཇི་ལྟར་ཡིན་པ་རྟོགས་པའི་ཤེས་རབ་དང་མི་ལྡན་ན། ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་ལ་མྱོང་བ་སྐྱེ་བའི་བར་དུ་གོམས་པར་བྱས་ཀྱང་སྲིད་པའི་རྩ་བ་བདག་ཏུ་འཛིན་པའི་མ་རིག་པ་གཅོད་པར་མི་ནུས་པས་དེའི་ཕྱིར་རྟེན་འབྲེལ་སྟོང་བའི་དོན་དུ་རྟོགས་པའི་ཐབས་ལ་འབད་པར་བྱ་དགོས་ཞེས་གདམས་པའོ། ། གཉིས་པ་རྟེན་འབྲེལ་ཟབ་མོ་རྟོགས་པའི་ཚུལ་ནི།

      གང་ཞིག་འཁོར་འདས་ཆོས་རྣམས་ཐམས་ཅད་ཀྱི། ། རྒྱུ་འབྲས་ནམ་ཡང་བསླུ་བ་མེད་མཐོང་ཞིང་། ། དམིགས་པའི་གཏད་སོ་གང་ཡིན་ཀུན་ཞིག་པ། ། དེ་ནི་རྒྱལ་བ་དགྱེས་པའི་ལམ་ལ་ཞུགས། ། ཞེས་སོ། ། གདུལ་བྱ་གང་ཞིག་འཁོར་བ་དང་མྱ་ངན་ལས་འདས་པས་བསྡུས་པའི་ཆོས་རྣམས་ལྟོས་ནས་གྲུབ་པ་ཤ་སྟག་ཡིན་པས་དེ་ཐམས་ཅད་ཀྱི་རྣམ་བཞག་རྒྱུ་ལ་བརྟེན་ནས་འབྲས་བུ་བྱུང་བའི་ཚུལ་དུ་ཡོད་བས་དེ་དག་ནམ་ཡང་བསླུ་བ་མེད་པར་མཐོང་ཞིང་དེའི་མུ་ནས་བདག་འཛིན་གྱི་དམིགས་པའི་གཏད་སོ་གང་ཡིན་པ་ཀུན་ཞིག་པ་སྟེ་བདེན་འཛིན་གྱི་ཞེན་ཡུལ་དོན་དམ་དཔྱོད་པའི་རིགས་ཤེས་ཀྱི་ངོར་གཏན་མེད་དུ་སོང་ན་གང་ཟག་དེ་ནི་རྒྱལ་བའི་དགོངས་པ་མཐར་ཐུག་རྙེད་པ་ཡིན་པས་རྒྱལ་བ་དགྱེས་པའི་དབུ་མའི་ལམ་ལ་ཞུགས་པ་ཡིན་ནོ་ཞེས་གདམས་པའོ། ། གསུམ་པ་རྟེན་འབྲེལ་ཟབ་མོ་མ་རྟོགས་པའི་ཚུལ་ནི།

      སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་དང་། ། སྟོང་བ་ཁས་ལེན་བྲལ་བའི་གོ་བ་གཉིས། ། ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ། ། ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མེད། ། ཅེས་སོ། ། ཐ་སྙད་ཚད་མ་ལ་སྣང་བའི་རྟེན་ཅིང་འབྲེལ་བར་བྱུང་བའི་བྱ་བྱེད་རྣམས་བསླུ་བ་མེད་པར་ངེས་པའི་གོ་བ་འདི་དང་། དོན་དམ་པའི་ཚད་མས་རྙེད་པའི་དོན་རང་བཞིན་གྱིས་གྲུབ་པའི་སྟོང་པ་སྒྲས་ཇི་ལྟ་བ་བཞིན་ཁས་ལེན་དང་བྲལ་བ་སྟེ་བརྗོད་དུ་མེད་པར་ངེས་པའི་གོ་བ་གཉིས་པོ་དེ་འཛིན་སྟངས་ཐ་དད་ཡིན་པས་གཅིག་སྣང་དུས་ན་ཅིག་ཤོས་བློ་དེའི་ངོར་མི་སྣང་བ་ལྟ་བུ་དེ་གཉིས་ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ་ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མེད་པས་དེའི་ཕྱིར་ཐུབ་པའི་དགོངས་པ་རྙེད་པའི་ཐབས་ལ་འབད་པར་རིགས་སོ་ཞེས་གདམས་པའོ། ། བཞི་བ་རྟེན་འབྲེལ་ཟབ་མོ་རྟོགས་པའི་ཚད་ལ་གཉིས། སྣང་སྟོང་གཉིས་ཚོགས་ཤར་བའི་ཚུལ་གྱིས་རྟོགས་ཚད་དང་། དེ་མ་ཡིན་པའི་རྟོགས་ཚད་གཉིས་ལས། དང་པོ་ནི།

      ནམ་ཞིག་རེས་འཇོག་མེད་པར་ཅིག་ཅར་དུ། ། རྟེན་འབྲེལ་མི་བསླུ་མཐོང་བ་ཙམ་ཉིད་ནས། ། ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་འཇིག་ན། ། དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས། ། ཞེས་སོ། ། དེ་ལྟར་སྣང་བ་རྟེན་འབྲེལ་དང་སྟོང་པ་རང་བཞིན་གྱིས་མེད་པ་གཉིས་གཅིག་སྣང་དུས་ན་ཅིག་ཤོས་སྣང་དཀའ་བར་སོང་བའི་གང་ཟག་དེ་ནམ་ཞིག་རྟེན་འབྲེལ་སྣང་བ་དང་སྟོང་པ་སྣང་བ་གཉིས་རེས་འཇོག་མེད་པར་གཞི་གང་གི་སྟེང་དུ་ཡང་སྣང་སྟོང་ཅིག་ཅར་དུ་འཇོག་ཐུབ་པའི་རྟེན་འབྲེལ་མི་བསླུ་བར་མཐོང་བ་ཙམ་གྱི་བློ་དེ་ཉིད་ཀྱི་མཐུ་ལ་བརྟེན་ནས་སྟོང་པ་ལ་ངེས་པ་འདྲེན་ནུས་པའི་ཤེས་པ་དེས། བདེན་འཛིན་གི་ཡུལ་གྱི་གཙོ་བོ་རང་བཞིན་གྱིས་གྲུབ་ཚད་དང་འཛིན་སྟངས་ཀུན་འཇིག་པར་འགྱུར་བ་ན་དེའི་ཚེ་གང་ཟག་དེ་ལྟ་བའི་དཔྱད་པ་རྫོགས་པའི་ཚད་ལགས་ཏེ། དེ་ཚེ་རང་བཞིན་གྱིས་སྟོང་པའི་རྒྱུ་མཚན་གྱིས་བྱ་བྱེད་ཐམས་ཅད་བསྙོན་མེད་དུ་བཞག་ཆོག་པའི་སྣང་སྟོང་གཉིས་ཚོགས་དེ་གཟོད་བྱུང་བ་ཡིན་པའི་ཕྱིར་རོ། ། གཉིས་པ་དེ་མ་ཡིན་པའི་རྟེན་འབྲེལ་ཟབ་མོ་རྟོགས་ཚད་ནི།

      གཞན་ཡང་སྣང་བས་ཡོད་མཐའ་སེལ་བ་དང་། ། སྟོང་པས་མེད་མཐའ་སེལ་ཞིང་སྟོང་པ་ཉིད། ། རྒྱུ་དང་འབྲས་བུར་འཆར་བའི་ཚུལ་ཤེས་ན། ། མཐར་འཛིན་ལྟ་བས་འཕྲོག་པར་མི་འགྱུར་རོ། ། ཞེས་པ་ནི་སྣང་སྟོང་གཉིས་ཅིག་ཅར་དུ་འཆར་བའི་ཚུལ་གྱིས་རྟེན་འབྲེལ་ཟབ་མོ་རྟོགས་ཚད་དེ་ལས་གཞན་ཡང་རྟོགས་ཚད་གཅིག་ཡོད་དེ། སྣང་བ་སྟེ་བརྟེན་ནས་འབྱུང་བའི་རྒྱུ་མཚན་གྱིས་རང་བཞིན་གྱིས་ཡོད་པའི་མཐའ་སེལ་བ་དང་། རང་བཞིན་གྱིས་སྟོང་པའི་རྒྱུ་མཚན་གྱིས་གཏན་ནས་མེད་པའི་མཐའ་སེལ་ཞིང་། སྟོང་པ་ཉིད་དེ་ནི་ཀུན་རྫོབ་པའི་ཆོས་རྣམས་ཀྱི་རྒྱུའི་ཚུལ་དུ་གནས་པ་དང་། ཀུན་རྫོབ་པའི་ཆོས་རྣམས་ཀྱང་སྟོང་ཉིད་དེ་ཡི་རྣམ་འགྱུར་ཡིན་པས་འབྲས་བུར་འཆར་བའི་ཚུལ་ལེགས་པར་ཤེས་ན་རྟག་མཐའ་དང་ཆད་མཐར་འཛིན་པའི་ལྟ་བ་དེས་དབུ་མའི་ལམ་ལས་གཞན་དུ་འཕྲོག་པར་མི་འགྱུར་རོ་ཞེས་པའོ། །  ལྔ་བ་དེ་དག་གི་སྤྱིའི་དོན་ནི། བཞི་བརྒྱ་པའི་འགྲེལ་པ་ལས། འདི་ན་གང་གི་ངོ་བོ་དང་རང་བཞིན་དང་རང་དབང་དང་། གཞན་ལ་རག་མ་ལས་པ་ཉིད་ཡིན་པ་དེ་ལ་ནི་ཞེས་དེ་དག་རྣམ་གྲངས་སུ་བཤད་པ་ལྟར། རང་བཞིན་གྱིས་གྲུབ་ཅེས་པ་རང་དབང་བའི་དོན་ཡིན་ཏེ། ལྷག་མཐོང་ཆེན་མོ་ལས། རང་དབང་བ་ནི་རང་གི་ངོ་བོས་གྲུབ་པར་སྣང་བའི་ཚེ་ན། ཤེས་པ་དེ་དག་ལ་གཞན་ལ་རག་མ་ལས་སུ་སྣང་ཞིང་སྣང་བ་ལྟར་ཡང་གྲུབ་པའི་དོན་ནོ་ཞེས་དང་། ཡུལ་སྟེང་དུ་རང་གི་ངོ་བོའི་སྒོ་ནས་རང་ཚུགས་ཐུབ་པའི་སྡོད་ལུགས་ལ་རང་དབང་བར་བྱའོ་ཞེས་གསུངས་པའི་ཕྱིར། དེའི་ཕྱིར་རང་བཞིན་གྱིས་གྲུབ་ན་ཡུལ་སྟེང་དུ་རང་གི་ངོ་བོས་རང་ཚུགས་ཐུབ་པ་ཞིག་དགོས་ཀྱང་། ཆོས་རྣམས་ཀྱི་སྡོད་ལུགས་ནི་དེ་འདྲ་མ་ཡིན་པར་ཡུལ་གྱི་ངོས་ནས་རང་ཚུགས་མི་ཐུབ་པའི་ཚུལ་དུ་ཡོད་དེ། དཔེར་ན་ཤིང་རིང་པོ་གསུམ་བསྡུས་ནས་གདུང་ཁྱིམ་ཕུབ་པའི་ཚེ། འདི་གདུང་ཁྱིམ་མོ་སྙམ་པའི་རྟོག་པས་བཞག་པ་ཙམ་དུ་གསར་དུ་གྲུབ་ཅིང་། རྟོག་པས་དེ་ལྟར་མ་བཏགས་གོང་དུ་ཤིང་སོ་སོའི་སྟེང་དུ་གདུང་ཁྱིམ་མེད་པས་ཡུལ་རང་ངོས་ནས་མ་གྲུབ་ཅེས་པའི་དོན་ནི་དེ་ཡིན་ནོ། ། དེ་ཚུགས་ཐུབ་ཏུ་ཡང་མེད་དེ། ཤིང་སོ་སོར་ཕྲལ་ན་གདུང་ཁྱིམ་གྱི་བློ་འདོར་བའི་ཕྱིར་རོ། ། རང་རྒྱུད་པ་དག་གིས་དེའི་ཚེ་ན་ཡུལ་སྟེང་ནས་གདུང་ཁྱིམ་ཡོད་དགོས་ཏེ། དེ་མེད་ན་གདུང་ཁྱིམ་མི་རྙེད་པར་འགྱུར་བས་བཏགས་དོན་བཙལ་ནས་འཇོག་ས་མེད་པར་འགྱུར་དུ་དོགས་སོ། ། དེ་དག་གི་ལྟར་ན་བཏགས་དོན་བཙལ་བའི་ཚེ་ཚོགས་པའམ་དབྱིབས་སམ་ཤིང་རེ་རེ་རྙེད་པ་ལས་འོས་གཞན་མེད་པས། དེའི་ཚེ་ཚོགས་པ་གདུང་ཁྱིམ་དུ་མི་འཐད་དེ། ཤིང་སོ་སོར་ཕྲལ་ནས་གཅིག་ཏུ་སྤུངས་པའི་ཚེ་ཚོགས་པ་མ་ཉམས་པར་ཡོད་ཀྱང་གདུང་ཁྱིམ་མེད་པའི་ཕྱིར་དང་། ཤིང་གསུམ་པོ་མཉམ་པོར་སློང་བའི་དབྱིབས་ཀྱང་གདུང་ཁྱིམ་དུ་མི་འཐད་དེ། དབྱིབས་དེ་ཚོགས་པ་ལ་བཏགས་པ་ཡིན་པས་གདགས་གཞི་ཚོགས་པ་རྫས་སུ་མ་གྲུབ་པས་དེ་ལ་བཏགས་པའི་བཏགས་ཡོད་མི་འཐད་པའི་ཕྱིར། དེའི་ཕྱིར་ཐལ་རང་གཉིས་ཀའི་ལུགས་ལ་ཆོས་ཐམས་ཅད་བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པ་འདྲ་ཡང་བཞག་ཚུལ་མི་འདྲ་སྟེ། ཐལ་འགྱུར་བས་ཐག་ཁྲའི་སྟེང་དུ་སྦྲུལ་མེད་ཀྱང་ཐག་ཁྲ་སྦྲུལ་འཛིན་གྱི་བློས་སྦྲུལ་དུ་བཞག་པ་དང་འདྲ་བར་ཆོས་ཐམས་ཅད་ཡུལ་སྟེང་ནས་མེད་ཀྱང་བློས་ཕར་བཞག་པ་ཙམ་དུ་ཡོང་བར་བཞེད། རང་རྒྱུད་པས་ཐག་ཁྲ་སྦྲུལ་འཛིན་དེ་འཁྲུལ་བ་ཡིན་པས་དེས་བཞག་པ་ལྟར་གྱི་སྦྲུལ་རང་གི་མཚན་ཉིད་ཀྱིས་མ་གྲུབ་ཀྱང་། སྤྱིར་སྤྲུལ་སྣང་གི་དབང་ཤེས་མ་འཁྲུལ་བ་ཡིན་པས་དེས་བཞག་པ་ལྟར་གྱི་སྦྲུལ་རང་གི་མཚན་ཉིད་ཀྱིས་གྲུབ་དགོས་ཏེ། དེ་ལྟ་མིན་ན་སྤྲུལ་མི་རྙེད་པར་འགྱུར་བས་བཏགས་དོན་བཙལ་ན་དེའི་ཕུང་པོའི་གསེབ་ནས་སྤྲུལ་གྱི་མཚན་ཉིད་གཞི་རྙེད་པའི་ཕྱིར་ཟེར། དེ་ལ་ཐལ་འགྱུར་པས་ཐག་ཁྲ་སྦྲུལ་འཛིན་དང་། སྤྲུལ་གསོན་པོ་སྦྲུལ་འཛིན་གཉིས་ལ་འཁྲུལ་མ་འཁྲུལ་གྱི་ཁྱད་པར་མེད་མོད། འོན་ཀྱང་ཐག་ཁྲ་སྦྲུལ་འཛིན་ལ་རྒྱབ་རྟེན་ཚད་མ་མེད་འཇིག་རྟེན་ན་སྦྲུལ་དུ་མ་གྲགས་པས་དེ་མེད་པ་ཡིན་ལ། སྦྲུལ་གསོན་པ་འཇིག་རྟེན་ན་སྦྲུལ་དུ་གྲགས་ཤིང་། ཐ་སྙད་པའི་ཚད་མས་ཀྱང་གྲུབ། རིགས་ཤེས་ཀྱིས་ཀྱང་མི་གནོད་པའི་ཕྱིར་ཡོད་པ་ཡིན་པས། དེས་ན་ཀུན་རྫོབ་པའི་ཆོས་རྣམས་ཀྱི་ཡོད་ཚད་ཁྱད་ཆོས་འདི་གསུམ་ཚང་བ་ལ་ལྟོས་དགོས་པར་བཞེད་དོ། ། དེ་ལྟར་ན་བདེན་འཛིན་ཆོས་ཅན། ཐ་སྙད་དུ་མེད་པར་ཐལ། དོན་དམ་དཔྱོད་པའི་རིགས་ཤེས་ཀྱིས་གནོད་པའི་ཕྱིར་ཟེར་ན། བདེན་མེད་རྟོགས་པའི་ཤེས་རབ་བདེན་འཛིན་དང་འཛིན་སྟངས་འགལ་བའི་སྒོ་ནས་བདེན་འཛིན་གྱི་རྒྱུན་ཕྱི་མ་བརྟན་པོར་གནས་པ་ལ་གནོད་པ་ཙམ་ཡིན་གྱི། བདེན་འཛིན་ཐ་སྙད་པའི་ཚད་མས་གྲུབ་ཚུལ་ལ་མི་གནོད་པའི་ཕྱིར། ཟུར་དང་པོ་གྲུབ་སྟེ། ཚད་མ་ཡིད་ཀྱི་མུན་སེལ་ལས། བློ་དེའི་རིགས་འདྲ་ཕྱི་མ་སྐྱེ་བ་ཚད་མས་འགོག་པ་ཡིན་ལ་ཞེས་དང་། ཟུར་གཉིས་པ་ཡང་དེ་ཉིད་ལས། སྒྲ་བློ་དོན་མཐུན་ཡིན་པ་ཚད་མས་བཀག་པ་ལ་སྒྲ་བློ་དེ་ཚད་མས་བཀག་པར་བརྗོད་པ་ལྟ་བུ་ནི་མ་ཡིན་པས། ཚད་མས་གསལ་བ་ནི་གཞི་མ་གྲུབ་པ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། དེ་ཕྱིར་རྣམ་འགྲེལ་ལས། ངེས་པ་དང་ནི་སྒྲོ་འདོགས་ཡིད། ། གནོད་བྱ་གནོད་བྱེད་ངོ་བོའི་ཕྱིར། ། ཞེས་པ་ལ་ཞིབ་ཆ་འདོན་དགོས་སོ། ། དེས་ན་རང་ངོས་ནས་རང་ཚུགས་ཐུབ་པས་སྟོང་པའམ་གཞན་ལ་རག་མ་ལས་པས་སྟོང་པ་ནི། སྐབས་འདིའི་རང་བཞིན་གྱིས་གྲུབ་པས་སྟོང་ལུགས་ཡིན་ཞིང་སྟོང་པ་དེ་ལ་རྒྱུ་འབྲས་སོགས་བྱ་བྱེད་ཀྱི་རྣམ་བཞག་འཐད་པའི་ཚུལ་ནི། ལུགས་འདིའི་རྟོགས་དཀའ་ཤོས་ཕྲ་བའི་གནས་སུ་གྲགས་པ་འདི་ཁོ་ན་ཡིན་ཏེ། ལྷག་མཐོང་ཆེན་མོ་ལས། དཀའ་ས་ནི་རང་གི་ངོ་བོས་གྲུབ་པའི་རང་བཞིན་མ་ལུས་པར་ཁེགས་པ་དང་རང་བཞིན་མེད་པའི་གང་ཟག་ལ་སོགས་པ་དེ་ཉིད། ལས་གསོག་པ་པོ་དང་འབྲས་བུ་མྱོང་བ་པོ་ལ་སོགས་པར་འཇོག་པ་ལ་ངེས་པ་གཏིང་ནས་འདྲོངས་ཏེ་དེ་རྣམས་སུ་འཇོག་ཐུབ་པའི་གཉིས་ཚོགས་དེ་སྲིད་མཐའ་ཙམ་དུ་སོང་བས་དབུ་མའི་ལྟ་བ་ཤིན་ཏུ་རྙེད་དཀའ་བ་ཡིན་ནོ་ཞེས་གསུངས་པའི་ཕྱིར། གཉིས་ཚོགས་དེ་ནི་སྟོང་པ་རྟེན་འབྱུང་གི་དོན་ཞེས་བྱ་བ་དེ་ཡིན་ཞིང་། དེ་ཡང་མ་དྲོས་པས་ཞུས་པའི་མདོ་ལས། གང་ཞིག་རྐྱེན་ལས་སྐྱེ་བ་དེ་མ་སྐྱེས། ། དེ་ལ་ངོ་བོ་ཉིད་ཀྱི་སྐྱེ་བ་མེད། ། གང་ཞིག་རྐྱེན་ལ་ལྟོས་པ་དེ་སྟོང་གསུངས། ། གང་གིས་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། ། ཞེས་པའི་རྐང་པ་གསུམ་པའི་དོན་འཆད་པ་ན། ལམ་རིམ་ཆུང་བ་ལས། དེ་ནས་རྐང་པ་གསུམ་པས་རྐྱེན་ལ་རག་ལས་ཤིང་ལྟོས་པ་ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་བའི་དོན་དུ་གསུངས་པས་ནི། རང་བཞིན་གྱིས་གྲུབ་པས་སྟོང་པ་རྟེན་འབྱུང་གི་དོན་ཡིན་གྱི་ཞེས་གསུངས་པ་ལྟར་སྟོང་པ་རྟེན་འབྱུང་གི་དོན་དང་རྟེན་འབྱུང་སྟོང་པའི་དོན་ཞེས་པ་གཉིས་སོ་སོར་བཀྲར་རྒྱུ་མེད་པར་གནད་གཅིག་ཏུ་གོ་དགོས་པས། སྟོང་པ་རྟེན་འབྲེལ་གི་དོན་དུ་འགྲོ་ལུགས་ཅི་ལྟར་ཡིན་ཞེ་ན། ལེགས་བཤད་སྙིང་པོ་ཆུང་བ་ལས། ཁྱོད་ནི་ནམ་ཞིག་སྟོང་པ་ཉིད། །  རྟེན་འབྱུང་དོན་དུ་མཐོང་བ་ན། ། རང་བཞིན་གྱིས་ནི་སྟོང་པ་ལ། ། བྱ་བྱེད་འཐད་པའང་མི་འགལ་ཞིང་། ། ཞེས་དང་། རྩ་ཤེས་རབ་བྱེད་ཉེར་བཞི་པའི་ཊིག་ཆེན་རིགས་པའི་རྒྱ་མཚོ་ལས། གལ་ཏེ་རང་བཞིན་གྱིས་གྲུབ་པས་སྟོང་པའི་རྟེན་འབྱུང་གི་དོན་ཡིན་ནོ་ཞེས་མང་དུ་གསུངས་ན་འདིའི་དོན་གང་ཡིན། ཅི་ལྟར་ལྟོ་ལྡིར་བ་བུམ་པའི་འཇོག་བྱེད་ལྟ་བུའི་དོན་ཡིན་ན། འབྲས་བུ་རྣམས་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བར་ངེས་པའི་བློ་དེ་ཉིད་ཀྱིས་སྟོང་པའི་དོན་ཡང་ངེས་པར་འགྱུར་བས་མི་རིགས་སོ། ། འོན་ཏེ་རྟེན་འབྲེལ་རྗོད་བྱེད་ཀྱི་སྒྲའི་དོན་ཉིད་སྟོང་པའི་དོན་དུ་འདོད་ནའང་གནོད་པ་དེ་ཉིད་ཡོད་དོ། ། ཅི་སྟེ་རྟེན་འབྲེལ་དངོས་སུ་ངེས་པའི་ཤུགས་ཀྱི་དོན་ལ་འདོད་ནའང་སྔར་ལྟར་མི་འཐད་པས༑ འདིའི་དོན་གང་ཡིན་སྙམ་ན་དེ་ལྟར་ནི་མི་འདོད་དོ། ། འོ་ན་ཇི་ལྟར་འཇོག་སྙམ་ན། སྟོང་པའི་དོན་རྟེན་འབྱུང་གི་དོན་དུ་འགྲོ་བ་ནི། རང་བཞིན་གྱིས་གྲུབ་པ་ཚད་མས་ཁེགས་པའི་དབུ་མ་པ་རྣམས་ལ་ཡིན་གྱི་གཞན་ལ་མ་ཡིན་ནོ། ། དེ་འདྲ་བའི་དབུ་མ་པ་ལ་ནི་ཕྱི་ནང་གི་དངོས་པོ་རྣམས་རྒྱུ་ལ་རག་ལས་པའི་རྟེན་འབྱུང་དུ་དངོས་སུ་ངེས་པ་ན་བློ་དེ་ཉིད་ཀྱི་མཐུ་ལ་བརྟེན་ནས་རང་བཞིན་གྱིས་ཡོད་པས་སྟོང་པའི་དོན་དུ་ངེས་པར་འགྱུར་རོ། ། རང་བཞིན་གྱིས་གྲུབ་པ་གཞན་ལ་ལྟོས་པ་མེད་པར་རྟོགས་ཤིང་དེ་དང་རྟེན་འབྱུང་གཉིས་འགལ་པར་ཚད་མས་རྟོགས་པའི་ཕྱིར་རོ། ། དེས་ན་རྟེན་འབྱུང་ཉིད་ཀྱིས་རང་བཞིན་གྱིས་ཡོད་པ་ཁེགས་པའི་སྟོང་ཉིད་ལ་ངེས་པ་རྙེད་པ་ནི། ནམ་མྱུ་གུ་ལ་སོགས་པ་རྒྱུ་རྐྱེན་ལ་ལྟོས་པར་མཐོང་བ་དང་ཐོས་པ་དང་དྲན་པའི་མོད་ལ། རྒྱུ་མཚན་དེ་ཉིད་ཀྱིས་རང་བཞིན་མེད་པའི་ཚུལ་སེམས་པ་ལ་གོམས་པར་བྱའོ་ཞེས་གསུངས་སོ། ། གསུང་དེའི་འབྲུ་ནོན་པའི་ཚུལ་གྱིས་བློས་དཔོག་ཚོད་ཅིག་བཤད་ན། སྟོང་པ་དང་རྟེན་འབྱུང་གཉིས་ཕན་ཚུན་གཅིག་གིས་གཅིག་ལ་གོ་བ་སྟེར་ལུགས་ཞིག་གི་དོན་དུ་བཤད་དགོས་པས། དེས་ན་རྟེན་འབྲེལ་གྱི་རྟགས་ཀྱིས་མྱུ་གུ་རང་བཞིན་གྱིས་མེད་པར་སྒྲུབ་པའི་ཕྱི་རྒོལ་དེས་ནམ་མྱུ་གུ་རང་བཞིན་གྱིས་མ་གྲུབ་པར་རྟོགས་པའི་རྗེས་དཔག་སྐྱེས་པ་ན། གང་ཟག་དེའི་ངོར་མྱུ་གུ་རང་བཞིན་གྱིས་མ་གྲུབ་པ་མྱུ་གུ་བརྟེན་ནས་བྱུང་བའི་དོན་དུ་གཟོད་འགྲོ་བ་ཡིན་གྱི་དེའི་སྔོན་དུ་མེད་ཅེས་འཆད་པ་ལ། སྟོང་པའི་དོན་རྟེན་འབྱུང་གི་དོན་དུ་འགྲོ་བ་ཞེས་པ་ནས་གཞན་ལ་མ་ཡིན་ནོ་ཞེས་པའི་བར་བྱུང་། དེ་ཡང་རང་རྒྱུད་པ་ལ་སོགས་པས་དང་པོར་ཕྱོགས་ཆོས་གྲུབ་དེའི་རྗེས་སུ་ཁྱབ་པ་གྲུབ་པ་ལ་ཡང་རྟགས་དང་དགག་བྱའི་ཆོས་ཀྱི་གཞི་མཐུན་འགོག་པ་སོགས་ཀྱི་ཚད་མ་གཞན་བརྒྱུད་དགོས་པར་འདོད་པ་དེ་ལྟ་བུ་མ་ཡིན་པར་ལུགས་འདི་ལ་མྱུ་གུ་རྟེན་འབྱུང་དུ་ངེས་པ་སྟེ་དེ་སྒྲུབ་ཀྱི་ཕྱོགས་ཆོས་ངེས་པའི་བློ་གཅིག་པུའི་བྱེད་པ་མ་ཉམས་པར་བསྒྲུབ་བྱ་རྟོགས་པ་ཡིན་པས། དེ་འདྲའི་རྗེས་དཔག་དེ་ལ་མྱུ་གུ་རང་བཞིན་གྱིས་སྟོང་པ་དང་མྱུ་གུ་བརྟེན་ནས་བྱུང་བ་གཉིས་ཚོགས་ཤར་བ་དེ་མྱུ་གུ་རྟེན་འབྱུང་དུ་ངེས་པའི་སྟོབས་ལས་བྱུང་བ་ཡིན་ཞེས་འཆད་པ་ལ། དེ་འདྲ་བའི་དབུ་མ་པ་ལ་ནི་ཞེས་པ་ནས་སྟོང་པའི་དོན་དུ་ངེས་པར་འགྱུར་རོ་ཞེས་པའི་བར་བྱུང་། རྗེས་དཔག་དེ་ལ་སྣང་སྟོང་གཉིས་ཚོགས་ཤར་བའི་རྒྱུ་མཚན་ནི། རྒོལ་བ་དེས་རང་བཞིན་གྱིས་གྲུབ་ན་གཞན་ལ་རག་མ་ལས་པས་ཁྱབ་པ་མྱུ་གུ་ཆོས་ཅན། གང་ལ་ཡང་མི་ལྟོས་པར་ཐལ། རང་བཞིན་གྱིས་གྲུབ་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་བྱེད་པས་རྟོགས་ཟིན་པའི་རྒྱུ་མཚན་གྱིས་ཡིན་ཞེས་འཆད་པ་ལ། རང་བཞིན་གྱིས་གྲུབ་པ་ནས་རྟོགས་པའི་ཕྱིར་རོ་ཞེས་པའི་བར་བྱུང་། དེས་ན་རྟེན་འབྲེལ་གྱི་རྟགས་ཀྱིས་མྱུ་གུ་རང་བཞིན་གྱིས་སྟོང་པར་རྟོགས་པའི་རྗེས་དཔག་དེ་ལ། མྱུ་གུ་རང་བཞིན་གྱིས་སྟོང་པ་དང་མྱུ་གུ་བརྟེན་ནས་བྱུང་བ་གཉིས་ཀ་སྣང་ཞིང་། དེ་ཡང་རང་བཞིན་གྱིས་སྟོང་པར་སྣང་བ་ནི་རྟེན་འབྱུང་དུ་ངེས་པའི་སྟོབས་ལས་ཡིན་ཞིང་རྟེན་འབྱུང་དུ་སྣང་བ་ནི་རང་བཞིན་གྱིས་སྟོང་པར་རྟོགས་པའི་སྟོབས་ལས་ཡིན་པས། དེའི་ཕྱི་རྒོལ་དེས་ནམ་མྱུ་གུ་ལ་སོགས་པ་མཐོང་བ་ལ་བརྟེན་ནས་བྱུང་བར་ཡང་མཐོང་ཞིང་རྒྱུ་མཚན་དེས་རང་བཞིན་གྱིས་སྟོང་པར་ཡང་ངེས་པ་འདྲོངས་པར་འགྱུར་བ་ཡིན་ཞེས་འཆད་པ་ལ། དེས་ན་རྟེན་འབྱུང་ཉིད་ཀྱིས་ཞེས་པ་ནས་གོམས་པར་བྱའོ་ཞེས་པའི་བར་གསུངས་ཡིན་ནོ། ། དེའི་ཚེ་གང་ཟག་དེ་ལ་སྣང་སྟོང་གཉིས་ཚོགས་བྱ་བ་དེ་བྱུང་བ་ཡིན་པས་སྟོང་བ་རྟེན་འབྱུང་གི་དོན་དུ་འགྲོ་བ་ཞེས་བྱ་བ་དང་རྟེན་འབྲེལ་ཟབ་མོ་རྟོགས་པ་ཞེས་བྱ་བའང་དེ་ཉིད་ཡིན་ནོ། ། དེ་ལ་གལ་ཏེ། མྱུ་གུ་རང་བཞིན་གྱིས་སྟོང་པར་རྟོགས་པའི་རྗེས་དཔག་དེ་ལ་མྱུ་གུ་བརྟེན་ནས་བྱུང་བའི་སྣང་བ་མི་འཆར་ཏེ། མེད་དགག་དངོས་ཡུལ་དུ་བྱེད་པའི་རྟོག་པ་ལ་མ་ཡིན་དགག་དང་སྒྲུབ་པའི་སྣང་བ་འཆར་བ་འགལ་བའོ་སྙམ་དུ་སེམས་ན་དེ་ནི་མ་གོ་ཡིན་ཏེ། མྱུ་གུ་རང་བཞིན་གྱིས་སྟོང་པར་རྟོགས་པའི་རྗེས་དཔག་དེ་ལ་མྱུ་གུ་སྣང་མོད་སྣང་བ་དེ་ནི་དགག་བྱ་བཀག་ཤུལ་དུ་ཤར་བའི་སྣང་བ་མ་ཡིན་པར་རང་བཞིན་གྱིས་སྟོང་པ་གཞི་གང་གི་སྟེང་དུ་གཏན་ལ་ཕབ་པའི་གཞིར་ཤར་བའི་སྣང་བ་ཡིན་པས་རྟོག་པ་གཅིག་གི་ཡུལ་དུ་གཞི་ཆོས་ཅན་དང་ཆོས་ཉིད་གཉིས་ཀའི་སྣང་བ་ཤར་བ་ལ་འགལ་བ་ཅུང་ཟད་ཀྱང་མེད་དེ། ལྷག་མཐོང་ཆེན་མོ་ལས། དེ་ལྟར་ཆོས་རྣམས་ལ་རང་གི་ངོ་བོས་གྲུབ་པ་རྡུལ་ཙམ་ཡང་མེད་པར་གཏན་ལ་ཕབ་པའི་རང་བཞིན་གྱིས་སྟོང་པའི་སྟོང་ཉིད་ནི། གཟུགས་སོགས་ཀྱི་ཆོས་འདི་དག་ཁྱད་གཞིར་བྱས་པའི་སྟེང་དུ་ཁྱད་ཆོས་སུ་ཡོད་པས་བློ་གཅིག་གི་ཡུལ་ན་དེ་གཉིས་ཡོད་པ་མི་འགལ་ཞིང་ཞེས་གསུངས་པའི་ཕྱིར་དང་། སྒོ་མང་རྣམ་འགྲེལ་མཐའ་དཔྱོད་ལས་ཀྱང་། བྲམ་ཟེ་ཆང་མི་འཐུང་བར་དངོས་སུ་འཛིན་པའི་རྟོག་པ་ལ་བྲམ་ཟེ་ཁྱད་གཞི་དང་ཆང་མི་འཐུང་བ་ཁྱད་ཆོས་སུ་སྣང་དགོས་པས་བྲམ་ཟེ་སྣང་མོད། རྟོག་པ་དེས་དངོས་ཤུགས་གང་རུང་ལ་འཕངས་པའམ་སྒྲུབ་པའི་ཆོས་གཞན་ནི་མིན་ཏེ་ཞེས་གསུངས་པའི་ཕྱིར། དེ་ལ་ཡང་གལ་ཏེ་མྱུ་གུ་རང་བཞིན་གྱིས་མ་གྲུབ་པར་རྟོགས་པའི་རྗེས་དཔག་དེས་དགག་བྱ་བཀག་ཤུལ་དུ་མ་ཡིན་དགག་སྣང་ཡང་སྐྱོན་དུ་མི་འགྱུར་ཏེ། ལྷག་མཐོང་ཆེན་མོ་ལས། དེས་ན་རང་བཞིན་ཡོད་མེད་འཚོལ་བའི་རིགས་ཤེས་ཀྱིས་སྒྱུ་མ་ཙམ་གྱི་དོན་ཡོད་པར་བཟུང་ནའང་སྐྱོན་ཡིན་གྱི། རིགས་པ་དེས་རྣམ་པར་དཔྱད་ནས་རང་བཞིན་ཁེགས་པའི་ཤུལ་དུ་དངོས་པོ་རྣམས་ལ་སྒྱུ་མ་ཙམ་གྱི་དོན་ཉིད་ཡོད་པར་འཛིན་པ་ནི་ངེས་པར་སྐྱེ་དགོས་པས་སྐྱོན་མིན་ཏེ་ཞེས་གསུངས་པའི་ཕྱིར་ན་ལུང་ཚིག་གསལ་ཡང་རེ་ཞིག་མ་ཁྱབ་སྟེ། མཉམ་གཞག་ནམ་མཁའ་ལྟ་བའི་རྟིང་ཐོགས་སུ་རྗེས་ཐོབ་སྒྱུ་མ་ལྟ་བུ་འཆར་ཚུལ་ཡིན་གྱི་སྐབས་འདིའི་སྣང་སྟོང་གཉིས་ཚོགས་འཆར་ཚུལ་མིན་ནོ། ། འོ་ན་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ལ་སྒྲ་བྱས་པ་ཡང་སྣང་བར་འགྱུར་ཏེ། རྟེན་འབྲེལ་གྱི་རྟགས་ཀྱིས་མྱུ་གུ་བདེན་མེད་དུ་སྒྲུབ་པ་ལ་དེའི་ཕྱིར་ཟེར་ན། རྟེན་འབྲེལ་གྱི་རྟགས་དེ་ལ་མཐའ་གཉིས་སེལ་བའི་ནུས་པ་ཡོད་ལ་བྱས་པའི་རྟགས་ལ་དེ་མེད་པས་ཁྱད་པར་འབྱེད་རྒྱུ་ཡོད་དམ་དཔྱད་པར་གྱིས་ཞེས། གཞན་ཡང་རྟེན་འབྲེལ་གྱི་རྟགས་ཀྱིས་མྱུ་གུ་རང་བཞིན་གྱིས་མེད་པར་རྟོགས་པའི་རྗེས་དཔག་སྐྱེ་དུས་ན་བསྒྲུབ་བྱའི་ཆོས་དེ་ཡི་ཁྱད་ཆོས་གཞན་ཞིག་ཀྱང་རྗེས་སུ་དཔག་པའི་ནུས་པ་ཅན་དུ་སྐྱེས་པ་ཡིན་པས། རང་དུས་ན་མྱུ་གུ་ས་བོན་ལས་སྐྱེ་བར་མ་ངེས་ཀྱང་དེ་ལྟར་སྐྱེ་བའི་ངེས་པ་འདྲེན་ཆོག་པའི་ཚུལ་དུ་སྐྱེ་བ་དཔེར་ན་དུ་ལྡན་གྱི་ལ་ལ་ཆོས་ཅན། མེས་བུད་ཤིང་གི་འགྱུར་བ་བསྐྱེད་པའི་ནུས་པ་ཡོད་དེ། དུ་བ་ཡོད་པའི་ཕྱིར་ཞེས་པའི་རྟགས་དེ་ལ་བརྟེན་ནས་སྐྱེས་པའི་རྗེས་དཔག་དེས་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་མེ་དཔོག་པར་མ་ཟད། དེའི་ཁྱད་ཆོས་མེས་བུད་ཤིང་གི་འགྱུར་བ་བསྐྱེད་པའི་ནུས་པ་ཡང་དཔོག་པས་ན་རྟགས་དེ་ལ་རྒྱུའི་ཆོས་རྗེས་སུ་དཔོག་པའི་འབྲས་རྟགས་ཞེས་བྱ་ཞིང་། རྒོལ་བ་དེས་ཀྱང་མེ་འབར་ལུགས་འདི་ལྟ་ན་བུད་ཤིང་ཐལ་བར་འགྱུར་བ་གདོན་མི་ཟའོ་སྙམ་པའི་ངེས་པ་འདྲེན་པ་དེ་བཞིན་དུ། རྟེན་འབྲེལ་གྱི་རྟགས་ཀྱིས་མྱུ་གུ་རང་བཞིན་མེད་པར་སྒྲུབ་པའི་རྒོལ་བ་དེའི་ཞེ་ཕུག་ན་མྱུ་གུ་རང་དབང་བས་སྟོང་ལུགས་འདི་ལྟ་ན་གཞན་ལ་རག་ལས་པའི་ཆོས་ཅན་དུ་འགྱུར་བ་གདོན་མི་ཟའོ་སྙམ་པའི་ངེས་པ་ཤིན་ཏུ་འདྲེན་ནུས་སུ་ཡོད་པའི་རྒྱུ་མཚན་གྱིས་རྟེན་འབྲེལ་དེ་ལ་མཐའ་གཉིས་སེལ་པའི་རིགས་པའི་རྒྱལ་པོ་ཞེས་བསྔགས་པ་ཡིན་སྙམ་མོ། ། རྟེན་འབྲེལ་གྱིས་མཐའ་གཉིས་སེལ་ཚུལ་ལ་མཁས་པ་གོང་མ་རྣམས་ཀྱིས། མྱུ་གུ་ཆོས་ཅན། རང་བཞིན་གྱིས་མེད་དེ། བརྟེན་ནས་འབྱུང་བའི་ཕྱིར་ཞེས་འགོད་པའི་ཚེ་ན། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ལ་རང་བཞིན་གྱིས་མེད་ཅེས་དགག་བྱའི་ཁྱད་པར་སྦྱར་བའི་ནུས་པས་གཏན་མེད་དུ་མི་གོ་བར་གཞན་ལ་ལྟོས་པའམ་གཞན་ལ་རག་ལས་པའི་དོན་དུ་གོ་ནུས་པའི་རྒྱུ་མཚན་གྱིས་སྟོང་པས་མེད་མཐའ་སེལ་ཞིང་། རྟགས་ལ་བརྟེན་ནས་འབྱུང་བའི་ཕྱིར་ཞེས་བརྟེན་པ་དང་བྱུང་བ་གཉིས་ཚོགས་སྨོས་པའི་ནུས་པས་བྱུང་བ་ཙམ་ཞིག་མི་གོ་བར་གཞན་ལ་མི་ལྟོས་པའི་རང་དབང་ཅན་གྱིས་སྟོངས་པར་གོ་ནུས་པའི་རྒྱུ་མཚན་གྱིས་སྣང་བས་ཡོད་མཐའ་སེལ་བ་ཡིན་ཞེས་གསུངས་པ་ནི་སྣང་བས་ཡོད་མཐའ་དང་སྟོང་པས་མེད་མཐའ་སེལ་ཚུལ་དུ་གསུངས་པ་ཡིན་ཞིང་། ལམ་རིམ་ཆུང་བ་ལས། འདིར་ལྟ་བ་རྣམ་དག་གི་གེགས་གོལ་སའི་གཙོ་བོ་གཉིས་ཏེ། གཅིག་ནི་ཆོས་རྣམས་ལ་བདེན་པར་འཛིན་པའི་བདེན་འཛིན་གྱི་དམིགས་གཏད་ཅན་གྱི་རྟག་ལྟ་དང་སྒྲོ་འདོགས་ཀྱི་ལྟ་བའོ། ། གཉིས་པ་ནི་དགག་བྱའི་ཚད་མ་ཟིན་པར་ཐལ་དྲགས་ནས་རྒྱུ་འབྲས་རྟེན་འབྱུང་གི་ངེས་པ་རང་ལུགས་ལ་དྲང་དུ་མེད་པར་སོང་ནས་འདི་ཡིན་དང་འདི་མིན་གྱི་ངོས་བཟུང་བྱ་ས་མེད་པ་ཆད་ལྟ་དང་སྐུར་འདེབས་ཀྱི་ལྟ་བའོ། ། དེ་གཉིས་ནི་རྒྱུ་རྐྱེན་འདི་ལས་འབྲས་བུ་འདི་འབྱུང་ལ་ངེས་པ་དྲངས་པའི་གཏན་ཚིགས་ལ་བརྟེན་ནས་རང་བཞིན་གྱིས་གྲུབ་པ་བཀག་པ་ན་མ་ལུས་པར་སྤོང་བ་ཡིན་ཏེ། གཏན་ཚིགས་ཀྱི་ངེས་པས་ནི་ཆད་ལྟ་དང་དམ་བཅས་པའི་དོན་ངེས་པས་ནི་རྟག་ལྟ་རྩ་བ་ནས་སུན་འབྱིན་པའི་ཕྱིར་རོ་ཞེས་གསུངས་པ་ནི། སྣང་བས་མེད་མཐའ་དང་སྟོང་པས་ཡོད་མཐའ་སེལ་ཚུལ་དུ་སྣང་བས། མཁས་པས་ཅི་ཡང་བཤད་ན་བདེན་ཟེར་བ་ལྟར་ལས་འཐད་མི་འཐད་ནི་དཔྱད་དཀའོ། ། འོན་ཀྱང་བཤད་ཚུལ་དེ་རྣམས་ནི་བསྒྲུབ་བྱའི་ཆོས་དང་གཏན་ཚིགས་གཉིས་ཀ་སྡོམ་པས་མཐའ་གཉིས་སེལ་ཚུལ་ཡིན་ལ། རྟེན་འབྲེལ་གྱི་རྟགས་གཅིག་པུས་ཀྱང་མཐའ་གཉིས་སེལ་ཚུལ་ཡོད་དམ་སྙམ་སྟེ། བརྟེན་ནས་འབྱུང་བའི་ཕྱིར་ཞེས་བཀོད་པའི་ཚེ་བརྟེན་ཞེས་པའི་ནུས་པས་རང་དབང་བས་སྟོང་པར་གོ་ནུས་པས་རྟག་མཐའ་སེལ་ཞིང་། བྱུང་ཞེས་པའི་ནུས་པས་གཏན་མེད་མ་ཡིན་པར་གོ་ནུས་པས་ཆད་མཐའ་སེལ་ནུས་པ་ཡིན་ཞེས་བཤད་ནའང་ལེགས་པར་འགྱུར་རོ་སྙམ། སྤྱིར་ལམ་རིམ་ཆུང་ངུ་གོང་དུ་གྲགས་པ་ལྟར་དང་། ལམ་རིམ་ཆེ་བ་ལས་ཀྱང་། དེ་ཡང་རྟེན་འབྲེལ་གྱི་དོན་རང་བཞིན་གྱིས་མ་སྐྱེ་བ་ལ་བཤད་པས་ནི་དངོས་པོ་ཡོད་པར་སེལ་ལ། སྒྱུ་མ་ལ་སོགས་པ་དང་འདྲ་བའི་འབྲས་བུ་འབྱུང་བ་རྟེན་འབྲེལ་གྱི་དོན་དུ་བསྟན་པས་ནི་དངོས་པོ་མེད་པར་སྨྲ་བ་སེལ་བ་ཡིན་ནོ་ཞེས་སོགས་ལྟ་བུའི་ལུང་གཞན་ཡང་མང་བས། ཐལ་འགྱུར་པས་སྣང་བས་མེད་མཐའ་དང་སྟོང་པས་ཡོད་མཐའ་སེལ་ཚུལ་ཞལ་གྱིས་མི་བཞེས་པ་གཏན་མ་ཡིན་ནོ། ། དེ་ལྟར་སྟོང་པ་རྟེན་འབྱུང་གི་དོན་ཅུང་ཟད་སྨྲས་པ་དེ་རྣམས་དོན་ལ་འབྱོར་ཡོད་སྙམ་པ་གཏན་ནས་མེད་མོད། མཁས་པའི་གསུང་ལ་བརྟག་ན་རྗེ་རིན་པོ་ཆེ་ལྟ་བུ་མཁས་པ་རབ་ལ་ཤིན་ཏུ་ངོ་མཚར་པ་ཞིག་འཆར་རྒྱུ་ཡོད་པ་དང་། ལོ་ཆེན་སྐྱབས་མཆོག་དཔལ་བཟང་ལྟ་བུ་མཁས་པ་འབྲིང་ལ་ཐུགས་ངོར་མི་བདེ་བ་ཞིག་འཆར་རྒྱུ་ཡོད་པ་དང་། བདག་ལྟ་བུ་བླུན་པོ་ཐ་མ་ལ་རྟེན་འབྱུང་ཞེས་པའི་སྒྲ་ཙམ་ལས་ཐེ་ཚོམ་ཙམ་ཡང་མི་འཆར་བའི་ཚུལ་གསུམ་ཡོད་པར་མངོན་ཏེ། དང་པོ་ནི།  ལེགས་བཤད་སྙིང་པོ་ཆུང་བ་ལས། འདི་ཀུན་ངོ་བོས་སྟོང་པ་དང་། ། འདི་ལས་འདི་འབྲས་བྱུང་བ་ཡི། ། ངེས་པ་གཉིས་པོ་ཕན་ཚུན་དུ། ། གེགས་མེད་པར་ནི་གྲོགས་བྱེད་པ། ། འདི་ལས་ངོ་མཚར་གྱུར་པ་དང་། ། འདི་ལས་རྨད་དུ་བྱུང་བ་གང་། ། ཞེས་གསུངས་པ་ལྟར་དང་། གཉིས་པ་ནི། ལམ་རིམ་ཆེན་མོ་ལས། ཟབ་མོ་དབུ་མའི་གཞུང་ལ་སྦྱངས་པའི་གྲོགས། ། ཁྱོད་ཀྱི་བློ་ངོར་རང་བཞིན་མེད་པ་ལ། ། རྒྱུ་འབྲས་རྟེན་འབྲེལ་འཇོག་པ་དཀའ་མོད་ཀྱང་། ། དེ་འདྲ་དབུ་མའི་ལུགས་ནི་ཡིན་ནོ་ཞེས། ། དེ་སྐད་སྨྲ་བའི་ཚུལ་བརྟེན་ན་མཛེས། ། ཞེས་པ་ལྟར་དང་། གསུམ་པ་ནི། བཞི་བརྒྱ་པ་ལས། བསོད་ནམས་ཆུང་ངུས་ཆོས་འདི་ལ། ། ཐེ་ཚོམ་ཟ་བར་ཡང་མི་འགྱུར། ། ཞེས་པ་ལྟར་ཡིན་པས། དེས་ན་བདག་ལྟ་བུ་ལ་སྟོང་པ་རྟེན་འབྱུང་གི་དོན་རེ་ཞིག་སྨྲ་བསམ་བརྗོད་མེད་ཡིན་བྱས་ན་མཛེས་སམ་སྙམ་མོ། ། སྨྲས་པ། སྟོང་པ་གཤིས་ལུགས་སྣང་བ་རྟེན་འབྲེལ་ཟུང་། ། འབྲལ་བར་མི་ཕོད་གྲོགས་སུ་འཐམས་པའི་ཚུལ། ། དབུ་མ་པ་ཡི་ཐུགས་ཀྱི་གསང་མཛོད་ལས། ། ཕྱི་རོལ་གཞན་དུ་འཕྱར་བ་མེད་དམ་སྙམ། ། དེས་ན་རྣ་བ་བརྒྱད་པས་མ་ཐོས་ཤིང་། ། དགེ་དབང་མིག་སྟོང་ལྡན་པས་མ་མཐོང་བའི། ། སྣང་སྟོང་ཕན་ཚུན་ཅི་ལྟར་མཛའ་བའི་འཕྲིན། ། སྟོང་ཉིད་མཁན་པོ་རང་ལ་དྲི་དགོས་སོ། ། དབུ་མའི་རིགས་ལ་སྒེག་མོའི་ཁར་བཟུང་བའི། ། ཆང་གིས་རེག་པའི་བ་ཀུ་ལ་ཡི་འདབ། ། དགྱེས་དགུར་ཕྱེ་ཚེ་སྟོང་པའི་རོ་མངར་བོ། ། དེ་སྐབས་བྲོ་བར་འགྱུར་གྱི་གཞན་དུ་མིན། ། ཟབ་བརླིང་དབུ་མའི་རྒྱ་མཚོར་ཆས་འདོད་ན། ། རྣམ་དཔྱོད་རུ་སྐྱ་འཛིན་པ་མ་འཁྲུལ་དགོས། ། དེད་དཔོན་མགྲོན་པོ་ཕྱོགས་བསླད་ལྟར་གྱུར་ན། ། གནས་ལུགས་རིན་ཆེན་གླིང་དུ་ཅི་ལྟར་སླེབ། ། ཅེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

རྩ་བའི་ས་བཅད་གསུམ་པ་མཇུག་གི་དོན་ནི།

     དེ་ལྟར་ལམ་གྱི་གཙོ་བོ་རྣམ་གསུམ་གྱི། །གནད་རྣམས་རང་གིས་ཇི་བཞིན་རྟོགས་པའི་ཚེ། ། དབེན་པ་བསྟེན་ཏེ་བརྩོན་འགྲུས་སྟོབས་བསྐྱེད་ནས། །གཏན་གྱི་འདུན་མ་མྱུར་དུ་སྒྲུབས་ཤིག་བུ། །ཞེས་པའི་དོན་ནི། དེ་ལྟར་བཤད་མ་ཐག་པའི་ལམ་གྱི་གཙོ་བོ་རྣམ་གསུམ་གྱི་གནད་རྣམས་ཁོ་བོས་ཇི་ལྟར་གདམས་པ་ལྟར། ངག་དབང་གྲགས་པ་ཁྱོད་རང་གིས་ཇི་བཞིན་རྟོགས་པའི་ཚེ་རྟོགས་པ་ཙམ་གྱིས་མི་ཆོག་པར་སྒོམ་དགོས་ཤིང་། དེ་ཡང་འདུ་འཛི་ལས་རྒྱང་གྲགས་འདས་པའི་དབེན་པའི་གནས་བསྟེན་ཏེ་ཤུགས་དྲག་ལ་རྒྱུན་རིང་བའི་བརྩོན་འགྲུས་ཀྱི་སྟོབས་བསྐྱེད་ནས་གཏན་གྱི་འདུན་མ་སྟེ་བསམ་བྱའི་དོན་མཐར་ཐུག་མྱུར་དུ་སྒྲུབས་ཤིག་ཀྱེ་བུ་ངག་དབང་གྲགས་པ་ཁྱོད་ཅེས་བོས་ནས་གདམས་པའོ། །འདིར་ཡང་སྨྲས་པ། འདི་ལ་ཚིག་དོན་མཆན་བྱས་བཀྲོལ་བ་དང་། །དཀའ་གནས་རྒྱ་བཀྱེད་བཤད་པའི་རྒྱས་འགྲེལ་ཡང་། །མང་བས་ལྡབ་སྐྱོར་འདི་ནི་མི་དགོས་མོད། །འོན་ཀྱང་གཞན་གྱི་འདོད་པ་བསྐང་ཕྱིར་བགྱིས། །སྐོམ་པས་ཉེན་པ་དག་གིས་གང་གྰའི་ཆུ། །ལུས་མེད་འཐུང་ནས་ཚིམ་པ་མ་ཡིན་ལྟར། ། འདིས་ཀྱང་དགོངས་པ་རྒྱ་མཚོ་ལྟ་བུ་ལས། །རང་གིས་དཔོག་ཚོད་བཤད་ཀྱི་རྫོགས་པ་མིན། །ཚུལ་འདིར་འཁྲུལ་བའི་ས་བོན་སྨིན་པའི་དབང་། ། ཉེས་བཤད་ལྡུམ་པོ་ངང་གིས་སྐྱེ་འགྱུར་བས། །དེ་ལ་མཁས་པའི་ཐུགས་རྗེའི་སྤྲིན་གཡོ་སྟེ། །ལུང་རིགས་རྡོ་ཆར་དྲག་པོས་གཞོམ་པར་མཛོད། ། གལ་ཏེ་བྱིས་རྨོངས་ཡིད་ཀྱི་འདམ་རྫབ་ལས། །འདམ་གྱིས་མ་གོས་ལེགས་བཤད་པད་མ་དཀར། །རྡོག་གཅིག་སྐྱེ་བ་སྲིད་ཚེ་དེས་ཀྱང་ནི། ། མཁས་པ་མགུ་བའི་མཆོད་པར་མི་འགྱུར་ཅི།  །མདོར་བསྡུའི་རྣམ་བཤད་དུས་ཆར་འཇམ་པོ་འདིས། །ཐུབ་བསྟན་འཛིན་མ་སྣུམ་བག་དང་ལྡན་ཞིང་། ། ལུང་གི་སྙེ་མ་དར་ལ་དྲག་པའི་མཐུས། །རྟོགས་པའི་འབྲས་བུ་གཡུར་དུ་ཟ་བར་ཤོག ། ཅེས་ལམ་གྱི་གཙོ་བོ་རྣམ་གསུམ་གྱི་འགྲེལ་པ་འདོད་འཇོའི་དཔག་བསམ་ཞེས་བྱ་བ་འདི་ནི། དགེ་སྒྲུབ་གླིང་གི་སྔགས་གྲྭའི་སློབ་དཔོན་རབ་འབྱམས་སྨྲ་བའི་དབང་པོ་དཀོན་མཆོག་བཟོད་པས་བསྐུལ་བ་དང་དུ་བླངས་ཏེ། ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་པའི་མིང་ཅན་ཨ་ལག་ཤ་ངག་དབང་བསྟན་དར་ཞེས་བགྱི་བས་སྦྱར་བའོ། ། ཞེས་པ་འདི་ནི་སྐུ་འབུམ་བྱམས་པ་གླིང་དུ་དཔར་དུ་བསྒྲུབས་པའོ། ། སརྦ་མངྒ་ལཾ། །  ། །

གསར་འགོད་པ།  ཀླུ་སྨྱོན་ཨ་ཙ་ར།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། wtl0 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23501675
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།