བརྩེ་བར་བརྒྱུས་པའི་ལོ་ཟླ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» འོས་སྦྱོར་གླིང་། »བརྩེ་བར་བརྒྱུས་པའི་ལོ་ཟླ།
བརྩེ་བར་བརྒྱུས་པའི་ལོ་ཟླ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2020-07-08ལྟ་ཀློག (5891)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


བརྩེ་བར་བརྒྱུས་པའི་ལོ་ཟླ།

དོན་གྲུབ་རྒྱལ།༼ཅོ་ནེ  ༽

 

སྙིང་ནས་བརྩེ་བའི་སློབ་གྲོགས་ཚོ། ཐོག་མར་ཁྱེད་ཅག་ལ་རྟེན་འབྲེལ་ཞུ།

ལོ་ཟླ་ནི་ལྡོག་མེད་ཀྱི་གཙང་བོ་བཞིན་འདི་ལྟར་རྒྱང་ནས་རྒྱང་དུ་ཆས་པས་ད་ནི་ངེད་ཅག་སློབ་གླིང་འདི་དང་གནས་སྐབས་ཁ་འབྲལ་དགོས་པའི་དུས་སུ་བསླེབས།ངས་ནི་གློ་བུར་དུ་རྒྱའི་ལྷུག་རྩོམ་ཞིག་ཏུ་ཡོད་པའི་གྱེས་བྲལ་གྱི་གདུང་གླུ་དེ་ཡིད་ལ་འཁོར་བྱུང་།

“ཡིད་ཀྱི་གནའ་ལམ་རིང་མོའི་འགྲམ་རྒྱུད་དུ།།

ནེའུ་གསེང་གཡུ་ཡི་མཎྜལ་ཅི་འདྲའི་མཛེས།།

དེང་འདིར་བྲལ་བས་ག་དུས་སླར་ཡང་འཛོམས།།

འཛོམ་ཚེ་ཐུགས་ཁྲལ་སྐྱོ་སྐྱོ་མ་གནང་རོགས།།

འདི་ནས་རྒྱང་རིང་གནམ་མཐའི་མཚམས་ལ་ནི།།

ང་ཡི་བློས་ཐུབ་ཕལ་ཆེར་ཁེར་ཧྲེང་ལུས།།

ཚེ་འདིར་མཛའ་བཤེས་བྲལ་བའི་གདུང་བ་ལས།།

མཉམ་དུ་འཛོམས་པའི་ལས་སྐལ་ཅི་འདྲའི་ཉུང་།། ”

བྲེལ་འཚུབ་ཀྱིས་བསྐྱལ་བའི་མི་ལོ་འདི་དག་ནི་ང་ཚོའི་སེམས་སུ་ཕབ་པའི་ཡལ་མེད་ཀྱི་ཁ་དོག་དང་བརྗེད་མེད་ཀྱི་བག་ཆགས་ཡིན།བག་ཆགས་འདི་ནི་བརྩེ་བ་དང་ཁྲེལ་གཞུང་།ཕྱི་ཐག་གིས་བྲིས་པའི་ལོ་ཟླའི་བརྗེད་བྱང་ཡིན་ལ་སེམས་པའི་ཕྱི་ནང་ཡིན།

འདས་སོང་གི་ལོ་ཟླར་ཕྱིར་མིག་རེ་བལྟས་ཚེ་མི་ལོ་དྲུག་གི་ཡར་སྔོན་གྱི་ལོ་དེར་ངས་ནི་དམ་བཅའ་དང་ཕུགས་བསམ་གང་རུང་ལ་བསྙད་པའི་ཐ་སྙད་མང་བོ་རྡོག་ཁྲེས་སུ་ཁུར་ཏེ་གཞོན་པའི་སྣང་བ་དང་བཅས་ཡུལ་ལུང་འདིར་འབྱོར་ཞིང་དགེ་རྒན་ཞེས་པའི་སྐྱེ་བ་ཐོག་མར་བླངས་ཏེ་ཁྱེད་ཅག་གསར་དུ་ངོ་ཤེས་པ་ཡིན།སྐབས་དེར་ང་ཡང་ད་ལྟའི་ཁྱེད་ཅག་ལྟ་བུའི་འདང་རྒྱག་མི་ཤེས་པའི་གཞོན་པ་སྣང་འགྲོ་ཞིག་ཡིན་པ་ད་ལྟ་བསམ་ན་དུས་ཚོད་ནི་མི་ལ་འགྱུར་བ་གཏོང་བྱེད་ཀྱི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་པ་རྟོགས་ཐུབ།མི་ལོ་དྲུག་ནི་ཕར་འཁོར་ཚུར་འཁོར་བར་ནས་ཟད་པའི་ཉིན་ཞག་ཁ་ཤས་དང་འདྲ་བར་གློ་བུར་དུ་འབྲལ་དགོས་ཞེ་ན་ཅི་ཞིག་གླེང་དགོས་པའང་མི་ཤེས་པ་ལྟ་བུ་ཞིག་རེད།

དེ་ཡང་ཡིན་ཏེ། ངའི་སེམས་ཀྱི་ཕྱི་ནང་བར་གསུམ་གང་དུ་ཉུལ་ཡང་ཁྱེད་ཚོར་བཤད་མ་མྱོང་བའི་གཏམ་གསར་བ་ཅི་ཡང་མེད་པ་འདྲ་ལ་ཅི་ཡང་བཤད་མ་བཏུབ་པར་འཕྲོ་ཅན་དུ་ལུས་པའི་སྐད་ཆ་མང་དག་ཅིག་ཡོད་པའི་སེམས་ཁྲལ་ཞིག་ཀྱང་འདུགཉེ་བའི་ལོ་ངོ་འདི་དག་ལ་ངའི་ལང་ཚོ་དང་གཞོན་དུས་ཀྱི་ཆེས་རིན་ཐང་ལྡན་པའི་དུས་ཚོད་མང་བོ་ཤོར་ཟིན་ན་ཡང་འགྱོད་པ་ཞེས་པའི་ཡིག་འབྲུ་དེ་གཉིས་གཞར་ཡང་ཡིད་ལ་འཁོར་མྱོང་མེད།མི་ཚེ་འདིར་འཁོར་བ་དང་སྤྱི་ཚོགས་ཀྱི་ཟ་ཟུར་མང་བོ་ནས་བཙུར་ཡོང་ཚེ་རང་གི་འདོད་པ་བཞིན་བགྱི་བའི་གོ་སྐབས་ཤིན་ཏུ་ཕྲ་ནའང་སྔོན་སྨོན་གྱི་ལས་སྐལ་བཟང་བོས་ཁྱེད་ཅག་དང་འཕྲད་ཅིང་དགེ་སློབ་ཀྱི་དམ་ཚིག་ཟབ་མོས་ལས་དབང་གི་ཕྲེང་ཐག་གཅིག་ལ་བརྒྱུས་པའི་མི་ལོ་འདི་དག་ནི་ཚེ་འདིར་རང་གིས་བདམས་པའི་ལམ་ཀ་མ་ནོར་བ་གཅིག་པུ་དེར་ངོས་འཛིན་གྱིན་ཡོད།

སློབ་གཉེར་གྱི་ལམ་ཁ་རིང་མོ་འདིར་ང་ཚོ་སུ་ལའང་སུན་སྣང་དང་གདུང་སེམས།ཡིད་མུག་གི་ཚོར་སྣང་མང་དུ་སྐྱེས་མྱོང་ཞིང་། དཀའ་ངལ་དང་བར་ཆད་རེ་རེ་དགའ་བས་དང་དུ་བླངས་ཏེ་མཚམས་འདིར་བསླེབས་དུས་ངས་ལམ་གྱི་དཀའ་སྡུག་རེ་རེ་ནི་རང་གི་བློ་སྦྱོང་དང་བསླབ་བྱར་སྒོམ་གྱིན་ཡོད།ཁྱེད་ཅག་གིས་ཀྱང་དེ་བཞིན་བསམ་ཐུབ་པར་རེ་བ་དང་ཡིད་ཆེས་བྱེད་ཀྱིན་ཡོད། མ་གཞིར་མི་ནི་དཀའ་སྡུག་དང་འགལ་རྐྱེན་སྣ་ཚོགས་ཀྱིས་བཙོ་སྦྱོང་བྱེད་དགོས་པས་སོ།།

མི་ལོ་དྲུག་གི་འགྲོགས་འདྲིས་དང་ད་ལྟའི་རང་ཉིད་ལ་སྤྱི་སྡོམ་བྱས་ཏེ་ཞིབ་ཏུ་བསམ་ན་ཁྱེད་ཅག་ནི་ད་གཟོད་ངའི་དགེ་རྒན་ཡིན་པ་འདྲསྟེ།ཁྱེད་ཅག་ལས་ངས་དགེ་རྒན་ཞེས་པའི་ཡིག་འབྲུ་འདི་གཉིས་ཀྱི་ལྗིད་ཚད་རྟོགས་ཤིང་སློབ་ཁྲིད་དང་དཔེ་ཀློག་གི་རྒྱུན་མ་ལྷོད་པར་བསྟེན་དགོས་པའི་དྲན་ཤེས་རྙེད།ནམ་རྒྱུན་ངལ་བ་དང་སུན་སྣང་གིས་གཙེ་སྐབས་ཁྱེད་ཅག་ཁོ་ནར་ཡོད་པའི་དྭངས་གཙང་གི་འཛུམ་མདངས་རེ་རེ་མཐོང་ཚེ་ཡིད་ཀྱི་ངལ་བ་དང་སྐྱོ་བ་སངས་འགྲོ་ལ་གནས་འདིར་ཡོང་བའི་ཐོག་མའི་དམ་བཅའ་དང་དམ་པ་གང་གི་ཐུགས་བསྐྱེད་གང་ཡིན་ཡིད་ལ་བརྣག་དགོས་པར་དྲན་སྐུལ་བྱེད་ཐུབ།

སྙིང་ནས་བརྩེ་བའི་སློབ་གྲོགས་རྣམ་པ། ད་ནི་ངས་སེམས་ལྷོད་ལ་བབས་ཏེ་ངལ་གསོ་ཐེངས་གཅིག་བྱེད་ཆོགདེ་རིང་ནས་བཟུང་མི་གཞིའི་གས་ཆག་བསམ་སྟེ་ཨུ་ཚུགས་ཀྱིས་ངོ་གནག་མི་དགོས་ལ་སློབ་སྦྱོང་གི་འབྲས་བུ་བསམ་ནས་འགྲམ་ལྕག་དང་དབྱུག་པ་འཛིན་མི་དགོས།ཁ་བརྡ་དང་སློབ་གསོ་ཕྲན་ཙམ་གྱིས་ཡིད་མི་འཁུལ་བའི་གསར་བུ་པྲ་ཚགས་དེ་དག་མཐོང་ཚེ་དབྱུག་པས་གཞུས་ཤིང་བློ་རྒྱུགས་ལེན་པ།ངལ་རྩོལ་ལ་མངགས་པ་སོགས་ཆད་པ་སྣ་ཚོགས་བཅད་པའི་སྣང་བརྙན་མང་བོ་གློག་བརྙན་བཞིན་ཡིད་ལ་འཁོར་ཞིང་།འདི་ནི་སློབ་མ་སྐྱོང་བའི་ཐབས་ལ་མི་མཁས་ཤིང་མན་ངག་སོགས་དབུལ་དྲགས་པའི་ངས་རང་ཉིད་ལ་བཅད་པའི་ཆད་པའང་ཡིན་པར་སེམས།

ཉིན་འདི་དག་ལ་ང་རང་ཁྱེད་ཅག་གི་མཐར་ཕྱིན་ཆེད་རྩོམ་ལ་ཞུ་དག་བྱེད་པའི་ལས་ཀ་སོགས་ཀྱིས་ཤིན་ཏུ་བྲེལ་བས་གྱེས་ཁ་མའི་གཏམ་འདི་འདྲ་ཞིག་འབྲི་བའི་ཁོམ་ལོང་ཡེ་ནས་མ་བྱུང་།ཆེས་དང་མའི་ཀ་ཁའི་གདངས་དབྱངས་དང་དག་ཡིག་ནས་འགོ་བཟུང་སྟེ་སློབ་གཉེར་གྱི་རྒྱུན་མ་བཏང་བར་ད་ནི་རང་གི་བློས་ལྕོགས་ཚོད་ཀྱིས་དཔྱད་རྩོམ་བྲིས་ཤིང་།བོད་ཡིག་ཚེགས་མེད་དུ་འབྲི་ཐུབ་ཅིང་རྒྱ་ཡིག་དབྱིན་ཡིག་སོགས་ཀྱང་གང་འཚམས་རེ་བསླབས་ནས་སློབ་མཐར་ཕྱིན་རན་དུས་ངའི་སེམས་སུ་སུས་ཀྱང་ཚོར་མི་ཐུབ་པའི་དགའ་བ་དང་སྤྲོ་བས་ཁེངས་མོད་འུ་ཅག་གིས་གྲུབ་འབྲས་ཕྲན་ཙམ་ལ་ཆོག་ཤེས་མི་བསྟེན་པར་མུ་མཐུད་དུ་སློབ་གཉེར་གྱི་རིམ་པ་གཞན་ཞིག་གི་འགོ་རྩོམ་དགོས།

སློབ་གྲོགས་རྣམ་པ། དེ་རིང་ནས་སྔར་ལྟར་གཞུང་དང་རྩ་བ་བློར་བཟུང་ཡོད་མེད་དང་ལས་བྱ་དུས་ལྟར་འགྲུབ་ཡོད་མེད།དུད་ཆང་ལ་རོལ་ཡོད་མེད། དགོང་མོར་མལ་ཁང་དུ་ཡོད་མེད་སོགས་སློབ་སྦྱོང་དང་ཀུན་སྤྱོད་ཕྱོགས་ལ་བྱ་ར་དང་ལྟ་རྟོག་བྱེད་མཁན་མེད་པས་རང་ཉིད་རྒྱ་ཡན་དུ་ཅིས་ཀྱང་མ་གཏོང་རོགས།  སློབ་གྲྭ་ཞིག་གི་སློབ་གསོས་ནུས་པ་ཐོན་མིན་ནི་སློབ་གྲྭའི་ར་སྐོར་ནང་ཁོ་ན་ཙམ་མ་ཡིན་པར་སློབ་གྲྭ་ལས་མཐར་ཕྱིན་རྗེས་ཀྱི་སློབ་མའི་སྤུས་ཀ་ནི་དེ་ལས་ཀྱང་གལ་ཆེན་ཡིན་པས་ང་ཚོ་རེ་རེའི་ཕྲག་སྟེང་ན་སྐྱེས་ཆེན་ཁོང་གི་ཐུགས་རེ་ཡོད་པས་ཅིས་ཀྱང་འདོར་བར་མ་གནང་རོགས་གྱིས།

མི་ལོ་དྲུག་གི་རིང་ལ་ངས་རང་གིས་འཚོ་བར་བཟུང་བའི་ལྟ་ཚུལ་དང་མི་ཚེའི་རིན་ཐང་གི་ལྟ་བ་སོགས་བཤད་དགོས་ཤིང་བཤད་འདོད་པའི་སྐད་ཆ་དེ་དག་ཐེངས་མང་བོར་བཤད་ཟིན་པས་ད་ནི་ཅི་ཡང་ལྷག་མེད་པ་འདྲ།ཁྱེད་ཅག་གི་མི་གཞི་ཀུན་སྤྱོད་ཐད་ལ་བཞག་པའི་བག་ཆགས་མི་ལེགས་པ་དང་བྱས་ཉེས་ཅི་མཆིས་དགེ་རྒན་ངའི་མ་འཁྱོང་བ་ཤ་སྟག་ཡིན་ལ་སློབ་སྦྱོང་གི་བརྒྱུད་རིམ་ཁྲོད་མ་རྟོགས་ལོག་རྟོག་གི་དབང་གིས་ཁྱེད་ཅག་གི་རྣམ་དཔྱོད་དང་དུས་ཚོད་མང་བོ་རྡོག་རོལ་དུ་བཏང་བར་ཡིད་ནས་འཆགས་ཤིང་སླད་མར་སློབ་གཉེར་གྱི་ལམ་ཁ་ནས་མཚན་ལྡན་གྱི་བཤེས་གཉེན་མང་བོར་འཕྲད་ཅིང་དེ་ཉིད་ཚུལ་བཞིན་དུ་བསྟེན་ཐུབ་པའི་སྨོན་ལམ་འདེབས།

འདི་ནས་ཡུལ་གང་དུ་ཆས་ཀྱང་གྲྭ་རྐྱང་དཀྱུས་མ་ཞིག་གིས་ད་དུང་སྔར་བཞིན་དུས་ཀྱི་རླུང་ནག་དབུས་ན་ང་ཚོ་དང་ང་ཚོ་ལྟ་བུའི་བོད་ཀྱི་སློབ་གཉེར་བ་མང་བོའི་དོན་དུ་ཡིག་འབྲུས་མཚོན་མི་ཐུབ་པའི་སྐུ་ཚེགས་མྱོང་བཞིན་པ་སེམས་ནས་མ་བརྗེད་རོགས།འཐོབ་པ་ཉུང་ལ་ཤོར་བ་མང་བའི་དགེ་རྒན་དང་ལས་བཟོ་བ་སྐོར་ཞིག་གིས་སྔར་བཞིན་དཀའ་སྡུག་ལ་གདོང་གཏད་ཀྱིན་པའང་མ་བརྗེད་རོགས།འོད་ཀྱིས་ཁེངས་པའི་མ་ཡུམ་སློབ་གྲྭའི་ཕྱི་ནང་བར་གསུམ་ཡང་མ་བརྗེད་རོགས།

སྐྱིད་སྡུག་གང་ལ་འཕྲད་ཀྱང་མཆོག་གསུམ་ལ་དད་པ་མི་འགྱུར་ཞིང་རྒྱུ་འབྲས་བློ་མིག་བཞིན་སྲུང་བ།སློབ་གཉེར་གྱི་རྒྱུན་མི་གཏོང་བའི་སློབ་མ་རྣལ་མ་ཞིག་ཏུ་འགྱུར་བའི་རེ་བ་འདི་ཡང་མཇུག་ཏུ་ཞུས་ཏེ།ནམ་ཞིག་འུ་ཅག་སླར་ཡང་འཛོམ་པའི་སྨོན་འདུན་དང་བཅས་ཐམས་ཅད་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་ལམ་ནན་ཏན་བཏབ་པའོ།།


ཞེས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་གསུམ་པའི་མཐར་ཕྱིན་འཛིན་གྲྭ་གཉིས་པ་སྟེ།འཇིགས་མེད་གངས་རྒྱན་རུ་དཔུང་སློབ་མཐར་ཕྱིན་པར་འཛིན་བདག་གི་མིང་ཙམ་ཁུར་བ་ཅོ་ནེ་བ་དོན་གྲུབ་རྒྱལ་གྱིས་གྱེས་ཁ་མའི་གཏམ་གྱི་ཚུལ་དུ་ཟླ་ཚེས་བཟང་བོར་སྦྱར་བའོ།།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། c92f བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  བརྩེ་བར་བརྒྱུས་པའི་ལོ་ཟླ།   སྤེལ་མཁན།: དྲུང་ཡིག་འཇམ་དབྱངས་བཀྲ་ཤིས། སྤེལ་དུས:2020/7/11
ཁ་དྲོ། ཡག་གི
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23497687
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།