ཤ་ཚའི་གཏམ་སྙན།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་གླིང་གསར་འགྱུར། »ཤ་ཚའི་གཏམ་སྙན།
ཤ་ཚའི་གཏམ་སྙན།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2020-07-09ལྟ་ཀློག (4150)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཤ་ཚའི་གཏམ་སྙན།

—༢༠༢༠ལོའི་མཐར་ཕྱིན་སློབ་བུ་ཚོར་བྲིས་པ།

བླ་ནག་པ་སྐལ་ལྡན་རྒྱ་མཚོ།


      སྙིང་ཉེ་བའི་སློབ་བུ་ཚོ།“ཤ་ཚ་བའི་གཏམ་ལ་སྙན་མོ་མེད་”ཅེས་པའི་དཔེ་བཞིན་ངས་དེ་རིང་བར་ཁྱེད་ཅག་ལ་སྐད་ཆ་སྙན་མོ་ཚིག་གཅིག་ཀྱང་བཤད་མ་མྱོང་བ་འདྲ།“བཟང་བོར་བཟང་ཞེས་མ་བསྟད་ན་བཟང་བོ་ཁོ་ཆད་”ཅེས་ཀྱང་ཟེར་བས།ངས་དེ་རིང་ཁྱེད་ཅག་ལ་ཆེད་དུ་སྐད་ཆ་སྙན་མོ་འགའ་ཞིག་བཤད་འདོད་བྱུང་། ཡིན་ནའང་དེ་ནི་ངའི་སེམས་གཏམ་ངོ་མ་དེ་ཉིད་ཕྱིར་ཤོར་བ་ལས་ངས་ཁ་ཡག་གཏན་ནས་བཤད་མི་སྲིད་པ་ཁྱེད་ཅག་གིས་ཀྱང་ཤེས་སྲིད།

སློབ་བུ་ཚོ། ང་ཚོ་ལས་དབང་དང་རྟེན་འབྲེལ་གྱིས་ཤེས་རིག་གི་གླིང་ག་འདིར་འཛོམས་ཤིང་། རིང་རྒྱུ་ཐུང་རྒྱུ་མེད་པའི་ལོ་ངོ་དྲུག་གི་ཡུན་ལ་སློབ་དཔོན་དམ་པ་རྣམས་ཀྱི་བྱམས་བརྩེའི་དྲོད་ངོགས་ནས་མཉམ་དུ་ཕུགས་བསམ་གྱི་དག་ཞིང་ལ་སྨོན་པའི་གོམ་སྟབས་བསྒྱུར་བ་རེད། ལོ་ངོ་འདི་དག་གི་རིང་ལ་ཁྱེད་ཅག་གིས་དད་བརྩོན་གྱི་གཤོག་ཟུང་ལྷོད་པ་མེད་པར་མཁས་མཛངས་གཉིས་ལྡན་གྱི་སློབ་དཔོན་དམ་པ་ཁོང་ཚོའི་མདུན་ནས་ཤེས་རིག་གི་འོ་ཞོ་འཐུང་སྟེ་རྣམ་དཔྱོད་ཀྱི་འཕུར་རྩལ་རྫོགས་པ་རེད། དེ་བས། དགེ་མིང་ཙམ་འཛིན་པ་ཁོ་བོར་ཤེས་འཇོན་གཉིས་ཐད་ནས་ཁྱེད་ཅག་སྐྱོང་བའི་ནུས་པ་ཤིན་ཏུ་ཞན་སྟབས། ཁྱེད་ཅག་ལ་ཐོབ་པའི་ཤེས་རིག་གི་ནོར་བུ་དེ་དག་ནི་སློབ་དཔོན་དམ་པ་རྣམ་པའི་བཀའ་དྲིན་དང་ཁྱེད་ཅག་རང་རང་གི་འབད་བརྩོན་གྱི་འབྲས་བུ་ཡིན་པ་ལས། ངས་ནི་ཁྱེད་ཅག་ལ་བློ་སྐྱེད་ཅི་ཡང་སྟེར་ཐུབ་མེད་པ་རང་གིས་གསལ་བོར་ཤེས་ཡོད། ཐ་ན་དེ་རིང་ཁྱེད་ཅག་ཉེ་ཞོ་ཅི་ཡང་མ་བྱུང་བར་བདེ་འཇགས་ཀྱིས་རང་རང་གི་ཕ་མ་དང་ཁྱིམ་བདག་ལ་འཕྲོད་སོང་བ་འདི་ཡང་། འཛིན་དཔོན་གྲལ་དཔོན་དང་སྒྲིག་འཛིན་པ་ཡོངས་ཀྱི་རམ་འདེགས་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པའི་བཀའ་དྲིན་ནམ་ཡང་བརྗེད་མི་རུང་ཞིང་ཐུགས་རྗེ་ཆེ་ཡང་ཡང་ཞུ་འོས་པ་ཡིན།

ཉིན་འདི་དག་ལ་ངས་ཁྱེད་ཅག་གི་མཐར་ཕྱིན་ཆེད་རྩོམ་ལ་བལྟས་ནས་ཡིད་དགའ་ཞིང་ཚིམས་ལ། གྱེས་ཚིག་གི་ལྷུག་རྩོམ་དག་ལ་བལྟས་ནས་སེམས་སྐྱོ་ཞིང་ཡིད་འགུལ་ཐེབས་བྱུང་། རྒྱུ་མཚན་ནི་མཐར་ཕྱིན་ཆེད་རྩོམ་གྱིས་ཁྱེད་ཅག་གི་རྣམ་དཔྱོད་དང་ཤེས་ཡོན་མཚོན་ལ། གྱེས་ཁའི་སྙིང་གཏམ་གྱིས་ཁྱེད་ཅག་གི་བརྩེ་བ་དང་ཁྲེལ་གཞུང་བསྟན་ཡོད་པས། མུ་མཐུད་དུ་སློབ་སྦྱོང་གི་ལམ་ཁ་མ་དོར་བར་ཤེས་བྱའི་རྒྱ་མཚོར་འཇུག་རྒྱུ་དང་། བརྩེ་བ་དང་ཕྱི་ཐག་གི་དར་དཀར་མུ་ནས་མུ་རུ་བརྐྱང་རྒྱུ་ནི་རང་རེའི་དགེ་རྒན་ཐུན་མོང་གི་རེ་བ་ཉག་གཅིག་ཡིན་པས་སེམས་ལ་འཛིན་རོགས།

སློབ་བུ་ཁྱེད་ཚོ་མཐར་ཕྱིན་ལ་ཉེ་བའི་སྐབས་འདིར། ངས་འདས་ཟིན་པའི་ལོ་ཟླ་དེ་དག་ལ་ཕྱིར་དྲན་རེ་བྱས་ཚེ། ང་ཚོས་མཉམ་དུ་དགའ་བའི་སྤྲོ་སྟོན་ལ་རོལ་ཅིང་། དཀའ་སྡུག་གིས་སློབ་སྦྱོང་ལ་འབད་བརྩོན་བྱས་ནས་རྒྱལ་ཁའི་གླུ་དབྱངས་ལེན་མྱོང་ལ་སྐྱོ་བའི་དབུགས་རིང་ཡང་འབྱིན་མྱོང་ཡོད་ཨང་། དེ་ལྟར་ང་ཚོས་བཟོད་བསྲན་དང་ཨུ་ཚུགས་ཀྱིས་ཡོད་ཚད་ལ་གདོང་ལེན་བྱས་ནས་དེ་རིང་གི་ཉིན་མོ་འདི་བསུ་ཐུབ་སོང་བས།ད་ལྟ་བསམས་ན་དེ་དག་ཡོད་ཚད་མཛེས་སྡུག་གི་གཏམ་རྒྱུད་དང་ཞིམ་མངར་གྱི་ཕྱིར་དྲན་རྐྱང་རྐྱང་མ་ཡིན་ནམ།

ཁྱེད་ཅག་གི་ལྷད་མེད་དང་གཙང་གི་སེམས་པས་ང་རང་བརྩེ་བའི་ཞིང་ཁམས་སུ་བསྐྱལ་ཅིང་། ཁྱེད་ཅག་གི་ལྷག་བསམ་རྣམ་པར་དག་པའི་ལུས་ངག་གི་སྤྱོད་པས་ང་ལ་ཚད་མེད་པའི་ཡིད་འགུལ་དང་སེམས་ཤུགས་བྱིན་ཏེ། ངའི་སྒེར་གྱི་འཚོ་བར་དཀའ་ཁག་དང་གོད་ཆག་ཅི་ཙམ་བྱུང་ཡང་། ང་ནི་དེ་རིང་བར་དགེ་རྒན་གྱི་ལས་གནས་སུ་བརྟན་པོར་འགྲེང་སྟེ་སྡོད་ཐུབ་པར་གྱུར་བ་རེད། ངས་ནི་དེ་ལྟར་འགན་འཁྲི་ལྕི་མོ་འདི་མི་ཐེག་བཞིན་དུ་ཁུར་ནས་དེ་རིང་བར་ཡོང་ཐུབ་སོང་བ་འདིའང། གཅིག་བྱས་ན་འུ་ཅག་གི་བར་དུ་འབྲལ་དཀའ་བའི་ཚེ་རབས་ཀྱི་ལས་འབྲེལ་དང་སྨོན་པས་སྦྲེལ་ཡོད་པས་ཡིན་སྲིད།

བོད་ཀྱི་ཁ་དཔེར་“ཤ་ཚ་ས་བོ་དེར་ཅིག་བཤད་འཇོགནད་ཐུ་ས་བོ་དེར་ཅིག་རེག་འཇོག་”ཅེས་ཟེར་བ་བཞིན། ངས་ནི་ནམ་རྒྱུན་ཁྱེད་ཅག་ལ་སྡིག་མོལ་དང་སློབ་གསོ་ནན་མོ་བཏང་ཞིང་། ཆད་པ་ལྕི་ཡང་སྣ་ཚོགས་བཅད་པ་ནི་ཕར་དེད་ན་ཁྱེད་ཅག་ལ་ཤ་ཚ་སྙིང་ཉེ་དྲགས་པས་ཡིན་མོད། དེ་རིང་ཁྱེད་ཅག་མཐར་ཕྱིན་ཁའི་ངོ་གདོང་སྙིང་ཉེ་བ་དག་མཐོང་ཚེ་ང་ལ་རང་དབང་མེད་པར་འགྱོད་པ་ཕྲན་བུ་རེ་སྐྱེས་ཤིང་། སེམས་ལ་སྐྱུར་ཤ་ལངས་ཏེ་མིག་མཐར་མཆི་མའང་འཁྲིགས་མོད། བསམ་བློ་ཞིབ་མོར་བཏང་ན། ང་ལ་དེ་དག་ལས་ལྷག་པའི་སློབ་གསོ་དང་ཤེས་ཡོན་ཞིག་ཁྱེད་ཅག་ལ་སྟེར་རྒྱུ་མེད་པས།ང་ཡི་སེམས་པ་དག་ཅིང་ཁྱེད་ཅག་གི་དུངས་པ་ཟབ་ན། དེས་ཀྱང་ནམ་ཞིག་ཁྱེད་ཅག་ལ་ཕན་རེ་ཐོགས་སྲིད་སྙམ།

     མཐར་ཁྱེད་ཅག་གནས་གང་དུ་སོང་ཡང་རང་གཞན་སེམས་ཅན་ཡོངས་ལ་སྨན་པའི་དོན་བཟང་རེ་བསྒྲུབ་ཐུབ་ཚེ། རང་ཅག་གི་སློབ་དཔོན་རྣམ་པའི་དཀའ་སྡུག་ལ་གྲུབ་འབྲས་བྱུང་བ་ཡིན་ལ། རང་གཞན་སུ་ལའང་གནོད་པའི་སྦྱོར་བ་མི་རྩོམ་པ་དང་རང་རིགས་ལ་ཞབས་འདྲེན་འདྲ་མ་བྱས་ཚེ། ཁོང་རྣམ་པར་དྲིན་བཟོ་ཡང་དེ་ལས་ལྷག་པ་ཅི་ཡང་མེད་པས། ངས་འདིར་དགེ་རྒན་དང་ལས་བཟོ་བ་ཡོངས་ཀྱི་ཚབ་བྱས་ཏེ་ཁྱེད་ཅག་མ་འོངས་པར་བྱ་བ་དང་དོན་དག་གང་ལ་འཕྲད་ཀྱང་དད་པ་དང་དམ་ཚིག་མི་འགྱུར་ཞིང་། རང་རང་གི་མི་གཞི་ཀུན་སྤྱོད་ལེགས་པའི་ལམ་དུ་སོང་སྟེ་རང་བདེ་གཞན་སྐྱིད་ཀྱི་འཚོ་བར་རོལ་ཅིང་། ཅི་བསམས་གང་བསྒྲུབས་ཐམས་ཅད་ཆོས་བཞིན་འགྲུབ་པའི་སྨོན་ལམ་སྙིང་ནས་འདེབས་སོ།།

ཞེས་སྤྱི་ལོ་༢༠༢༠ལོའི་ཟླ་༦ཚེས་༡༣ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་སྦྱར་བའོ།།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། xum1 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23499481
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།