ཁང་མིང་ཡུལ་ལ་ཐོགས་པའི་ཕོ་བྲང་།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། » ཁང་མིང་ཡུལ་ལ་ཐོགས་པའི་ཕོ་བྲང་།
ཁང་མིང་ཡུལ་ལ་ཐོགས་པའི་ཕོ་བྲང་།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2020-04-02ལྟ་ཀློག (4113)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཁང་མིང་ཡུལ་ལ་ཐོགས་པའི་ཕོ་བྲང་། 

---ནང་ཆེན་རྒྱལ་ས་དང་པོ་ཕོ་བྲང་ནང་སོ་ཆེན་མོ་དང་སྐུ་འབུམ་དགོན་གྱི་གནའ་ཤུལ

      ང་རང་དེ་སྔོན་ཐེངས་དུ་མར་སྐུ་འབུམ་དགོན་དུ་མཇལ་བར་འགྲོ་མྱོང་ཡང་།  དེ་རིང་མ་གཏོགས་སྐུ་འབུམ་གཞུང་དུ་འགྲོ་མ་མྱོང་།   སྐུ་འབུམ་གཞུང་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་ཤར་མདའ་གྲོ་རྡལ་གྱི་ཁོངས་སུ་ཡོད་ལ།  རྫོང་ཐོག་ནས་ཕལ་ཆེར་དུས་ཚོད་གཅིག་ཙམ་གྱིས་འཕྱིན་ཐུབ།   ཉིན་འགའ་ཡི་སྔོན་ནས་གྲོགས་པོ་འཇམ་དབྱངས་ཕུན་ཚོགས་ཀྱིས་ཇི་ལྟར་བྱས་ཀྱང་སློབ་གྲྭ་ནི་འཚོགས་དགོས་ཀྱི་མི་འདུག་ད་ལམ་ས་ཆ་དམིགས་བསལ་བ་ཞིག་ཏུ་ལྗོངས་རྒྱུར་འགྲོ་ཞེས་བཤད་པས་བདག་ཀྱང་འགྲོ་འདོད་པ་བཞིན་ཞོར་དུ་སློབ་གྲོགས་ཉི་མ་སེང་གེ་ཡང་བོས་ནས་དེ་རིང་དངོས་སུ་སྐུ་འབུམ་གཞུང་དུ་སོང་བ་ཡིན།  ད་རེས་བདག་གི་འཆར་གཞི་ལྟར་འཕྲུལ་རྟ་ཞོན་པས་ཕྱོགས་བཞིའི་བསིལ་རླུང་གིས་གདོང་ལ་རེག་ཐེངས་རེ་རེར་དཔྱིད་ཀ་སླེབས་འདུག་སྙམ་པའི་སྣང་བ་བྱུང་།  སློབ་མ་ཞིག་ལ་མཚོན་ན་དཔེ་ཆའི་ཁྲོད་ཀྱི་ལྗོངས་རྒྱུ་བྱེད་པ་ལས་ཡུལ་དངོས་ལྗོངས་རྒྱུ་བྱེད་པ་བློ་བསྐྱེད་ཆེ་བ་ནི་སྨོས་མ་དགོས་པ་ཞིག་རེད།  གང་ལྟར་དཔྱིད་ཀ་སླེབས་ལ་ཉེ་བས་ང་ཚོས་ཀྱང་ཟླ་བ་གཅིག་གཉིས་རིང་གི་སུན་སྣང་དང་།  སྐྱོ་བ་རླུང་ལ་སྐུར་ཞོར་ནང་ཆེན་རྒྱལ་ས་དང་པོ་ཕོ་བྲང་ནང་སོ་ཆེན་མོ་དང་།  སྐུ་འབུམ་དགོན་གྱི་གནའ་ཤུལ་ཕྱོགས་སུ་སོང་བ་ཡིན།   ལམ་ཞོར་དུ་ནོར་གནག་གིས་གཙོས་པའི་གཡུང་དྭགས་མང་པོ་མཐོང་རྒྱུ་འདུག་པས་བྱིས་དུས་ཀྱི་འདས་དོན་མང་པོ་ཞིག་ཀྱང་བདག་གི་ཡིད་ལ་འཁོར་སོང་།


      ང་ཚོ་གནས་འདིར་སླེབས་དུས་མིག་ཟུང་དབང་མེད་དུ་གནའ་ཤུལ་དེར་ཤོར་འགྲོ་ལ་དེ་ལས་ཀྱང་ཕོ་བྲང་ནང་སོ་ཆེན་མོ་ཞེས་ཀ་བ་ཉི་ཤུ་རྩ་ལྔ་ཅན་གྱི་ཕོ་བྲང་གི་ཤུལ་གང་ཡིན་པ་སོགས་ལ་བསམ་གཞིག་གང་མང་གཏོང་དགོས་བྱུང་།  གནའ་ཤུལ་འདི་ཡི་མཐའ་འཁོར་བྲག་གིས་བསྐོར་ཅིིང་།  ད་ལྟ་ཞིག་རལ་དུ་གྱུར་པའི་རྩིག་པ་འགའ་རེ་མཐོང་རྒྱུ་འདུག་ཀྱང་ལོ་ངོ་བརྒྱ་ཕྲག་བདུན་ཙམ་འགོར་ཡོད་པ་ནི་ཧ་ཅང་བཤད་དཀའ་བ་ཞིག་རེད།   གནས་དེར་ད་ལྟ་འབྲོག་སྡེའི་དུད་ཚང་གཅིག་གཉིས་ཤིག་འདུག་ལ་ད་དུང་གསར་དུ་བཞེངས་པའི་ཨར་འདམ་གྱི་ཁང་པ་ཞིག་ཀྱང་འདུག་གོ།

       གནས་འདིར་འབའ་རོམ་དར་མ་དབང་ཕྱུག་(1127–1199)དང་སྐྱོབ་པ་འཇིག་རྟེན་གསུམ་མགོན་(1143–1217)སོགས་ཀྱི་སློབ་ཆེན་དང་།   མི་ཉག་རྒྱལ་པོས་དབུ་བླར་བཀུར་བའི་འགྲོ་མགོན་ཏི་ཤྲཱི་རས་པ་ཤེས་རབ་སེང་གེའི་(1164–1236) སྐུ་གདུང་སྔར་བླ་མས་ལུང་བསྟན་པ་བཞིན་ཁོང་གི་སློབ་མ་རས་པ་དཀར་པོ་གཙོས་པས་སྐུ་གདུང་གནས་འདིར་གདན་དྲངས་ཤིང་སྒར་བཏབ།  མེར་ཆེན་ལ་ཏི་ཤྲཱི་རས་པའི་གཤེགས་རྫོངས་ཀྱི་གདུང་འབུམ་ཆེན་མོ་ཉིན་ལྔ་བཅུའི་རིང་ལ་གྲུབ་པར་མཛད་པར་མ་ཟད།  སློབ་མ་རྣམས་ཀྱིས་རང་རང་གི་བཞུགས་ཁང་ཇོ་ཐོག་གཉྫི་ར་དང་བཅས་པ་བསྐྲུན་ནས་གནས་གཞི་བཟུང་།  ལུང་པ་འདིའི་མིང་ལ་སྔར་སྐྱོ་ལྡག་གཞུང་ཟེར་བ་ཡིན་པ་ལ།  ཕྱིས་སུ་སྐུ་འབུམ་རྩ་ཞེས་གྲགས།  དེ་ནས་རིམ་པས་སྐུ་འབུམ་གཞུང་དང་སྐུ་འབུམ་དགོན་ཞེས་སུ་གྲགས་སོ། །  བླ་མ་དམ་པའི་དགོངས་པ་དང་།  སངས་རྒྱས་ཀྱི་བསྟན་པ་དར་རྒྱས་གཏོང་བའི་ཆེད་གུང་སྒོམ་ཨ་འུ་དང་སྤྱན་སྔ་རས་པ་དཀར་པོ་གཉིས་ཀྱིས་ཕོ་བྲང་ནང་སོ་ཆེན་མོ་ཞེས་ཀ་བ་ཉི་ཤུ་རྩ་ལྔ་ཅན་ཞིག་བཞེངས་ཏེ། རས་པ་དཀར་པོ་ལྷ་ཆོས་ཀྱི་བླ་མ་དང་གུང་སྒོམ་ཨ་འུ་མི་ཆོས་ཀྱི་དཔོན་པོ་མཛད་དེ་གནས་དྲུག་ཁྲི་སྐོར་ལ་དབང་བསྒྱུར་ཅིང་།  དེ་ནས་སྐུ་འབུམ་དགོན་དང་ཕོ་བྲང་ནང་སོ་ཆེན་མོར་ཆོས་སྲིད་ལྷན་ཅིག་ཏུ་བསྐྱངས་པའོ།།དེ་ལས་ཞིབ་ཏུ་འབྲི་བ་ནི་སྐབས་སུ་མ་བབས་པས་ཁུངས་ཐུབ་ཀྱི་ལོ་རྒྱུས་དག་ལ་གཟིགས་པར་འཚལ་ལོ།།


       དེ་ཡང་ནང་ཆེན་ཞེས་པའི་མིང་ཐོགས་དོན་གྱི་སྐོར་ལ་དགེ་རྒན་རིན་པོ་ཆེ་ནང་ཆེན་བསོད་ནམས་ཀྱི་ནང་ཆེན་རྒྱལ་རབས་མེས་པོའི་ཞལ་ལུང་ལས།   དེ་ལྟར་ན་ནང་ཆེན་ཞེས་པའི་མིང་ཐོགས་དོན་སྐོར་ལའང་། མཁས་པ་རྣམས་ཀྱི་བཞེད་ཚུལ་མི་འདྲ་བ་གསུམ་སྟེ།  

གཅིག །སྤྱི་ཕུད་འཁོར་ལོ་བཟང་པོས་གནམ་བསྐོས་གོང་མ་ཆེན་པོའི་ནང་བློན་ནང་གི་ཆེ་བའི་མཚན་འགན་བཞེས་པའི་རྒྱུ་མཚན་གྱིས་མིང་ནང་ཆེན་པ་ཞེས་གྲགས་སོ་ཟེར་བ་དང་།

གཉིས་པ་ནི། བྱང་སྐུ་འབུམ་གཞུང་དུ་ཕོ་བྲང་ནང་སོ་ཆེན་མོ་ཞེས་པ་བཏབ་ཅིང་དེར་སྲིད་བཟུང་བའི་རྒྱུ་མཚན་གྱིས་མིང་དེ་ལྟར་ཐོགས་པ་རེད་ཅེས་དང་།

གསུམ་པ་ནི།  ས་སྐྱའི་ཆོས་རྒྱལ་འཕགས་པའི་སྐུ་དུས་སུ་གསོལ་གཟིམས་མཆོད་གསུམ།  མཇལ་ཡིག་མཛོད་གསུམ། ཐབ་འདྲེན་གདན་གསུམ།  སྐྱ་རྟ་མཛོ་ཁྱི་བཞི་སྟེ་ལས་ཚན་བཅུ་གསུམ་གང་དུ་དར་བ་དེར་ནང་ཆེན་ཞེས་གྲགས་ཤིང་། འདིར་ཡང་ཏྲེ་བོ་ཆོས་ཀྱི་རྒྱལ་མཚན་ལ་ས་སྐྱ་ནས་ཆེན་པོ་ལ་འོས་པའི་ལས་ཚན་བཅུ་གསུམ་གནང་བ་ནས་བཟུང་ནང་ཆེན་ཞེས་པའི་མིང་ཐོགས་པ་རེད། དེ་ཉིད་ཡང་དག་པ་ཡིན་གྱི་ཁང་པ་ཞིག་གི་མིང་གིས་དེར་ལྟར་གྲགས་པ་མི་སྲིད་སོགས་དཔྱད་གསུམ་གྱིས་དག་པར་བཞེད་པ་བཅས།  གྲགས་ཆེ་བའི་ལུགས་སྲོལ་གསུམ་ལས།  དང་པོ་ནི།  སྤྱི་ཕུད་འཁོར་ལོ་བཟང་པོ་ནས་བཟུང་མི་རབས་ཞེ་ལྔའི་རིང་ཏྲེ་བོའི་རྒྱུད་པ་ཟེར་བ་མ་གཏོགས་ནང་ཆེན་གྱི་རྒྱུད་པ་ཞེས་ཚིག་འབྲུ་གཅིག་ཀྱང་མེད་པ་མ་ཟད།  ནང་ཆེན་ཞེས་མིང་ཐོགས་པའི་དུས་ཚོད་སྔ་ཆེས་པའི་སྐྱོན་ཡོད་པ་དང་། ཕྱི་མ་ཆེན་པོ་ལ་འོས་པའི་ལས་ཚན་བཅུ་གསུམ་གྱི་ལས་ཀ་དར་བས་ཐོགས་ཞེས་པའང་ཅུང་ཕྱི་བའི་སྐྱོན་ཏེ། ས་སྐྱའི་ཆོས་རྒྱལ་འཕགས་པ་བོད་རབ་བྱུང་བཞི་པའི་ཆུ་གླང་སྟེ་ཕྱི་ལོ་1253ལོར་བོད་ཁམས་ཡོངས་ཀྱི་རྗེ་བོ་མཛད་པ་དང་།  ནང་ཆེན་ནི་རབ་བྱུང་བཞི་པའི་མེ་སྤྲེལ་ཏེ་ཕྱི་ལོ་1236ལོར་སྐུ་འབུམ་གཞུང་དུ་ཕོ་བྲང་ནང་སོ་ཆེན་མོ་བཏབ་ནས་བཟུང་ནང་ཆེན་ཞེས་གྲགས་ཟིན་པ་སོ་རག་གསེར་ཕྲེང་སོགས་ཚད་ལྡན་ཡིག་རྙིང་རྣམས་ལས་དངོས་སུ་གསལ་འདུག་པའི་ཕྱིར་རོ།།དེས་ན་ཁང་པའི་མིང་གིས་ཆབ་སྲིད་ཀྱི་ཁོར་ཡུག་སྤྱི་ལ་ཁྱབ་མི་ཐུབ་སྙམ་པའི་བློ་ཆུང་མི་བྱ་སྟེ། ས་སྐྱ་པ་དང་དགའ་ལྡན་པ།  ཕག་གྲུ་བཀའ་བརྒྱུད་སོགས་གྲུབ་མཐའ་ཕལ་མོ་ཆེ་དང་། དགའ་ལྡན་ཕོ་བྲང་སོགས་སྲིད་སྐྱོང་གི་ལམ་ལུགས་བཅས་མང་པོ་ཞིག་ས་ཆ་དང་ཁང་པའི་མིང་གིས་ཐོགས་པ་མངོན་སུམ་གྱིས་གྲུབ་པའི་ཕྱིར།  །ཞེས་གསུངས་པ་ལྟར་ནང་ཆེན་ཞེས་པའི་ཐ་སྙད་འདི་ཡང་ཕོ་བྲང་ནང་སོ་ཆེན་མོ་བཏབ་པ་ནས་བྱུང་ཡོད་པར་སྙམ།  


གང་ལྟར་ད་ལྟ་ལོ་རྒྱུས་ཀྱི་དཔང་པོར་བཞུགས་པའི་བྲག་དང་།  ས་འབུར་སོགས་ལོ་ངོ་བརྒྱ་ཕྲག་གི་དར་རྒུད་བསགས་པའི་དངོས་པོ་མང་དུ་འདུག་མོད། དེ་དག་ནི་ངག་སྨྲ་མི་ཤེས་པའི་བྱིས་པ་བཞིན་ཤིན་ཏུ་ཉམ་ཆུང་ཞིང་། ཡིད་སྐྱོ་བའི་གནས་སུ་འདུག་པས་མཐའ་ན་འདིར་རྒྱལ་རབས་ཤིག་གི་དར་རྒུད་ཀྱི་ལོ་རྒྱུས་ཡོད་པའང་དྲན་གྱི་མེད་པ་འདྲ།  ཡིད་སྐྱོ་བ་ཞིག་ལ་གནས་འདི་ནས་ནང་ཆེན་ལོ་རྒྱུས་དང་འབྲེལ་བའི་བྲག་བརྐོས་རི་མོ་ཅི་ཡང་མ་མཐོང་ལ།  གནའ་ཤུལ་གྱི་གཡས་གཡོན་དང་རྒྱབ་རིའི་བྲག་ངོས་སུ་མ་ཎི་གསར་བརྐོས་ཀྱིས་གང་འདུག་པས་འདིའི་ཚབ་ཏུ་གནའ་ཤུལ་འདི་དང་འབྲེལ་བའི་ཡིག་རིས་དང་རི་མོ་འགའ་མཐོང་རྒྱུ་ཡོད་ན་ཅི་མ་རུང་སྙམ།  གནའ་ཤུལ་གྱི་འགབ་ཏུ་ཐོན་ནས་ཕྱིར་ལྟ་སྐབས་ཕོ་བྲང་ནང་སོ་ཆེན་མོའི་ཤུལ་གང་ཡིན་ཆ་མི་འཚལ་བའི་ས་འབུར་གཉིས་ཀྱིས་ང་ལ་ཐེ་ཚོམ་བསླངས་བྱུང་།  དགེ་རྒན་རིན་པོ་ཆེའི་ཡིག་ཆ་ལས་མཁལ་དིལ་བྱ་བའི་དིལ་འབུལ་ཞིག་ཡོད་པའི་སྟེང་དུ་ལྷ་ཁང་ནང་སོ་ཆེན་མོ་བཞེངས་ཞེས་གསུངས་པ་ལྟར་ན་ཕོ་བྲང་གི་ཤུལ་ནི་ཞབས་མ་ཡིན་པ་འདྲ་ཡང་།   དེར་རྫི་བོ་རྒན་མོ་ཞིག་འདུག་པ་དེའི་སྐད་ཆ་དང་རང་གི་བསམ་ཚུལ་ནི་གོང་མ་དེ་ཕོ་བྲང་ནང་སོ་ཆེན་མོའི་ཤུལ་ཡིན་པའི་སྣང་བ་བྱུང་།  གང་ལྟར་ཚད་ལྡན་གྱི་མཁས་པ་དང་ཁུངས་ཐུབ་ཀྱི་ཡིག་ཆ་ཀུན་དང་བསྟུན་ནས་འདིའི་ཐད་ལ་ཞིབ་འཇུག་བྱེད་རྒྱུ་ནི་སྒོམ་སྡེ་ནང་ཆེན་པའི་སྐྱེ་བོ་རྒས་དར་གཞོན་གསུམ་གྱི་ལས་བྱར་སེམས་སོ།།

དེ་ནས་ཉི་མ་ནུབ་རིར་བརྒལ་འདུག་པས་ང་ཚོ་མྱུར་དུ་ཏི་ཤྲཱི་རས་པའི་གདུང་འབུམ་བཞུགས་གནས་ད་ལྟའི་རྫ་མེར་ཆེན་དགེ་དགོན་དུ་སོང་བ་ཡིན།  འོན་ཀྱང་ཉེ་ཆར་རིམས་ནད་ཀྱི་དབང་གིས་དགོན་པའི་ནང་དུ་འགྲོ་མི་འཇུག་པར་མ་ཟད།  པར་ཡང་བསྐྱོན་མི་འཇུག་པས་ཡིད་ཕངས་པར་ཕྱིར་ལོག་པ་ཡིན།  དགོན་པའི་སྒོ་སྲུང་གི་ཇོ་མོ་དེས་སེམས་མ་ཕམ་སོགས་ཀྱི་སྐད་ཆ་འགའ་གསུངས་པས།  དིང་སང་མིའི་བྱ་སྤྱོད་དང་རྣམ་འགྱུར་ལ་བལྟས་ན་ཁོང་རྣམ་པ་དོགས་པ་ལངས་རྒྱུ་ཅི་ཁག་བསམ།   ཞོར་དུ་དགོན་པའི་འགབ་ཙམ་ལ་བྲག་ཁུང་ཞིག་འདུག་པ་དེར་སོང་ནས་ཕུག་རོན་གཙོས་པའི་འདབ་ཆགས་སྣ་ཚོགས་ལ་ལྟད་མོ་ལྟ་བའི་གོ་སྐབས་བྱུང་།   བྲག་དེའི་ཕྱི་ནང་དུ་མ་ཎི་བརྐོས་འདུག་ལ་སྤྱན་རས་གཟིགས་ཀྱི་བྲག་བརྐོས་རི་མོ་ཞིག་ཀྱང་མཇལ་རྒྱུ་འདུག   བྲག་ཁུང་དེར་འཛུལ་མ་ཐག་ཏུ་དུད་ཚང་ཞིག་གི་བསྡད་མལ་མཐོང་བས་གདོད་མའི་འཚོ་བ་དྲན་ཡོང་ལ་གདོད་མའི་འཚོ་བ་ཡང་འདི་འདྲ་ལོས་ཡིན་སྙམ་པའི་སྣང་བ་སྟེར།  དེ་ནས་སྡོམ་ནང་བརྒྱུད་དེ་ཡོང་བས་སྡོམ་ནང་གི་བྲག་སྣར་འགྲོ་མགོན་ཏི་ཤྲཱི་རས་པའི་སྐུ་གདུང་བཞག་མལ་རེད་ཟེར་བའི་མཆོད་རྟེན་དཀར་ཆུང་དེར་མཇལ་ནས་ཁྱིམ་དུ་སོང་བ་ཡིན།  ཟླ་འོད་དེ་ཙམ་གསལ་རྒྱུ་མེད་པར་རབ་རིབ་རེད་འདུག་ལ་བདག་གི་གྲོགས་པོའི་འཕྲུལ་རྟའི་གློག་ཀྱང་དེ་ལས་མོག་པོར་སྣང་། གང་ལྟར་བྲེལ་བ་དང་འཇིགས་སྣང་ཅི་ཡང་མེད་པར་ང་ཚོ་ཁྱིམ་དུ་སླེབས་ཟིན་ནའང་སེམས་ཀྱི་དབུས་སུ་ད་དུང་ནང་ཆེན་ལོ་རྒྱུས་དང་འབྲེལ་བའི་དྲི་རྟགས་མང་པོ་ཞིག་ངང་ངམ་ཤུགས་ཀྱིས་འཕེལ་ཡོད་འགྲོ་ཨང་།  

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བའི་གསར་འགོད་པ་སེར་ཚང་པའམ་བསོད་ནམས་ལྷུན་གྲུབ་ནི་ཁམས་ནང་ཆེན་དུ་སྐྱེས་ཤིང་། སྔ་རྗེས་སུ་དེ་གའི་སློབ་གྲྭ་ཆུང་འབྲིང་དང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་སོགས་སུ་སློབ་སྦྱོང་བྱས།  ད་ལྟ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་དུ་སློབ་སྦྱོང་བྱེད་བཞིན་ཡོད།  དགའ་ཕྱོགས་ལྟར་དཔེ་ཀློག་གི་ཞོར་དུ་གསར་རྩོམ་གྱི་བྱ་བར་གཉེར་ཏེ་གཞུང་སྒེར་གྱི་དུས་དེབ་དང་དྲྭ་ལམ་ཁག་ཏུ་སྙན་རྩོམ་དང་།  ལྷུག་རྩོམ།  དཔྱད་རྩོམ་ཐོར་བུ་རེ་བཀོད་མྱོང་།  


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 85wb བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23539667
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།