པྲོག་གསར་གློ་ཚད་རྗེས་ཀྱི་འཛམ་གླིང་།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 5 ཚེས 26 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »པྲོག་གསར་གློ་ཚད་རྗེས་ཀྱི་འཛམ་གླིང་།
པྲོག་གསར་གློ་ཚད་རྗེས་ཀྱི་འཛམ་གླིང་།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2020-04-20ལྟ་ཀློག (1258)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

པྲོག་གསར་གློ་ཚད་རྗེས་ཀྱི་འཛམ་གླིང་།

སྤྲེལ་ཉི་མ་རྒྱལ་མཚན་གྱིས་བསྒྱུར།

   འཛམ་གླིང་གི་དེབ་གྲགས་ཅན་༼མིའི་རིགས་ཀྱི་ལོ་རྒྱུས་མདོར་བསྡུས་༽ཞེས་པའི་རྩོམ་པ་བོ་ཡུའུ་ཝོལ་ནོ་ཧི་ར་རེསYuval  Noah Harariཀྱིས་གཟའ་འཁོར་སྔོན་མར་དབྱིན་ཇིའི་༼དངུལ་རྩའི་སྐབས་དོན་ཚགས་པར་༽སྟེང་༼པྲོག་གསར་གློ་ཚད་རྗེས་ཀྱི་འཛམ་གླིང་༽ཞེས་པའི་རྩོམ་ཡིག་རིང་པོ་ཞིག་སྤེལ།  དེའི་ནང་ཁོང་གིས་རིམས་ནད་མཇུག་འགྲིལ་རྗེས་འཛམ་གླིང་གི་ཁ་ཕྱོགས་གང་འདྲ་ཞིག་ཡིན་པ་དང་ད་ལྟ་རྒྱལ་ཁབ་དག་ལ་གཅིག་གྱུར་གྱི་འགུལ་སྐྱོད་འཆར་གཞི་མེད་པ་མ་ཟད་དེ་ལས་ལྡོག་སྟེ་སོ་སོས་རང་ཚུགས་ཀྱི་རིམ་ནད་ལ་འཐབ་བཞིན་ཡོད་པ་དང་ཕན་ཚུན་འགྲན་བསྡུར་གྱིས་རྒྱལ་ཁབ་སོ་སོའི་མཐའ་མཚམས་སྒོ་རྒྱག་པར་སེམས་ཁྲེལ་འདུག་ཅེས་གླེང་ཡོད།  རྩོམ་ཡིག་འདི་ནི་ཤིན་ཏུ་ཀློག་རིན་ལྡན་པས་ཆེད་དུ་བསྒྱུར་ཏེ་འོས་སྦྱོར་བྱས་པ་ལགས།   

   

   ད་ལྟ་མིའི་རིགས་འཛམ་གླིང་ཡོངས་ལ་གནས་པའི་ཉེན་ཁར་ཐུག་ཡོད་ལ་ང་ཚོ་མི་རབས་འདིའི་ཉམས་ཉེན་ཆེ་ཤོས་ཡིན་ཡང་སྲིད། རྒྱལ་ཁབ་ཁག་གི་སྲིད་གཞུང་གིས་མ་འོངས་པའི་གཟའ་འཁོར་འགའི་ནང་ཐག་གཅོད་བྱས་པ་དེས་འབྱུང་འགྱུར་ལོ་ཤས་ནང་འཛམ་གླིང་ལ་འགྱུར་ལྡོག་གཏོང་ངེས། དེ་དག་གིས་ང་ཚོའི་སྨན་བཅོས་བདེ་སྲུང་མ་ལག་ལ་ཤུགས་རྐྱེན་ཐེབས་པ་མ་ཟད། ད་དུང་ང་ཚོའི་དཔལ་འབྱོར་དང་ཆབ་སྲིད། རིག་གནས་བཅས་ལའང་ཤུགས་རྐྱེན་ཐེབས་སྲིད། ང་ཚོས་ངེས་པར་དུ་མགྱོགས་མྱུར་ངང་བློ་ཐག་རྦད་གཅོད་ཀྱིས་འགུལ་སྐྱོད་བྱེད་དགོས་ཤིང་།  ད་དུང་བྱ་སྤྱོད་འདི་དག་གི་ཡུན་རིང་གི་མཇུག་འབྲས་ལའང་བསམ་བློ་གཏོང་དགོས། ཇུས་གཞི་མི་འདྲ་བའི་བར་དུ་གདམ་གསེས་བྱེད་སྐབས་ང་ཚོས་རང་ཉིད་ལ་མདུན་དུ་གནས་པའི་འཇིགས་པ་ཇི་ལྟར་སེལ་བ་འདྲི་དགོས་པ་མ་ཟད། ད་དུང་ནད་དུག་གི་དྲག་རླུང་ཡལ་རྗེས་རང་ཉིད་འཇིག་རྟེན་གང་འདྲ་ཞིག་ཏུ་སྡོད་པ་བསམ་བློ་གཏོང་དགོས།  རེད་ཡ། ནད་དུག་གི་དྲག་རླུང་མ་འོངས་པར་ཡལ་ཞིང་མིའི་རིགས་མུ་མཐུད་ནས་གནས་ལ་ང་ཚོ་མི་མང་ཆེ་བ་སྔར་བཞིན་གསོན་ཡང་འཚོ་བ་རོལ་སྟངས་དེ་རྣམ་པ་གཞན་ཞིག་གོ།

དུས་ཡུན་ཐུང་བའི་ནང་གི་ཛ་དྲག་གི་བྱེད་ཐབས་མང་པོ་ཞིག་མ་འོངས་པའི་འཚོ་བའི་ཆ་ཤས་ཤིག་ཏུ་འགྱུར་ངེས། དེ་ནི་ཛ་དྲག་གི་བྱེད་ཐབས་ཀྱི་ངོ་བོ་ཡིན་ཞིང་དེ་དག་གིས་ལོ་རྒྱུས་ཀྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ་ཡིན། དུས་རྒྱུན་ལོ་ཁ་ཤས་ཀྱི་དུས་ཚོད་སྤྱད་ནས་གྲོས་ཞིབ་དང་ཐག་གཅོད་བྱེད་དགོས་པ་ད་ལྟ་ཆུ་ཚོད་འགའི་ནང་གྲོས་འཆམ་བྱུང་ཐུབ་ལ། བྱང་ཆུབ་མེད་པ་དང་ཐ་ན་ཉེན་ཁ་མཆིས་པའི་ལག་རྩལ་ཡང་བེད་སྤྱད་གཏོང་གི་ཡོད་ཅིང་། རྒྱུ་མཚན་ནི་བྱེད་ཐབས་གང་ཡང་མི་སྤེལ་བའི་ཉེན་ཁ་དེ་བས་ཆེ་བ་ཡོད། རྒྱལ་ཁབ་ཡོངས་སྤྱི་ཚོགས་ཀྱི་ཚོད་ལྟ་ཆེ་གྲས་ཁྲོད་དུ་བྱི་བ་ལྟར་བྱེད་བཞིན་ཡོད། མི་ཚང་མས་རང་ཁྱིམ་དུ་ལས་ཀ་ལས་ཏེ་རྒྱང་རིང་ནས་ཕན་ཚུན་ལ་འབྲེལ་བ་བྱེད་སྐབས་ཅི་ཞིག་འབྱུང་སྲིད་དམ། སློབ་གྲྭ་ཆེན་མོ་ཡོངས་ཀྱིས་དྲ་འཇུག་བྱེད་སྐབས་ཅི་ཞིག་འབྱུང་སྲིད་དམ། སྤྱིར་བཏང་དུ་སྲིད་གཞུང་དང་ཁེ་ལས། སློབ་གྲྭ་བཅས་ཀྱིས་ཚོད་ལྟ་དེའི་རིགས་བྱ་རྒྱུའི་མོས་མཐུན་ནམ་ཡང་བྱེད་མི་སྲིད་མོད་ད་ལྟ་དུས་སྐབས་དམིགས་བསལ་བ་ཡིན་པས་སོ།།

ཉེན་ཁའི་སྐབས་སུ་ང་ཚོར་དམིགས་བསལ་གྱི་གདམ་ག་གལ་ཆེན་གཉིས་ལྷགས་ཡོད། དང་པོ་ནི་དབང་བཙན་རིང་ལུགས་ཀྱི་ལྟ་ཞིབ་དང་སྤྱི་དམངས་ལ་དབང་ཆ་སྤྲོད་པའི་བར་གྱི་བསལ་འདེམས་ཡིན།  གཉིས་པ་ནི་མི་རིགས་རིང་ལུགས་ཀྱི་ཁེར་རྐྱང་དང་འཛམ་གླིང་ཡོངས་ཀྱི་མཐུན་སྒྲིལ་བར་གྱི་བསལ་འདེམས་ཡིན།   

པགས་འོག་གི་སོ་ལྟ།

   རིམས་ནད་དེ་འགོག་ཆེད་མི་ཚང་མས་ངེས་པར་དུ་ཚད་གཞི་ཁ་ཤས་ལ་བརྩི་སྲུང་བྱ་དགོས་ཤིང་བྱེད་ཐབས་གཙོ་བོ་གཉིས་ཀྱིས་དམིགས་ཡུལ་འདི་མངོན་འགྱུར་བྱེད་ཐུབ་སྟེ། བྱེད་ཐབས་གཅིག་ནི་སྲིད་གཞུང་གིས་མི་དམངས་ལ་ལྟ་ཞིབ་བྱེད་པ་མ་ཟད་སྒྲིག་སྲོལ་དང་འགལ་བའི་མི་ལ་ཆད་པ་གཅོད་རྒྱུ་དེ་ཡིན། ད་ཆ་ཐོག་མར་མིའི་རིགས་ཀྱི་ལོ་རྒྱུས་ཁྲོད་ལག་རྩལ་ལ་བརྟེན་ནས་མི་ཚང་མར་ལྟ་སྐུལ་ཚོད་འཛིན་བྱེད་ཐུབ། ལོ་ལྔ་བཅུའི་གོང་ཁེ་ཀེ་པོ་ཡིས་ཉིན་ལྟར་ཆུ་ཚོད་ཉེར་བཞིའི་ནང་སུའུ་ལེན་གྱི་སྤྱི་དམངས་དུང་ཕྱུར་གཉིས་དང་བྱེ་བ་བཞི་ཡི་རྗེས་སུ་སྙེག་ཐབས་བྲལ་ལ་བསྡུ་རུབ་བྱས་པའི་ཆ་འཕྲིན་ཚང་མ་ནུས་ལྡན་ངང་ཐག་གཅོད་ཀྱང་བྱེད་མི་ཐུབ། ཁི་ཀི་པོ་ཡིས་མིའི་རིགས་ཀྱི་གསང་མྱུལ་བ་དང་དབྱེ་ཞིབ་མཁན་ལ་བརྟེན་ནས་སྤྱི་དམངས་ཚང་མའི་རྗེས་འདེད་ཐུབ་པ་དཔེ་མི་སྲིད།   འོན་ཀྱང་ད་ལྟ་སྲིད་གཞུང་གིས་གང་སར་ཁྱབ་པའི་ཚོར་ཆས་དང་ནུས་པ་ཆེ་བའི་རྩི་ཐབས་ལ་བརྟེན་ནས་དམིགས་ཡུལ་འདི་མངོན་འགྱུར་བྱེད་ཐུབ།  

   པྲོག་གསར་གློ་ཚད་ལ་འཐབ་རྩོད་བྱེད་པའི་ཁྲོད་དུ་སྲིད་གཞུང་ཁ་ཤས་ཀྱིས་ལྟ་ཞིབ་ཡོ་བྱད་གསར་པ་བཀོད་སྒྲིག་བྱས་ཡོད།  རིག་ནུས་ལག་ཐོགས་ཁ་པར་ལ་ལྟ་ཞིབ་ནན་པོ་བྱས་པ་བརྒྱུད་མི་ཁྲི་བརྒྱ་ཕྲག་གི་ངོ་གདོང་ལ་བརྙན་མིག་དབྱེ་འབྱེད་བྱས་ནུས་པ་མ་ཟད། མི་རྣམས་ལ་བཙན་གྱིས་བརྟག་དཔྱད་བྱེད་དུ་བཅུག་པ་དང་འབྲེལ་དེའི་ལུས་དྲོད་དང་སྨན་བཅོས་ཀྱི་གནས་ཚུལ་སྙན་སེང་ཞུས་ཆོག  དབྱི་སི་རལ་གྱི་ཙུང་ལི་པན་ཅེ་མིང·ནེ་ཐ་ཉི་ཡ་ཧུའུ་ཡིས་ཉེ་ཆར་དབྱི་སི་རལ་གྱི་བདེ་འཇགས་ཚན་པ་ལ་ལྟ་ཞིབ་ལག་རྩལ་བཀོད་སྒྲིག་བྱས་ཏེ་པྲོག་གསར་གློ་ཚད་ཕོག་མཁན་རྗེས་འདེད་བྱེད་ཀྱི་ཡོད།  ལག་རྩལ་འདི་དུས་རྒྱུན་འཇིགས་སྐུལ་རིང་ལུགས་པའི་སྟེང་བཀོལ་རྒྱུའི་བྱེད་ཐབས་ཡིན་པས་གྲོས་ཚོགས་ཀྱིས་བྱེད་ཐབས་དེར་ཆོག་མཆན་མ་ཐོབ་པས་ནེ་ཐ་ཉི་ཡ་ཧུའུ་ཡིས་ཛ་དྲག་གི་བཀའ་རྒྱ་བཏང་།  ཁྱོད་ཀྱིས་འདི་དག་ལ་དོན་སྙིང་གསར་བ་མེད་ཅེས་རྩོད་གླེང་བྱེད་ཀྱང་སྲིད་མོད། ཉེ་བའི་ལོ་ཤས་རིང་སྲིད་གཞུང་དང་ཀུང་སི་ཚང་མས་སྔོན་ཐོན་གྱི་ལག་རྩལ་ལ་བརྟེན་ནས་མི་སྣ་རྗེས་འདེད་དང་ལྟ་ཞིབ། ཚོད་འཛིན་བཅས་བྱེད་ཀྱིན་ཡོད། གལ་ཏེ་ང་ཚོས་གཟབ་ནན་མ་བྱས་ན་ད་ལྟའི་རིམས་ནད་འདིའི་རིགས་ནི་མིའི་རིགས་ཀྱི་ལྟ་སྐུལ་ཚོད་འཛིན་ལོ་རྒྱུས་སྟེང་གི་དབྱེ་མཚམས་གལ་ཆེན་ཞིག་ཡིན་སྲིད། དེས་ད་ལྟའི་བར་དུ་གཞི་ཁྱོན་ཆེ་བའི་ལྟ་ཞིབ་ཡོ་བྱད་སྤྱོད་པར་དང་ལེན་མི་བྱེད་པའི་རྒྱལ་ཁབ་ལ་ལྟ་སྐུལ་ཚོད་འཛིན་རྒྱུན་ལྡན་དུ་བསྒྱུར་བ་མ་ཟད། དེ་བས་ཀྱང་གལ་ཆེ་བ་ནི་ལྟ་སྐུལ་ཚོད་འཛིན་དེ་སྐྱི་པགས་སྟེང་ནས་སྐྱི་པགས་འོག་ཏུ་འགྱུར་བ་མཚོན་ཐུབ།

   སྔོན་ཆད་ཁྱེད་ཀྱི་མཛུབ་མོས་རིག་ནུས་ལག་ཐོགས་ཁ་པར་གྱི་བརྙན་ཤེལ་ལ་རེག་སྐབས་སྲིད་གཞུང་གིས་ཁྱེད་ཀྱི་མཛུབ་མོས་ཅི་ཞིག་རྡེབ་བཞིན་ཡོད་པ་ཤེས་འདོད། འོན་ཀྱང་པྲོག་གསར་གློ་ཚད་ལ་མཚོན་ན་སྲིད་གཞུང་གིས་དོ་སྣང་བྱེད་ཡུལ་གཙོ་བོ་ནི་ཁྱོད་ཀྱི་མཛུབ་མོའི་དྲོད་ཚད་དང་པགས་པའི་འོག་གི་ཁྲག་ཤེད་ཤེས་འདོད་པ་དེ་རེད།  

ཛ་དྲག་གི་ལྷན་པ།

   ལྟ་སྐུལ་ཚོད་འཛིན་ལག་རྩལ་དེ་མི་རྣམས་ཧང་སངས་དགོས་པའི་མྱུར་ཚད་ཀྱི་ཐོག་ནས་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་ལོ་བཅུའི་གོང་གི་ཚན་རྟོག་བརྩམས་སྒྲུང་དེ་དག་ད་ཆ་རྒྱུན་གཏན་གྱི་གསར་འགྱུར་ཞིག་ཏུ་གྱུར་ཡོད། བསམ་བློའི་ཚོད་ལྟ་འདི་གལ་ཏེ་སྲིད་གཞུང་ཞིག་ཡིན་པའི་ཆ་བཞག་ན་སྲིད་གཞུང་དེས་སྤྱི་དམངས་ཚང་མས་ཉིན་ལྟར་སྐྱེ་དངོས་ཁྱད་རྟགས་ངོས་འཛིན་ལག་གདུབ་བཏགས་ནས་ཆུ་ཚོད་ཉེར་བཞིའི་རིང་ལ་ལུས་དྲོད་དང་སྙིང་གི་འཕར་ཚད་ལ་ལྟ་ཞིབ་ཚད་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་ལ། དེ་ལས་ཐོབ་པའི་གཞི་གྲངས་དེ་སྲིད་གཞུང་གི་རྩིས་རྒྱག་ཐབས་བརྒྱུད་ནས་གསོག་ཉར་དང་དབྱེ་ཞིབ་བྱས། རྩི་ཐབས་འདི་དག་གིས་ཐ་ན་ནད་རྟགས་མ་བྱུང་བའི་སྔོན་དུ་ཁྱོད་ལ་ནད་ཅི་འབྱུང་བ་ཤེས་ཐུབ་མ་ཟད་ཁོ་ཚོས་ཁྱོད་གང་དུ་སོང་བ་དང་སུ་ལ་འཕྲད་པ་ཤེས་ལ། ནད་དུག་འགོས་རྒྱུའི་ཉེན་ཁ་ཆུང་དུ་གཏོང་ཐུབ་པ་དང་ཐ་ན་རྩ་བ་ནས་འགོག་ཐུབ། འདི་ལྟ་བུའི་མ་ལག་གིས་ཉིན་འགའི་ནང་རིམས་ནད་མཆེད་པ་མཚམས་འཇོག་ཐུབ་ཅེས་བཤད་ཆོག་ཅིང་ཉན་ན་ཧ་ཅང་ཡག་པོ་འདུག།  ཨེ་རེད་ལགས།

འདི་ལ་ཉེས་སྐྱོན་ཡང་མཆིས་ཏེ། འདི་འདྲའི་འཇིགས་ཤིང་སྐྱ་ཡ་བའི་ལྟ་ཞིབ་མ་ལག་གསར་བ་ལ་ནམ་ཞིག་ཁྲིམས་མཐུན་རང་བཞིན་གྱི་མཇུག་འབྲས་ལྡན་པ་ཡིན་ན། གལ་ཏེ་ཁྱོད་ཀྱིས་ངས་མནན་པའི་དྲ་ངོས་Fox Newsསྦྲེལ་མཐུད་ཡིན་པ་ལས་ CNNཡི་སྦྲེལ་མཐུད་མིན་པ་ཤེས་ཐུབ་ལ།  ད་དུང་ངས་ཁྱོད་ལ་ངའི་ཆབ་སྲིད་ཀྱི་ལྟ་བ་དང་ཐ་ན་རང་གཤིས་ཅན་གྱི་ཆ་འཕྲིན་སོགས་ཀྱང་གསལ་འདེབས་བྱས་ཆོག་ལ། འོན་ཀྱང་ཁྱོད་ཀྱིས་བརྙན་ལམ་ལ་བལྟ་སྐབས་ལུས་དྲོད་དང་ཁྲག་ཤེད། སྙིང་གི་འཕར་ཚད་བཅས་ཀྱི་འགྱུར་ལྡོག་ལ་ལྟ་ཞིབ་ཐུབ་པ་མ་ཟད། ང་རང་གད་མོ་བགད་དུ་འཇུག་པ་དང་། ངུ་རུ་འཇུག་པ། དེ་མིན་ང་རང་ཁོང་ཁྲོ་ལངས་སུ་འཇུག་པའི་རྒྱུ་རྐྱེན་ལ་རྒྱུས་ལོན་བྱེད་ཐུབ།

   ཁོང་ཁྲོ་དང་དགའ་སྤྲོ། སུན་སྣང་། དགའ་ཞེན་བཅས་ནི་སྐྱེ་དངོས་ཀྱི་སྣང་ཚུལ་ཞིག་ཡིན་པ་གཙོ་བོ་སེམས་ལ་ངེས་དགོས་པ་སྟེ། ཚ་བ་རྒྱག་པ་དང་གློ་ལུ་བ་ལྟར་ཡིན། གློ་ལུ་ངོས་འཛིན་པའི་ལག་རྩལ་གཅིག་མཚུངས་ཀྱིས་གད་མོ་སློང་བའང་ངོས་འཛིན་བྱེད་ཐུབ། གལ་ཏེ་ཀུང་སི་དང་སྲིད་གཞུང་གིས་ང་ཚོའི་སྐྱེ་དངོས་དབྱེ་འབྱེད་གཞི་གྲངས་འབོར་ཆེན་འཚོལ་སྡུད་བྱེད་འགོ་བརྩམས་པ་ཡིན་ན་ཁོ་ཚོས་ང་ཚོ་ལ་རྒྱུས་ཡོད་པ་ནི་རང་ཉིད་ལས་ཀྱང་མཐོ།   དེས་ན་ཁོ་ཚོས་ང་ཚོའི་མྱོང་བར་སྔོན་དཔག་བྱེད་ཐུབ་པ་མ་ཟད་ད་དུང་ང་ཚོའི་མྱོང་ཚོར་ལ་ཚོད་འཛིན་བྱེད་ཐུབ་ཅིང་། ང་ཚོར་འཚོང་འདོད་པའི་ཐོན་རྫས་གང་རུང་དང་ཐ་ན་ཆབ་སྲིད་ཀྱི་ལྟ་བའང་དང་ལེན་བྱེད་དུ་འཇུག་ཐུབ།   སྐྱེ་དངོས་དབྱེ་འབྱེད་ལྟ་སྐུལ་ཚོད་འཛིན་གྱི་གཞི་གྲངས་ཧེག་པའི་ཐབས་ཇུས་དེ་རྡོ་ཆས་དུས་རབས་དང་འདྲ། སྤྱི་ལོ་2030ལོའི་བྱང་ཁོ་རེ་ཡ་བསམ་བློ་ཞིག་ཐོངས་དང་། སྐབས་དེར་སྤྱི་དམངས་ཚང་མས་ངེས་པར་དུ་ཉིན་རེར་ཆུ་ཚོད་ཉེར་བཞི་ལ་སྐྱེ་དངོས་དབྱེ་འབྱེད་ཀྱི་ལག་གདུབ་འདོགས་དགོས། གལ་ཏེ་ཁྱེད་ཀྱིས་རླབས་ཆེན་གཙོ་འཛིན་གྱི་གཏམ་བཤད་ལ་ཉན་སྐབས་ལག་གདུབ་ལས་ཁྱོད་ཁོང་ཁྲོ་ཆེན་པོ་ལངས་པའི་རྟགས་མཚན་ཡོད་པ་ཤེས་དུས་ཁྱེད་རང་ཚར་སོང་རེད།  

   སྲིད་གཞུང་གིས་སྐྱེ་དངོས་ཀྱི་ཁྱད་ཆོས་དབྱེ་འབྱེད་ནུས་པ་དེ་ཛ་དྲག་ཆེ་བའི་གནས་ཚུལ་འོག་སྤྱོད་པའི་གནས་སྐབས་ཀྱི་བྱེད་ཐབས་ཤིག་ཏུ་བརྩིས་ཡོད། གལ་ཏེ་ཛ་དྲག་གི་གནས་ཚུལ་མཇུག་རྫོགས་ན་བྱེད་ཐབས་འདི་དག་མེད་པར་བཟོ་སྲིད། འོན་ཀྱང་གནས་སྐབས་ཀྱི་བྱེད་ཐབས་ལ་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་པའི་གོམས་གཤིས་ཆེན་པོ་ཆགས་ན་ལེགས་ཏེ་ཛ་དྲག་གི་རྣམ་པ་གསར་བ་ཡང་བསྐྱར་མི་འབྱུང་པའི་ངེས་པ་མེད།  

དཔེར་ན། ངའི་མེས་རྒྱལ་དབྱི་སི་རལ་གྱིས་1948ལོའི་རང་བཙན་དམག་འཁྲུག་གི་སྐབས་སུ་ཛ་དྲག་གི་རྣམ་པ་ཞིག་ཏུ་སླེབས་པ་ཁྱབ་བསྒྲགས་བྱས་ཤིང་། གསར་འགྱུར་ཞིབ་བཤེར་དང་ས་ཞིང་གཞུང་བཞེས་བྱེད་པ་སོགས་དམིགས་བསལ་གཏན་འབེབས་སུ་ཚུད་པའི་གནས་སྐབས་ཀྱི་བྱེད་ཐབས་རབ་དང་རིམ་པ་ཞིག་ལ་གྲོས་འཆམ་བྱུང་། (ངས་ཁྱོད་ལ་མགོ་སྐོར་བཏང་མེད། )རྗེས་སུ་རང་བཙན་དམག་འཁྲུག་ལ་རྒྱལ་ཁ་ཐོབ་མོད། འོན་ཀྱང་དབྱི་སི་རལ་གྱིས་ཛ་དྲག་གི་རྣམ་པ་མཇུག་རྫོགས་པ་གཏན་ནས་ཁྱབ་བསྒྲགས་བྱས་མ་མྱོང་ལ། 1948ལོའི་གནས་སྐབས་ཀྱི་བྱེད་ཐབས་མང་པོ་ཞིག་ཀྱང་མེད་པར་བཟོས་མེད། (ཛ་དྲག་ཆེ་བའི་ལྷན་པའི་བཀའ་ཁྲིམས་ནི་2011ལོར་མེད་པར་བཟོས་པ་རེད། )

   པྲོག་གསར་གློ་ཚད་འགོས་མཁན་གཅིག་ཀྱང་མེད་པའི་གནས་ཚུལ་འོག་སྤྱི་དམངས་ཀྱི་གཞི་གྲངས་འབོར་ཆེན་ཐོབ་པར་འདོད་པའི་སྲིད་གཞུང་གིས་པྲོག་གསར་གློ་ཚད་ཐེངས་གཉིས་པ་མཆེད་པར་སྐྲག་པའམ་ཡང་ན་ཨ་ཧྥེ་རི་ཁ་དབུས་རྒྱུད་དུ་ཨའེ་པོ་ལ་ནད་དུག་གསར་པ་ཐོན་བཞིན་ཡོད་པས་ཁོང་ཚོས་སྐྱེ་དངོས་ཀྱི་ཁྱད་ཆོས་ལྟ་ཞིབ་ཚད་ལེན་མ་ལག་མུ་མཐུད་འཁོར་སྐྱོད་བྱེད་དགོས་ཀྱི་ཡོད་ཅེས་ཁ་གཡར་ཏེ་བཤད་སྲིད། གང་ལགས་ཤེ་ན། ཁྱེད་ཀྱིས་ཀྱང་མཁྱེན་སྲིད་དེ་ཉེ་བའི་ལོ་ཤས་རིང་ང་ཚོའི་སྒེར་གྱི་གསང་བའི་གནད་དོན་ཐོག་ཛ་དྲག་གི་འཐབ་འཛིང་ཞིག་ཐོག་མཐའ་བར་གསུམ་དུ་འབྱུང་བཞིན་ཡོད་ལ། པྲོག་གསར་གློ་ཚད་ཀྱི་ཉེན་ཁ་ནི་འཐབ་འཛིང་འདིའི་དཀྱོགས་མཚམས་ཤིག་ཀྱང་ཡིན་སྲིད་དེ། རྒྱུ་མཚན་ནི་མི་རྣམས་ཀྱིས་མི་སྒེར་གྱི་གསང་བ་དང་བདེ་ཐང་གཉིས་ཀྱི་ནང་ནས་རྒྱུན་པར་བདེ་ཐང་གདམ་ངེས།  

འདག་རྫས་ཀྱི་ཉེན་རྟོག་པ།

   དོན་དངོས་ཐོག་མི་རྣམས་ལ་སྒེར་གྱི་གསང་བ་དང་བདེ་ཐང་གཉིས་ཀྱི་བར་དུ་གདམ་གསེས་བྱེད་པའི་རེ་བ་འདོན་པ་དེ་གནད་དོན་གྱི་རྩ་བ་སྟེ་རྒྱུ་མཚན་འདི་ནོར་འཁྲུལ་གྱི་གདམ་ག་ཞིག་ཡིན། ང་ཚོས་གསང་བ་དང་བདེ་ཐང་གཉིས་མཉམ་དུ་ལོངས་སུ་སྤྱོད་ཆོག་ལ། ང་ཚོས་རང་ཉིད་ཀྱི་བདེ་ཐང་ལ་སྲུང་སྐྱོབ་བྱེད་པ་དང་མཉམ་དུ་པྲོག་གསར་གློ་ཚད་འགོག་པ་ཡིན་པ་ལས་དབང་བཙན་རིང་ལུགས་ཀྱི་ལྟ་རྟོག་ལམ་ལུགས་འཛུགས་པར་བརྟེན་པ་མིན། ང་ཚོས་སྤྱི་དམངས་ཀྱི་དབང་ཆའང་དམ་པོར་སྲུང་ཆོག་ཅིང་།   ཉེ་བའི་གཟའ་འཁོར་འགའི་རིང་ཨེ་ཤེ་ཡའི་ས་ཁུལ་ཁ་ཤས་ཀྱིས་པྲོག་གསར་གློ་ཚད་འགོག་པའི་བྱེད་ཐབས་ཁ་ཤས་ལག་བསྟར་བྱས་ཤིང་རྒྱལ་ཁའང་ཆེ་ཆེར་ཐོབ།   དེ་དག་གིས་ཀྱང་རྗེས་འདེད་ཉེར་སྤྱོད་གོ་རིམ་སྤྱད་ཡོད་མོད། འོན་ཀྱང་རྒྱ་ཁྱབ་ཀྱི་ཚད་ལེན་ཚོད་ལྟ་དང་དྲང་བདེན་གྱི་སྙན་ཞུ་བསྒྲགས་པས་རྒྱ་ཆེ་བའི་སྤྱི་དམངས་ཀྱིས་རང་མོས་སྒོས་མཉམ་འབྲེལ་བྱས།  གཅིག་བསྡུས་ཀྱིས་ལྟ་སྐུལ་ཚོད་འཛིན་དང་ཆད་པ་ནན་མོ་གཅོད་པ་ནི་མི་རྣམས་ལ་ཕན་ཡོད་སྒྲིག་སྲོལ་བརྩི་སྲུང་བྱེད་པའི་ཐབས་ཤེས་ཉག་ཅིག་མིན། མི་རྣམས་ལ་ཚན་རིག་གི་དོན་དངོས་ཤེས་སུ་བཅུག་ནས་སྤྱི་པའི་དབང་འཛིན་ལས་ཁུངས་ཀྱིས་ཁོ་ཚོར་དོན་དངོས་འདི་དག་བཤད་དེ་ཡིད་ཆེས་བྱེད་སྐབས་རྟག་པར་ལྟ་རྟོགས་མ་བྱས་ཀྱང་སྤྱི་དམངས་ཀྱིས་སྒྲིག་ལམ་ཡག་པོ་སྲུང་ངེས། ཡར་ཐོན་དང་ཤེས་རྒྱ་ཆེ་བའི་མི་ཚོགས་ནི་རྒྱུན་དུ་སྦྱོང་བརྡར་ཐོབ་མྱོང་བའི་རྨོངས་པའི་མི་ཚོགས་ལས་ཧ་ཅང་སྟོབས་དང་ལྡན།  

   འདག་རྫས་ཀྱིས་ལག་པ་བཀྲུ་བ་ནི་དཔེ་ཞིག་ཡིན། འདི་ནི་མིའི་རིགས་ཀྱི་འཕྲོད་བསྟེན་རིག་པའི་སྟེང་ཆེས་རླབས་ཆེ་བའི་ཡར་ཐོན་གྱི་གྲས་ཤིག་སྟེ། སྟབས་བདེ་ཡི་སྤྱོད་ལམ་འདིས་ལོ་རེར་མིའི་ཚེ་སྲོག་གྲངས་མེད་སྐྱོབ་ཐུབ། ང་ཚོས་བལྟས་ན་དེ་ནི་ལུགས་དང་མཐུན་པ་ཞིག་ཡིན་མོད། འོན་ཀྱང་དུས་རབས་བཅུ་དགུ་པར་སླེབས་དུས་ཚན་རིག་པས་ད་གཟོད་འདག་རྫས་ཀྱིས་ལག་པ་བཀྲུ་བའི་གལ་ཆེན་རང་བཞིན་རྟོགས་པ་རེད། སྔོན་ཆད་སྨན་པ་དང་ནད་གཡོག་གང་ཡིན་ཡང་ལག་པ་བཀྲུ་མི་དགོས་པར་ཕྱི་ནད་གཤགས་བཅོས་དང་པོ་བྱས་རྗེས་ཐད་ཀར་གཤགས་བཅོས་གཉིས་པ་དེ་བྱེད་ཆོག དེང་སྐབས་མི་དུང་ཕྱུར་བཅུ་ལྷག་གིས་ཉིན་རྒྱུན་ལག་པ་བཀྲུ་བཞིན་ཡོད། ཁོ་ཚོ་ཉེན་རྟོག་པས་ལྟ་རྟོག་བྱེད་པར་སྐྲག་པ་མ་ཡིན་པར་དོན་དངོས་ལ་རྒྱུས་མངའ་ཡོད་པས་ཡིན་ལ། འདག་རྫས་ཀྱིས་ལག་པ་བཀྲུ་དོན་ནི་ནད་དུག་དང་འབུ་ཕྲ་གོ་མྱོང་ཡོད་ཅིང་། སྐྱེ་དངོས་ཕྲ་མོ་འདི་དག་གིས་ནད་རིགས་སློང་སྲིད་པ་ཤེས་ལ་འདག་རྫས་ཀྱིས་དེ་དག་སྔོན་འགོག་དང་གཙང་སེལ་བྱེད་ཐུབ་པའང་ཤེས།

   འོན་ཀྱང་ལུགས་མཐུན་དང་མཉམ་ལས་ཀྱི་ཆུ་ཚད་ལ་སླེབས་དགོས་ན་ཁྱོད་ཀྱིས་ཡིད་ཆེས་གནང་དགོས། མི་རྣམས་ཀྱིས་ཚན་རིག་དང་སྤྱི་པའི་དབང་ཆ། གསར་འགྱུར་སོགས་ལ་ཡིད་ཆེས་བྱེད་དགོས། འདས་པའི་ལོ་འགའི་རིང་ལ་འགན་མི་འཁུར་བའི་ཆབ་སྲིད་པ་ཚོས་བསམ་བཞིན་དུ་ཚན་རིག་དང་། སྤྱི་པའི་དབང་འཛིན་ལས་ཁུངས། སྨྱན་སྦྱོར་བཅས་ཀྱི་ཡིད་ཆེས་དེ་གཏོར་བཤིག་བཏང་བ་རེད། ད་ལྟ་ཡང་དེ་དང་འདྲ་བར་འགན་མི་འཁུར་བའི་ཆབ་སྲིད་པ་དེ་དག་སྲིད་དབང་སྒེར་གཅོད་རིང་ལུགས་ཀྱི་ལམ་དུ་འགྲོ་བར་ཕྱོགས་ནས། མང་ཚོགས་ཀྱིས་བྱ་བ་ཡང་དག་པ་བསྒྲུབ་པར་ང་ཚོས་ཡིད་ཆེས་བྱེད་མི་རུང་ཞེས་རྩོད་པ་བྱེད་ངེས།  དུས་ཚོད་ཀྱིས་བསྐྲུན་པའི་ཡིད་ཆེས་ལ་བསླད་སྐྱོན་ཐེབས་པ་ཡིན་ན་ཡང་སྐྱར་ཡིད་ཆེས་ཐོབ་རྒྱུ་དེ་ལས་སླ་བོ་མིན།

   འོན་ཀྱང་ད་ལྟ་རྒྱུན་ལྡན་གྱི་དུས་སྐབས་མིན་ལ། ཉེན་ཁའི་དུས་སུ་བསམ་བློ་ལའང་ལམ་སང་འགྱུར་ལྡོག་འབྱུང་སྲིད། ལོ་མང་པོའི་རིང་ཁྱོད་དང་ཕུ་ནུ་མིང་སྲིང་བར་མི་མཐུན་པ་འབྱུང་སྲིད་མོད། འོན་ཀྱང་ཛ་དྲག་ཆེ་བའི་གནས་ཚུལ་བྱུང་ཚེ་ཁྱོད་ཀྱིས་གློ་བུར་དུ་སྦས་ཚུལ་དུ་གནས་པའི་ཡིད་ཆེས་དང་མཛའ་མཐུན་མངོན་པ་མ་ཟད། ཕན་ཚུན་ལ་རོགས་རམ་བྱེད་པར་བྲེལ་བཞིན་ཡོད། མི་རྣམས་ཀྱིས་ཚན་རིག་དང་སྤྱི་པའི་དབང་འཛིན་ལས་ཁུངས། སྨྱན་སྦྱོར་བཅས་ལ་ཡིད་ཆེས་བྱེད་པ་ལས་ལྟ་སྐུལ་ལམ་ལུགས་ཁོ་ནར་བརྟེན་མི་རུང་།  ད་ལྟ་ད་དུང་འཕྱི་དྲགས་མེད་ལ།   ང་ཚོས་ལག་རྩལ་གསར་པ་བེད་སྤྱོད་བྱ་དགོས་ཀྱང་ལག་རྩལ་འདི་དག་གིས་སྤྱི་དམངས་ལ་རང་དབང་སྤྲོད་དགོས། རང་ཉིད་ཀྱི་ལུས་དྲོད་དང་ཁྲག་ཤེད་ལ་ལྟ་རྟོག་བྱེད་པར་རྦད་དེ་མོས་མཐུན་ཡོད་ཀྱང་གཞི་གྲངས་འདི་དག་བཀོལ་ནས་ནུས་པ་ཆེ་བའི་སྲིད་གཞུང་ཞིག་གཟུག་ཏུ་འཇུག་མི་རུང་ལ། གཞི་གྲངས་འདི་དག་གིས་མི་རྣམས་ལ་སྔར་ལས་བློ་གྲོས་ལྡན་པའི་གདམ་གསེས་བྱེད་དུ་འཇུག་ཐུབ།

གལ་ཏེ་ངས་ཉིན་གཅིག་གི་དུས་ཚོད་ཉེར་བཞིའི་ནང་རང་གི་ནད་གཞི་རྩད་གཅོད་བྱེད་ཐུབ་ན་རང་ཉིད་ཀྱི་བདེ་ཐང་ཅི་འདྲ་ཡིན་མིན་ལ་རྒྱུས་ལོན་བྱེད་ཐུབ་པར་མ་ཟད་རང་གིས་གཞན་གྱི་བདེ་ཐང་ལ་གནོད་སྐྱེལ་མིན་ཡང་རྟོགས་ནུས་ལ།  ད་དུང་སྤྱོད་ལམ་གང་དག་གིས་རང་གི་བདེ་ཐང་ལ་ཕན་པ་ཡོད་མེད་ཀྱང་ཤེས་ཐུབ། གལ་ཏེ་ངས་པྲོག་གསར་གློ་ཚད་འགོས་པའི་འབྲེལ་ཡོད་ཀྱི་བློ་གཏད་ཆོག་པའི་བསྡོམས་རྩིས་གཞི་གྲངས་ལ་དབྱེ་ཞིབ་བྱེད་ཐུབ་ན། ངས་སྲིད་གཞུང་གིས་ང་ལ་གནས་ཚུལ་ངོ་མ་བཤད་ཡོད་མིན་དང་སྲིད་ཇུས་ཡང་དག་པ་སྤྱད་དེ་རིམས་ནད་ལ་འགོག་རྒོལ་བྱས་མིན་བརྡར་ཤ་གཅོད་ཐུབ། མི་རྣམས་ཀྱིས་ལྟ་ཞིབ་ཀྱི་སྐོར་གླེང་སྐབས་བློ་ལ་ངེས་དགོས་པ་ཞིག་ནི་ལྟ་ཞིབ་ལག་རྩལ་གཅིག་མཚུངས་དེ་སྤྱིར་བཏང་དུ་སྲིད་གཞུང་གིས་མི་སྒེར་ལ་ལྟ་ཞིབ་བྱེད་ཆོག་པ་མ་ཟད། མི་སྒེར་གྱིས་སྲིད་གཞུང་ལའང་ལྟ་ཞིབ་བྱེད་ཆོག

དེར་བརྟེན་པྲོག་གསར་གློ་ཚད་མཆེད་པ་ནི་གཙོ་བོ་སྤྱི་དམངས་ཀྱི་ཐོབ་ཐང་ལ་ཚོད་བགམ་བྱེད་པ་ཡིན། འབྱུང་འགྱུར་གྱི་འཚོ་བའི་ནང་ང་ཚོ་ཚང་མས་ཚན་རིག་གི་གཞི་གྲངས་དང་སྨན་བཅོས་འཕྲོད་སྦྱོར་རིགས་གཅིག་མཁས་ཅན་ལ་ཡིད་ཆེས་བྱེད་དགོས་པ་ལས་ཁུངས་ལུང་སྤུ་ཙམ་ཡང་མེད་པའི་ལྐོག་གཡོ་སྨྲ་བ་དང་སྒེར་སེམས་ཅན་གྱི་ཆབ་སྲིད་པར་ཡིད་ཆེས་བྱེད་མི་རུང་། གལ་ཏེ་ང་ཚོས་གདམ་གསེས་ལེགས་པོ་བྱེད་མ་ཐུབ་ན་ང་ཚོས་རང་ཉིད་ཀྱི་རིན་ཐང་བྲལ་བའི་རང་དབང་དོར་ནས་སྲིད་གཞུང་གི་ལྟ་སྐུལ་ཚོད་འཛིན་ལ་ཉན་ན་ད་གཟོད་རང་གི་བདེ་ཐང་ལ་སྲུང་སྐྱོབ་བྱེད་པའི་ཐབས་ལམ་ཉག་གཅིག་ཡིན་པ་ཡིད་ཆེས་བྱས་ཡོད།  

ང་ཚོར་གོ་ལ་ཧྲིལ་པོའི་འཆར་གཞི་ཞིག་དགོས།     

   ང་ཚོའི་མདུན་དུ་ལྷགས་པའི་གདམ་ག་གལ་ཆེན་གཉིས་པ་ནི་མི་རིགས་རིང་ལུགས་ཀྱི་ཁེར་རྐྱང་དང་འཛམ་གླིང་ཡོངས་ཀྱི་མཐུན་སྒྲིལ་བར་གྱི་བསལ་འདེམས་བྱེད་པ་དེ་ཡིན། རིམས་ནད་དང་དེ་ལས་བྱུང་བའི་དཔལ་འབྱོར་གྱི་ཉམས་ཉེན་ཚབ་ཆེན་དེ་འཛམ་གླིང་རང་བཞིན་གྱི་གནད་དོན་ཡིན་པ་དང་། འཛམ་གླིང་ཡོངས་ཀྱིས་མཉམ་འབྲེལ་གནང་ན་ད་གཟོད་གཞི་ནས་གནད་དོན་དེ་དག་ཐག་གཅོད་ཐུབ། གློ་ཚད་ལས་རྣམ་པར་རྒྱལ་ཆེད་ཐོག་མར་ང་ཚོས་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནང་ཆ་འཕྲིན་མཉམ་སྤྱོད་བྱེད་དགོས། འདི་ནི་མིའི་རིགས་ལ་མཚོན་ན་ནད་དུག་འགོག་པའི་ལེགས་བབ་ཆེ་ཤོས་ཡིན། ཀྲུང་གོས་ཨ་རིར་པྲོག་གསར་གློ་ཚད་སྐོར་གྱི་རྩ་ཆེའི་ཉམས་མྱོང་དང་བྱེད་ཐབས་མང་པོ་བརྒྱུད་སྤྲོད་བྱེད་ཆོག་ལ།  དཔེར་ན་དབྱི་ཐ་ལིའི་སྨན་པ་ཞིག་གིས་ཞོགས་པ་སྨི་ལན་ནས་ཤེས་རྟོགས་བྱུང་བའི་དངོས་པོ་དེ་དགོང་མོ་ཐེ་ཧེ་རན་དུ་སྲོག་སྐྱོབ་ཐུབ་ཤས་ཆེ། དབྱིན་ཇིའི་སྲིད་གཞུང་གིས་སྲིད་ཇུས་འགའ་ཞིག་ལ་སོམ་ཉི་བྱས་ནས་ཐག་མ་ཆོད་པའི་སྐབས་སུ་ཟླ་བ་གཅིག་གི་གོང་དེ་དང་འདྲ་བའི་དཀའ་ངལ་འཕྲད་པའི་ཁོ་རེ་ཡ་ལྷོ་མ་ནས་ཉམས་མྱོང་བླངས་ཆོག་ལ། འོན་ཀྱང་ང་ཚོར་གོ་ལ་ཧྲིལ་པོའི་མཉམ་ལས་དང་ཡིད་ཆེས་ཀྱི་སྙིང་སྟོབས་ཤིག་དགོས་ཀྱི་ཡོད།

   རྒྱལ་ཁབ་ཁག་གིས་ཆ་འཕྲིན་ཡོངས་གྲགས་སུ་མཉམ་སྤྱོད་དང་། ཁེངས་སྐྱུང་གི་སྒོ་ནས་གཞན་གྱི་བསམ་ཚུལ་ལ་ཉན་པ་པ་མ་ཟད་ལག་དུ་སོན་པའི་གཞི་གྲངས་དང་ལྟ་ཚུལ་ལའང་དོ་སྣང་དང་ཡིད་ཆེས་བྱ་འོས། ང་ཚོས་ད་དུང་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་ཧུར་བརྩོན་གྱིས་སྨན་བཅོས་སྒྲིག་ཆས་ཐོན་སྐྱེད་དང་ཆ་སྙོམ་པོའི་འཚོང་དགོས་ལ།  ལྷག་པར་དུ་ཆ་ཚང་ཅན་གྱི་ཚད་ལེན་སྒྲིག་ཆས་དང་འབྱིན་རྔུབ་འཕྲུལ་ཆས། རྒྱལ་ཁབ་ཚང་མས་རང་གི་ས་གནས་དེ་གར་སྒྲིག་ཆས་གང་རུང་ཐོན་སྐྱེད་དང་གསོག་ཉར་བྱེད་ཐུབ་མིན་ལ་བལྟ་བ་ལས་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནང་མཐུན་སྦྱོར་དང་གཅིག་གྱུར་གྱིས་འབད་བརྩོན་བྱས་ན་ཐོན་སྐྱེད་ཀྱི་མྱུར་ཚད་ཆེ་ཆེར་ཇེ་མགྱོགས་སུ་གཏོང་ཐུབ་པ་མ་ཟད། ད་དུང་དྲང་བདེན་དང་འདྲ་མཉམ་གྱི་སྒོ་ནས་ཚེ་སྲོག་སྐྱོབ་པའི་སྒྲིག་ཆས་བགོ་བཤའ་ཡག་པོ་རྒྱག་ཐུབ ། རྒྱལ་ཁབ་ཁག་གིས་དམག་འཁྲུག་ཁྲོད་གནད་འགག་གི་ལག་རྩལ་དང་ཐོན་ལས་དེ་རྒྱལ་ཁབ་ལ་དབང་བ་ནང་བཞིན་མིའི་རིགས་དང་པྲོག་གསར་གློ་ཚད་ཀྱི་དམག་འཁྲུག་གིས་ང་ཚོར་འགག་རྩའི་སྨན་བཅོས་ཐོན་སྐྱེད་སྒྲུབ་རིམ་དེ་འཛམ་གླིང་ཅན་དུ་འགྱུར་རྒྱུའི་བླང་བྱ་འདོན་སྲིད། པྲོག་གསར་གློ་ཚད་ཀྱི་ནད་པ་ཅུང་ཉུང་བའི་འབྱོར་ལྡན་རྒྱལ་ཁབ་ཀྱིས་ནད་པ་མང་བའི་དབུལ་ཕོངས་རྒྱལ་ཁབ་ལ་སྒྲིག་ཆས་རྩ་ཆེན་འདོན་སྤྲོད་བྱེད་པའི་འདུན་པ་ཡོད་ན་འགྲིག་པ་མ་ཟད་གལ་ཏེ་རྗེས་ཕྱོགས་རང་ལ་རོགས་རམ་མཁོ་ཚེ་རྒྱལ་ཁབ་གཞན་པས་ཀྱང་རང་ཉིད་ལ་རོགས་རམ་བྱེད་པར་ཡིད་ཆེས་ཡོད་ཆོག  


   ང་ཚོས་འཛམ་གླིང་ཡོངས་ཀྱི་འབད་བརྩོན་ལ་བརྟེན་ནས་སྨན་བཅོས་མི་སྣ་བསྡུ་རྒྱུར་བསམ་བློ་གཏོང་སྲིད། གནས་སྐབས་སུ་རིམས་ནད་ཀྱི་ཤུགས་རྐྱེན་ཅུང་ཆུང་བའི་རྒྱལ་ཁབ་ཀྱིས་སྨན་བཅོས་མི་སྣ་འཛམ་གླིང་ཐོག་གནོད་འཚེ་ཚབས་ཆེ་ཤོས་ཕོག་པའི་ས་ཁུལ་དུ་མངགས་ནས་ཁོང་ཚོར་རོགས་རམ་དང་དེ་ལས་ཉམས་མྱོང་རྩ་ཆེན་བླངས་ཆོག་ཅིང་། གལ་ཏེ་མ་འོངས་པར་རིམས་ནད་ས་གཞན་དུ་བྱུང་བ་ཡིན་ན་དེ་དུས་རོགས་རམ་ཆེན་པོ་ཐུབ་ཏེ་གནོད་ཚབས་ཆུང་དུ་གཏོང་ནུས།   

   དཔལ་འབྱོར་ཐད་ལའང་གོ་ལ་ཧྲིལ་པོའི་མཉམ་ལས་ཧ་ཅང་མཁོ་སྟེ། དཔལ་འབྱོར་དང་མཁོ་སྤྲོད་ཀྱི་རྒྱུན་གོ་ལ་ཧྲིལ་པོ་ཅན་ལ་བསམ་གཞིགས་བྱས་ནས་བཤད་ན་གལ་སྲིད་སྲིད་གཞུང་ཚང་མས་སྲིད་གཞུང་གཞན་དག་གི་གནས་ཚུལ་ལ་མ་བལྟོས་པར་རང་ཉིད་ཀྱི་ཁེ་བཟང་བསྒྲུབས་ན་མཐར་ཟང་ཟིང་དང་ཉམས་ཉེན་ཆེ་རུ་འགྲོ་ངེས། ང་ཚོར་གོ་ལ་ཧྲིལ་པོའི་འགུལ་སྐྱོད་ཀྱི་འཆར་གཞི་ཞིག་དགོས་པ་མ་ཟད་མགྱོགས་མྱུར་ངང་སྤེལ་དགོས།

བླང་བྱ་གཞན་ཞིག་ནི་གོ་ལ་ཧྲིལ་པོའི་ཡུལ་སྐོར་གྲོས་མཐུན་འཇོག་རྒྱུ་དེ་ཡིན། རྒྱལ་སྤྱིའི་ཡུལ་སྐོར་ཚང་མ་ཟླ་བ་འགར་མཚམས་བཞག་པས་དཀའ་ཁག་ཆེན་པོར་འཕྲད་པ་མ་ཟད་ པྲོག་གསར་གློ་ཚད་འགོག་པར་ཡང་འགལ་རྐྱེན་བཟོས།  

   རྒྱལ་ཁབ་ཁག་གིས་མཉམ་འབྲེལ་བྱས་ཏེ་འགྲུལ་པ་གལ་ཆེ་བ་ཉུང་ཤས་ཤིག་སྟེ་ཚན་རིག་པ་དང་། སྨན་པ། གསར་འགོད་པ། ཆབ་སྲིད་ཀྱི་མི་སྣ། ཚོང་པ་བཅས་མུ་མཐུད་ནས་རྒྱལ་ཁོངས་བརྒྱུད་ཆོག་པ་བྱ་དགོས་པ་སྟེ། ཡུལ་སྐོར་བས་རང་གི་རྒྱལ་ཁབ་ཏུ་སྔོན་གྲབས་ཞིབ་བཤེར་བྱས་པ་དེ་གོ་ལ་ཧྲིལ་པོས་ངོས་ལེན་དང་གྲོས་འཆམ་བྱུང་དགོས། གལ་ཏེ་ཞིབ་བཤེར་ནན་མོ་བྱས་པ་བརྒྱུད་ན་ད་གཟོད་གནམ་གྲུ་ལ་བསྡད་ཆོག་པ་ཁྱོད་ཀྱིས་ཤེས་ན། ཁྱོད་ཀྱིས་ཀྱང་ཁོ་ཚོ་རང་གི་རྒྱལ་ཁབ་ལ་ཡོང་བར་དང་ལེན་བྱེད་སྲིད། 

   སྟབས་མི་ལེགས་པ་ཞིག་ལ་ད་ལྟའི་བར་རྒྱལ་ཁབ་ཁག་གིས་ཕལ་ཆེར་བྱ་བ་དེ་དག་གང་ཡང་བསྒྲུབས་མེད་ཅིང་རྒྱལ་སྤྱིའི་སྤྱི་ཚོགས་ཧྲིལ་བོ་ནུས་མེད་དུ་གྱུར་ཡོད།  མི་རྣམས་ཀྱིས་གཟའ་འཁོར་ཁ་ཤས་གོང་གོ་ལ་ཧྲིལ་པོའི་འགོ་ཁྲིད་པའི་ཛ་དྲག་བྲེལ་མྱུར་ཚོགས་འདུ་ལས་འཛམ་གླིང་ཐུན་མོང་གི་འཆར་གཞི་ཡག་པོ་ཞིག་བཟོ་རྒྱུའི་རེ་བ་བྱེད་ཀྱི་ཡོད། རྒྱལ་ཁབ་བདུན་ཚོགས་པའི་འགོ་ཁྲིད་པས་གཟའ་འཁོར་འདིར་བརྙན་འཕྲིན་ཚོགས་འདུ་ཐེངས་གཅིག་ཚོགས་ཀྱང་འཆར་གཞི་དེ་རིགས་གང་ཡང་བཟོས་ཐུབ་མེད།  

   དེ་སྔའི་གོ་ལ་ཧྲིལ་པོར་བྱུང་བའི་ཉམས་ཉེན(དཔེར་ན་2008ལོའི་དངུལ་རྩའི་ཉམས་ཉེན་དང་2014ལོའི་ཨའེ་པོ་ལ་རིམས་ནད་ལྟ་བུ)ཁྲོད་ཨ་རིས་གོ་ལ་ཧྲིལ་པོའི་འགོ་ཁྲིད་པའི་གནས་བབ་བཟུང་ཡང་ད་ལྟའི་ཨ་རིའི་སྲིད་གཞུང་གིས་འགོ་ཁྲིད་པའི་གོ་གནས་དོར་བ་རེད། བྱ་སྤྱོད་དེས་ཨ་རིས་རང་གི་རླབས་ཆེན་ལ་སེམས་ཁུར་བྱེད་པ་ལས་མིའི་རིགས་ཀྱི་འབྱུང་འགྱུར་ལ་སེམས་ཁུར་བྱས་པ་མིན་པ་ཧ་ཅང་གསལ་པོར་མཚོན་ཡོད། སྲིད་གཞུང་འདིས་ཐ་ན་རང་གི་ཆེས་མཛའ་མཐུན་གྱི་མནའ་འབྲེལ་རྒྱབ་ཁབ་དག་ཀྱང་དོར་བ་རེད། 

    ཡོ་རོབ་མནའ་འབྲེལ་ནས་ཡོང་བའི་ཡུལ་སྐོར་ཚང་མ་བཀག་སྡོམ་བྱེད་སྐབས་སྔོན་དུ་ཡོ་རོབ་མནའ་འབྲེལ་ལ་བརྡ་ཐོ་བཏང་ནས་བྱ་ཐབས་ནན་མོ་དེར་གྲོས་བསྡུར་བྱ་རྒྱུ་ནི་དེ་བས་བཤད་མི་དགོས་པ་ཞིག་རེད། ཨ་རིས་དེ་སྔ་འཇར་མན་གྱི་སྨན་བཟོ་ཀུང་སི་ཞིག་ལ་ཨ་སྒོར་དུང་ཕྱུར་བཅུ་བཏང་ནས་Covid-19ཡི་རིམས་འགོག་སྨན་ཁབ་ཀྱི་སྒེར་སྡེམ་དབང་ཆ་ཉོ་རྩིས་བྱས་པས་འཇར་མན་ཧང་སངས་བྱུང་ཞེས་བཤད་ཡོད། ཨ་རིའི་ད་ལྟའི་སྲིད་གཞུང་གིས་མཐར་ལངས་ཕྱོགས་བསྒྱུར་བ་མ་ཟད་གོ་ལ་ཧྲིལ་པོའི་བྱ་སྤྱོད་ཀྱི་འཆར་གཞི་ཞིག་བཏོན་ཡོད་ནའང་ནམ་ཡང་འགན་འཁྲི་མི་འཁུར་བ་དང་ནོར་འཁྲུལ་ཁས་ལེན་གཏན་ནས་མི་བྱེད་པ་མ་ཟད། འགན་འཁྲི་ཚང་མ་གཞན་ལ་ཁག་དཀྲི་བྱེད་པ་དང་རང་གི་མཚན་སྙན་མ་གཏོགས་མི་བསམ་པའི་རྗེས་སུ་འདེད་མཁན་བྲལ། གལ་ཏེ་ཨ་མེ་རི་ཁས་ཤུལ་དུ་བཞག་པའི་སྟོང་ཆ་དེ་རྒྱལ་ཁབ་གཞན་དག་གིས་ཁ་སྐོང་མ་བྱས་པ་ཡིན་ན། ད་ལྟ་ཁྱབ་བཞིན་པའི་རིམས་ནད་འགོག་རྒྱུ་སྔར་ལས་དཀའ་བ་མ་ཟད། སྟོང་ཆ་དེ་རིགས་ཀྱིས་འབྱུང་འགྱུར་ལོ་ཤས་ནང་མུ་མཐུད་དུ་རྒྱལ་སྤྱིའི་འབྲེལ་བ་ཇེ་སྡུག་དུ་འགྲོ་རུ་འཇུག་ངེས། ཡིན་ཡང་ཉམས་ཉེན་ཐེངས་རེ་གོ་སྐབས་ཤིག་ཀྱང་ཡིན་པས་མིག་སྔའི་རིམས་ནད་ཀྱིས་མིའི་རིགས་ལ་འཛམ་གླིང་ཡོངས་ཀྱི་མཐུན་སྒྲིལ་མ་བྱས་པ་ལས་བྱུང་བའི་ཉེན་ཚབས་ཆེན་པོ་དང་མཇུག་འབྲས་ངེས་པར་དུ་ཤེས་སུ་འཇུག་པའི་རེ་བ་ཡོད།  མིའི་རིགས་ཀྱིས་ད་ལྟ་གདམ་གསེས་བྱེད་དགོས་ཏེ། ང་ཚོ་འཛམ་གླིང་ཡོངས་མཐུན་སྒྲིལ་གྱི་ལམ་དུ་བསྐྱོད་རྒྱུ་ཡིན་ནམ་མུ་མཐུད་ནས་རང་རང་གི་ཕྱོགས་སུ་བསྐྱོད་རྩིས་ཡོད། གལ་ཏེ་ང་ཚོས་མཐུན་སྒྲིལ་མ་བྱས་པ་ཡིན་ན་ཉེན་ཁ་ཆེ་རུ་འགྲོ་བ་མ་ཟད་མ་འོངས་པར་གོད་ཆག་ཚབས་ཆེན་ཐེབས་སྲིད། གོ་ལ་ཧྲིལ་པོའི་མཐུན་སྒྲིལ་ནི་པྲོག་གསར་གློ་ཚད་ལ་འགོག་རྒོལ་བྱས་པའི་རྒྱལ་ཁ་ཞིག་ཡིན་པ་མ་ཟད། འབྱུང་འགྱུར་དུས་རབས་ཉེར་གཅིག་པའི་ནང་མིའི་རིགས་ལ་འཕྲད་པའི་ནད་ཡམས་དང་ཉམས་ཉེན་མཐའ་དག་ལ་རྒོལ་ཐུབ་པའི་རིག་སྟོབས་ཤིག་ཀྱང་ཡིན་ནོ།།


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། nkdq བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
6350429
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།