རྗེ་བཙུན་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོའི་རྟོགས་པ་བརྗོད་པའི་སྙན་དངགས་ཐུབ་བསྟན་རིན་པོ་ ཆེའི་རྒྱན་ལས་གཞོན་ནུ་ཉིད་ཀྱི་རྟོགས་པ་བརྗོད་པའི་མེ་ཏོག་སྟེ་དང་པོ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ཆོས་ལུགས།» ནང་བསྟན་རིག་གཞུང་། »རྗེ་བཙུན་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོའི་རྟོགས་པ་བརྗོད་པའི་
རྗེ་བཙུན་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོའི་རྟོགས་པ་བརྗོད་པའི་སྙན་དངགས་ཐུབ་བསྟན་རིན་པོ་ ཆེའི་རྒྱན་ལས་གཞོན་ནུ་ཉིད་ཀྱི་རྟོགས་པ་བརྗོད་པའི་མེ་ཏོག་སྟེ་དང་པོ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2020-07-20ལྟ་ཀློག (6459)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅། །རྗེ་བཙུན་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོའི་རྟོགས་པ་བརྗོད་པའི་སྙན་དངགས་ཐུབ་བསྟན་རིན་པོ་

              ཆེའི་རྒྱན་ལས་གཞོན་ནུ་ཉིད་ཀྱི་རྟོགས་པ་བརྗོད་པའི་མེ་ཏོག་སྟེ་དང་པོ།

 

                           རྩོམ་པ་པོ།  ར་རོང་བ་ངག་དབང་ཆོས་གྲགས་རྒྱ་མཚོ།

 

འདི་ནས་ཤར་གྱི་ཕྱོགས་ན་ཙོང་ཁ་ཞེས།།

ས་ལ་གནས་ཀྱང་ལྷ་ཡི་འཇིག་རྟེན་དུ།།

ལྷག་པར་བྱ་བ་ཡུལ་གྱི་དགེ་མཚན་ནི།།

མ་ལུས་བགྲང་ལ་ཐུབ་རྣམས་ངལ་བ་ཡོད།།

 

དེར་ནི་ཀླུ་དབང་ཇི་བཞིན་དཔལ་འབྱོར་དང་།།

གྲགས་པའི་བ་དན་རྟག་ཏུ་བཙུགས་པ་བཞིན།།

ཀླུ་འབུམ་དགེ་ཞེས་ཡོན་ཏན་མེ་ཏོག་ཚོགས།།

དམ་པའི་དྲི་བསུང་ཕྱོགས་མཐར་སྤྲོ་བ་བྱུང་།།

 

དེ་ཡི་དགའ་མ་དུལ་ཞིང་མཛངས་པ་དང་།།

ཡ་རབས་ཆོས་ཀྱི་མཐོ་བ་དབྱངས་ཅན་ནི།།

མི་ཡི་ཟོལ་ལ་བསྟེན་འདྲ་ཤིང་མི་བཟའ།།

ཨ་ཆོས་ཞེས་བྱ་དཔལ་དང་ལྡན་པ་བྱུང་།།

 

དཔལ་མོ་དེ་ཡི་མངལ་གྱི་འོ་མའི་མཚོ།།

དམ་པའི་ཡོན་ཏན་རིན་ཆེན་གཟི་འབར་བ།།

རབ་ཏུ་འཛིན་པས་མཛེས་པར་གྱུར་བ་ནི།།

འོད་དཀར་གྱིས་ནི་རི་བོང་མཚན་མ་བཞིན།།

 

སྒྱུ་མ་ཡིས་ནི་ཟས་གཙང་སྲས་པོ་དང་།།

བྱམས་པའི་དཔལ་ནི་ཚངས་སྦྱིན་ལྷ་མོ་ཡིས།།

མངལ་དུ་འཛིན་པ་དེ་ཡི་འགྲན་ཟླ་སྟེ།།

ངོ་མཚར་འདི་དག་བྱེད་པོས་སྤྲུལ་ལམ་ཅི།།

 

དཔལ་ལྡན་མ་དེ་དེ་ཚེ་བདེ་བ་ལ།།

རེག་པར་གནས་ཤིང་དགེ་བའང་ངང་གིས་འཕེལ།།

དམ་པ་རྣམས་ཀྱི་རང་བཞིན་ཡིན་ན་ཀོ།

འདི་ལ་ཁེངས་ཤིང་དྲེགས་པ་ཇི་ལྟར་རིགས།།

 

དེ་ནས་ནམ་ཞིག་སྨོན་ལམ་རླུང་བཞོན་གྱིས།།

མངལ་གནས་སྤྲིན་རུམ་གོ་སྐབས་ཕྱེ་བ་བཞིན།།

གནོད་པ་མེད་པར་གཞོན་ནུ་བཙས་པ་ནི།།

སྤྲིན་རུམ་ནས་མཐོང་ཟླ་བའི་དཀྱིལ་འཁོར་བཞིན།།

 

རྒྱལ་བའི་མྱུ་གུ་བསམ་བཞིན་བལྟམས་པ་དང་།།

ལྷན་ཅིག་འཇིག་རྟེན་མིག་ནི་ཕྱེ་བ་དང་།།

དྲན་པའི་ཕྱོགས་རྣམས་ངོམ༼ ངོ༽ཟུམ་གནག་པ་དང་།།

ནོར་འཛིན་གོས་དཀར་གྱོན་པ་མཉམ་དུ་བྱུང་།།

 

ལྷ་རྣམས་འདི་སྙམ་རིང་དུས་འཇིག་རྟེན་ན།།

ཨུ་དམ་ཝ་ར་ཁ་མ་བྱེ༼ ཕྱེ༽བར་ཡང་།།

སངས་རྒྱས་འབྱུང་བ་གང་གི་མཐུ་ལས་ཡིན།།

བྱམས་པའི་མཚན་འཆང་འདི་ཉིད་ཡིན་ནམ་ཅི།།

 

མི་རྣམས་ལོ་ནི་བརྒྱད་ཁྲིར་མ་གྱུར་པས།།

དེ་བཞིན་མ་ཡིན་ཤཱཀྱ་སེང་གེ་ཉིད།།

སླར་ཡང་འོང་སམ་ཟླ་འོད་ལྟར་གསལ་བའི།།

མཛོད་སྤུ་མི་ལྡན་ཅི་ཞིག་སེམས་པར་གྱུར།།

 

འདབ་རྫབ་མེད་པར་འཁྲུངས་པའི་པད་དཀར་ནི།།

མི་གཙང་མངལ་གྱི་དྲི་མས་མ་གོས་ལ།།

ཡོན་ཏན་འདབ་མ་རབ་ཡངས་གྲགས་པའི་དྲི།།

དེང་དུས་སུ་ཡང་ཕྱོགས་བཅུར་རྣམ་པར་འཕྲོ།།

 

གསེར་གྱི་གདུགས་བཞིན་དབུ་ནི་དབྱིབས་ལེགས་པ།།

དཔྲལ་བ་དབྱེས་ཆེ་སྙན་ཤལ་རིང་དུ་འཕྱང་།།

སྤྱན་དག་ཨུཏྤལ་སྔོན་པོའི་འདབ་མ་བཞིན།།

གཞོན་ནུ་དེ་ལུས་ཆུ་ཞེང་རྣམ་པར་གབ།།

 

ཡན་ལག་ཉིང་ལག་རྒྱས་ཤིང་འཁྲིལ་ཆགས་ལ།།

ཤངས་ཀྱི་གཟེངས་མཐོ་ལུས་སྐབས་ཕྱེད་པ་ནི།།

ལྷ་བུ་གཞོན་ནུ་ཇི་བཞིན་པགས་པའི་མདོག།

མེ་ཏོག་ཀུ་མུ་ཏ་བཞིན་རབ་ཏུ་དཀར།།

 

མཚན་དང་དཔེ་བྱད་བཟང་བོའི་འོད་ཆགས་པ།།

ཞི་ཞིང་དུལ་བའི་དཔལ་གྱིས་ལྷག་པར་མཛེས།།

འགྲོ་བ་ཀུན་ལ་ལྷ་ཡི་འདྲེན་བྱེད་ནི།།

སྦྱིན་ལ་རིངས་པ་མིག་གི་བདུད་རྩིར་གྱུར།།

 

དེ་ཡི་ལུས་ནི་རབ་ཏུ་གཞོན་ན་ཡང་།།

བློ་ནི་དཔག་དཀའ་ཡོན་ཏན་ཚོགས་ཀྱིས་རྒན།།

བརྩེ་དང་སྦྱིན་དང་སྙན་པར་སྨྲ་བ་དང་།།

བདེན་དང་བཟོད་དང་བག་དང་ལྡན་པར་གྱུར།།

 

དད་བརྩོན་དྲན་དང་ཤེས་བཞིན་ཏིང་འཛིན་བློ།།

ཁྲེལ་ཡོད་ངོ་ཚ་ཤེས་པའི་དཔལ་ལྡན་དེ།།

བརྟུལ་ཞུགས་མ་སྨད་སྤོབས་པའི་གཏེར་མངའ་བ།།

འཇམ་པའི་དཔལ་ཉིད་མངོན་སུམ་ལྟ་བུར་སྣང་།།

 

རླབས་ཆེན་སྤྱོད་པ་རྣམས་ནི་སུ་ཞིག་གིས།།

མ་བསླབ་པར་ཡང་རང་བཞིན་ཉིད་ཀྱིས་ལོབས།།

བྱིས་པ་རྒུད་པ་མཐའ་དག་དེ་ཡིས་ནི།།

ངོ་ཚས་བབ་ཆོལ་གྱུར་ནས་བྲོས་པ་བཞིན།།

དེ་ནི་རིགས་དང་རུས་དང་ཆོ་འབྲངས་དག།

ཆེས་ཆེར་ཕུན་ཚོགས་དཔལ་འབྱོར་རབ་ཏུ་རྒྱས།།

ཕྱི་དང་ནང་གི་སྐྱེ་བོ་མང་བོ་དག།

དེ་བྱམས་བཞིན་དུ་དེ་ལ་རབ་ཏུ་བྱམས།།

 

དེ་ལྟ་ན་ཡང་སྲིད་པའི་བདེ་འབྱོར་ལ།།

དེ་ཡི་བློ་ནི་དགའ་བར་མ་གྱུར་ཏེ།།

ཆུ་སྐྱེས་གཞོན་ནུ་ཟླ་བའི་དཀྱིལ་འཁོར་དང་།།

ཀུ་མུ་ཏ་ཀ་ཉི་མའི་འོད་ལ་བཞིན།།

 

དེ་ནི་རྣམ་གྲོལ་ཉིད་ལ་ཇི་ལྟར་ན།།

བྲུ་བས་ཉེན་པ་གཡོས་ལེགས་ཟས་ལ་བཞིན།།

དེ་ཡང་གཞན་དོན་ཁོ་ན་དེ་དག་ཀྱང་།།

སངས་རྒྱས་བསྟན་ལས་འབྱུང་གི་གཞན་དུ་མིན།།

 

ཐུབ་བསྟན་པདྨོའི་ཚལ་དུ་འཇུག་པ་དང་།།

ཚུལ་ཁྲིམས་དམ་པའི་སྦྲང་རྩི་ལེན་པ་ལ།།

གཞོན་ནུ་རྐང་དྲུག་ཅན་དེ་ཅི་ཡང་དགའ།།

ངང་བའི་རྒྱལ་བོ་འོ་མའི་རྒྱ་མཚོར་བཞིན།།

 

ཐུབ་བསྟན་པདྨའི་ལྡིང་ཁང་ཉམས་དགའ་བར།།

འཇུག་པའི་སྒོ་ཡང་སོ་སོར་ཐར་བ་དང་།།

འཇིག་རྟེན་འཇིག་རྟེན་འདས་པའི་ཡོན་ཏན་གཞི།།

ཚུལ་ཁྲིམས་འཕགས་པའི་ནོར་དུ་ཡང་དག་དགོངས།།

 

དེ་སླད་ཉིད་ཀྱི་དགུང་ལོ་གསུམ་པའི་ཚེ།།

གྲུབ་ཆེན་རོལ་བའི་རྡོ་རྗེ་མཆོག་གི་ནི།།

དེེེད་དཔོན་དེ་ལས་དགེ་བསྙེན་སྡོམ་པ་ཡིས།།

རིན་ཆེན་མཆོག་གི་ཡོངས་སུ་རྫོགས་པར་བླངས།།

 

འཕགས་དང་བྱིས་པའི་སྐྱེ་བོ་ཐམས་ཅད་ཀུན།།

གཞོན་ནུ་དེ་ལ་དགའ་དད་དེ་ཉིད་ཀྱང་།།

ཀུན་གྱི་སྙིང་བོ་འཛིན་པ་དེ་ཡིན་སླད།།

འོས་པའི་མཚན་གྱི་ཀུན་དགའ་སྙིང་བོ་བཏགས།།

 

སྡོམ་པ་མཆོག་དེ་ཐར་བའི་ཁང་བཟང་རྩེར།།

གདོན་མི་ཟ་བར་འཇུག་པའི་ཐེམ་སྐས་ནི།།

དང་བོ་ཉིད་དེ་རབ་ཏུ་དགའ་བ་བཞིན།།

བསྟན་ལ་འཇུག་པའི་གོ་རིམ་བླ་ན་མེད།།

 

ཨེ་མ་གཞོན་ནུ་གང་དེའི་རང་བཞིན་གྱི།།

མཛད་པ་དག་ཀྱང་བསྟན་པའི་གསལ་བྱེད་དང་།།

ཐར་འདོད་རྣམས་ཀྱི་མིག་ཏུ་གྱུར་བ་སྟེ།།

སྤྲིན་མེད་མཁའ་ལ་ཉི་མ་ཤར་བ་བཞིན།།

 

དེ་ནས་དེ་བློ་དམ་ཆོས་བདུད་རྩི་ལ།།

བདུད་རྩི་བབས་ཀྱང་རབ་ཏུ་དགའ་བ་དང་།།

དེ་ཡང་དམ་པའི་མགོན་ལ་རག་ལས་ཞེས།།

གདུགས་མཚན་རེས་འཇོག་མེད་པར་འདི་ཉིད་སེམས།།

 

ནམ་ཞིག་དེ་ཡི་བཞེད་པ་བསྒྲུབས་པ་ལ།།

གཞོལ་བ་བཞིན་དུ་དེ་ཡི་ཡབ་ཀྱིས་ནི།།

ཆོས་ཀྱི་རྗེ་ནི་དོན་འགྲུབ་རིན་ཆེན་པ།།

ལུང་རྟོགས་ཡོན་ཏན་གཏེར་དེ་སྤྱན་ཡང་དྲངས།།

 

དེ་ཚེ་དུས་གསུམ་མཁྱེན་པ་དེ་ཡིས་ནི།།

རྟ་དང་ལུག་སོགས་ཚད་མེད་ཟང་ཟིང་ནོར།།

ཡབ་ལ་གནང་ནས་ཁྱོད་ཀྱི་བུ་བཞི་བ།།

ཀུན་དགའ་སྙིང་བོ་བདག་ལ་ཕུལ་ཅིག་གསུངས།།

 

དེ་ཡི་བཀའ་ལུང་གསེར་གྱི་ཕྲེང་བ་ནི།།

སྤྱི་བོས་ནོད་དེ་འཇིག་རྟེན་ཐམས་ཅད་ཀྱི།།

སྙིང་བོ་དེ་ནི་དུས་ཚིགས་མཆོད་པ་ཡིས།།

མེ་ཏོག་བཞིན་དུ་ཡབ་ཀྱིས་དེ་ལ་ཕུལ།།

 

དེས་ནི་ཐོག་མར་རྡོ་རྗེ་ཐེག་པའི་སྒོར།།

སྨིན་པར་མཛད་དེ་ཀྱཻ་ཡི་རྡོ་རྗེ་དང་།།

དྲིལ་བུ་བ་དང་ཕྱག་ན་རྡོ་རྗེ་སོགས།།

དཀྱིལ་འཁོར་དུ་བཅུག་རྣམ་དག་དབང་ཡང་བསྐུར།།

 

གསང་བའི་མཚན་ནི་དོན་ཡོད་རྡོ་རྗེར་བཏགས།།

དེ་ནས་བཟུང་སྟེ་རིག་པ་འཛིན་པ་ཡི།།

དམ་ཚིག་སྡོམ་པ་མིག་གི་འབྲས་བུ་ལྟར།།

གཅེས་པར་བསྲུངས་པའི་ནན་ཏན་ལྷུར་མཛད་དོ།།

 

དེ་ནས་བདེ་དགྱེས་ཀུན་རིག་གཤིན་རྗེ་གཤེད།།

སོགས་ཀྱི་དཀྱིལ་འཁོར་མང་བོ་ཐུགས་ལ་བཟུང་།།

བདག་འཇུག་ལེན་དང་ལྷ་ཡི་རྣལ་འབྱོར་དང་།།

བཟླས་པའི་རིམ་པ་སོགས་ལ་གཅིག་ཏུ་གཞོལ།།

 

ན་ཚོད་ཀྱི་ནི་ད་དུང་བསྟན་པ་ལ།།

རབ་ཏུ་བྱུང་བའི་གོ་སྐབས་མ་རྙེད་ཀྱང་།།

བློ་ནི་མཐུ་ནི་ཤིན་ཏུ་རྒྱས་པ་སྟེ།།

དམ་པའི་སྤྱོད་པ་ཡོངས་སུ་གོམས་པ་བཞིན།།

 

དགུང་ལོ་བདུན་དུ་ཉེ་བར་གྱུར་བ་ན།།

རབ་ཏུ་བྱུང་བ་མངོན་པར་བཞེད་པ་དང་།།

ལེགས་བཤད་བདུད་རྩིའི་བགོ་བསྐལ་ལེན་པའི་ཕྱིར།།

ཆོས་རྗེ་དེ་ཡི་ཞབས་དྲུང་ཉེ་བར་སོན།།

 

གསུང་རབ་ཀློག་དང་ཚིག་གི་སྦྱོར་བ་དང་།།

ཡི་གེ་འབྲི་དང་སྒྲ་དང་སྙན་ངག་དང་།།

མིང་གི་མངོན་བརྗོད་བརྡ་སྤྲོད་གཙུག་ལག་གཞུང་།།

མཐོང་བའི་མོད་ལ་མ་བསླབ་པར་ཡང་མཁྱེན།།

 

སྐྱེ་བ་གཞན་དུ་གོམས་པའི་རྒྱལ་སྲས་རྣམས།།

རིག་པསི་གནས་ནི་གང་དང་གང་ཡིན་པ།།

དེ་དང་དེ་ནི་མ་ངལ་བར་ཡང་མཁྱེན།།

ཉི་མ་ཤར་བས་གཟུགས་རྣམས་གསལ་བ་བཞིན།།

 

དེ་ཡི་དུས་སུ་གཞོན་ནུའི་རྨི་ལམ་དུ།།

ནུབ་རེ་བཞིན་དུ་བཅོམ་ལྡན་གསང་བའི་བདག

ཨིནྡྲ་ནཱི་ལི(ལ)འི་ལྷུན་པོ་ལྟར་བརྗིད་པ།།

ཉི་མ་བཞིན་དུ་གསལ་བར་འཆར་བ་དང་།།

 

རྒྱལ་བ་གཉིས་པ་དཔལ་ལྡན་ཨ་ཏི་ཤ།།

ངུར་སྨྲིག་འཛིན་པའི་མཛེས་པ་སྟོན་པ་བཞིན།།

ཡང་དང་ཡང་དུ་སྣང་ཞིང་གསལ་བ་དང་།།

སྐུ་འདྲ་གཟུགས་ཚེ་ངེས་པ་འགོག་མེད་འཁྲུངས།།

 

དེ་ནི་ཨ་ཏི་ཤ་ཉིད་སླར་རང་གི།།

ཐུབ་བསྟན་ཉམས་པ་གསོ་བར་བྱོན་པ་བཞིན།།

མདོ་སྔགས་བསྟན་པ་ཡོངས་སུ་རྫོགས་པ་ལ།།

ཉིད་ཀྱི་འདོད་དགུར་དབང་བསྒྱུར་སྔ་ལྟས་རྨད།།

 

ཨ་ཏི་ཤ་དང་གསང་བའི་མཛོད་འཛིན་པ།།

མདོ་དང་སྔགས་ཀྱི་བསྟན་པའི་གྲུ་བོ་ཆེ།།

མ་ཉམས་ཡོངས་རྫོགས་ཁྱོད་ཀྱི་ཕྱག་མཐིལ་དུ།།

མྱུར་དུ་གཏོད་པའི་བྱ་བས་བྲེལ་བར་གྱུར།།

 

གཞོན་ནུར་གྱུར་ཀྱང་གཞོན་ནུའི་སྤྱོད་པ་བག་མེད་རྩེ་ལས་ངང་གིས་ལོག།།

བརྟུལ་ཞུགས་བཟང་པོས་བརྟུལ་ཞུགས་ཡོངས་རྫོགས་དྲང་སྲོང་ལ་ཡང་ངེས་པར་འཕྱང་།།

བློ་ཡི་ཁྱོད་ཀྱིས་བློ་ཆེན་མཐའ་དག་ཁེངས་པའི་ཚད་ནི་ཐུང་ངུར་བྱས།།

ཆོས་ཀུན་མཁྱེན་ཡང་ཆོས་ཀྱི་བདུད་རྩི་འཐུང་ལ་རབ་ཏུ་གཞོལ་བར་གྱུར།། 

 

རྗེ་བཙུན་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོའི་རྟོགས་པ་བརྗོད་པའི་སྙན་དངགས་ཐུབ་བསྟན་རིན་པོ་ཆེའིརྒྱན་ལས་གཞོན་ནུ་ཉིད་ཀྱི་རྟོགས་པ་བརྗོད་པའི་མེ་ཏོག་སྟེ་དང་པོའོ།།  །།

གསར་འགོད་པ།  ནག་བཟའ་བློ་བཟང་ཆོས་གྲགས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། vsl0 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  རྗེ་བཙུན་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོའི་རྟོགས་པ་བརྗོད་པའི་སྙན་དངགས་ཐུབ་བསྟན་རིན་པོ་ ཆེའི་རྒྱན་ལས་གཞོན་ནུ་ཉིད་ཀྱི་རྟོགས་པ་བརྗོད་པའི་མེ་ཏོག་སྟེ་དང་པོ།   སྤེལ་མཁན།:  དྷཱི་ཡིག སྤེལ་དུས:2020/7/20
སྔོན་གྱི་དམ་པ་རྣམས་ཀྱི་མཛད་རྗེས་ལ་ཡི་རང་བྱེད། 🙏🙏🙏
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23503904
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།