རང་ངོ་ཤེས་ན་ཕམ་ཁ་ཉུང་།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» འོས་སྦྱོར་གླིང་། »རང་ངོ་ཤེས་ན་ཕམ་ཁ་ཉུང་།
རང་ངོ་ཤེས་ན་ཕམ་ཁ་ཉུང་།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2020-04-06ལྟ་ཀློག (10336)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


 རང་ངོ་ཤེས་ན་ཕམ་ཁ་ཉུང་།

 

མཁྱེན་པའི་འོད་ཀྱིས་མ་རིག་མུན་པ་འཇོམས།།

བརྩེ་ཆེན་ཆུ་བོས་ཞེ་སྡང་མེ་ལྕེ་གསོད།།

ནུས་པའི་དཔལ་གྱིས་དུག་གསུམ་དགྲ་འདུལ་བ།།

མཁྱེན་བརྩེ་ནུས་པའི་བདག་ཉིད་སྤྱི་བོར་མཆོད།།

 

མཁྱེན་པའི་སྤྱན་གྱིས་གཟིགས་པར་ཡིད་མི་རྟོན།།

ཆུ་བུར་མིག་གི་ལོག་རྟོག་བདེན་པར་འཛིན།།

བླངས་དོར་རྣམ་པར་འབྱེད་ལ་མིག་ལོང་བའི།།

སྐྱེ་བོ་རང་མཐོང་ཆེ་རྣམས་སྙིང་རེ་རྗེ།།

 

ལས་ངན་ཡི་དྭགས་ཆུ་གཙང་རྣག་ཏུ་མཐོང་།།

སྡིག་ཅན་བསྟན་དགྲས་ལྷ་ཆོས་དགྲ་རུ་འཛིན།།

སྙིགས་མ་ལྔ་ཡི་སྙིགས་རུལ་སྡིག་ཏོ་ཅན།།

ལས་ངན་དུས་སུ་སྨིན་ན་སྙིང་རེ་རྗེ།།

 

ཤི་མ་ཐག་ཏུ་དམྱལ་བར་སྐྱེ་འགྱུར་གྱི།།

སྐྱེ་བ་གང་དེ་མ་ཤིའི་ཡར་སྔོན་དུ།།

འཆི་བར་མ་འཇིགས་བློ་བདེར་སྡོད་པ་འདི།།

དཔའ་བ་མ་ཡིན་རྨོངས་རྒན་རྟུལ་བོའི་རྟགས།།

 

སྐད་ཅིག་གཅིག་གིས་གཡང་སར་ལྷུང་འགྱུར་གྱི།།

སྤྱང་ལྟོགས་སེ་བོས་རང་ཉིད་མ་ཤིའི་སྔོན།།

རི་ན་གནས་དང་སྒོ་ཕྱུགས་ཉམས་ཆུང་ལ།།

འདོད་རྔམས་ཟ་འདོད་ལངས་ཀྱང་སྟོང་སྣང་ཡིན།།

 

རང་ཉིད་ཐོབ་དང་སྒོར་མོ་ཡི།།

གཡོག་ཏུ་བཀོལ་བའི་ཐ་ཤལ་ཚོས།།

མདུན་གྱི་མེ་འོབས་མི་མཐོང་བར།།

རྒྱང་དུ་རྒྱུགས་འདོད་ཧམ་སེམས་ཙམ།།

 

སུ་ཡང་མིག་ལ་མི་སྣང་བའི།།

མི་དེ་མཐའ་མར་ཀུན་གྱིས་སྨོད།།

དམན་ས་འཛིན་པ་མཐོན་པོའི་སྟེགས།།

ཡིན་ཕྱིར་དམན་པའི་བརྟུལ་ཞུགས་གཅེས།།

 

འབྲོག་ཁྱི་དོམ་ནག་རིག་ནས་ཟུག།

རྒྱ་ཁྱི་བདའ་ལི་འདྲོགས་ནས་ཟུག།

ཟུག་པའི་རྣམ་པ་མཚུངས་ན་ཡང་།།

དོན་གྱི་སྙིང་བོ་འདྲ་ཚུལ་མེད།།

 

ཁྲིམས་དང་སྲིད་ལ་རྒྱབ་བརྟེན་པའི།།

སྐྱེ་བོའི་སྤོབས་པ་རྡོ་རྗེ་བྲག།

གཡོ་སྒྱུའི་འཁར་བར་བརྟེན་པའི་མི།།

གང་དུ་སོང་ཡང་འཐེངས་སེ་འཐེངས།།

 

ཡངས་པོའི་སྤང་ཐང་སྔོན་མོའི་སྟེང་།།

བྲ་དང་ཙི་གུ་ཧབ་ཐོབ་ཀྱིས།།

རྩྭ་དང་རྩི་ཤིང་རྩོད་པ་འདི།།

ཡུན་དུ་འཚོ་སྡོད་བྱེད་པའི་རྟགས།།

 

ས་འོག་མུན་པའི་དོང་ནང་གི།

བྱི་ལོང་སྔོན་མོ་མིག་ཞར་མས།།

ས་འོག་ས་སྟེང་བསློགས་པ་འདི།།

ཁོར་ཡུག་བརླགས་ནས་འགྲོ་འདོད་ཡིན།།

 

ཅོལ་ཆུང་རང་མཐོང་ཆེ་བ་དང་།།

བླུན་པོས་གཞན་ལ་སྨོད་པ་འདི།།

རང་ཉིད་ཕམ་པའི་རྒྱུ་ཡིན་པས།།

རང་ངོ་རང་གིས་ཤེས་པ་གཅེས།།

 

ཞེས་པ་འདི་ནི་༢༠༢༠ལོའི་སྤྱི་ཟླ་༤ཚེས་༦ཉིན་རྭ་རྒྱ་འཇིགས་མེད་རྒྱལ་མཚན་གྱིས་དེང་གི་དུས་འདིར་འབྱོར་བ་ཅུང་ཙམ་ཡོད་པ་དང་གོ་ས་ཕྲན་ཙམ་ཐོབ་པའི་སྐྱེ་བོ་བླངས་དོར་ལ་རྨོངས་པ།  རང་མཐོང་ཆེ་བ་འགས་རྒྱུ་མི་རྟག་རྩྭ་མགོའི་ཟིལ་བ་བཞིན་ད་ཡོད་ད་མེད་ཡིན་པ་དང་།  ཐོབ་གོ་ས་ཟེར་བའང་རླུང་ནང་གི་མར་མེ་བཞིན་ནམ་ཞིག་ལ་ནག་འཚུབ་བེར་འགྲོ་བ་མི་ཤེས་པར།  སྒོར་མོ་ཉུང་ཙམ་ཡོད་པས་ཁེངས་དྲེགས་སྐྱེས་ཏེ་གཞན་གྱི་རིག་གནས་དང་ཆོས་ལུགས་ལ་མཐོང་ཆུང་དམའ་འབེབས་བྱེད་པ་དང་། དབང་ཕྲན་བུ་ཙམ་ཡོད་པ་ལ་བརྟེན་ནས་གཞན་ལ་ཐུབ་ཚོད་གཉའ་གནོན་བྱེད་པ་སོགས་བྱ་ངན་སྤྱོད་ངན་གྱི་རིགས་ཀྱིས་ཡིད་སུན་ཏེ་སྐྱོ་བསང་གི་ཚུལ་དུ་གནའ་མཁར་ཟི་ལིང་གི་སུམ་རྩེན་ལྷ་ཡི་ཁང་བཟང་དུ་བྲིས།   



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། sphv བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  རང་ངོ་ཤེས་ན་ཕམ་ཁ་ཉུང་།   སྤེལ་མཁན།: དྷཱི་ཡིག སྤེལ་དུས:2020/6/15
སྙིང་ཐག་པ་ནས་ཐུགས་རྗེ་ཆེ། 🙏🙏🙏🌎🌎🌎
  རང་ངོ་ཤེས་ན་ཕམ་ཁ་ཉུང་།   སྤེལ་མཁན།: ག་གེ་མོ སྤེལ་དུས:2020/4/10
དམ་པ་ཁྱེད་ལ་ཡི་རིངས་དང་རྒྱབ་སྐྱོར་ཡོད།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23497682
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།