ཁྱེད་ཚོའི་སློབ་སྦྱོང་བཟང་ན། ང་ལ་དཀའ་སྣང་མེད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» མི་སྣ།» བོད་ཀྱི་དེང་རབས་མི་སྣ། »ཁྱེད་ཚོའི་སློབ་སྦྱོང་བཟང་ན། ང་ལ་དཀའ་སྣང་མེད།
ཁྱེད་ཚོའི་སློབ་སྦྱོང་བཟང་ན། ང་ལ་དཀའ་སྣང་མེད།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2020-07-06ལྟ་ཀློག (6426)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

ཁྱེད་ཚོའི་སློབ་སྦྱོང་བཟང་ན།  ང་ལ་དཀའ་སྣང་མེད།


གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་གཟི་མིག་གསུམ་པའམ་བླ་ནག་པ་སྐལ་ལྡན་རྒྱ་མཚོར་དགེ་རྒན་གྱི་བྱ་བའི་ཐད་ནས་བཅར་འདྲི་བྱས་པ།

       རྩོམ་སྒྲིག་པ།  ཐོག་མར་དགེ་རྒན་མཆོག་གིས་མ་ཡུམ་སློབ་གྲྭའི་ལོ་དེབ་རྨ་རྒྱལ་མྱུག་གསར་གྱི་བཅར་འདྲིའི་ལེ་ཚན་འདི་དང་ལེན་བྱས་པར་བཀའ་དྲིན་ཆེ་ཞུ།   ཐེངས་འདིའི་བཅར་འདྲིའི་ཁ་ཕྱོགས་གཙོ་བོ་ནི་དགེ་རྒན་མཆོག་ཕྱིར་མ་ཡུམ་སློབ་གླིང་དུ་དགེ་རྒན་ལ་ཕེབས་པའི་བརྒྱུད་རིམ་དང་།    སློབ་གླིང་ནས་སློབ་ཁྲིད་གནང་བ་དང་ཁྱིམ་ཚང་སྐྱོང་བའི་འགན་གཉིས་མཉམ་དུ་ཁུར་བའི་དཀའ་སྡུག་དང་དེའི་ཁྲོད་ནས་བྱུང་བའི་ཐོབ་ཤོར་གྱི་སྐོར་ཡིན་ལགས།   དེས་ན་དགེ་རྒན་ཁྱེད་རང་ཐོག་མར་སློབ་གླིང་འདིར་དགེ་རྒན་ལ་ཡོང་དགོས་པའི་རྒྱུ་རྐྱེན་དང་ཀུན་སློང་དེ་ཅི་འདྲ་ཞིག་ཡིན་ལགས། 

དགེ་རྒན་གཟི་མིག་གསུམ་པ།   འོ་ཡ།    ང་ཡིན་ན་ཆུང་ཆུང་བྱིས་པ་ཡིན་དུས་དགེ་རྒན་ལ་སྨོན་པ་སྐྱེས་ཤིང་།   རང་ཉིད་ཀྱང་མ་འོངས་པ་ན་དགེ་རྒན་ཞིག་ཉན་ན་ཅི་རུང་སྙམ་མྱོང་མོད།     རྗེས་ནས་སློབ་མཐར་ཕྱིན་ཏེ་དགེ་རྒན་གྱི་བྱ་བར་རྒྱུས་ཅུང་ཟད་ལོན་རྗེས་དགེ་རྒན་བྱེད་པའི་བསམ་བློ་སྐྱེས་མ་བྱུང་།   རྒྱུ་མཚན་ནི་དགེ་རྒན་གྱི་འགན་ཁུར་ལྕི་བ་དང་དེ་ལ་འཇོན་ནུས་སོགས་ཆ་རྐྱེན་མང་བོ་ཞིག་ཚང་དགོས་པས།     ང་ལ་དེ་འདྲ་གང་ཡང་མེད་པས་དགའ་ཕྱོགས་ཙམ་གྱིས་སྒྲུབ་ཆོག་པ་ཞིག་མ་རེད་སྙམ།       ད་དུང་རང་གི་དགེ་རྒན་རྣམ་པའི་དཔེ་ཁྲིད་བྱེད་སྟངས་དང་སྤྱོད་ལམ།   ལྷག་བསམ་སོགས་ལ་བལྟས་ན་མི་ཕལ་བ་ཞིག་གིས་མི་ཐུབ་ཅིང་ཉེན་ཁ་ཆེ་བས་དགེ་རྒན་བྱེད་ཉན་རྒྱུ་མ་རེད་འདོད་བྱུང་།   ང་རང་འདི་ནས་མཐར་ཕྱིན་ཏེ་ལོ་མང་བོའི་རྗེས་ནས་རང་སློབ་གླིང་གི་ཡན་ལག་ལྟ་བུ་ཡིན་པའི་མཚོ་ལྷོའི་ཆོས་ཚའི་སྒེར་བཙུགས་སློབ་གྲྭ་སྟེ་ཤེས་རིག་དར་སྤེལ་སློབ་གླིང་ཟེར་བ་དེས་དགེ་རྒན་དུ་བོས་བྱུང་།     སྐབས་དེར་ང་ལ་ལས་ཀ་གཞན་མེད་ནའང་ཐོག་མར་ཡོང་རྒྱུ་ཁས་མ་བླངས།   རྗེས་ནས་རྒྱུས་ལོན་བྱས་ཚེ་སློབ་གྲྭ་དེའང་གྲྭ་བ་གྲྭ་རྐྱང་ཞིག་གིས་ཆེད་དུ་བཙུགས་པ་ཞིག་དང་།  སློབ་གྲྭའི་ཆ་རྐྱེན་སྐྱོ་བོ་ཡིན་པ།    ཡང་སློབ་མ་མང་ཤས་ལོ་ན་ཚོད་ཆེ་བས་རིག་གནས་སྦྱང་འདོད་ཀྱི་འདུན་པ་ཧ་ཅང་ཟབ་པ་དང་།    སློབ་མ་བརྒྱ་ཙམ་ལ་དགེ་རྒན་གསུམ་བཞི་ཙམ་ལས་མེད་པ་སོགས་མཐོང་རྗེས་ང་ལ་ཡིད་འགུལ་ཐེབས་ཏེ་ངས་སློབ་སྐབས་གཅིག་ལ་དེར་རོགས་བྱས་ནས་འདུག་རྒྱུ་ཁས་བླངས་ནས་དེར་སོང་བ་ཡིན་ལ།      སློབ་སྐབས་གཅིག་གི་རྗེས་སུ་དེ་གའི་དགེ་སློབ་ཚང་མར་ལོབས་པར་གྱུར་ཏེ་མཐར་ལོ་ལྔའི་ཡུན་ལ་དེར་ལུས་སོང་།    དེའི་རྗེས་ནས་སློབ་གྲྭས་སློབ་བསྒྲུབ་ཀྱི་ཚད་ལྡན་ཆོག་མཆན་མ་ལོན་པར་མུ་མཐུད་དུ་འཚོག་མ་ཐུབ་པར་མཚམས་བཞག་པས་ང་རང་ཡང་ཕྱིར་རང་ཡུལ་ལ་ཡོང་ནས་བསྡད་པ་ཡིན།      དེ་ནི་སྤྱི་ལོ་༢༠༡༤ལོ་རེད།  སྐབས་དེར་མ་ཡུམ་སློབ་གྲྭ་བཙུགས་ནས་ལོ་འཁོར་ཉི་ཤུ་ལོན་པའི་འཁྲུངས་སྟོན་མཛད་སྒོར་འདིར་ཡོང་བ་ཡིན།    མཇུག་མཐར་གླིང་སྨད་ཀྱི་ཚོགས་ཁང་དུ་མཐར་ཕྱིན་སློབ་མ་ཡོད་ཚད་མཉམ་དུ་འཚོགས་ཏེ་དགེ་རྒན་འཇིགས་མེད་ཚང་གིས་མ་འོངས་པར་སློབ་གྲྭ་འདིའི་བདག་པོ་ངོ་མ་ཁྱེད་ཚོ་ཡིན་པས་ཁྱོད་ཚོར་གསལ་ཞེས་གསུངས་ནས་སྤྱན་ཆབ་བསིལ་ཏེ་བཤུམས་སོང་བས།     ང་རང་ཧང་སངས་ནས་ངའི་སེམས་ཁོང་གི་དགེ་རྒན་འཇིགས་མེད་ཚང་ནི་སྙིང་སྟོབས་དང་སྤོབས་པ་གཞན་ལས་ལྷག་ཅིང་།   བྱ་བའི་དཀའ་ཁག་གང་ལ་འཕྲད་ཀྱང་དཔའ་མི་ཞུམ་པ་དང་ཆད་སྣང་གང་ཡང་མེད་པའི་སྐྱེས་བུ་དམ་པ་ཞིག་ཏུ་བསམས་ཡོད་པས།     ཐེངས་དེར་ཁོང་གི་སྤྱན་ཆབ་ཀྱིས་ང་ལ་འདང་རྒྱག་མང་བོ་གནང་སོང་།    ངས་ཁོང་བཤུམས་པ་ཐོག་དང་བོར་མཐོང་བ་ཡིན་ལ།     སྤྱིར་ན་ངས་ནམ་ཡང་ཁོང་ལ་བཤུམ་རྒྱུ་མེད་ཀི་བསམ་ཡོད།    ཕྱི་ཉིན་ཡང་བསྐྱར་དགེ་རྒན་རྣམ་པ་དང་མཐར་ཕྱིན་སློབ་མ་རྣམས་མཉམ་དུ་འཚོགས་ནས་སློབ་གྲྭའི་མ་འདང་བའི་ཆ་དང་མ་ཡུམ་སློབ་གྲྭར་བཟུང་བའི་ལྟ་ཚུལ་ཅི་ཞིག་ཡོད་ན་བཤད་ཆོག་གསུངས།      སྐབས་དེར་མཐར་ཕྱིན་སློབ་མ་རེ་འགས་སྐད་ཆ་འདྲ་མི་འདྲ་མང་བོ་བཤད་སོང་བ་ལ།      སློབ་གྲོགས་གཞན་ཞིག་གིས་སློབ་གྲྭའི་མ་འདང་བའི་ཆ་དང་འཐུས་ཤོར་གྱི་ཆ་དེ་དག་དགེ་རྒན་རྣམ་པས་མ་མཁྱེན་པ་མ་ཡིན་པར་གཙོ་བོ་ལས་བཟོ་བས་མ་འདང་བས་རེད།     ད་ཁྱེད་ཚོས་དགེ་རྒན་འཇིགས་མེད་ཚང་ལ་འགན་ཁུར་མང་བོ་མ་འགེལ་རོགས་ཟེར་ནས་མིག་ཆུ་བཏོན་པ་དེས་ང་ལ་ཚོར་བ་ཟབ་མོ་ཞིག་བྱིན་བྱུང་།   སྐབས་དེར་དགེ་རྒན་ཚུལ་ཁྲིམས་ཚང་གིས་ང་ལ་གཟིགས་ཏེ་དམིགས་བསལ་གྱི་སྐད་ཆ་འགའ་བཤད་པའི་གོ་སྐབས་སྤྲད་བྱུང་།  ངས་གཙོ་བོ་མཐར་ཕྱིན་སློབ་མ་དག་གིས་ཕྱིར་མ་ཡུམ་སློབ་གྲྭའི་མ་འདང་བའི་ཆ་དག་ལ་རང་རང་གིས་ལས་ཀ་ལས་ན་ཆོག་ཅིང་།   ཆུང་ས་ནས་ཕྱིའི་ར་སྐོར་ཚུན་ཆད་ཞིག་རལ་དུ་འགྲོ་བ་ལ་སོ་ཕག་རེ་ཡར་འཇོག་རོགས་བྱ་ཐུབ་ནའང་བཤད་པ་བརྒྱ་ལས་དེས་ཕན་ཐོགས་པའི་སྐོར་ནས་སྐད་ཆ་འགའ་བཤད་པ་ཡིན།  དེ་ནས་འཁྲུངས་སྟོན་གྲོལ་ཏེ་ཕྱིར་ལོག་ནས་ཉིན་འགར་འགོར་བ་ན་གྱི་ལིང་འཇིགས་མེད་ཀྱིས་ཁ་པར་ཡོང་ནས་གནས་སྐབས་སུ་ཁྱེད་ཚོའི་སློབ་གྲྭ་འཚོག་ཐུབ་ཀྱིན་མེད་པས་ཁྱོད་ཕྱིར་རང་སློབ་གླིང་དུ་དགེ་རྒན་བྱེད་དུ་ཤོག་ཟེར།     དེ་དུས་ད་རུང་རྫ་ཆུ་ཁའི་སློབ་གྲྭ་ཞིག་གིས་ཀྱང་ང་རང་དགེ་རྒན་ལ་འབོད་ཀྱིན་འདུག་པས།   ངས་ཤེས་རིག་དར་སྤེལ་སློབ་གླིང་གི་སློབ་གཙོར་དྲིས་པ་ན།   སློབ་གཙོས་ང་ཚོའི་སློབ་གྲྭ་གནས་སྐབས་སུ་འཚོག་མི་ཐུབ་པས་ཁྱོད་གནས་སྐབས་མ་ཡུམ་སློབ་གྲྭར་སོང་ནས་ཉམས་མྱོང་རེ་གསོག་ལ་རྗེས་མར་སློབ་གྲྭ་འདི་ཕྱིར་འཚོག་ཐུབ་སོང་ན་དེ་དུས་ངེས་པར་དུ་ཕྱིར་ཡོང་དགོས་ཟེར།    རྒྱུ་མཚན་དེ་དག་ལ་བསྟེན་ནས་ང་འདིར་ཡོང་བ་རེད།


  རྩོམ་སྒྲིག་པ།     དགེ་རྒན་ཁྱེད་དང་ཐོག་སློབ་གླིང་འདིར་སློབ་སྦྱོང་བྱེད་པའི་སྐབས་ཀྱི་སློབ་མ་དང་ད་ལྟའི་སློབ་མ་གཉིས་ལ་ཁྱད་པར་ཅི་ཞིག་ཡོད་དམ།

དགེ་རྒན་གཟི་མིག་གསུམ་པ།    གཙོ་བོ་འཚོ་བའི་ཆ་རྐྱེན་གྱི་ཐད་ནས་ཁྱད་པར་ཆེན་པོ་འདུག     གཅིག་ནས་ང་རང་སློབ་མ་ཡིན་པའི་སྐབས་དེར་སྤྱི་ཚོགས་སྤྱིའི་ངོས་ནས་ཆ་རྐྱེན་ཅུང་ཞན་པས་མི་ཚད་སློབ་མ་ཚོའི་འཚོ་བ་ལྷག་ཏུ་ཞན།   གཉིས་ནས་སྐབས་དེར་སློབ་གྲྭར་ཡོང་མཁན་ཕལ་ཆེ་བ་རང་མོས་ཀྱིས་ཡོང་བ་ཡིན་ཞིང་ང་ཡང་དེ་བཞིན་ཡིན།   དེ་མ་གཏོགས་ཁྱིམ་ཚང་གིས་འདི་ལྟ་བུའི་སློབ་གྲྭ་ཞིག་འདུག་པས་དེར་སོངས་ཞེས་རྒྱབ་སྐྱོར་བྱེད་མཁན་ཉུང་ཞིང་།   ཐག་ཉེའི་སློབ་མ་ཁ་ཤས་མ་གཏོགས་མང་ཆེ་ཤོས་ཐག་རིང་གི་རེད།   དེ་དུས་ཀྱི་སློབ་མ་ཚོ་ཕལ་ཆེར་ལོ་ཉི་ཤུའི་ཡན་རེད།   ང་རང་ལོ་བཅུ་དགུའི་སྟེང་འདིར་ཡོང་བ་ཡིན་པས་ན་ཚོད་ཆེ་ཤོས་ཀྱི་གྲས་རེད།  སྐབས་དེའི་སློབ་མ་ཚོའི་ཆ་རྐྱེན་ཅུང་ཞན་པས་ཚང་མའི་དམིགས་ཡུལ་གཙོ་བོ་འདི་ནས་སློབ་སྦྱོང་ལ་འབད་པ་བྱ་དགོས་སྙམ་པ་དེ་རེད།   ད་སྐབས་ཅུང་མི་འདྲ་བར་འདུག    གཅིག་ནས་ཆ་རྐྱེན་ཇེ་བཟང་དུ་སོང་བ་དང་།  གཉིས་ནས་ཁྱིམ་བདག་གི་གོ་རྟོགས་སད་པས་གང་ན་སློབ་གྲྭ་བཟང་བོ་ཞིག་ཡོད་ན་དེ་གར་རང་གི་བུ་ཕྲུག་སྐྱེལ་གྱིན་འདུག་པས་འདིར་བསླེབས་པ་ནི་གོ་སྐབས་བཟང་བོ་ཞིག་ཡིན་པ་དེ་འདྲ་ཤེས་ཀྱིན་མེད་པའི་བཟོ་འདྲ་འདུག       སྔོན་ཆད་ཀྱི་སློབ་མ་ལ་ཤེས་འདོད་ཀྱི་སེམས་ཤུགས་ཆེ་བ་དང་རྣམ་གཡེང་བྱ་ས་གཞན་མེད་པས་སློབ་ལ་བརྩོན།  ད་སྐབས་ཁ་པར་སོགས་རྣམ་གཡེང་བྱེད་ས་མང་དྲགས་པས་སློབ་སྦྱོང་ལ་སེམས་འཁོར་མི་ཐུབ་མཁན་ཅུང་མང་གི་སྙམ།   ད་དུང་ཁོ་ཚོ་སློབ་གྲྭར་ཡོང་དུས་དཀའ་ཁག་མང་བོ་མ་མྱངས་པས་སློབ་སྦྱོང་གི་གོ་སྐབས་འདི་འཐོབ་དཀའ་བ་ཞིག་ཡིན་པ་ཤེས་རྒྱུ་མ་རེད།   ད་སྐབས་གང་སར་སློབ་གྲྭར་འགྲོ་ས་མང་ཞིང་ཁྱིམ་བདག་གི་རྒྱབ་སྐྱོར་ཐོབ་ན།  གནས་གཅིག་ནས་འདུག་བློ་མེད་ཚེ་གཞན་ཞིག་ཏུ་འགྲོ་འདོད་ཀྱི་བསམ་བློ་སྐྱེས་ནས།  གནས་ས་གཅིག་ནས་བློ་ཐག་རྦད་ཆོད་ཀྱིས་བརྩོན་པ་སྐྱེད་མཁན་ཉུང་།  འདི་ནི་ཁྱད་པར་གཅིག་རེད་སྙམ།   དེ་ནས་ང་ཚོའི་སྐབས་དེར་སྦྱང་བྱ་ཉུང་བ་དང་གཙོ་བོ་བོད་ཡིག་ལ་ཧུར་ཐག་གིས་སྦྱང་ན་དེ་གས་ཕལ་ཆེར་ཆོག་པ་ལྟ་བུར་འདུག       འོན་ཀྱང་དེང་སྐབས་ཀྱི་སློབ་མ་ཚོར་མཚོན་ན་སྦྱང་བྱ་མང་བ་དང་རྒྱུགས་མ་འཕྲོད་ན་ལོ་རིམ་འཕར་མི་བཏུབ་པ་དེ་འདྲ་ཞིག་རེད།   དེ་བས་ད་སྐབས་ཀྱི་སློབ་མ་ལ་ཁག་མེད་སའང་ཡོད་ཀི་སྙམ།   སྤྱིའི་ཐད་ནས་བཤད་ན་ང་ཚོའི་སྐབས་ཀྱི་སློབ་མ་དག་དང་བསྡུར་ན་ཁྱེད་ཚོ་ངར་གི་བསམ།

 

  རྩོམ་སྒྲིག་པ།  རང་རེའི་སློབ་གླིང་ལ་མཚོན་ན་ཁྱེད་ཅག་དགེ་རྒན་ཚོར་འཚོ་བའི་ཁ་གསབ་ཙམ་མ་གཏོགས་ཟླ་ཕོགས་སོགས་ཅི་ཡང་མེད་པས་ཁྱེད་ལ་མཚོན་ན་འཚོ་བའི་ངོས་ནས་དཀའ་ངལ་སོགས་ཡོད་དམ།

དགེ་རྒན་གཟི་མིག་གསུམ་པ།  ང་ལ་མཚོན་ན་ཁྱིམ་ཚང་འཛིན་རྒྱུ་ཅུང་འཕྱི་བའི་གྲས་ཡིན།  དེ་བས་ཁྱིམ་ཚང་གསར་བ་ཡིན་པ་དང་དམིགས་བསལ་གྱི་ཟླ་ཕོགས་གཏན་འཇགས་ལ་བརྟེན་ས་མེད་པས་ཁྱིམ་ཚང་གི་ཆ་རྐྱེན་ཅུང་ཞན།    སྤྱིར་ཡིན་ན་སྔོན་ཆད་སྡེ་བའི་ནང་ནས་ངའི་ཁྱིམ་གྱི་ཆ་རྐྱན་ཅུང་བཟང་།   ཡིན་ནའང་དོན་དག་འདྲ་མིན་གྱི་དབང་གིས་རྗེས་ནས་ཧ་ཅང་ཇེ་ཞན་དུ་སོང་བ་རེད།   དེང་སྐབས་ངའི་ཁྱིམ་ལ་རྩྭ་ས་དང་ཞིང་ས་ཆེན་པོ་མེད་ཅིང་།    ཕྱུགས་ཟོག་ཀྱང་འགའ་ལས་མེད།    དེ་བཞིན་ཁྱིམ་དུ་ང་གཅིག་བུ་མ་གཏོགས་ཡོང་སྒོ་འཚོལ་མཁན་ཡང་མེད།    ངེད་ཚང་ལ་བཟའ་མི་དྲུག་ཡོད་ཅིང་།   དེ་དག་ང་གཅིག་བུའི་ནུས་པ་ལ་བརྟེན་ནས་ཁ་གསོ་དགོས་ཤིང་།   བྱིས་པ་ཚོ་ཧ་ཅང་ཆུང་བས་ཆུང་མས་ཨ་མ་ལོ་ལོན་དང་བྱིས་པ་ཚོ་གཉོར་དགོས་པས་ཡོང་སྒོ་གཞན་འཚོལ་ཐབས་མེད།   ཨ་མར་བཞོན་མ་འགའ་ཡོད་པ་དག་ཕུ་བོ་ཚང་ལ་བཅོལ་རྗེས་དེ་ནས་འོ་མ་ལེན་པ་ལས་རང་གིས་འཚོ་མི་ཐུབ།   དེ་བས་ངས་ནམ་རྒྱུན་གང་ཐད་ནས་གྲོན་ཆུང་བྱ་ཅི་ཐུབ་བྱས་པ་ཡིན།    ཆོག་ཤེས་ཡོད་ན་དེ་ཙམ་གྱིས་ཀྱང་འཚོ་ཐབས་ཉན་པ་འདྲ།


  རྩོམ་སྒྲིག་པ།  དཔེ་ཁྲིད་བྱེད་པ་དང་ཁྱིམ་ཚང་སྐྱོང་ཞོར་དུ་ཁྱེད་ལ་དཔེ་ཀློག་གི་དུས་ཚོད་ཡོད་དམ།  བྱ་བ་འདི་གཉིས་ཀྱི་ཁྲོད་ནས་ཁྱེད་ཀྱིས་དཔེ་ཀློག་གི་དུས་ཚོད་ཅི་ལྟར་བཀོད་སྒྲིག་བྱས་པ་ཡིན།

དགེ་རྒན་གཟི་མིག་གསུམ་པ།  ང་ལྟ་བུ་ཡིན་ན་ཁྱིམ་ཚང་གི་བྱ་བ་སྒྲུབ་ཞོར་དུ་དགེ་རྒན་བྱས་ན་དཀའ་ངལ་ཅུང་མང་བོར་འཕྲད་ཀི།    ངས་སྔོན་ཆད་ཕ་ཡུལ་དུ་ཁྱིམ་དུ་ཨ་མ་དང་ཆུང་མ་བྱིས་པ་དག་བསྐྱུར་ཡོད་པས།   ང་གཟའ་སྤེན་པའི་ཉིན་གྱི་དཔེ་ཁྲིད་གྲོལ་རྗེས་གནང་བ་ཞུས་ཏེ་ཁྱིམ་ལ་སོང་ནས་གཟའ་ཉི་མའི་དགོང་མོ་ཕྱིར་མ་ཡོང་ན།  གཟའ་ཟླ་བའི་དཔེ་ཁྲིད་བྱེད་མི་ཐུབ་པས་དཔེ་ཁྲིད་ཀྱི་དུས་ཚོད་ཡར་མར་ལ་བསྣུར་བ་ཡིན།  ཁྱིམ་ན་དོན་དག་ཡོད་ཚེ་ངས་དེ་ལྟར་གཟའ་མཇུག་གི་དུས་ཚོད་བེད་སྤྱད་ནས་བསྒྲུབས་པ་ཡིན།   གཟའ་མཇུག་ལ་མི་ཚར་བའི་དོན་ཆེན་དག་དབྱར་དགུན་གྱི་གནང་བའི་སྐབས་སོང་ནས་བསྒྲུབས་པ་ཡིན།     ངའི་ཨ་མ་དྲིན་ཅན་མ་འདས་རྗེས་ཆུང་མ་དང་བྱིས་པ་ཚོར་ཕ་ཡུལ་དུ་འདུག་རོགས་མེད་པས་འདིར་ཁྲིད་མི་ཡོང་ཐབས་མེད་གྱུར་བ་རེད།   འདི་ནས་ཉིན་མོར་བྱིས་པ་ཚོར་དོན་དག་མང་བས་དཔེ་ཀློག་བྱེད་རྒྱུའི་དུས་ཚོད་ཀྱང་དགོང་མོར་བཀོད་སྒྲིག་བྱས་པ་ཡིན།  ཉིན་མོར་སློབ་ཁྲིད་བྱེད་རྒྱུ་དང་བྱིས་པ་སློབ་གྲྭར་ཕར་སྐྱེལ་ཚུར་ལེན་སོགས་བྱ་དགོས།   ཆུང་མ་ཡང་ལས་ཀར་བུད་སོང་དུས་བྱིས་པ་ཆུང་བ་གཉིས་ལ་ཡང་ངས་ཁ་ལྟ་མིག་ལྟ་བྱེད་དགོས།   དེ་བས་རྒྱུན་ལྡན་དུ་ཉིན་མོར་དཔེ་ཆར་དེ་ཙམ་ལྟ་ཐུབ་ཀྱིན་མེད།   དགོང་མོར་བྱིས་པ་ཚོ་སྔ་མོ་ནས་གཉིད་དུ་བཅུག་སྟེ་ལྷིང་འཇགས་ཀྱི་སྐབས་སུ་དཔེ་ཆར་བལྟས་པ་ཡིན།    ཡིན་ནའང་དགོང་མོར་དཔེ་ཆར་ཡུན་རིང་དུ་བལྟས་ན་ཕྱི་ཉིན་རྣམ་རིག་མི་དྭངས་པ་དང་མགོ་ན་རྒྱུ་སོགས་ཡོད་མོད།     ཐབས་གཞན་མེད་པས་དུས་ཚོད་དེ་ལྟར་བཀོད་སྒྲིག་བྱས་པ་ཡིན།  ད་དུང་སྔོན་ཆད་ངས་བྱིས་པ་ཁྲིད་ནས་སློབ་ཁྲིད་བྱས་པ་ཡིན།    སྐབས་དེར་ཆུང་མས་བུ་ཆུང་བ་དང་ཨ་མ་གཉོར་དགོས་པས་ངས་བུ་ཆེ་བ་དེ་འདིར་ཁྲིད་ཡོང་བ་ཡིན།  སྐབས་དེར་ནངས་དུས་ང་ལས་རེས་སོགས་ལ་འགྲོ་དུས་ཁ་རོག་གེར་སོང་ནས་ཕྱིར་ཐོན་དུས་བུ་ཆུང་སད་དེ་སྐབས་རེར་སྒོར་བུད་ནས་ངུ་རྒྱངས་བྱེད་བཞིན་འདུག་པའི་སྐབས་དེ་འདྲའང་བྱུང་མྱོང་།   དཔེ་ཁྲིད་སྐབས་ཁོ་རང་གམ་ནས་གཉིད་སོང་ཚེ་པང་དུ་འཛིན་དགོས་པས་སྒོ་སམ་སྟེང་དུ་ཡི་གེ་འབྲི་དགོས་པ་ལ་སློབ་མ་ཡིག་གཟུགས་ཡག་པོ་ཅན་རེར་འབྲི་རུ་བཅུག་པ་ཡིན།    སྤྱིར་ང་ཁྱིམ་ན་མེད་ཚེ་དོན་དག་མང་བོ་ཞིག་འཐུས་ཤོར་ལ་བུད་འགྲོ་མོད།      འོན་ཀྱང་བྱ་བ་འདི་འདྲ་ཞིག་སྒྲུབ་ཀྱིན་པ་དེ་ལ་བསམ་བློ་བཏང་སྟེ་རང་གི་དཀའ་ཚེགས་དེ་ཆུང་ཆུང་རེད་བསམ་པ་ཡིན།    བར་སྐབས་དེར་ང་ལ་བུ་མོ་ཆུང་ཆུང་ལོ་གཉིས་ལོན་ཙམ་ཞིག་ཡོད་པ་དེ་ཆམས་པ་ཕོག་ནས་ལམ་ལ་མ་སོང་།   དེ་དུས་ང་སློབ་གྲྭའི་ནང་ན་ཡོད་ནི་རེད།    སྐབས་དེར་ངེད་ཚང་ཡོད་ས་རྒྱ་ལམ་ཁ་ཞིག་ཡིན་ལ་དེ་ཙམ་བདེ་འཇགས་མིན་པས་ངས་བྱིས་པ་དང་ཆུང་མ་ཨ་མ་སོགས་ཕུ་བོ་ཚང་ལ་བསྐྱལ་ནས་བཞག་ཡོད།  དགུན་ཐོག་དེར་བྱིས་པ་ཚོར་ཆམ་པ་འདྲ་ཕོག་རྒྱུ་མང་གི།    ཉིན་ཞིག་ཡུལ་ནས་ཁ་པར་ཡོང་སྟེ་བྱིས་པར་ཆམ་པ་ཞིག་ཕོག་འདུག་པས་ཁྱོད་རེམ་པོར་ཤོག    འདི་ནས་སྨན་དང་ཁབ་སོགས་ཀྱི་ཅང་མི་ཕན་གི།    མ་ཟད་ད་ནངས་ཅུང་ཇེ་སྡུག་ཏུ་འགྲོ་བཞིན་འདུག་ཟེར།  དེ་ནས་ང་མགྱོགས་མོར་སོང་ཡང་སྨན་ཁང་དུ་ཐོན་རག་བར་དུ་མེད་སོང་ནི་རེད།    དེ་ནས་ང་ཚོའི་ཡུལ་སྲོལ་ཡིན་ན་ཕྱི་ནས་རྐྱེན་གང་རུང་གིས་མེད་སོང་ཚེ་ཕྱིར་ཁྱིམ་དུ་འཁྱེར་ནི་མ་རེད།   ཐད་ཀར་དུར་ཁྲོད་དུ་བསྐྱལ་འཇོག་ནི་རེད།  ངས་ཡ་མཚན་མགྱོགས་མོ་བྱས་བརྒྱུགས་ཀྱང་རྗེས་མ་ཆོད་ཐལ།   དོན་དག་འདི་འདྲར་འཕྲད་དུས་ངོ་མ་དང་ལེན་བྱེད་དཀའ་བ་དང་སེམས་ཀྱང་ཧ་ལས་པ་སྡུག        ཡིན་ནའང་ང་ཡང་རང་དགར་ཕྱིར་འཁྱམས་ནས་བསྡད་པ་མ་རེད།   རང་གིས་འདིར་དོན་དག་གལ་ཆེན་ཞིག་སྒྲུབ་བཞིན་ཡོད་བསམ་ནས་རང་ལ་སེམས་གསོ་འདྲ་བྱས་པ་ཡིན།   དེ་མིན་ཁྱིམ་ཚང་གི་དོན་དག་གཞན་འཐུས་ཤོར་དུ་སོང་ཡོད་ས་ཡོད་ནའང་།  རང་གིས་སྒྲུབ་ཀྱིན་པ་དང་བསྡུར་ན་ཅུང་དྲག་གི་བསམ་ནས་བསྡད་ཡོད།   དེ་མིན་རུ་སྡེ་བའི་ནང་དུ་ང་ངེས་པར་དུ་ཐོན་དགོས་སའི་དོན་དག་མང་ནའང་།    དབྱར་གནང་དགུན་གནང་དུ་བཀོད་སྒྲིག་བྱས་པ་ཡིན།   དེའང་མི་འགྲིག་ན་རང་གི་ཚབ་ཏུ་མི་གཞན་རེ་མངགས་རྒྱུ་དང་།   ཡང་ན་ཁ་པར་བཏང་ནས་གསལ་བཤད་འདྲ་བྱས་པ་ཡིན།   སྤྱིར་བཏང་ཁྱིམ་པ་ཞིག་ལ་མཚོན་ན་རུ་སྡེ་བའི་དོན་དག་གི་སྟེང་ལ་ངེས་པར་དུ་ཐོན་དགོས་ནི་རེད།   ཡིན་ནའང་ངས་དེ་དག་ལས་སློབ་ཁྲིད་ཀྱི་བྱ་བ་འདི་གལ་ཆེན་དུ་བརྩིས་ནས་ད་བར་དུ་རང་གིས་སློབ་ཁྲིད་ལ་མང་བོ་ཆད་དུ་འཇུག་མ་མྱོང་ལ།      དེ་བཞིན་རྒྱུན་དུ་སློབ་མ་ཚོར་གནང་བ་ཡང་མང་བོ་བྱིན་ནི་མིན།   དེ་བཞིན་སློབ་མ་ཚོར་ཁྱོད་ཚོས་ནམ་རྒྱུན་སློབ་ཁྲིད་ལ་ཆད་དུ་མ་འཇུག་པར་སློབ་གཉེར་ལ་འབད་བརྩོན་བྱོས་ཞེས་བཤད་ཀྱིན་ཡོད།   རྒྱུ་མཚན་འདི་ནས་ང་གཅིག་བུ་མ་ཡིན་པར་དགེ་རྒན་གཞན་ཚང་མས་ང་ལས་ལྷག་པའི་མང་བོ་ཞིག་བློས་བཏང་ཡོད་ནི་རེད།   དེ་བས་ཁྱོད་ཚོས་སློབ་སྦྱོང་མ་བྱས་ན་ད་ཚང་མ་འཕྲོ་བརླག་ཏུ་བུད་སོང་བ་རེད་ཅེས་བཤད་པ་ཡིན།

 

  རྩོམ་སྒྲིག་པ།  ཁྱེད་འདིར་ཕེབས་ནས་དགེ་རྒན་གྱི་བྱ་བ་གཉེར་སྐབས་ཁྱིམ་ཚང་ལ་རྐྱེན་དང་བར་ཆད་མང་བོ་ཞིག་བྱུང་བ་དེས་ཁྱེད་རང་འདི་གར་རྒྱུན་འཁྱོངས་ངང་བཞུགས་པ་ལ་འགལ་རྐྱེན་འཕྲད་མྱོང་ངམ།   མྱོང་ན་ཁྱེད་ཀྱིས་དཀའ་ངལ་དེ་དག་ཅི་ལྟར་སེལ་བ་ཡིན་ལགས། 

དགེ་རྒན་གཟི་མིག་གསུམ་པ།  ང་སློབ་གླིང་འདིར་ཡོང་ནས་དགེ་རྒན་བྱེད་པར་ཁྱིམ་ཚང་གིས་རྒྱབ་སྐྱོར་ཆེན་པོ་བྱེད་ནི་རེད།   ཐ་ན་ངའི་མ་དྲིན་མོ་ཆེ་ན་བའི་དུས་སུའམ་ང་ལ་ཤེས་སུ་མ་བཅུག་པར་གསང་ནས་བསྡད་པའི་སྐབས་ཀྱང་ཡོད་མྱོང་འདུག     དེ་ཡང་ང་སོང་ནས་མོ་གཉོར་བསྡད་ན་སློབ་ཁྲིད་ལ་ཆད་འགྲོ་བས་རེད།    མོ་རང་སྔོན་ཆད་སློབ་གླིང་འདིར་ཡོང་ནས་དུས་ཚོད་ཐུང་ངུ་ཙམ་ལ་བསྡད་མྱོང་བས་འདི་གའི་སློབ་མའི་སློབ་སྦྱོང་གི་གནས་ཚུལ་སོགས་མཐོང་བས།   ངོ་མཚར་ཞིང་རང་ཉིད་ཀྱི་ན་ཚའི་སྐབས་སུ་ཡང་ང་ལ་གསང་སྟེ་ཤེས་སུ་མ་བཅུག་པ་རེད།   མཐར་མ་རྒན་ལོ་ལོན་པས་མ་བདེ་བར་ཡོད་ནའང་མོ་ལ་སྐྱོན་ཆེན་པོ་མེད་པས་སློབ་གྲྭར་གནང་བ་སྟེར་རག་བར་དུ་ང་ཡོང་མི་དགོས་གསུངས།   ད་དུང་མོའི་གམ་དུ་ཕུ་བོ་ཚོ་དང་ཚ་བོ་ཚ་མོ་མང་བོ་ཡོད་པས་ངས་ཀྱང་དབྱར་གནང་སྟེར་རག་བར་དུ་སྲལ་ལེན་བྱས་ནས་བསྡད་པ་ཡིན།   དེ་ནས་དབྱར་གནང་བཏང་རྗེས་ངའང་མོའི་གམ་དུ་སོང་སྟེ་གཉོར་རྒྱུའི་དུས་ཚོད་བྱུང་བས།   ང་ལ་འགྱོད་པ་དང་མི་ཁ་མ་བཞག་ཐལ།    དེ་ནི་ངའི་མ་ལགས་ཀྱི་སེམས་པ་དཀར་བས་ཡིན་སྲིད།  ད་དུང་ངའི་ཆུང་མའང་སློབ་གྲྭར་འགྲོ་མ་མྱོང་ནའང་ངའི་བྱ་བར་རྒྱབ་སྐྱོར་ཡག་པོ་བྱེད་ཀྱིན་འདུག     མོ་སྔོན་ཆད་སློབ་གྲྭ་འདིར་ཡོང་ཞིང་སློབ་མས་སློབ་སྦྱོང་ལ་ཤུགས་རྒྱག་པ་དང་།    ང་ཚོའི་འབྲེལ་བ་སོགས་མཐོང་མྱོང་བའི་དབང་གིས་ང་ལ་འདི་དག་ལ་ཕན་ཞིག་ཐོགས་སོང་ན་ལེགས།   འཚོ་བའི་བདེ་སྡུག་དང་ཁྱིམ་ཚང་ལ་དཀའ་ངལ་ཆེ་ནའང་ལས་རིགས་འདི་བཟང་ལ།    སྤྱིར་ན་སྤྱི་ཚོགས་འདི་ཡར་རྒྱས་སུ་འགྲོ་བཞིན་ཡོད་པས་རང་ཁྱིམ་ཡང་དེ་བཞིན་དུ་འཕེལ་རྒྱས་འབྱུང་འོས་པ་ཞིག་ཡིན་མོད།   ཁྱོད་འདིར་བསྡད་ན་རྒྱུ་འབྱོར་དང་གོ་གནས་གང་ཡང་མེད་ནའང་།   སློབ་མ་འདི་ཚོར་ཕན་ཞིག་ཐོགས་སོང་ན་འདི་ལས་ལྷག་ཅིག་མི་འདུག་པས་དེ་དག་མེད་ཀྱང་མི་སྐྱོན་ཟེར།   དེ་ལྟར་ད་བར་ཡིན་ན་བྱིས་པ་དག་ལོ་ན་ཆུང་བས་འཚོ་བའི་ཐད་ནས་གྲོན་ཆུང་བྱས་ན་འདང་ཚོད་ཅིག་མེད་ཀྱང་དཀའ་ངལ་ལྷག་པའང་མི་འདུག་སྙམ།     འཚོ་བ་ཡ་མཚན་རྒྱས་སྤྲོས་ཅན་ཞིག་རོལ་མི་ཐུབ་ཀྱང་ཆད་མ་མཐུད་ཀྱིས་འགྲོ་བཞིན་ཡོད།  ཡིན་ནའང་ང་ལ་མ་འོངས་པར་སེམས་ཁུར་ཞིག་ཡོད་པ་ནི་བྱིས་པ་དག་ནར་སོན་ཏེ་སློབ་གྲྭ་སོགས་འགྲིམ་ན་ཁྱིམ་ཚང་ལ་དཔལ་འབྱོར་གྱི་ཐོན་ཁུངས་ཆེན་པོ་མེད་ཚེ་དཀའ་ངལ་ལ་འཕྲད་ཡོང་སྙམ་པ་དེ་རེད།   


  རྩོམ་སྒྲིག་པ།  དགེ་རྒན་ལགས་ཀྱིས་འཛིན་བདག་དགེ་རྒན་ནི་ཕ་མ་ལྟ་བུ་ཞིག་ཡིན་དགོས་ཞེས་པའི་རྩོམ་དེ་ཀུན་སློང་གང་ཞིག་དང་རྐྱེན་ཅི་ཞིག་ལ་བརྟེན་ནས་བྲིས་པ་ཡིན།    

དགེ་རྒན་གཟི་མིག་གསུམ་པ།  འཛིན་བདག་དགེ་རྒན་ཞིག་ལ་མཚོན་ན་བྱ་བ་ནི་སློབ་ཁྲིད་བྱེད་རྒྱུ་གཅིག་བུ་མ་རེད།   དཔེར་ན་སློབ་མའི་བདེ་ཐང་དང་བདེ་འཇགས།   སེམས་ཁམས་ལ་སོགས་པ་མང་བོ་ཞིག་ལ་དོན་དག་བྱུང་ན་དེའི་གདོང་ལ་འབུད་མཁན་དེ་འཛིན་བདག་དགེ་རྒན་ཡིན་པས།  འཛིན་བདག་དགེ་རྒན་གྱིས་དེ་དག་ཐག་གཅོད་དགོས་ན་ད་གཟོད་གནད་དོན་དག་མང་བོ་ཞིག་འདུག     དེ་བས་ངས་འཛིན་བདག་དགེ་རྒན་ནི་ཕ་མ་ལྟ་བུ་ཞིག་ཡིན་དགོས་ཟེར་དོན་ཡང་རྒྱུ་མཚན་གཙོ་བོ་དེ་རེད།  ཕ་མ་ཞིག་ཡིན་ན་བུ་ཕྲུག་ལ་ཕྱོགས་རིས་མེད་པ་དང་སྙིང་ནས་ཤ་ཚ་བས།  འཛིན་བདག་དགེ་རྒན་ཞིག་ལ་མཚོན་ནའང་དེ་བཞིན་ཡིན་འོས།    སེམས་པ་རྣམ་དག་གིས་བསྒྲུབ་ན་རིམ་བཞིན་བརྩེ་བ་ཞིག་ཆགས་རྒྱུ་ཡོད་འདུག     སློབ་མ་ཚོ་དང་འགྲོགས་ནས་ཡོང་ན་ཁོ་ཚོའི་གློ་སྙིང་བྲང་གསུམ་རང་ལ་གཏད་དེ་འདིའི་ངག་ན་ལེན་རྒྱུ་ཞིག་ཡོད་བསམ་བཞིན་ཞོལ་ནས་ཡར་འཁོར་ཏེ་བསྡད  དགེ་རྒན་དང་འཕྲད་ན་གུས་གུས་ཞུམ་ཞུམ་བྱེད་པ་དེས།   རང་བཞིན་གྱིས་རང་སྟེང་ལ་འགན་འཁྲི་ཞིག་བླངས་ཏེ་ད་གཟོད་འགྲོ་ཐབས་འདུག་ཐབས་བྱས་ན་མི་འགྲིག་སྙམ་པ་དང་།    ཐ་ན་གྲྭ་བ་ཚོས་ཀྱང་འདི་ལྟར་བརྩི་བཀུར་བྱས་ན་རང་གིས་ཀྱང་འགྲོ་ཐབས་འདུག་ཐབས་དང་མགོ་གཡོགས་ཐབས་བྱས་ན་མི་རུང་སྙམ་ཞིང་།     རང་གི་སེམས་ནས་བདེ་མོ་ཞིག་ཀྱང་མ་རེད།   དེའི་རྐྱེན་གྱིས་ཕ་མ་ལྟ་བུ་ཞིག་ཡིན་དགོས་ཟེར་བ་ཡིན།    དེ་ཡང་ང་རང་ཕ་མ་ལྟ་བུ་ཞིག་ཡིན་ཟེར་བ་མ་རེད།    སྤྱིར་འཛིན་བདག་དགེ་རྒན་གྱི་ཚད་ཐིག་དེ་འདྲ་ཞིག་ཡིན་ན་འགྲིག་གི་ཟེར་བ་ཡིན།    དེ་ནི་དཔེར་ན་ཕ་མ་གཉིས་བུ་ཕྲུག་ལ་ཤ་ཚ་བ་དང་སྙིང་ཉེ་བ།   དེར་དོན་བཟང་བོ་བྱུང་ན་དགའ་བ་དང་དོན་ངན་བྱུང་ན་སེམས་ཁུར་བྱེད་པ།  དེ་མིན་དེའི་དོན་དུ་བརྒྱུག་དགོས་པ་ནང་བཞིན་འཛིན་བདག་དགེ་རྒན་ཡིན་ན་ཡང་དེ་བཞིན་བྱ་དགོས་ཟེར་བ་ཡིན།   ངས་ང་རང་དེ་འདྲ་ཞིག་ཡིན་ཟེར་བ་མིན།   ཡིན་དགོས་པ་དང་།   ཡིན་རྒྱུ་ན་འགྲིག་གི་ཟེར་བ་ཡིན།   གལ་ཏེ་འཛིན་གྲྭ་གཅིག་གི་ནང་ནས་སློབ་མ་གཉིས་ཀྱི་བར་ལ་དོན་དག་ཞིག་ཐག་གཅད་དགོས་ན།   ཕ་མ་ཞིག་ཡིན་ན་རང་གི་བྱིས་པ་དེ་གཉིས་ཀྱི་སུ་ཞིག་ལ་སྐྱོན་ཡོད་ན་དེར་སྐྱོན་བརྗོད་བྱེད་པ་ལས་ཕྱོགས་རིས་དང་ཁྱད་པར་ཡོད་པ་མ་རེད།   ཕ་མ་རང་གི་བུ་ཕྲུག་གཉིས་ལ་ཁྱད་པར་ཡོད་མཁན་ཞིག་ཡོད་སྲིད་རྒྱུ་མ་རེད།    བསམ་བློ་དེ་འདྲ་ཞིག་དགོས་རྒྱུ་རེད།  ཡོད་ན་འགྲིག་གི་ཟེར་བ་ཡིན།  དེ་འདྲ་ཞིག་ཡོང་ན་ད་གཟོད་བརྩེ་བའི་ངང་ནས་ཕ་རོལ་བོར་སློབ་གསོ་སྤྲད་ཐུབ།   སློབ་མར་ཡང་བརྩེ་བ་ཡོད་ན་དགེ་རྒན་གྱི་ཁ་ལ་ཉན་ནས་དགེ་རྒན་གྱིས་ཅི་བྱོས་ཟེར་ན་སློབ་མས་དེ་ལྟར་བསྒྲུབ་ངེས་ལ།     དགེ་རྒན་གྱིས་ང་ལ་ཤ་ཚ་བཞིན་ཡོད་སྙམ་པ་དང་ང་ལ་ཕན་འདོགས་ཀྱིན་ཡོད་སྙམ་པའི་ཡིད་ཆེས་ཡོད་ན་སློབ་མའི་སློབ་སྦྱོང་ལའང་གྲུབ་འབྲས་ལེགས་པོ་འབྱུང་ངེས་ཡིན།   དེ་མིན་དགེ་རྒན་ནི་སྒོར་མོ་བྱིན་པའི་ང་ཚོའི་གླ་བ་ཡིན་པས་སློབ་ཁྲིད་དང་བདག་དོམ་བྱེད་པ་སོགས་ནི་ཁོ་རང་གི་བྱ་བ་རེད།  སློབ་ཁྲིད་བྱས་ན་ཡང་བྱ་འོས་པ་ཞིག་རེད།   དགེ་རྒན་ང་ཚོའི་དོན་དུ་རྒྱུག་བཞིན་པ་ནི་ཟླ་ཕོག་བྱིན་ཡོད་པས་རེད་སྙམ་པའི་བསམ་བློ་ཙམ་མ་གཏོགས་མེད་ན།  དགེ་རྒན་གྱི་ཁ་ལ་དེ་ཙམ་ཉན་ནི་མ་རེད།   བཤད་པའི་ཚིག་དག་ལའང་ཡིད་ཆེས་ནི་མ་རེད།   དེའི་རྐྱེན་གྱིས་ངས་དགེ་སློབ་བར་གྱི་འབྲེལ་བ་ནི་ཕ་མ་དང་བུ་ཕྲུག་ལྟ་བུ་ཞིག་ཡིན་ན་བཟང་རྒྱུ་རེད་ཟེར་བ་ཡིན།


   རྩོམ་སྒྲིག་པ།   སྔོན་ཆད་དང་བསྡུར་ན་རྒན་ལགས་ཀྱིས་དེང་སྐབས་རྩོམ་འབྲི་བ་དང་རྩོམ་ཡིག་བོད་ཁུལ་གྱི་དུས་དེབ་སོགས་སུ་འགོད་པ་ཅུང་ཙམ་ཉུང་བར་མཐོང་བས་འདི་ལ་རྒྱུ་རྐྱེན་འདྲ་ཡོད་དམ།

དགེ་རྒན་གཟི་མིག་གསུམ་པ།  འདི་ལ་རྒྱུ་རྐྱེན་གཉིས་ཡོད་དེ།   གཅིག་ནས་ཁོམ་པ་མེད་པས་རེད།  གཉིས་ནས་ངའི་ན་ཚོད་ཀྱི་དབང་གིས་རེད།  སྔོན་ཆད་ཡིན་ན་རྩོམ་མང་བོ་འབྲི་རྒྱུར་དགའ་སྟེ།    ཉི་མ་འགའ་རེའི་ནང་ལ་ཅིག་རེ་མ་བྲིས་ན་སེམས་མི་སྐྱིད་པའི་ཚོད་ཡིན།  ད་བར་ཡིན་ན་ན་ཚོད་ཀྱི་དབང་གིས་སྔོན་ཆད་ནང་བཞིན་མ་བྲིས་ནའང་མི་སྐྱིད་པའི་ཚོར་བ་དེ་འདྲ་མི་འདུག་པས།    ཉིན་རྒྱུན་འབྲི་ཅི་ཐུབ་བྱེད་རྒྱུ་དེ་མ་ཡིན་པར།   འབྲི་བསམ་དུས་དང་།   འབྲི་རྒྱུའི་ཚོར་བ་ཤུགས་དྲག་ཡོད་དུས་འབྲི་བཞིན་ཡོད།  དེ་བཞིན་སྔོན་ཆད་ཡིན་ན་རྩོམ་རྩལ་སྦྱོང་རྒྱུའི་ཆེད་དུ་རྒྱུན་དུ་འབྲི་བཞིན་ཡོད་མོད།   ད་སྐབས་ཡིན་ན་དེ་རིང་གཅིག་འབྲི་བསམས་ནས།   འབྲི་རྒྱུའི་ཚོར་བ་དང་དུས་ཚོད་གཉིས་ཀ་ཡོད་དུས་ད་གཟོད་བྲིས་པ་ཡིན།  གཅིག་ནི་དེའི་རྐྱེན་གྱིས་ཇེ་ཉུང་ལ་བུད་སོང་བ་རེད།   གཉིས་ནས་ད་བཤད་པ་བཞིན་མཚམས་མཚམས་ལ་འདི་འབྲི་བསམ་ནའང་འབྲི་ཁོམ་མེད་པར་ལུས་འགྲོ་རྒྱུའང་འདུག       སྙན་ངག་ལྟ་བུ་ཡིན་ན་ཚོར་བ་ཡོད་ཐོག་དེར་འབྲི་ཁོམ་མེད་པར་བསྐྱུར་ཚེ་རྗེས་ནས་ཁོམ་པ་ཡོད་དུས་འབྲི་འདོད་མེད་པར་འགྱུར་འགྲོ་བའང་ཡོད་ཀི།     དེ་མ་ཡིན་པའི་དེབ་ཆུང་རེ་འབྲི་འགོ་བརྩམས་ནས་བྲིས་ཚར་ལ་ཡོད་དུས།  ཡང་དེ་ཙམ་མ་ཁོམ་པར་ཡུན་རིང་མཇུག་སྐྱོང་མ་ཐུབ་པར་ལུས་འགྲོ་བ་དང་།  ཡང་དེབ་ལ་ལ་ཞིག་འབྲི་རྒྱུའི་འཆར་གཞི་འཐེན་ནའང་ལས་ཀ་མང་སོང་བས་འབྲི་མི་ཐུབ་པ་དེ་འདྲའང་ཡོད་ཀི     དགེ་རྒན་ཚོས་འདི་ནས་སློབ་ཁྲིད་ཁོ་ནས་མི་ཚད་པའི་ལས་ཀ་མང་བོ་ལས་དགོས་ལ།   འགན་འཁྲི་ཡང་མང་གི།   དེའི་རྐྱེན་གྱིས་རྩོམ་འབྲིའི་དུས་ཚོད་ཀྱིས་མ་འདང་བས་ཇེ་ཉུང་ལ་བུད་སོང་བ་རེད།   དེ་ལྟར་བྲེལ་ཟིང་གི་བར་ནས་རྩོམ་ཡིག་རེ་ཟུང་ནན་ཏན་མ་བྱས་པར་ཤར་སེར་བྲིས་པ་ཡིན་ལ།    སྔོན་ཆད་ནང་ལྟར་ཡང་དང་བསྐྱར་དུ་བཟོ་བཅོས་བྱེད་ཁོམ་མེད་པས་ཐད་ཀར་དྲ་ལམ་དུ་བཀོད་པ་ལ།    གྲོགས་པོ་ལ་ལས་ཁྱོད་ཀྱི་རྩོམ་རྩལ་ཇེ་ཞན་དུ་སོང་འདུག་ཀྱང་ཟེར།


  རྩོམ་སྒྲིག་པ།  རང་རེའི་དགེ་རྒན་རྣམ་པར་མཚོན་ན་དགེ་རྒན་གྱི་ལས་རིགས་ཁྲོད་ནས་ཆེས་དཀའ་ཁག་ཆེ་ཤོས་དེ་གང་རེད།     ཡང་ན་ཉིད་ཀྱི་ངོས་ཐད་ནས་སྐད་ཆ་འགའ་བཤད་ན། 

དགེ་རྒན་གཟི་མིག་གསུམ་པ།    ངས་འཛིན་བདག་དགེ་རྒན་ནི་ཕ་མ་ལྟ་བུ་ཞིག་ཡིན་དགོས་ཞེས་པའི་རྩོམ་ཡིག་ནང་དུ་ཡང་དེ་ལྟར་བྲིས་ཡོད།   ཆེས་དཀའ་ཁག་ཆེ་བའི་བྱ་བ་དེ་སློབ་ཁྲིད་དང་ལས་བྱར་བལྟ་རྒྱུ་མ་ཡིན་ལ།   སློབ་མ་དག་ལ་བྱ་འགུལ་མང་བོ་སྤེལ་དགོས་པ་དེ་ཡང་མ་རེད།    གློ་བུར་དུ་སློབ་མ་ཞིག་ལ་ན་རྒྱུ་འདྲ་མ་བྱུང་ན།    སློབ་མའི་སྟེང་ན་ང་ལ་དཀའ་ཚེགས་ཆེན་པོ་དེ་ཙམ་མེད་ཀི།       གལ་ཏེ་གློ་བུར་དུ་སློབ་མ་ཞིག་ལ་ན་བ་ཚབས་ཆེན་འདྲ་བྱུང་ན་སེམས་ཚེགས་ཆེ་ལ་དེར་གདོང་གཏན་ནས་འགྲོ་དགོས་པས་ཧ་ཅང་དཀའ་མོད།   དེ་ལས་གཞན་པའི་སློབ་ཁྲིད་སོགས་སློབ་མ་དང་འབྲེལ་བའི་བྱ་བའི་ནང་དུ་ང་རང་ཧ་ཅང་དཀའ་བའི་བྱ་བ་ཞིག་ལ་ད་སྔ་འཕྲད་མ་མྱོང་།   ཡིན་ནའང་དེང་སྐབས་སློབ་གླིང་འདིར་ཆེས་སུན་སྣང་སྐྱེས་པའི་བྱ་བ་ཞིག་ཡོད་པ་དེ་ནི་གཞུང་ལ་ཡིག་ཚགས་དང་རེའུ་མིག་སྐོང་བ་སོགས་མང་བོ་ཞིག་བསྒྲུབ་དགོས་པ་དང་།   གཞུང་ཡིག་དང་ཆབ་སྲིད།   ཏང་དང་རྒྱལ་ཁབ་ཀྱི་ཡིག་ཆར་སློབ་སྦྱོང་བྱ་དགོས་པ་སོགས་ཀྱི་ཆེད་དུ་དུས་རྒྱུན་ཚོགས་འདུར་ཞུགས་ཏེ་ཟིན་བྲིས་འབྲི་དགོས་པ་སོགས་ནི་ང་ལ་མཚོན་ན་ཆེས་དཀའ་ཁག་ཆེ་བའི་བྱ་བ་ཞིག་རེད།    རྒྱུ་མཚན་འདི་ལ་དུས་ཚོད་མང་བོ་ཞིག་བུད་འགྲོ་བས་སློབ་ཁྲིད་གྲ་སྒྲིག་དང་དཔེ་ཀློག་རྩོམ་འབྲི་ལ་དུས་ཚོད་ཀྱིས་མི་འདང་བར་འདུག      དེ་མིན་སློབ་མ་དག་གི་ངོས་ཐད་ནས་དྲང་མོར་བཤད་ན་འདི་ཧ་ཅང་དཀའ་ཀི་ལྟ་བུའི་བྱ་བ་གཅིག་ཀྱང་མེད་ཀི      འུ་ཚོར་འདི་ནས་དགེ་རྒན་ཉུང་བས་སློབ་ཁྲིད་མང་ཡང་དཀའ་ཀི་བསམ་མ་མྱོང་།  དང་ཐོག་ང་འདིར་ཐོན་པའི་སྐབས་སུ་སློབ་ཁྲིད་མང་བོ་བྱས་པར་མ་ཟད་ཟུར་ཁྲིད་འདྲ་བྱས་ཀྱང་ངའི་སེམས་ལ་དཀའ་སྣང་སྐྱེས་མ་མྱོང་།  ང་ལ་མཚོན་ན་ཆེས་དཀའ་ཁག་ཆེ་བ་ནི་གཞུང་ལ་ཡིག་ཚགས་མང་བོ་སྤྲད་དགོས་པ་དེ་ཡིན་ལ།      དེས་ང་རང་ཐང་ཆད་དུ་འཇུག་མྱོང་།


   རྩོམ་སྒྲིག་པ།  མཇུག་མཐར་བཅར་འདྲི་འདི་བརྒྱུད་ནས་བཤད་འདོད་པའི་སྐད་ཆ་འགའ་གསུང་རོགས། 

དགེ་རྒན་གཟི་མིག་གསུམ་པ།  འུ་ཅག་དགེ་སློབ་སུ་ཞིག་ཡིན་ན་ས་ཆ་ཐག་རིང་ནས་འདིར་ཡོང་བའི་དམིགས་ཡུལ་རྡོག་གཅིག་པོ་ཅི་ཞིག་རེད་ཟེར་ན།    དེ་ནི་ཚང་མས་སློབ་སྦྱོང་ཡག་པོ་བྱེད་རྒྱུ་དེ་ཁོ་ན་རེད།   སློབ་སྦྱོང་བྱེད་རྒྱུ་འདིའང་དོན་ལ་སློབ་མ་དག་གི་བྱ་བ་རེད།  འདི་ན་བྱ་བ་ཞིག་ལས་ཀི་ཡོད་ཡོད་པོའི་དམིགས་ཡུལ་སློབ་མ་ཡིན་ནི་རེད།   དགེ་རྒན་ཡིན་ནི་མ་རེད།   བྱ་བ་འདི་དགེ་རྒན་འཇིགས་མེད་ཚང་གི་ཆེད་དུ་ལས་ཀྱིན་ཡོད་པ་མ་རེད་ལ།  ང་ཚོ་དགེ་རྒན་གཞན་དག་གི་ཆེད་དུ་ལས་ཀྱིན་ཡོད་པའང་མ་རེད།   རྭ་རྒྱའི་ས་ཆ་འདི་ཁོ་ནའི་ཆེད་དུ་ལས་ཀྱིན་ཡོད་པ་དེ་བས་ཀྱང་མ་རེད།   ཆེ་ས་ནས་འུ་ཚོས་འདི་རྒྱལ་ཁབ་དང་མི་རིགས་རིག་གནས་ཀྱི་དོན་དག་ཡིན་ཟེར་གྱིན་ཡོད་པ་རེད་མོད།     དོན་དངོས་སུ་ཕར་དེད་ནས་སོང་ན་སློབ་མ་ཚོའི་དོན་དག་སྒྲུབ་ཀྱིན་ཡོད་པ་རེད།   སློབ་མ་ཚོས་མདུན་ལམ་ཡག་པོ་རེ་རྙེད་པའི་ཆེད་དུ་རེད།    དེ་ཡིན་ན་ད་ངས་གོང་ནས་བཤད་པ་ལྟར་དགེ་རྒན་འཇིགས་མེད་རྒྱལ་མཚན་ཚང་དབུ་བྱས་ཏེ་མར་སྒོ་སྲུང་དང་ལས་བཟོ་བ་ཡོད་ཚད་ཀྱི་བར་དུ་འདི་ན་རང་དགར་མ་བསྡད་པར་འབད་འབད་དུང་དུང་བྱེད་ཀྱིན་ཡོད་པ་འདིའི་དམིགས་ཡུལ་སློབ་མ་ཁྱོད་ཚོ་རེད།    ཁྱོད་ཚོའི་དོན་དག་སྒྲུབ་ཀྱིན་ཡོད་པ་རེད།   དེ་ལྟར་མི་མང་བོ་ཞིག་གིས་ཁྱོད་ཚོའི་ཆེད་དུ་དཀའ་ལས་མང་བོ་མྱོང་གིན་ཡོད་པས།    གོང་དུ་བཤད་པའི་ངའི་དཀའ་ཁག་དེ་དག་ནི་ཆུང་ཆུང་རེད།   དགེ་རྒན་འཇིགས་མེད་ཚང་གིས་དེའི་མི་ཚད་པའི་ངོ་མ་ཧ་ལས་ཤིང་ཡ་མཚན་པའི་དཀའ་ཚེགས་འོ་བརྒྱལ་མང་བོ་རིག་གིན་ཡོད་ནི་རེད།   དགེ་རྒན་ཚུལ་ཁྲིམས་ཚང་ལ་སོགས་པའི་དགེ་རྒན་རྣམ་པས་སྐུ་ལུས་སྙུང་ཞོར་དུ་སློབ་ཁྲིད་བྱས་ཏེ་དཀའ་ལས་ཚད་མེད་མྱངས་ནས་ཡོང་བ་རེད།   ང་ལྟ་བུ་ཡིན་ན་ད་རུང་ན་རྒྱུ་ཆེན་པོ་མེད་པས་སྐྱོན་མེད་ཀི།      དགེ་རྒན་ཚུལ་ཁྲིམས་ཚང་གིས་སྐུ་སྙུང་ཞོར་དུ་རང་གི་བདེ་ཐང་དང་སློབ་གཉེར།    མདུན་ལམ་སོགས་བློས་བཏང་ནས་འདིར་ཡུན་རིང་བཞུགས་པ་ཚང་མས་ཤེས་གསལ་ལྟར་རེད།   དེ་བས་ཁོང་རྣམ་པས་དཀའ་སྡུག་འདི་འདྲ་མྱོང་གིན་ཡོད་དུས།    འུ་ཚོས་འདིར་ཡོང་ནས་རང་དགར་དུས་ཚོད་སྟོང་ཟད་དུ་བཏང་ནས།   རྣམ་གཡེང་གི་ངང་ནས་བསྡད་ན།    གཅིག་ནས་དེ་ཚང་མ་འཕྲོ་བརླག་ཏུ་བུད་སོང་བ་རེད།   གཉིས་ན་ཁོང་རྣམ་པར་འོས་མེད་བྱས་པ་རེད།  འདི་ན་མི་མང་བོ་ཞིག་གིས་ཁྱོད་ཚོའི་ཆེད་དུ་ནུས་པ་ཅི་ཡོད་འདོན་གྱིན་ཡོད་པ་དེ་ཁྱོད་རང་གིས་བེད་སྤྱོད་མ་བྱས་པར་སྟོང་ཟད་དུ་བཏང་ན་རང་གཞན་གཉིས་ཀར་དེ་ལས་ལྷག་པའི་གྱོང་གུད་ཆེ་བ་ཅི་ཞིག་ཡོད།      དེས་ན་ད་ཚང་མས་དེ་དག་འཕྲོ་བརླག་ཏུ་མ་བཏང་བར་སློབ་གཉེར་ཡག་པོ་བྱས་ནས་ཁྱེད་ཚོ་ལེགས་ལམ་དུ་བུད་སོང་ན།   དགེ་རྒན་རྣམ་པས་ཀྱང་དཀའ་ལས་བརྒྱབས་ནའང་ང་ཚོས་དཀའ་ལས་བརྒྱབས་བཏང་བསམ་ནི་མ་རེད།    ཨོ།   ད་བཟང་ཐལ་བསམ་ནས་དགའ་རྒྱུ་རེད།     མུ་མཐུད་དུ་ད་རུང་དཀའ་ལས་བརྒྱག་འདོད་བྱུང་ནི་རེད།    དེས་དགེ་རྒན་ཚོར་ཡང་མུ་མཐུད་དུ་དཀའ་ལས་བརྒྱག་རྒྱུའི་སེམས་ཤུགས་སྟེར་ཐུབ་རྒྱུ་རེད།    དེ་མིན་སློབ་མ་ཚོས་འདི་ནས་སློབ་སྦྱོང་ཡག་པོ་མ་བྱས་པར་དཀའ་ལས་བརྒྱབ་པ་དེ་དག་འཕྲོ་བརླག་ཏུ་སོང་ན།    དགེ་རྒན་ཚོར་ཡང་ཁོ་ཆད་རྒྱུ་ཡོད་ནི་རེད།    ད་མུ་མཐུད་དུ་ཤུགས་བརྒྱབ་ནའང་ཕན་ཅང་ཨེ་ཐོགས་མི་ཤེས་ཀི་སྙམ་པའི་དོགས་པ་དང་ཐེ་ཚོམ་སྐྱེ་རྒྱུ་ཡོད་ངེས་རེད།    དེ་བས་ཁྱེད་ཚོས་ཧྲ་ལ་བྱས་ནས་སློབ་སྦྱོང་ཡག་པོ་བྱས་ན་ང་ཚོས་སྡུག་ཅུང་ཙམ་མྱང་དགོས་ཀྱང་ད་རུང་དགའ་བ་མ་གཏོགས་སྐྱོ་བ་སྐྱེ་རྒྱུ་མ་རེད།   དེའི་རྐྱེན་གྱིས་ཚང་མས་སྒྲིག་ལམ་ཚུལ་བཞིན་བརྩིས་ཏེ་སློབ་གཉེར་ལ་འབད་བརྩོན་བྱ་རྒྱུ་ནི་ངའི་ཆེས་བཤད་འདོད་པའི་སྐད་ཆ་དང་ཆེས་ཆེ་བའི་རེ་བ་ཉག་གཅིག་ཡིན།    དེ་མ་གཏོགས་ཅང་མེད།

                             བཅར་འདྲི་བྱེད་མཁན།    རྨ་རྒྱལ་མྱུག་གསར་རྩོམ་སྒྲིག་ཚན་ཆུང་།

གསར་འགོད་པ། རྒྱ་འདུ་སངས་རྒྱས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། nldr བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ཁྱེད་ཚོའི་སློབ་སྦྱོང་བཟང་ན། ང་ལ་དཀའ་སྣང་མེད།   སྤེལ་མཁན།: དྷཱི སྤེལ་དུས:2020/7/6
བྱ་བཞག་ཐམས་ཅད་གེགས་མེད་ཡིད་བཞིན་དུ་འགྲུབ་པར་སྨོན།🙏🙏🙏
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23538584
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།