སྐྱ་བོའི་སློབ་གསོ་ལས་སློབ་གཙོ་ཆེད་གླེང་།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 29 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» སྤྱི་ཚོགས་སློབ་གསོ། »སྐྱ་བོའི་སློབ་གསོ་ལས་སློབ་གཙོ་ཆེད་གླེང་།
སྐྱ་བོའི་སློབ་གསོ་ལས་སློབ་གཙོ་ཆེད་གླེང་།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2020-06-30ལྟ་ཀློག (5752)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སྐྱ་བོའི་སློབ་གསོ་ལས་སློབ་གཙོ་ཆེད་གླེང་།

       —རང་གི་མྱོང་རྒྱུས་ལས་གང་ཟག་སྒེར་ལ་ཁ་གཏད་མེད།

རྩོམ་པ་བོ་མཚམས་སྦྱོར་མདོར་བསྡུས།   དོ་རྒྱ་བསོད་ནམས་ཚེ་རིང་།  ༡༩༦༥ལོར་མདོ་སྨད་གཅན་ཚའི་ཡུལ་དུ་སྐྱེས།  གཅན་ཚ་རྫོང་དོ་རྒྱ་སློབ་ཆུང་ནས་སློབ་མཐར་ཕྱིན་རྗེས་རིམ་བཞིན་རྫོང་མི་རིགས་སློབ་འབྲིང་དང་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ།  མཚོ་སྔོན་སློབ་གསོ་སློབ་གླིང་།  མཚོ་སྔོན་མི་རིགས་སློབ་ཆེན་སོགས་འགྲིམས་ཏེ་སློབ་མཐར་ཕྱིན།  ད་ལྟ་གཅན་རྫོང་སློབ་གསོ་ཞིབ་འཇུག་ཁང་གི་ཀྲུའུ་རིན་ཡིན།


     སློབ་གཙོ་ཞེས་པའི་མིང་འདི་བོད་ལ་ཉེ་དུས་སུ་བྱུང་བར་ངེས་མོད།  འོན་ཀྱང་སློབ་གསོ་དང་མཉམ་དུ་དོན་གྱི་སློབ་གཙོ་བྱུང་བ་ལ་ཤེས་ལྡན་སུ་ཞིག་ཀྱང་ཐེ་མི་ཚོམ་མོ།།


        སློབ་གཙོ་ཞེས་པ་ལ་བོད་ཡིག་རང་སྟེང་གི་ཚིག་ངོས་ནས་གོ་བ་བླངས་ན།  སློབ་གྲྭའི་དབང་ཆ་གཙོ་བོ་འཛིན་མཁན་ཡིན་ནམ།  དགེ་སློབ་ཀུན་ལ་སློབ་སྦྱོང་བྱེད་དུ་འཇུག་མཁན་གཙོ་བོ་ཡིན་ནམ།  ཡང་ན་སློབ་གྲྭའི་ཁག་འཁུར་ལེན་མཁན་གཙོ་བོ་ཡིན་ནམ་སོགས་གཅིག་ཏུ་མ་ངེས་པར་མོག་མོག་ཅིག་ཏུ་སྣང་བར་འགྱུར་བས་ཀུན་པོས་རྒྱ་ཡིག་ལ་གོ་འཕོས་ཏེ་དོན་གྱི་གོ་བ་མ་བླངས་རང་བླངས་སུ་འགྲོ་བཞིན་ཡོད་པ་རེད།

      དེ་ཡང་ཅི་ཁག་སྟེ།   སྲོལ་རྒྱུན་ལྟར་ན།  གཙོ་བོའི་ཟླ་ལ་ཕལ་བ་ཞིག་ངང་གིས་ཐོན་པ་འདིས།  སློབ་གཙོ་ནི་སློབ་གྲྭའི་དབང་ཆ་གཙོ་བོ་འཛིན་མཁན་ཡིན་དགོས་ན་དགེ་རྒན་དང་སློབ་མ་རྣམས་ནི་དབང་ཆ་མེད་པའི་ཕལ་བ་རུ་ཆགས་ནས་མང་གཙོ་ཐོན་དཀའ་ཉེན་ཆེ་བས། དུས་ཡུན་རིང་མོ་ཞིག་ནས་སློབ་གཙོ་ཞེས་པའི་མིང་གི་གོ་བ་ལེན་སྟངས་མ་དག་རྒྱུན་འབྱམས་འདིས་དགེ་རྒན་རྣམས་སློབ་གྲྭའི་ལས་དོན་ལ་གཙོ་བོའི་ཚུལ་དུ་འཇུག་པར་མི་སྤྲོ་བའི་ལོག་ནུས་ཤིག་སྟེ་ནམ་ཡང་རང་ཉིད་སློབ་གྲྭའི་ནང་གི་ཚོགས་མི་ཕལ་བར་འདོད་པའི་སེམས་བྱུང་ཞིག་ཐོན་གྱིན་མེད་དམ་སྙམ་མོ།།

    བྱེས་སུ་སློབ་གཙོ་ལ་སློབ་སྤྱི་ཞེས་གདགས་པས་སློབ་གསོ་དང་སློབ་གྲྭ། བཅའ་ཡིག།  སློབ་ཁྲིད།  དགེ་རྒན།   སློབ་མ་སོགས་སློབ་གྲྭའི་ཕྱོགས་བཅུ་དང་དུས་གསུམ་ལ་ཁྱབ་པའི་བྲོ་བ་ཞིག་ངང་གིས་སྟེར་བར་བྱེད་པས་ཤིན་ཏུ་ལེགས་པའི་སློབ་གསོའི་བརྡ་ཆད་ཅིག་ཏུ་སེམས་སོ།།

     གང་ལྟར་སློབ་གཙོ་ཞེས་པ་ནི་མིའི་རིགས་སམ་འབངས་མིའམ་སློབ་མའི་ལས་དབང་ལ་ཁ་ལོ་སྒྱུར་མཁན་གྱི་སྐྱེ་བོ་ཁྱད་པར་བ་ཞིག་ལ་མཁས་བླུན་སུས་ཀྱང་བསྙོན་དུ་མེད་དོ།།

        དེ་ལྟར་ཡང་ཡིན་ཏེ།  རང་རེའི་སློབ་གྲྭ་ཆུང་འབྲིང་གི་སློབ་གཙོ་རྣམས་ལ་མཚོན་ན།  ཁོ་ཚོ་ནི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་གསོ་འདྲ་འདྲ་མྱངས་པའི་སློབ་གྲོགས་རྣམས་ལས་རྣམ་དཔྱོད་མི་འདྲ་བ་ཡིན་ཏེ།   ཁོ་ཚོ་ལ་སློབ་གྲོགས་དང་ལས་གྲོགས་རྣམས་དང་འདྲ་བར་ཐུན་མོང་གི་སློབ་གསོ་ལས་སློབ་གསོ་ཁྱད་པར་བ་གཞན་ཞིག་ཐོབ་མེད་ནའང་།   ཁོ་ཚོའི་རྣམ་དཔྱོད་དང་ཉམས་མྱོང་།  ཐབས་ལམ།  སྒེར་གཤིས་ལ་བརྟེན་ནས་བརྒྱ་ཡི་ནང་ནས་བསལ་ཆོག་ཅིང་བརྒྱད་ཀྱི་ནང་ནས་འདེམས་འོས་པའི་སློབ་གཙོའི་གོ་ས་རག་པར་གྱུར་ཤ་སྟག་གོ།།   གལ་ཏེ་སློབ་གཙོ་དག་གི་སྙིང་སྟོབས་དང་།  ཆོད་སེམས།  ཤེས་རབ།  ཁ་ལྕེ།  ནུས་པ།  འབྲེལ་སྟོབས།  རྐྱང་སྐུམ་མེད་ན་བོད་ཀྱི་སློབ་གྲྭ་ལེགས་པོ་ཞིག་ཏུ་སློབ་གསོ་ལེགས་པོ་ཞིག་སྒྲུབ་པ་ཕར་ཟད།  སློབ་གྲྭ་ནི་དུས་དང་རྣམ་པ་ཀུན་ཏུ་མགོ་བོ་མེད་པའི་བེམ་པོ་ཞིག་དང་མཚུངས་པར་ནུས་མེད་དུ་ལུས་པར་འགྱུར་རོ།། 

     མིའི་ལུས་ལ་ཡན་ལག་གི་མཆོག་སྟེ་མགོ་བོ་ཅི་ནས་ཀྱང་གལ་ཆེ་བ་བཞིན་དུ་སློབ་གྲྭ་ལ་སློབ་གཙོ་གལ་ཆེ་བའི་ཚུལ་ནི་ད་ལྟའི་སྤྱི་ཚོགས་ལ་མཚོན་ན་སློབ་གྲྭའི་སྒོ་སྲུང་ཡན་ཆད་ཀྱིས་ཝ་ལེར་ཤེས་པའི་རྒྱུན་ཤེས་ཤིག་གི་ཚད་དུ་ཐོན་ཟིན་ཏོ།།

     སློབ་གསོའི་ཆེད་མཁས་པ་ཞིག་གིས་སློབ་གྲྭའི་དོ་དམ་གྱི་མ་དཔེ་ལ་མིའི་ལུས་པོ་བཀོད་པ་སྔ་མོ་ནས་མཐོང་བ་འདི་ལྟ་སྟེ།   སློབ་གཙོ་ནི་མགོ་བོ་དང་།  སློབ་སྟོན་ཁང་ནི་སྙིང་།  དེ་བཞིན་ཀུན་སྤྱོད་ཁང་དང་གཞུག་སྐྱ་ཁང་སོགས་རྩ་འཛུགས་གཞན་དག་ནི་དོན་ལྔ་སྣོད་དྲུག།  འཛིན་བདག་དང་ཁྲིད་དཔྱོད་པ་ནི་རྐང་རྐ་ལག།  དགེ་རྒན་ཀུན་པོ་ནི་

ལུས་ཀྱི་ཟུངས་ཏེ་ལུས་ཡོངས་སུ་འཛིན་བྱེད་ཉག་གཅིག་གོ།། འདི་ནི་སྟབས་བདེ་བའི་དཔེ་ཞིག་ཏུ་མཐོང་ནའང་སྦས་དོན་ནི་རྒྱ་ཆེ་ཞིང་གཏིང་ཟབ་ཟབ་ཅིག་ཏུ་སྣང་ངོ་།།

      མགོ་ཁྲིད་སུ་ཞིག་གིས་སློབ་གཙོ་ནི་སྲིད་འཛིན་དཔོན་པོ་མ་རེད་དེ་དགེ་རྒན་རེད་ཅེས་ཇི་ལྟར་མང་དུ་བཤད་ཀྱང་སློབ་གཙོ་ལ་མི་དང་རྒྱུ་ནོར་མང་པོ་དོ་དམ་གྱི་དབང་ཆ་གང་ཞིག་ཆེ་ཆུང་ལ་མ་ལྟོས་པར་དངོས་སུ་ཡོད་པ་འདིས།   ཆོས་རྗེ་ས་པཎ་གྱིསཁ་ཉུང་བ་དང་གཅིག།  ཁོག་ཡངས་པ་དང་གཉིས།  གཏམ་དྲང་བ་དང་གསུམ།  བསམ་མནོ་གཏོང་བ་དང་བཞི།  ཉེ་རིང་མི་བྱེད་པ་དང་ལྔ།  རང་འདོད་ཆུང་བ་དང་དྲུག་པོ་དེ་གཙོ་བོ་ལ་གལ་ཆེ་བ་ཡིན་ནོ།།”①ཞེས་པ་ལས་སློབ་གཙོ་ཡང་གང་ལྟར་གཙོ་ཆེ་བ་ཡིན་པས་གདམས་ངག་འདི་བླངས་ཆོག་ཆོག་ཏུ་ཟད་ལ།  ཁ་ཉུང་བ་ལས་རྒྱལ་ཁབ་ཀྱི་སྲིད་ཇུས་དང་སློབ་གསོའི་ཆོས་ཉིད་དང་མཐུན་པའི་གཏམ་ཤ་སྟག་སྨྲ་དགོས་པ་དང་།   ཁོག་ཡངས་པ་ལས་དུས་དང་རྣམ་པ་ཀུན་ཏུ་སློབ་གྲྭའི་རྙོག་འཛིངས་ལ་གདོང་གཏོད་ཐུབ་དགོས་པ།  གཏམ་དྲང་བ་ལས་གསོག་གསོབ་དང་ཁྲལ་ལས་ཀྱི་རྔ་མ་རིང་མི་རུང་བ།  བསམ་མནོ་གཏོང་བ་ལས་ནམ་ཡང་གཞན་ཟེར་ལ་བསྟུན་ནས་སློབ་གསོའི་ཉི་མ་ནམ་ཚ་མི་ཆོད་པ།  ཉེ་རིང་མི་བྱེད་པ་ལས་དགེ་རྒན་དཔུང་སྡེའི་འཛུགས་སྐྲུན་ཤིན་ཏུ་གལ་ཆེ་བས་རང་འབྲེལ་ཉེ་རིང་ཁོ་ནས་མི་ཡོང་བ།   རང་འདོད་ཆུང་བ་ལས་གཙོ་འཁོར་རུལ་སུངས་སུ་འགྱུར་མི་རུང་བ་སོགས་གསལ་བར་བསྟན་ནས་འདུག་གོ།།

      སླར་ཡང་གདམས་ངག་འདི་ཚིག་ཙམ་དུ་མ་བཞག་པར་སློབ་གཙོའི་བྱ་བ་དངོས་དང་སྦྱར་ནས་བཤད་ན།  གཞི་རིམ་གྱི་སློབ་གཙོ་མང་པོས་རྒྱ་བོད་ཀྱི་སྐད་ཆ་དང་ཡི་གེ་གང་ཡང་ཚད་ལྡན་ཞིག་མི་འཁྱོངས་པ་དང་།  དགེ་རྒན་རྣམས་རང་རང་གི་ཁྱད་ཆོས་དང་འཇོན་ནུས་ལྟར་ལས་ལ་འཁོལ་བའི་ནུས་པ་མེད་པས་དགེ་རྒན་མང་པོ་ལ་སེམས་མ་འདྲེས་ནས་ཁ་བསྲེས་མེད་པ་ལྟ་བུར་ཆགས་པ།  ལས་ཆེ་ཆུང་གང་དང་གཏམ་རིང་ཐུང་བཤད་བཤད་པོ་གཡོ་སྒྱུ་ཁོ་ན་ལ་འབྱམས་དྲགས་པས་གཞན་གྱིས་ཡིད་ཆེས་མི་བྱེད་པ།  དཔེ་ཀློག་དང་བསམ་བློ་གཏང་རྒྱུ་ཅི་ཡང་མེད་པར་ཡར་ལ་ཡ་ཡ་དང་མར་ལ་ལས་ལས་ལས་མི་ལས་ན་ཡར་སྤྲོད་རྒྱུ་ཟེར་བས་མ་བསམ་ས་ནས་ཚིག་ངན་གཅིག་གིས་དགེ་རྒན་མང་པོ་སྙིང་ལངས་སུ་འཇུག་པ། ས་ལ་ཕྱོགས་དང་མི་ལ་རིས་སུ་ཆད་པས་སློབ་གྲྭ་ལ་ལར་སྡེ་བ་ག་གེ་མོའི་སློབ་གྲྭ་དང་ཕ་རྒྱུད་ཆེ་གེ་མོའི་སློབ་གྲྭ་དང་མ་རྒྱུད་ཆེ་གེ་མོའི་སློབ་གྲྭའི་མངོན་བརྗོད་ཀྱི་མིང་དངོས་སུ་ཐོགས་པ་སེམས་ཀྱིས་་ཤེས་རྒྱུ་དང་རྣ་བས་གོ་རྒྱུ་འདུག་པ་འདིས་སློབ་གསོ་དང་སློབ་གྲྭ་ལ་ལར་རེ་ཞིག་ལོག་ཕྱོགས་ཀྱི་ནུས་པ་ཐོན་ཟིན་པ་ཤེས་སོ།།

    སླར་ཡང་གལ་བོ་ཆེ་ལ་ནན་ཏན་ཚུལ་དུ་ཞུས་ན།  སློབ་གྲྭ་ནི་སློབ་ཁྲིད་བྱེད་ས་ཉག་གཅིག་ཡིན་པས་ངེས་པར་དུ་སློབ་ཁྲིད་བྱེད་པ་ལ་ཀུན་ནས་མཁས་པའི་དགེ་རྒན་གྱིས་སློབ་མ་སྐྱོང་བ་ལས་སློབ་གཙོའི་ཤ་ཁྲག་གི་འབྲེལ་བས་དགེ་རྒན་གྱི་དཔུང་བསྒྲིགས་ན།  དེ་ནི་དགྲ་འདུལ་གཉེན་སྐྱོང་གི་འཇིག་རྟེན་དོན་གཉེར་ལ་གོ་འཕོས་སོང་བ་ལས་དེང་རབས་སློབ་གསོའི་སྒྲུབ་ལུགས་ཤིག་ག་ལ་ཡིན་ཏེ་གཏན་ནས་མ་ཡིན་པས།  སློབ་གྲྭ་དེ་ལ་སློབ་ཁྲིད་རྒྱུ་སྤུས་ཀྱི་འབྲས་བུ་སྨིན་པའི་བསྐལ་བ་ནམ་ཡང་མེད་དོ།།

    གཞན་ཡང་ཨུ་རུ་སུ་པ་ཞིག་གིས་ཀྱངསློབ་གྲྭའི་མགོ་ཁྲིད་པ་ལ་ནང་དོན་གསུམ་དང་ལྡན་དགོས་ཏེ། དང་པོ་བསམ་བློ་སྣ་འདྲེན་གྱི་མགོ་ཁྲིད་པ་དང་།  བར་དུ་ཆེད་ལས་མཛུབ་སྟོན་གྱི་མགོ་ཁྲིད་པ་དང་།  མཐའ་མ་སྲིད་འཛིན་མགོ་ཁྲིད་ཀྱི་མགོ་ཁྲིད་པ་གསུམ་མོ།།”②ཞེས་སྡོམ་ཚིག་བཀོད་པ་ལ་གཞིགས་ནའང་། སློབ་གཙོ་ཞིག་ཡིན་ན།  དགེ་རྒན་གྱི་བསམ་བློ་ནམ་ཡང་མ་སྐྱིད་པར་ཁོག་ལ་བསམ་འཆར་གྱིས་གང་བ་དང་། ཁ་ནས་འཁང་ར་ཏག་ཏག་སྨྲ་བ་དང་།  ལུས་སེམས་སྒྱིད་ལུག་ལ་ལོབས་པ་དང་།  བྱ་བ་ཚོང་ལས་ལ་ཕྱོགས་པ་དང་།  རང་བཞིན་གཡོ་སྒྱུ་ལ་གོམས་སུ་འཇུག་གཏན་ནས་མི་རུང་ངོ་།།

   དེ་ལྟར་བྱེད་པ་ལ། སློབ་གཙོ་བཅའ་མཁན་རང་ཉིད་ལ་མ་མཐའ་ཡང་ཚོགས་འདུ་དང་སློབ་ཁྲིད་ཀྱི་སྐད་ཆ་སྣ་གཅིག་ལེགས་པར་སྨྲ་བ་དང་།  ཡིག་རིགས་སྣ་གཅིག་ལེགས་པར་འབྲི་ཀློག་ཤེས་པ་དང་།  སློབ་ཚན་སྣ་གཅིག་ལེགས་པར་ཁྲིད་ཐུབ་པའི་འཇོན་ནུས་མེད་ན་གཏན་ནས་མི་ཆོག་ལ།  བརྒྱ་ལ་དེ་ལྟར་མ་བྱུང་ཡང་།  དགེ་སློབ་རྣམས་ཀྱི་ཡོན་ཏན་ཀུན་ནས་རྒྱས་པ་དང་དང་སློབ་ཁྲིད་འཆད་ཉན་ཐབས་ལམ་ཀུན་ནས་འཛོམས་པ་ལ་མཐུན་རྐྱེན་གྱི་ཚོགས་བསགས་པ་དང་འགལ་རྐྱེན་གྱི་སྒྲིབ་པ་སེལ་བའིཆོས་སྐྱོངཞིག་ནི་ཅིས་ཀྱང་ཡིན་དགོས་སོ།།སློབ་གཙོ་དག་ལ་འཇོན་ནུས་དེ་དག་མེད་བཞིན་དུ་སློབ་གསོའི་གཞུང་ལུགས་དང་ཆེད་ལས་ལ་སློབ་སྦྱོང་བྱེད་པ་ལྟ་ཅི།  སློབ་གསོའི་སྐོར་གྱི་ཡིག་ཆ་ཙམ་ལ་ཡང་རགས་མོ་རྩིང་པོ་ལས་ཞིབ་ཏུ་མི་ལྟ་བའི་ཁར།  ད་དུང་ཉིན་མཚན་ཁ་སྦྱར་ནས་ཆང་དང་དུ་བ་དང་ཤོ་དང་རྣམ་གཡེང་ལ་བག་མེད་དུ་སྤྱད་དེ་རང་གི་སློབ་གསོ་དོ་དམ་དང་སློབ་ཁྲིད་ལེགས་བསྒྱུར་གྱི་བསམ་གཞིག་སྒོ་མོ་ཡོངས་སུ་འགག་པར་བྱེད་ཅིང་།  གཞུག་སྐྱའི་འཛིན་བྱང་ལ་མིང་རྟགས་བཀོད་པའི་བྱ་བ་ཉག་གཅིག་ཁོ་ན་ལས་གཞན་ཡོད་འོས་པའི་ཡོན་ཏན་གྱི་ཁྱད་ཆོས་ཅི་ཡང་མེད་པར་གྱུར་ན།  རྒྱ་ཆེ་ལ་གྲངས་མང་བའི་དགེ་རྒན་ཚོའི་མིག་ནང་གི་སློབ་གཙོ་རླབས་ཆེན་དེ་ནི་རིམ་བཞིན་རིམ་བཞིན་ད་ལྟ་ཉིད་དུ་ཡལ་སོང་ན་ཅི་མ་རུང་སྙམ་པའི་གཟུགས་བརྙན་ཙམ་པོ་ཞིག་ཏུ་འགྱུར་བར་ངེས་སོ།།

     མི་རྣམས་ཀྱིས་སློབ་གཙོ་བཟང་པོ་ཞིག་ནི་སློབ་གྲྭ་བཟང་པོ་ཞིག་གོ་ཞེས་བསྡོམས་ནས་ཡུན་རིང་ཕྱིན་པའི་ཤུགས་ལ་སློབ་གཙོ་ངན་པ་ཞིག་ནི་སློབ་གྲྭ་ངན་པ་ཞིག་གོ་ཞེས་པ་འབད་མེད་དུ་རྟོགས་སླ་རུང་།  དོན་ལ་སློབ་གཙོ་བཟང་ངན་གྱི་དབྱེ་བ་ཅི་ལྟར་འབྱེད་པར་བསམས་ན་ལས་སླ་བོ་མིན་ཀྱང་ཤེས་དགོས་ངེས་ཤིག་གོ།།

དང་པོ་སློབ་གཙོའི་ཕྱི་ནང་གསང་གསུམ་གྱི་ཆ་ནས།   སློབ་གཙོ་ཞིག་ཡིན་ན་ཕྱིའི་ལས་ཁུངས་ཀྱི་འབྲེལ་བ་ཐག་བཅད་པ་འོས་ཤིང་འཚམས་པ་དང་།  ནང་གི་རང་ལུས་སྟོབས་ལྡན་སྤུས་གཙང་ལ་དུ་ཆང་གིས་མ་རག་པ་དང་གསུང་ངག་འཇམ་ཞིང་འཆད་པ་གནད་ལ་འཁེལ་བ་དང་ཚོགས་པའི་གཏམ་ལ་སྦྲགས་སྐད་མེད་པ། གསང་བ་རང་གི་སེམས་ན་གཞན་ཕན་གྱི་ས་བོན་དུས་དང་རྣམ་པ་ཀུན་ཏུ་གྲ་མ་ཉམས་ཟུར་མ་ཆག་པར་འབུས་བཞིན་པ་ཞིག་གོ།།

   སློབ་གཙོའི་སྐད་ཆའི་ནང་དོན་གྱི་ཆ་ནས་ཞུས་ན།  ཡར་ལ་ཞུ་འབུལ་གྱི་ཚེ་ཞུ་ཡུལ་སུ་ཡིན་ཡིན་ལ་སེམས་ལ་གང་ཞིག་དྲན་དྲན་པོ་དང་གནས་ཚུལ་གང་ཞིག་ཤེས་ཤེས་པོ། གནད་དོན་གང་ཞིག་གནས་གནས་པོ་འཆལ་མ་འཆོལ་དུ་བཤད་མི་རུང་བ་དང་།  མར་ལ་བཀའ་བསྒོ་དུས་དགེ་རྒན་དང་སློབ་མའི་སེམས་ལ་གནོད་བྱེད་དང་ཁྲོ་བྱེད།  འཛེར་བྱེད།  ཕམ་བྱེད་ཀྱི་དབང་གཏམ་ཁོ་ན་མི་སྨྲ་བར་དགེ་སློབ་ཀྱི་སེམས་ཞུམ་པ་ལ་དཔངས་བསྟོད་བྱེད་དང་།  བློ་གྲོས་ཉམས་པ་ལ་སྤོབས་པ་རྒྱས་བྱེད་དང་།  མང་པོ་ཁ་ཐོར་བ་ལ་ཚོགས་སྟོབས་རྒྱས་བྱེད་ཀྱི་གཏམ་མང་དུ་བཤད་པ།  བར་ལ་ཤགས་འགྱེད་དུས་སུ་ལས་ཁུངས་དེ་དང་སློབ་གྲྭ་དེ་ན་རང་ཉིད་ཁོ་ན་ལས་གཞན་ཡོན་ཏན་པ་དང་འཇོན་ནུས་ཅན།  ལས་འབྲས་རྩི་མཁན་གཅིག་ཀྱང་མེད་སྙམ་གྱི་སྣང་བ་ཨ་འཁྲུལ་ཡང་འཁྲུལ་དུ་མི་འགྲོ་བརསེམས་ཐོག་ལ་སེམས་བཞག།  ལག་མཐིལ་ལ་ནས་བརྡལནས་མི་རེའི་འཇོན་ཐང་དང་ཁྱད་ཆོས་ལྟར་ལས་བགོས་བྱེད་པ་ནི་བྱ་བ་ལེགས་འགྲུབ་ཀྱི་སྔོན་འགྲོ་སྟེ་མིའི་ཡོད་ཚད་ནི་ཕན་ཚུན་སེམས་ཀྱི་ཁས་ལེན་ནས་དབུ་ཚུགས་དགོས་ལ།  སློབ་གཙོ་སུ་ཞིག་འགྱུར་བ་མེད་པའི་བྱ་དངོས་འཕེལ་རྒྱས་ཀྱི་གནམ་ཐིག་ཆོས་ཉིད་འདི་ལ་འགལ་ན་སློབ་གསོ་ཕར་ཟད། བྱ་བ་ཆུང་ཕྲ་ཞིག་ཀྱང་ལེགས་པར་མི་འགྲུབ་པའི་སྔ་རྟགས་སྟོན་པར་འགྱུར་རོ།།

གཞན་ཡང་རྒྱུན་མཐོང་གི་གནས་ཚུལ་ཞིག་ལ།  སློབ་གཙོམངོན་ཤེས་ཅནའགའ་ཞིག་གིས།  དུས་དང་རྣམ་པ་ཀུན་ཏུ་སློབ་གསོ་ཅུའུ་ཡི་ལས་བགོས་ཡིན་ནའང་།  ལས་བགོས་བྱས་པ་དང་མཉམ་དུ་དེ་མ་ཐག་བྱ་བ་དེ་སྒྲུབ་དཀའ་ཚུལ་དང་ལས་མི་ཉན་ཚུལ།  དོན་དག་རྫོད་ཚུལ་སོགས་ལུང་བསྟན་ལྟ་བུ་ཞིག་བཤད་ནས་འཇོག་ལ།  ཐ་ན་སློབ་གཙོ་ཁོ་རང་གི་སེམས་སུ་ལས་འདོད་ཡོད་ཅིང་ལས་མ་ཐུབ་པར་ཡོད་པའི་བྱ་བ་ཞིག་ཡིན་ཀྱང་ནམ་ཡང་རྣམ་འགྱུར་དེ་འདྲ་ཞིག་སྟོན་པར་བྱེད་དོ།།  དེ་ནི་ཕྱི་ནས་བལྟས་ན་གོམས་སྲོལ་ཞིག་ཏུ་མཐོང་ཞིང་།  དོན་ལ་སློབ་གཙོ་ཁོ་རང་གི་མཚན་སྙན་གྲགས་ལ་གནོད་དོགས་དང་།  ཐོབ་གོ་ས་ལ་ཤོར་དོགས། དགེ་རྒན་ལ་འགལ་དོགས་ཀྱི་མི་སྒེར་རིང་ལུགས་པ་ཞིག་གི་བསམ་བློའི་ངང་ཚུལ་ཇི་བཞིན་དུ་ལྷང་ལ་བུད་པ་ཙམ་མ་ཟད། སློབ་གཙོ་རང་ཉིད་མི་གཤིས་སྒྱུག་ལུག་ཆེ་ཚུལ་དང་།  བྱ་བའི་ནུས་པ་མེད་ཚུལ།  རང་བཞིན་ཟ་ཉལ་སྐྱིད་འདོད་ལ་གོམས་པ་ཀུན་ལ་བསྟན་པའང་ཡིན་ཏོ།།  དེ་བཞིན་དུ།  དགེ་རྒན་དང་སློབ་མ།  ཁྱིམ་བདག་རྣམས་ཀྱིས་རེ་བ་ཞིག་བཏོན་པ་ནའང་།  རེ་བ་དེ་བྱ་བ་དོན་མཐུན་ཡིན་མིན་དང་།   རེ་བ་དེ་རང་དང་སློབ་གྲྭ་ལ་ཐག་གཅོད་པའི་ནུས་པ་ལྡན་མིན་དང་།  དགེ་སློབ་ཀུན་ལ་དོན་དག་ཐག་གཅོད་ཐབས་ཡོད་མེད་ལ་འདང་སྤུ་ཙམ་ཡང་མི་རྒྱག་པར། ཆེ་མདོག་ཁ་པོས་དེ་མ་ཐག་རང་གི་སེམས་ལ་ཡུན་རིང་བོར་མཁྲེགས་ཀྱིས་ཆགས་པའི་དྲན་ཚུལ་དེ་ཁ་ནས་ཐད་ཀར་ཕྱུང་ཅི་ཐུབ་བྱེད་ཀྱིས་དེ་ལྟར་བྱེད་མི་རུང་ཚུལ།  སྲིད་ཇུས་ལ་འགལ་ཚུལ།  སློབ་གསོ་ལ་གནོད་ཚུལ།  དཔེ་མི་སྲིད་ཚུལ་སོགས་ལུང་བ་གང་བཤད་ནས་ཞུ་བ་པོ་རྣམས་ཀྱི་རེ་བའི་མེ་ལྕེ་དེཁ་བཤད་ཆུ་ཡི་ཝུ་བསསྐད་ཅིག་ཉིད་ལ་བསད་ནས་འཇོག་གོ།།  མི་ཞིག་གིས་མི་ཞིག་ལ་རེ་བ་འདོན་པ་ནི་སྤྱི་ཡི་བྱ་བ་ལེགས་འགྲུབ་ཡོང་བའི་མཐུན་རྐྱེན་ཡིན་ཤག་ཤག་རེད་མོད། འོན་ཀྱང་སློབ་གཙོ་ཁ་ཤས་ཀྱིས་བྱ་བའི་མཐིན་རྐྱེན་དེ་མ་ཐག་པ་དེ་འགལ་རྐྱེན་ཞིག་ཏུ་མ་བསམས་ས་ནས་བསྒྱུར་བཞག་པ་རེད། དེ་ཡང་ཡིན་ཏེ།  ཁ་བ་མགོ་བའམ་སློབ་གཙོ་ཇི་འདྲའི་འཇོན་པ་ཞིག་ཡིན་ཀྱང་ཉེ་འཁོར་གྱི་ལས་གྲོགས་སམ་དགེ་སློབ་དག་གི་བློ་གྲོས་ལ་མ་བསྟུན་ན་དེ་ལས་གཞན་པའི་བྱ་བའམ་སློབ་གསོའི་གདམས་པ་ཁ་རླངས་འཐུལ་ལེ་བ་ཞིག་ས་སྟེང་འདི་ན་མེད་པར་ཐག་ཆོད་དོ།།

   དེང་སང་གི་སློབ་གྲྭ་ལ་རེའུ་མིག་གིཡོང་སྒོམང་བ་ཤིན་ཏུ་བདེན་མོད།  འོན་ཀྱང་སློབ་གཙོ་དང་གཞུག་སྐྱ་རྣམས་ལ་མཚོན་ན།  ཁྲིད་ཁུར་དགེ་རྒན་ལས་ལྟོས་བཅོས་ཀྱིས་ཁོམ་བཞིན་དུ།  རང་རང་གིས་རང་རང་གི་ཁ་འཕྲོའི་རེའུ་མིག་ལ་ལྟ་ཙམ་དང་སྒྲུབ་ཙམ་ཡང་མི་བྱེད་པར་སློབ་ཁང་ན་འདུར་བའི་དགེ་རྒན་ངོ་མ་དག་ལ་རྣམ་པ་ཀུན་ཏུ་ལས་བཅོལ་རྐྱང་བྱེད་པ་དེས་དགེ་རྒན་གྱི་བརྩེ་སེམས་དང་དུས་ཚོད་ཚལ་བར་བྱེད་པ་མ་ཡིན་ནམ།  གནད་དོན་འདི་ལ་ཡང་དག་པའི་ཐག་གཅོད་ཐབས་ཤིག་མེད་དམ།  ཁྱེད་རང་སློབ་གཙོ་ཡིན་དུས་གནད་དོན་འདི་ཐག་མ་བཅད་པར་བསྐྱུར་རྒྱུ་ཡིན་ནམ། གནད་འདི་སློབ་གཙོ་སུ་ཞིག་གིས་སྔོན་ལ་ཐག་བཅད་པ་ན་སློབ་གྲྭ་དེ་ལ་སྔོན་མ་བྱས་ནས་སློབ་ཁྲིད་ཀྱི་འབྲས་བཟང་སྨིན་ངེས་རེད་དོ།།

     སློབ་གཙོ་དག་གིས་སློབ་གྲྭའི་གནད་དོན་གསར་རྙིང་མང་པོ་རྣམས་དེ་མ་ཐག་དུམ་སེ་ཐག་གཅོད་མི་ཐུབ་པའི་རྒྱུ་རྐྱེན་ལ་དཔྱད་ན།  ཁོ་ཚོ་ལ་གཙོ་བོ་ཉམས་མྱོང་གིས་ཞན་པ་ཨེ་ཡིན་ཀྱང་སྙམ་སྟེ།  སློབ་གཙོ་ཞེས་པའང་སྲིད་འཛིན་དཔོན་པོ་གོ་ས་འཕར་བ་ནང་བཞིན།   དགེ་རྒན་ཕལ་བ་ནས་འཛིན་བདག་དང་།  དེ་ནས་སློབ་དཔྱོད་ཀྲུའུ་རིན། སློབ་སྟོན་ཀྲུའུ་རིན་གཞོན་པཡང་ན་ཀྲུའུ་རིན་གཞོན་པ་གཞན་དག  སློབ་སྟོན་ཀྲུའུ་རིནཡང་ན་ཀྲུའུ་རིན་གཞན་དག  སློབ་གཙོ་གཞོན་པ།  སློབ་གཙོའི་གོ་རིམ་འདི་བརྒྱུད་མྱོང་བ་ཞིག་ཡིན་ན་གནད་དོན་གང་ལ་འཕྲད་ཀྱང་རང་རང་གི་དོན་དངོས་དང་འཚམས་པའི་ཐག་གཅོད་ཀྱི་ཐབས་ལམ་ཞིག་རྙེད་ངེས་རེད་ལ།  དེ་ལྟར་མ་ཡིན་པར་སྤྲུལ་སྐུ་ཐུགས་ཐག་གཅོད་པ་ནང་བཞིན་དེ་རིང་གི་དགེ་རྒན་ཕལ་བ་ཞིག་ནངས་ཀའི་སློབ་གཙོ་ལ་གློ་བུར་དུ་བསྡད་པ་ཡིན་ན།  སློབ་གཙོ་ཁོ་རང་གི་བྱ་བའི་རྣམ་འགྱུར་ཇི་ལྟར་ལེགས་ཀྱང་བྱ་བའི་ཐབས་ལམ་རྡུགས་འགྲོ་བ་མངོན་སུམ་ཚད་མའོ།།

    གལ་ཏེ་སློབ་གཙོ་སུ་ཞིག་གིས་སློབ་གསོ་སློབ་ཁྲིད་ཀྱི་དོ་དམ་ལ་ཆེད་དུ་མཁས་པར་སྦྱངས་ཏེ་ལུས་ངག་ཡིད་གསུམ་སློབ་གྲྭ་ལ་འབུལ་མི་ནུས་ན་སློབ་གཙོའི་གོ་གནས་ལས་བཤོལ་དགོས་ཤིང་། སློབ་གཙོ་ཚད་ལྡན་ནི་འདི་འདྲ་ཞིག་ཏུ་འོས་སོ་ཞེས་རང་རང་གིས་དགེ་སློབ་ཀུན་ལ་མིག་དཔེ་སྟོན་མི་ནུས་ན་སློབ་གཙོའི་གོ་གནས་ལ་བཤོལ་དགོས་ལ།  སློབ་གྲྭའི་གོང་འོག་བར་གསུམ་གྱིདགེ་སློབ་ཡོད་དོ་ཅོག་ཕན་ཚུན་སྐྱ་འཐབ་ཏུ་འཇུག་མི་ནུས་ན་སློབ་གཙོའི་གོ་གནས་ལས་བཤོལ་དགོས་སོ།།  གལ་ཏེ་སློབ་གཙོའི་གོ་གནས་མི་བྲ་བཞིན་དུ་ཐབས་དང་བཙན་གྱིས་སྡོད་པ་ཡུན་རིང་དྲགས་ན་དེ་ལས་ལྷག་པའི་ནག་ཉེས་ཤིག་གནམ་འོག་ན་མེད་ཚོད་དེ།  ཁྱེད་དང་ཁྱེད་ཀྱི་གོ་གནས་དེས་ཁྱེད་རང་ཉིད་མི་སྒེར་གཅིག་བརླགས་པ་ཙམ་མ་ཡིན་པར་ས་གནས་ཤིག་དང་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་ལོ་བརྒྱའི་ཇུས་ཆེན་རློག་བཞིན་པས།  ད་ནི་དེ་མ་ཐག་ཏུ་ས་ཡངས་ལ་འབུད་རེམ་པས་མི་ཚད་འཕྱི་ནས་གདའ་འོ།།

     2020.6.14—24

མཆན། ས་པཎ་གྱི«ལེགས་བཤད་འཕྲུལ་གྱི་དྲྭ་བ»ལས་དྲངས།

   领导学校,首先是教育思想上的领导,其次才是行政上的领导。

——苏霍姆林斯基ཞེས་པ་ལ་དེ་སྔོན་མཁས་པ་གཞན་ཞིག་གིས་ཁ་བསྣན་པ་མཐོང་མོད།  ད་ལྟ་བཙལ་ནས་མ་རྙེད་དོ།།

གསར་འགོད་པ།  སྨྲ་ཁམས་མཁའ་འགྲོ་རྒྱལ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 41t8 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  སྐྱ་བོའི་སློབ་གསོ་ལས་སློབ་གཙོ་ཆེད་གླེང་།   སྤེལ་མཁན།: དྷཱི སྤེལ་དུས:2020/6/30
བསླུ་མེད་དཀོན་མཆོག་གསུམ་གྱིས་ཐུགས་རྗེ་གཟིགས། 🙏🌎🙏🌎🙏🌎
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23555750
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།