མཐར་ཕྱིན་ཁའི་ཞུ་མཆིད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 23 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་གླིང་གསར་འགྱུར། »མཐར་ཕྱིན་ཁའི་ཞུ་མཆིད།
མཐར་ཕྱིན་ཁའི་ཞུ་མཆིད།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2020-07-10ལྟ་ཀློག (4154)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

མཐར་ཕྱིན་ཁའི་ཞུ་མཆིད།

སྐབས་ཉེར་གསུམ་པའི་མཐར་ཕྱིན་འཛིན་གྲྭ་དང་བོའི་མཐར་ཕྱིན་གྱེས་ཚིག

    བརྩེ་བའི་སེམས་གཞས་དྲོན་མོ་ཞིག་གིས་མདུན་བསུས་ཤིང་མི་ལོ་དྲུག་གི་འཚོ་བར་མཇུག་ཤད་འགོད་རན་པའི་མཚམས་འདིར།  ཐོག་མར་ངས་འདི་ནས་སྐབས་ཉེར་གསུམ་པའི་མཐར་ཕྱིན་འཛིན་གྲྭ་དང་བོའི་ཚབ་བྱས་ཏེ་བཀའ་དྲིན་མཚུངས་ཟླ་བྲལ་བའི་བཤེས་གཉེན་རྣམ་པ།  བྱམས་བརྩེར་འཛད་མཐའ་མེད་པའི་ལས་བཟོ་བ་ཡོངས།  ད་དུང་།  མཛའ་བརྩེ་དང་མཐུན་སྒྲིལ་ལ་ལྷོད་པ་མེད་པའི་སློབ་གྲོགས་ལྷན་རྒྱས།  སྒོས་སུ་བརྩེ་འདང་གིས་དམ་དུ་སྦྲེལ་བའི་ཕུ་ནུ་བརྒྱད་ཅུ་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུས་པ་ཡིན།

   དེ་རིང་ནི་ཟླ་བདུན་པའི་ཚེས་བཅུ་རེད།   ང་ཚོར་མཚོན་ན་དོ་དགོང་གི་དགོང་ཚོགས་འདི་ནི་སློབ་གླིང་འདིར་བསྡད་པའི་ཆེས་མཐའ་མཇུག་གི་དགོང་ཚོགས་དེ་ཡིན་ལ།  སང་ཉིན་ཞོགས་པར་རྨ་ཁུག་གཉིས་པར་ལས་སྐལ་གྱིས་འཛོམས་པའི་ང་ཚོ།   སླར་ཡང་རྨ་ཁུག་གཉིས་པ་ནས་སོ་སོར་འབྲལ་དགོས།  དེ་བས།  སྙིང་ཉེ་བའི་ཕུ་ནུ་བརྒྱད་ཅུ།  ང་ཚོའི་ཡིད་འོང་གི་ངོ་གདོང་ལ་ཞེན་ཆགས་ཀྱི་མཆི་མས་རློན་བཞིན་འགྲོ་དགོས་ཀྱང་།  འདུ་བྲལ་ནི་ལྡོག་ཏུ་མེད་པའི་ཆོས་ཉིད་ཅིག་ཡིན་པས།  སང་ཉིན་ཞོགས་པར་ང་ཚོས་གནས་ལུགས་དང་རྒྱུ་མཚན་གང་འདྲེན་རྒྱུ་མེད་པར་ཞེན་ཆགས་དང་དྲན་གདུང་རུམ་གང་ཁྱེར་ནས་འགྲོ་དགོས་ལ།   མིག་ཆུ་དང་ལྷན་དུ་མི་ལོ་འདི་དག་གི་ཆེས་ཡིད་འོང་གི་གཏམ་རྒྱུད་ཐམས་ཅད་ཀྱང་བསྐྱུར་ནས་འགྲོ་དགོས།  དེ་ལས་ཀྱང་གྱེས་ཁར་སྲན་མི་ཚུགས་པའི་ན་ཟུག་ཅིག་ཡོད་པ་ནི་མི་ལོ་འདི་དག་གི་ཁྲོད་དུ་འུ་ཅག་གར་འགྲོ་མིག་གིས་འཚོས་ཤིང་།  གར་འདུག་ཐུགས་ཀྱིས་བསྐྱངས་པའི་སློབ་དཔོན་རྣམ་དང་བྲལ་ནས་འགྲོ་དགོས་པ་དེ་རེད།  སྙིང་ཉེ་བའི་ཕུ་ནུ་བརྒྱད་ཅུ།  འདས་དོན་ལ་ཕྱིར་འདང་རེ་བྱོས་དང་། ང་ཚོས་མི་ལོ་འདི་དག་གི་ཁྲོད་དགེ་རྒན་རྣམས་དཀའ་ངལ་ལ་གཏད་པ་མང་དྲགས་སོང་།  དེ་ལས་ཀྱང་། སློབ་གླིང་འདིའི་བྱེད་པོ་དམ་པ་སློབ་དཔོན་འཇིགས་མེད་རྒྱལ་མཚན་ལགས།  ཁྱེད་ཀྱིས་སྐུ་ངལ་ཚད་མེད་ཅིག་མྱངས་སོང་།  ཁྱེད་ཀྱིས་སློབ་གླིང་འདིའམ་ང་ཚོའི་ཆེད་དུ་དུས་ཚོད་སྐར་ཆ་རེ་རེའང་ཆུད་ཟོས་སུ་མ་བཏང་བར་གནས་གང་ཞིག་ཏུ་ཕེབས་ཀྱིན་ཡོད། སློབ་དཔོན་ལགས། ངེད་ཅག་གིས་རྟག་པར་མཐོང་ཐུབ་པ་ནི་ཁྱེད་ཀྱི་ཞལ་ལ་འཛུམ་མདངས་མངོན་ཏེ་ང་ཚོ་སློབ་བུ་ཚོའི་སྔོན་ནས་ཕར་བྱོན་ཚུར་ཕེབས་ཀྱི་མཛད་པ་དེ་ཁོ་ན་ལས།  དོན་དུ་ཁྱེད་ཉིད་ཀྱིས་སུ་དང་གང་གིས་བསྒྲུབ་མི་ནུས་པའི་བྱ་བཞག་དང་།  སུ་དང་གང་གིས་འདེགས་མི་ནུས་པའི་འགན་འཁྲི་གང་མང་ཞིག་ཕྲག་པས་བཞེས་ཏེ་བྲེལ་འཚུབ་ཀྱིས་ཚུར་བྱོན་ཡོང་བ་དང་།  ཡང་དེ་ལྟར་དུ་བྲེལ་འཚུབ་ཀྱིས་ཕར་ཕེབས་འགྲོ་བ་ནི་ང་ཚོ་སུས་ཀྱང་མཐོང་དཀའ་ལ།  ཚོར་ཡང་མི་ཐུབ།  དེ་མིན།   ལུས་ཀྱི་སྙུང་གཞི་ལྕི་བའི་སློབ་དཔོན་བཛྲ་ཚུལ་ཁྲིམས་རྒྱ་མཚོ་ལགས།  གཞུང་ལུགས་ཀུན་ལ་ཐོས་བསམ་རྡོ་རུས་ཐུག་པ་གནང་བའི་དབང་གིས་ནམ་རྒྱུན་མ་ཡུམ་སློབ་གླིང་དུ་བཞུགས་ཁོམ་མེད་ཀྱང་།  སློབ་གླིང་དུ་ཕེབས་ཐེངས་རེར་སྤྱོད་པ་ཐ་ཤལ་བའི་ངེད་སློབ་བུ་དག་ལ་མི་གཤིས་ཀུན་སྤྱོད་ཀྱི་བསླབ་བྱ་གནང་བ་བགྲང་གིས་མི་ལོངས། སློབ་དཔོན་ལགས། ཐུགས་སེམས་བདེ་བར་བཞུགས་རོགས།    སྤྱི་ཚོགས་ཀྱི་གནས་གང་དུ་སོང་ཡང་ཁྱེད་ཉིད་ཀྱིས་གནང་བའི་བསླབ་བྱ་དག་སེམས་ནས་རྟག་ཏུ་དྲན་པར་བྱ།  སློབ་དཔོན་ལགས་སྐུ་ངལ་མྱངས་སོང་།   ད་དུང་ཡང་།  སློབ་གླིང་འདིར་གཏན་བཞུགས་མཛད་དེ་སློབ་ཁྲིད་ཆད་མེད་གནང་བའི་སློབ་དཔོན་ལྡོང་ཡོན་ཏན་རྒྱ་མཚོ་ལགས།  “ཤ་ཚ་བའི་གཏམ་ལ་སྙན་མོ་མེད་”ཟེར་བ་བཞིན་ཁྱེད་ཉིད་ཀྱིས་སློབ་གྲྭའི་ལས་དོན་མཐའ་དག་མ་སྐུལ་དང་དུ་བླངས་ཏེ་སྐུ་ཚེགས་དང་སེམས་ཚེགས་ག་འདྲ་ཞིག་མྱོང་བཞིན་ཡོད།  བརྩེ་བའི་སློབ་དཔོན་ལགས།  ཁྱེད་ཉིད་ཀྱིས་སློབ་ཐུན་རེ་རེའི་སྐབས་སུ་ངེད་ཅག་ལ་ “ང་ཕྱིར་དགོན་པའི་ནང་དུ་ལོག་སྐབས།  ཆོས་གྲོགས་དང་གཉེན་ཉེ་གང་མང་ཞིག་གིས་ཁྱོད་ཀྱིས་ད་དུང་རྭ་རྒྱའི་ས་ལུང་ཁུག་ན་ཀ་ཁ་བསླབས་ནས་བསྡད་ཡོད་དམ།  ཞེས་འདྲི་བ་ཡིན་པས། ངས་ཀྱང་ཡོད་ཅེས་ལན་བཏབས་པ་ཡིན་”ཞེས་ཡང་ཡང་གསུངས་མྱོང་།  ཡིན་ཡང་།   དྲིན་བྱས་དྲིན་དུ་མི་གོ་བའི་ངེད་ཅག་གི་སྐྱུགས་བྲོ་བའི་བྱ་སྤྱོད་རེ་རེས་ཁྱེད་ཉིད་ཀྱི་ཐུགས་སེམས་ལ་ཕོག་ཐུག་ཚད་མེད་ཅིག་བཏང་ཡོད་ངེས།   སློབ་དཔོན་ལགས།  སང་ཉིན་ཞོགས་པ་ནས་ང་ཚོ་ཕ་ཡུལ་དུ་འགྲོ་རན་སོང་།  ང་ཚོ་གནས་སྐབས་ཁྱེད་ཉིད་དང་བྲལ་ནས་འགྲོ་རན་སོང་།  ལོ་ཟླ་ནི་ཕྱིར་མི་ལྡོག་པའི་རྨི་ལམ་ཐེངས་ཤིག་རེད།  མི་ལོ་འདི་དག་གི་ཁྲོད་ཀྱི་ང་ཚོའི་བརྩེ་འཛུམ་དང་སྐྱོ་ཡས་ཀྱི་འཚོ་བ་ཐམས་ཅད་ཀྱང་རྨི་ལམ་ཞིག་རྨིས་པ་དང་འདྲ་ཨང་།

ད་དུང་སློབ་གྲྭའི་ལས་དོན་མཐའ་དག་ལ་ཉིན་མཚན་མེད་པར་ལུས་ཚེགས་སེམས་ཚེགས་མྱོང་ཞིང་།  ངེད་ཅག་ལ་རྒྱ་ཡིག་གི་གཏམ་དཔེ་དང་སྦྱར་ཏེ་མི་ཚེའི་གདམས་ངག་གང་མང་གནང་མྱོང་བའི་སློབ་གཙོ་དགེན་གཅོད་པ་ཚེ་རིང་།  ཞི་དུལ་བག་ཡོད་ཀྱི་རང་གཤིས་ཁྲོད་ནས་སློབ་ཁྲིད་ལ་ཀུ་རེ་དང་དགོད་གཏམ་གྱིས་སྤྲོ་བ་སྩོལ་བའི་དགེ་རྒན་འོད་ཟེར་བཟང་བོ། རྟག་པར་ང་ཚོར་བོད་ཀྱི་ཁྱད་ཆོས་ལྡན་པའི་དེང་རབས་ཤེས་ཡོན་པ་ཞིག་བྱ་དགོས་ཞེས་ཡང་ཡང་གསུང་མཁན་གྱི་དགེ་རྒན་མགོན་པོ་སྐྱབས་དང་། དབྱིན་ཡིག་གི་ཐ་སྙད་རེ་རེས་རང་གི་མི་ཚེའི་བརྒྱུད་རིམ་དང་སྦྱར་ནས་ང་ཚོར་སློབ་གསོ་གཏོང་མཁན་གྱི་དགེ་རྒན་བསམ་འཕེལ་རྡོ་རྗེ།  དེ་མིན་ཆེད་སྦྱོང་སོ་སོའི་དགེ་རྒན་རྣམས་དང་རྭ་རྒྱའི་ས་དམར་ཁྲོད་དུ་མི་ཚེ་གཞན་དོན་དུ་ཟད་པའི་ལས་བཟོ་བ་ཡོངས།  ང་ཚོས་ཁ་ཞེ་གཉིས་མེད་ཀྱིས་ཁྱེད་ཅག་ལ་ཡང་ཡང་བཀའ་དྲིན་ཆེ་ཞུ།  དེ་བཞིན་ང་ཚོས་ཁྱེད་ཅག་གི་དཀའ་སྡུག་དང་འཚམ་པའི་གྲུབ་འབྲས་བཟང་བོ་ཞིག་ལོན་ཐུབ་མེད་པར་དགོངས་དག་ཡང་ཡང་ཞུ།  རེད་དེ།  ང་ཚོས་ཡུལ་དུས་གནས་སྐབས་གང་དུ་ཡིན་རུང་རང་ཉིད་སློབ་གླིང་འདི་ནས་མཐར་ཕྱིན་པ་བརྗེད་མི་སྲིད་ལ།  ཁྱེད་ཅག་གི་བྱམས་བརྩེ་དང་ལྷག་བསམ་ནི་དེ་ལས་ཀྱང་བརྗེད་ག་ལ་སྲིད།  ང་ཚོས་ད་དུང་ཡང་རྩ་སྡོམ་སོགས་བློར་རྒྱུགས་སྤྲད་མ་ཚར་བ་དང་བྲིས་མ་ཚར་བའི་ལས་བྱ་གང་མང་ཞིག་ཆད་ཡོད་མོད།  ང་ཚོས་དེ་དག་ཡོད་ཚད་འུ་ཅག་དགེ་སློབ་རྣམས་སླར་ཡང་མཉམ་འཛོམས་ཡོང་ཞིང་དེ་དུས་ཀྱང་ཐོས་བསམ་གྱི་ལས་ལ་གཞོལ་ཆོག་པའི་རྟེན་འབྲེལ་དུ་བསྒོམས་ཡོད་ལགས།

ང་ཚོ་ཐོག་མར་རྭ་རྒྱའི་ལུང་བ་འདིར་འཛོམས་དུས། དབྱངས་གསལ་སོ་བཞི་ཙམ་ཡང་ཀློག་མི་ཤེས་ལ། རྒྱ་ཡིག་གིས་རང་གི་མིང་ཙམ་ཡང་འབྲི་བར་མི་ནུས། དབྱིན་ཡིག་དང་རྩིས་རིག་ནི་དེ་ལས་ཀྱང་གོ་ཐོས་ཙམ་བྱུང་མེད་མཁན་ཡང་ཡོད།  ང་ཚོ་བོད་མདོ་དབུས་ཁམས་གསུམ་ནས་འདིར་འཛོམས་ཡོང་བས། ཆེས་ཐོག་མར་ཕན་ཚུན་བར་སྐད་ཆའི་གོ་བརྡ་ཙམ་ཡང་འཕྲོད་ཐབས་དཀའ་བའི་ལོ་ཟླ་དག་ད་ལྟ་ད་དུང་དྲན་པའི་ངོགས་ན་གསལ་ལྷང་ངེར་ཡོད།  དང་ཐོག་ང་ཚོས་ཐ་ན་དགེ་རྒན་ལ་དགེ་རྒན་གྱི་འདུ་ཤེས་དང་སློབ་གྲོགས་ལ་སློབ་གྲོགས་ཀྱི་འདུ་ཤེས་ཙམ་ཡང་འཛིན་མི་ཤེས།  ཡིན་ཡང་ཀྱག་ཀྱོག་གི་ལོ་ཟླ་གང་མང་ཞིག་ཕར་ལ་བསྐྱལ་རྗེས་ཀྱི་དེ་རིང་།  ང་ཚོས་རྒྱ་བོད་དབྱིན་གསུམ་གྱི་ཡིག་རིགས་ལ་སྦྱངས་ཤིང་།  མི་གཞི་ཀུན་སྤྱོད་ལེགས་དགོས་པར་ངེས་ཤེས་རྙེད་ལ།  ཁྲེལ་དང་ངོ་ཚ།  དད་གུས་དང་བརྩི་བཀུར་སོགས་བསམ་བློ་དང་ཀུན་སྤྱོད་ཀྱི་ཡོན་ཏན་གང་མང་ཞིག་རྒྱུད་ལ་འབྱོར་ཡོད།  དེ་ལྟར་དགེ་བའི་བཤེས་གཉེན་ཁྱེད་ཅག་གིས་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་པའི་གྲུབ་འབྲས་ལས་ང་ཚོར་ལང་ཚོའི་ཁོ་ལག་རྫོགས་ཤིང་།  ཁྱེད་ཅག་གི་ཐུགས་རྒྱུད་ལས་འཁྲུངས་པའི་ཡོན་ཏན་རྣམས་སྦ་གསང་མེད་པར་གཅིག་གཅིག་གཉིས་གཉིས་ངང་སློབ་བུ་ངེད་ཅག་གི་རྒྱུད་ལ་བཞག་པས་ད་གཟོད་ང་ཚོས་ཀྱང་གདེང་ཚོད་དང་ཡིད་ཆེས་ཀྱིས་ཁེངས་པའི་ལམ་བུ་གསར་བ་ཞིག་རྙེད་ཡོད།  འདི་དག་ཡོད་ཚད་དགེ་རྒན་ཁྱེད་ཅག་གིས་ཐོབ་འོས་པ་མང་བོ་ཞིག་རྒྱབ་ཏུ་བསྐྱུར་ནས་ང་ཚོའི་ཆེད་དུ་ཡོད་ཚད་བློས་བཏང་བའི་འབྲས་བུ་ཡིན།  ཡང་གཅིག་བཤད་ན།  འདི་དག་ཡོད་ཚད་སྐུ་ཚེ་གང་བོ་མི་རིགས་སློབ་གསོའི་ཆེད་དུ་བསྟིམས་པའི་སློབ་གླིང་འདིའི་བྱེད་པོ་དམ་པ་སློབ་དཔོན་འཇིགས་མེད་རྒྱལ་མཚན་སོགས་སློབ་དམ་པ་རྣམས་ཀྱི་སྐུ་དྲིན་ལས་མ་འདས།

        ལྷག་པར་དུ་མི་ལོ་འདི་དག་གི་རིང་ལ་ང་ཚོ་དང་སྐྱིད་སྡུག་མཉམ་ཏུ་གཤིབ་པའི་འཛིན་བདག་དགེ་རྒན་བླ་ནག་པ་སྐལ་ལྡན་རྒྱ་མཚོ་ལགས།  ང་ཚོས་ཁྱེད་རང་འོ་བརྒྱལ་གཏད་པ་མང་དྲགས་སོང་།  ལོ་ངོ་འདི་དག་གི་རིང་ཁྱེད་ཀྱིས་ཁྱིམ་ཚང་གི་དཀའ་སྡུག་ཡོད་ཚད་གདོང་གིས་བསུས་ཏེ་ངེད་ཅག་སློབ་བུ་རེ་རེ་རང་གི་བུ་བཞིན་གཅེས་པར་བསྐྱངས་ལ།  ཁྱེད་ཀྱིས་ཐོབ་འོས་པ་མང་བོ་ཞིག་རྒྱབ་ཏུ་བསྐྱུར་ནས་ང་ཚོའི་ཆེད་དུ་ཉིན་མཚན་ལ་དབྱེ་བ་མེད་པར་དཀའ་ལས་མྱངས་པ་མང་དྲགས་སོང་།  མ་ཟད་སྒྲིག་འགལ་དང་སློབ་བྱོལ་བྱེད་རྒྱུ་ཟེར་བའི་སློབ་བུ་དག་ལ་སེམས་གཏམ་བཤད་ས་ནས་སེམས་གཏམ་བཤད། སློབ་གསོ་གཏོང་ས་ནས་སློབ་གསོ་བཏང་།  ཞུ་བ་བྱེད་ས་ནས་ཞུ་བ་བྱས། མདོར་ན་ཁྱེད་ཀྱིས་ཐབས་བརྒྱ་ཇུས་སྟོང་གིས་ངེད་ཅག་ལ་སློབ་སྦྱོང་གི་ཁོར་ཡུག་སྤྲོད་ཅི་ཐབས་བྱས་ཤིང་། སྐབས་སྐབས་སུ་ཁྱེད་ཀྱིས་རང་གི་མི་ཚེའི་སྐྱིད་སྡུག་ཡོད་ཚད་སྦ་གསང་མེད་པར་ངེད་ཅག་སློབ་བུ་ཚོའི་ཆེད་དུ་བཤད་པ་ང་ཚོས་ག་ལ་བརྗེད་ངེས།  དགེ་རྒན་ལགས། སྐུ་དྲིན་ཆེ། རང་གཤིས་རྒོད་ལ་ཤོར་བའི་སློབ་བུ་ངེད་ཅག་གིས་ཁྱེད་ལ་མནར་གཅོད་གཏོང་བ་མང་དྲགས་སོང་། ཁྱེད་ཀྱིས་ང་ཚོའི་ཆེད་དུ་རང་ལ་མཁོ་བའི་དུས་ཚོད་གང་མང་རྒྱབ་ཏུ་བསྐྱུར་ཏེ་ཉིན་མོའི་ཟས་དང་མཚན་མོའི་གཉིད་ཀྱང་བརྗེད་ནས་སེམས་ཁུར་གྱི་གདུང་བ་ཅི་ཙམ་མྱང་བ་ང་ཚོས་ཤེས་ཡོད།  དགེ་རྒན་ལགས། ཁྱེད་ཀྱིས་ནམ་ཡང་ང་ཚོར་ལེ་བདའ་དང་རང་གི་དཀའ་སྡུག་གང་ཡང་བཤད་མ་མྱོང་ནའང་།  ཁྱེད་ཀྱི་སྐུ་གཟུགས་དང་ཞལ་རས་ལས་རྔུལ་ཆུས་བསྐྲུན་པའི་ལོ་ཟླ་ཞིག་གི་འཁོར་སྐྱོད་གསལ་ལེར་ཤེས་ཐུབ།   དེ་བས་ངེད་ཅག་གིས་ཁྱེད་ལ་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ་བ་ཡིན།  དགེ་རྒན་ལགས།  སང་ཉིན་ནངས་མོ་ནས་བཟུང་ང་ཚོ་གནས་སྐབས་རིང་སོ་སོར་འབྲལ་དགོས་ནའང་།   ཁྱེད་ནི་དུས་ནམ་ཡང་ངེད་ཅག་གི་འཛིན་བདག་དགེ་རྒན་ཡིན།  

     སྙིང་ཉེ་བའི་སློབ་གྲོགས་ཚོ།  དུས་ཚོད་ཀྱི་ཐག་སྒྲའི་བར་ནས་ད་ནི་ང་ཚོའང་མཐར་ཕྱིན་རན་སོང་། དེ་བས་ཐོག་མར་ང་ཚོས་རང་ཉིད་མཐར་ཕྱིན་ཐུབ་པར་རྟེན་འབྲེལ་ཞུ་འོས་ཏེ།  ང་ཚོས་མི་ལོ་དུ་མའི་སློབ་སྦྱོང་གི་བརྒྱུད་རིམ་ལས་ཕྱི་ནང་གི་ཡོན་ཏན་ཅུང་ཙམ་འབྱོར་ཡོད་ལ།  ལྷག་པར་ཏུ་གནས་འདི་ནས་མི་གཞི་དང་དད་གུས་སོགས་གསེར་ལས་ལྷག་པའི་ཐ་སྙད་གང་མང་ཞིག་ལ་ངེས་ཤེས་རྙེད་ཅིང་།  སློབ་སྦྱོང་གི་ཐེམ་སྐས་གཅིག་ལ་འཛེགས་པའི་བརྒྱུད་རིམ་མཚོན་ཀྱིན་ཡོད། ཡང་གཅིག་བཤད་ན།  ད་ནི་ང་ཚོར་ཡུན་རིང་གོམས་ཤིང་འདྲིས་པའི་མ་ཡུམ་སློབ་གླིང་འདི་དང་དེའི་འགྲམ་རྒྱུད་ན་ལྷུང་ལྷུང་བཞུར་བའི་རྨ་ཆུ།  ལྷུན་ཆགས་གེར་གནས་པའི་རྒྱབ་རི་ཨ་མྱེ་ཁྱུང་མགོན།  ད་རུང་དགའ་སྐྱོའི་གཏམ་རྒྱུད་མོད་པའི་སློབ་ཁང་གྲུ་བཞི་དང་དེའི་གྲུ་ཟུར་རེ་ན་རྩེད་དགོད་ཀྱིས་འཛུམ་པའི་སློབ་གྲོགས་དག་དང་གྱེས་རན་སོང་།  ཡིན་ནའང་།  སློབ་གྲོགས་ཚོ།  ང་ཚོའི་འདས་སོང་གི་ལོ་ཟླའི་ཁྲོད་ན་ད་དུང་བརྗེད་དཀའ་བའི་གཏམ་རྒྱུད་མང་བོ་ཞིག་ཡོད་དེ། མི་ལོ་འདི་དག་གི་རིང་སྐྱ་རེངས་ཐོག་མ་དཔེ་ཀློག་གིས་བསུས་ཤིང་ས་སྲོད་སྐྱོར་སྦྱང་གིས་བསྡུས་པའི་སློབ་སྦྱོང་གི་འཚོ་བ་ཞིག་དང་། རྣམ་དཔྱོད་ཀྱི་བློ་རིག་མྱུར་བའི་ཤེས་རིག་འགྲན་གླེང་དང་།  རིག་པའི་བློ་མིག་རྒྱས་སའི་འགྲན་བསྡུར་སྣ་ཚོགས།  སྒྱུ་རྩལ་ཉམས་དགུའི་ཕྱུག་པའི་རིག་རྩལ་ལེ་ཚན། རྩལ་དྲུག་ཅི་ཡོད་ངོམ་སའི་ལུས་རྩལ་འགྲན་ཚོགས་སོགས་ལས་རྒྱལ་ཁའི་གཟེངས་དར་བསྒྲེངས་པའི་ལོ་ཟླ་དང་།  རིང་ཐུང་མི་མཉམ་པའི་ལྕགས་ཁེམ་དང་ཆེ་ཆུང་མི་གཅིག་འགྱིག་ཁུག་དེ་དག་ལག་ཏུ་ཐོགས་པའི་ངལ་རྩོལ་དང་།  འགྲོས་མི་མཉམ་པའི་དབྱངས་རྟ་གཅིག་ཐུན་མོང་གིས་ལེན་པའི་བརྗེད་དཀའ་བའི་ལོ་ཟླ།  ད་དུང་ལུས་ཡོངས་བརླན་པའི་ཆུ་རྩེད་དང་ལག་ཟུང་འདར་བའི་ཁང་རྩེད། མི་སེམས་སྒུལ་བའི་དགོད་གཏམ་སོགས་རྩེད་མོ་ཡི་ལོ་ཟླ། གཞན་ད་དུང་རྩ་སྡོམ་འཁྲི་ཤིང་འོག་གི་བློར་འཛིན་དང་ལྒང་རྩེད་ཐང་གི་རྩོད་པ་སོགས་མདོར་ན་བརྗེད་དཀའ་ལ་དྲན་སླ་བའི་མཛེས་སྡུག་གི་ལོ་ཟླ་དང་ལོ་ཟླ་དེ་དག་གིས་བཞག་པའི་གཏམ་རྒྱུད་རེ་རེ་ནི་མི་ཚེའི་དྲན་ཤིང་དུ་བཞག་ཆོག་ཆོག་ལོས་ཡིན།  སློབ་གྲོགས་ཚོ། ང་ཚོས་པྲ་ཆལ་བྱེད་མྱོང་ལ།  ང་ཚོས་སྒྲིག་འགལ་ཡང་བྱེད་མྱོང་།  ང་ཚོས་ལེ་ལོ་བྱེད་མྱོང་ལ།  ང་ཚོས་བརྩོན་འགྲུས་ཀྱང་བསྐྱེད་མྱོང་། ཕྱིར་འདང་ཞིག་བརྒྱབ་ཚེ།  མི་ལོ་དྲུག་གི་ལོ་ཟླ་ནི་མིག་རྡེབ་ཡུན་ཙམ་དུ་འདི་ལྟར་ཆས་སོང་ལ།  མཐར་ཕྱིན་ཞེས་ཀུན་གྱིས་སྨོན་ཞིང་ཐུན་མོང་གིས་རེ་ལ།  དང་ཐོག་ང་ཚོ་དང་ཁ་ཐག་ཧ་ཅང་རིང་བར་སྙམ་ལ་ཉིན་ཞག་རེ་རེ་ནི་ཧ་ཅང་འགྲོས་དལ་བར་སྙམ།  ཡིན་ཡང་ད་ནི་གྲ་སྒྲིག་ཅི་ཡང་མེད་པར་ང་ཚོ་སློབ་མཐར་ཕྱིན་རན་པའི་དུས་ལ་ཐོན་འདུག   རྒྱལ་ཁའི་ངང་སློབ་མཐར་ཕྱིན་རྒྱུ་དེའང་ཚ་ཚོར་མཚོན་ན་གཟི་བརྗིད་ཅིག་ཅི་ལ་མིན།   ད་ལོ་སློབ་གྲོགས་མཐོང་དགའ་ན་དུས་དགེ་སློབ་ཚང་མས་ཕ་མ་ཞིག་ལྟར་གཉོར་ལྟ་བུ་གཏན་རྒྱུད་ཧ་ཅང་མང་།  མཐར་ཕྱིན་ཁ་སློབ་གྲོགས་ཕྱོགས་གླེང་གིས་མཐར་ཕྱིན་ལེགས་རྟགས་མེད་ཀི་ཟེར་ནས་ཡུལ་བ་སོང་དུས།  ང་ཚོས་ཕྱིར་ཁྲིད་ཡོང་ནས་སློབ་གྲོགས་ཚང་མས་ཁ་བཏག་འཐེན་ནས་བསུ་བ་བྱས་པ་ཡིན།   སློབ་གྲོགས་ཚོ།  ད་ནི་འཛིན་དཔོན་ཟེར་ནས་གཟའ་མཇུག་སྦྱི་སྡོམ་བྱེད་མཁན་ཞིག་དང་།   སྒྲིག་འཛིན་པ་ཟེར་བས་ཁྱེད་ཚོའི་བྱ་སྦྱོད་ལ་བདག་པོ་རྒྱག་མཁན་ཞིག་མེད་པས།    ཁྱེད་ཚོ་ཅིའི་ཕྱིར་མི་སྐྱོའང་།  ད་ནི་གཟའ་མཇུག་བློར་བཟུང་བཅུག་མཁན་ཞིག་མེད་ལ།  ཁ་པར་ལག་ནས་ལེན་མཁན་ཞིག་ཀྱང་མེད་པས།  ཁྱེད་ཚོས་སློབ་སྦྱོང་ཅི་ལྟར་བྱེད་ཨང་།   འདི་ལྟར་བསམ་བློ་བཏང་དུས།  རྭ་རྒྱའི་སློབ་གྲོགས་རེ་རེ་ནི་ཁྱོད་ཀྱི་སློབ་སྦྱོང་ལ་མཐུན་རྐྱེན་བསྐྲུན་མཁན་གྱི་མི་བུ་རེ་རེ་ཅི་ལ་མིན།   སྙིང་ཉེ་བའི་མ་ཡུལ་སློབ་གྲོགས་ཚོ།  ཁྱེད་ཚོས་ང་ཚོ་མིག་དཔེར་མི་འོས།   ཁྱེད་ཚོས་བྱམས་བརྩེ་ལྡན་པའི་སློབ་དཔོན་རྣམ་དང་སློབ་སྦྱོང་བཟང་བའི་སློབ་གྲོགས་ཚོར་མིག་དཔེར་བཟུང་ནས།   མ་ཡུམ་སློབ་གྲྭའི་ལ་རྒྱ་འཛིན་རོགས།   དགོད་གཏམ་དང་སེམས་གཏམ་གང་མང་ཞིག་ད་དུང་བཤད་འཕྲོར་ལྷག་ཡོད་རུང་ད་ནི་ལས་ཀྱི་དབང་གིས་སྙིང་ཉེ་བའི་སློབ་གྲོགས་ཁྱེད་ཚོ་དང་གྱེས་ཕྱག་མི་འབུལ་ཀ་མེད་བྱུང་།

   སྙིང་ཉེ་བའི་ཕུ་ནུ་བརྒྱད་ཅུ།  ད་ནི་ང་ཚོ་རང་རང་གི་ལམ་ལ་ཆས་རན།  སྐྱོ་གདུང་གི་མིག་ཆུ་གཏོང་བཞིན་རང་རང་གི་ལམ་ལ་ཆས་རན།  སྙིང་ཉེ་བའི་ཕུ་ནུ་བརྒྱད་ཅུ། ཡིད་འོང་འོང་གི་ལོ་ཟླ་འདི་དག་གི་ནང་འུ་ཅག་གིས་གཏན་དུ་བརྗོད་མི་ཚར་བའི་གཏམ་རྒྱུད་ཅིག་བཞེངས་སྐྲུན་བྱས་ཡོད།  གཏམ་རྒྱུད་དེ་དག་རེ་རེ་ནི་ང་ཚོ་གང་དུ་ཆས་ཀྱང་།  ང་ཚོའི་མ་ཡུམ་སློབ་གླིང་དུ་སྔར་བཞིན་གནས་ཤིང་།    མཛད་འཕྲིན་ཕྱོགས་མཐར་རྒྱས་ངེས་ཡིན།    

     མཐར་སློབ་དཔོན་རྣམ་པར་དྲིན་བཟོའི་སྐྱེས་ཀྱི་མཚོན་བྱེད་དུ་ལེགས་སྐྱེས་ཉུང་ཙམ་རེ་དང་།   མཐར་ཕྱིན་ཆེད་རྩོམ་གྱི་དེབ་ཕྲེང་ཆ་ཚང་རེ།    དེ་བཞིན་འཛིན་གྲྭ་སོ་སོར་མཐར་ཕྱིན་དེབ་ཆ་ཚང་རེ་དང་ལེགས་སྐྱེས་ཆུང་ཆུང་རེ།  ད་དུང་སློབ་གྲྭའི་སྤྱི་འཇོག་ལ་སྒྲ་བསྒྱུར་དཔེ་མཛོད་གླིང་དུ་འཛིན་གྲྭ་གཉིས་ཀྱིས་མཉམ་དུ་དཔེ་དེབ་སྒོར་ཆིག་ཁྲི་ལྔ་སྟོང་ལྷག་གི་རིན་པ་བཅས་ཕུལ་བ་ལགས།

    མཐར་སློབ་དཔོན་རྣམ་པའི་ཞབས་པད་བརྟན་ཅིང་མཛད་འཕྲིན་རྒྱས་པ་དང་།    སློབ་གྲོགས་ཡོངས་ཀྱི་བསམ་དོན་ཆོས་བཞིན་འགྲུབ་པའི་སྨོན་འདུན་སྙིང་ནས་ཞུ་བ་ལགས།     བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག །


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 30s7 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  མཐར་ཕྱིན་ཁའི་ཞུ་མཆིད།   སྤེལ་མཁན།: དྷཱི སྤེལ་དུས:2020/7/14
བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་ཤོག 🙏🌎🙏🌎🙏🌎
  མཐར་ཕྱིན་ཁའི་ཞུ་མཆིད།   སྤེལ་མཁན།: གངས་རྩེན། སྤེལ་དུས:2020/7/11
སློབ་དཔོན་འཇིགས་མེད་རྒྱལ་མཚན་གཙོས་དགེ་སློབ་ཚང་མར་བཀྲ་ཤིས་བདེ་ལེགས་ཞུ།རང་ཅག་གི་རླབས་ཆེན་གྱི་བྱ་གཞག་འདི་ལ་ཕྱི་ནང་གང་གི་བགེགས་བར་ཆད་ཀྱིས་ནམ་ཡང་མི་འཚེ་ཞིང་། ཐུགས་བཞེད་འབད་མེད་ལྷུན་གྱིས་འགྲུབ་པར་ཤོག།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23522510
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།