མཚོ་བོད་ས་མཐོ་ནི“འབྱུང་རྩ་ལྔ”ཡིན།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 5 ཚེས 26 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »མཚོ་བོད་ས་མཐོ་ནི“འབྱུང་རྩ་ལྔ”ཡིན།
མཚོ་བོད་ས་མཐོ་ནི“འབྱུང་རྩ་ལྔ”ཡིན།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2020-04-02ལྟ་ཀློག (538)རྩོམ་ཁུངས: དྲ་རྒྱ་ལས་བཏུས།པར་འདེབ།

མཚོ་བོད་ས་མཐོ་ནི“འབྱུང་རྩ་ལྔ”ཡིན།    
                                                           

བློ་བཟང་ལྷུན་གྲུབ་རྡོ་རྗེས་བརྩམས།

 རྡོ་རྗེ་འབུམ་གྱིས་བསྒྱུར།


  ངས་དུས་རབས20པའི་ལོ་རབས80པའི་དུས་འགོ་ནས་བཟུང་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ལ་དོ་ཁུར་དང་ཞིབ་འཇུག་བྱེད་འགོ་བརྩམས་པ་ཡིན། ཐོག་མར་ངས་ཅིའི་ཕྱིར་མཚོ་བོད་མཐོ་སྒང་གི་ཁོར་ཡུག་དང་འཕེལ་རྒྱས་གནད་དོན་ལ་ཞིབ་འཇུག་བྱེད་པ་ངོ་སྤྲོད་ཅིག་བྱེད། རྒྱུ་མཚན་ནི་ཚང་མས་གནད་དོན་འདི་འདྲི་སྲིད།

    སྡོང་བོར་རྩ་བ་དང་ཆུ་ལ་འབྱུང་ཁུངས་ཡོད། ང་རང་མཚོ་བོད་མཐོ་སྒང་གི་དབུས་སུ་སྐྱེས་ཤིང་། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་འབའ་ཡུལ་རྩྭ་ཐང(ཕྱི་ནས་ཡོང་བའི་མིས་དེར་མཛེས་སྡུག་ལྡན་པའི་ཐང་རྩྭ་ཐང)ཟེར།ང་རང་དེར་སྐྱེས་ཤིང་དེ་ནས་ནར་སོན་པ་ཡིན། དྲན་ཤེས་ཁྲོད་ཀྱི་རྩྭ་ཐང་དེར“རླུང་ལྡང་རྩྭ་ཉུང་ན་ནོར་ལུག་མཐོང་བ”ཞེས་བརྗོད་ཆོག 1958ལོའི་གོང་དུ་རྩྭ་ཐང་ཐོག་གི་མི་རྒན་པ་ཚོས་སེམས་ཁྲལ་ཧ་ཅང་ཆེན་པོ་བྱེད་པའི་བྱ་བ་གཉིས་ཡོད་པ་སྟེ། གཅིག་ནི་འབྲོག་པས་དབྱར་དུས་འབྲོག་ར་ནས་ཕྱུགས་འཚོ་སྐབས་ཕྲུ་གུ་ཚོ་འདམ་རར་རྩེད་མོ་རྩེ་བར་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད་པ་དང་། ང་ཚོའི་མུ་མཐའ་མེད་པའི་རྩྭ་ཐང་ཐོག་གང་ས་གང་དུ་ཀྱག་ཀྱོག་གི་ཆུ་བོ་དང་འདམ་ར་མང་པོ་ཡོད་པ་དང་། གཞན་ཞིག་ནི་དགུན་དུས་ཀྱི་འབྲོག་རར་སླེབས་སྐབས་ཕྲུ་གུ་ཚོ་རྩྭ་ཐང་དུ་འཛུལ་རྒྱུར་སེམས་ཁྲལ་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། གང་ལགས་ཤེ་ན། གཟབ་གཟབ་མ་བྱས་ཚེ་རྩྭ་ཐང་དུ་མགོ་འཁོར་ནས་ཕྱིར་ལོག་ཐུབ་ཀྱི་མ་རེད། རྩྭ་སྐྱེས་པ་ཧ་ཅང་མཐོ་བས་འབྲོག་པ་ཚོ་དགུན་དུས་རྩྭ་རའི་འོག་གི་སྦྲ་གུར་ནང་སྐྱོད་སྐབས་རྩྭ་བྲེག་ན་གཞི་ནས་སྦྲ་གུར་ཡག་པོ་འབབ་ཀྱི་ཡོད། ང་རང་ཕ་ཡུལ་དང་ཁ་བྲལ་ནས་ལོ་ངོ་ཉི་ཤུ་ལྷག་འགོར་རྗེས། ཕྱིར་ལོག་རྗེས་མཐོང་བའི་རྩྭ་ཐང་ལ་འགྱུར་བ་བྱུང་། སྔོན་ཆད་ཀྱི་སྣང་ཚུལ་མཐོང་རྒྱུ་མི་འདུག གང་ལགས་ཤེ་ན། མི་འབོར་མང་དུ་ཕྱིན་པ་དང་། རྩྭ་ཐང་གསར་སྦོལ་བྱས་པ། ནགས་ཚལ་གཅོད་པ་བཅས་བྱས་པས་ཆུ་བོ་རྒྱུག་ཚད་ཕྱེད་ཀ་ཡན་ཉུང་དུ་ཕྱིན་ཡོད། ངའི་ཁྱིམ་གྱི་སྒོ་མདུན་དུ་ཆུ་བོ་ཞིག་ཡོད་པ་དེར་ཆུ་འཁོར་ཆུང་དུ་ཕྱིན་ཡོད་རུང1968ལོར་ང་འབྲིང་རིམ་ཆེད་ལས་སློབ་གྲྭ་ཐོན་ནས་ཕ་ཡུལ་དུ་གཞོན་ནུ་ཤེས་ཡོན་ཅན་བྱེད་པར་ལོག་སྐབས་རང་འཐག་རྒྱག་ཆོག་གི་ཡོད། ང་དང་ས་གནས་དེ་གའི་བོད་མི་ཨ་པོ་ལིའུ་ཚང་གི་རྒྱ་རིགས་རྒད་པོ་ཞིག་རང་འཐག་བདག་པོར་བསྡད་ནས་ལོ་ཕྱེད་ཙམ་སོང་། 1988ལོར་ང་རང་ཡང་བསྐྱར་ཕྱིར་ལོག་སྐབས། ཆུ་བོ་འདི་ཡོངས་སུ་སྐམ་སོང་། ཕ་ཡུལ་གྱི་འགྱུར་ལྡོག་དེ་ཆུ་འཐག་ལས་དབང་གི་འཕོ་འགྱུར་ཁྲོད་ནས་ཆེ་རུ་ཕྱིན་པ་དང་དཀྱོག་འཕྲོའི་ཁུལ་གྱི་རྩྭ་ཐང་སྣོད་བཅུད་ཇེ་སྡུག་ཏུ་ཕྱིན་ཡོད། བྱ་བ་ཆུང་ཆུང་འདིས་ང་ལ་སེམས་འགུལ་ཆེན་པོ་ཐེབས་སུ་བཅུག་སྟེ། ངའི་མིག་མདངས་ང་རང་གསོས་བའི་ས་ཞིང་འདིར་ཕྱོགས་པར་སྐུལ། སྐབས་དེ་དུས་ངས་ཅི་ལིན་སློབ་ཆེན་དཔལ་འབྱོར་དོ་དམ་སློབ་གླིང་དུ་ཞིབ་འཇུག་སློབ་མར་སློབ་སྦྱོང་བྱེད་བཞིན་ཡོད་པས། ངའི་རབ་འབྱམས་པའི་དཔྱད་རྩོམ་ནི《མཚོ་བོད་ས་མཐོའི་ཁོར་ཡུག་དང་འཕེལ་རྒྱས》ཞེས་པ་དེ་ཡིན་པ་དང་། དེ་ནས་བཟུང་ངས་མཚོ་བོད་ས་མཐོའི་ཁོར་ཡུག་དང་འཕེལ་རྒྱས་ཀྱི་གནད་དོན་ལ་ཞིབ་འཇུག་བྱེད་འགོ་ཚུགས་ཡོད། 1993ལོར་ངའི《མཚོ་བོད་ས་མཐོའི་ཁོར་ཡུག་དང་འཕེལ་རྒྱས》ཞེས་པའི་ཞིབ་འཇུག་བྱ་གཞི་དེ་རྒྱལ་ཁབ་ཚན་རྩལ་ཨུ་ལྷན་དང་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་གཙོ་གནད་ཞིབ་འཇུག་བྱ་གཞི་ནང་བཅུག་ནས་དཔེ་ཚོགས་རབ་དང་རིམ་པ་བསྐྲུན་འགོ་ཚུགས་ཤིང་།མིག་སྔར་དེབ9བཏོན་ཡོད། ངས་ད་དུང་མུ་མཐུད་དོན་དེ་བསྒྲུབ་བཞིན་ཡོད། ང་ཀན་སུའུ་རུ་འབྱོར་རྗེས། ལན་ཀྲོའུ་སློབ་ཆེན་དང་། ཀན་སུའུ་ཞིང་ལས་སློབ་ཆེན། སྤྱི་ཚོགས་ཚན་རིག་ཁང་སོགས་སློབ་ཆེན་དང་སློབ་གླིང་། འབྲེལ་ཡོད་སྡེ་ཁག་གི་བློ་མཐུན་དང་མཉམ་དུ་ཀན་ལྷོའི་སྐྱེ་ཁམས་དཔལ་འབྱོར་དཔེ་སྟོན་ཁུལ་ལ་ཞིབ་འཇུག་བྱས་པ་དང་། 2005ལོའི་གྲུབ་འབྲས་དཔེ་སྐྲུན་བྱས། ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་མཐོང་ཆེན་བྱས་པའི་དབང་གིས་རྣམ་གྲངས་དེ་ཞིང་ཆེན་གྱི“ལོ་ལྔ་ཚན་བཅུ་གཅིག་པའི”རིང་གི་ལས་གྲྭ་དུང་ཕྱུར་བཅུའི་ནང་བཅུག་ཡོད། དེ་བས་དགའ་འོས་པ་ཞིག་ནི་2006ལོར“ཀན་ལྷོའི་རྨ་ཆུའི་ཆུ་མགོ་གལ་ཆེན་མཁོ་སྤྲོད་སྣོད་བཅུད་ནུས་པའི་ཁུལ་སྲུང་སྐྱོང་དང་འཛུགས་སྐྲུན”གྱི་རྣམ་གྲངས་དེ་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་གཅིག་པའི”འཆར་འགོད་རྩ་གནད་དང་རྒྱལ་ཁབ་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི“ལོ་ལྔ་ཚན་བཅུ་གཅིག་པའི”འཆར་འགོད་ནང་བཅུག་ཡོད།

གཅིག  མཚོ་བོད་ས་མཐོའི་སྣོད་བཅུད་ཁོར་ཡུག་དེ་གོ་ལ་ཧྲིལ་པོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཇུས་ཆེན་དང་འབྲེལ་བ་ཡོད། 

    མཚོ་བོད་ས་མཐོར“འཛམ་གླིང་ཡང་རྩེ”ཞེས་འབོད་ཀྱི་ཡོད། དེ་ནི་འཛམ་གླིང་ཐོག་གི་ས་མཐོ་ཤོས་དང་ལོ་ན་གཞོན་ཤོས་ཀྱི་ས་མཐོ་ཞིག་རེད། ངས་ཁོང་ལ“ཀྲུང་ཧྭའི་ཆུ་མཛོད”དང“འབྱུང་རྩ་ལྔ”རེད་ཅེས་བརྗོད་ཀྱི་ཡོད།
    (གཅིག) གྲང་ཁུངས། མཚོ་བོད་མཐོ་སྒང་གི་ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི4500ཡས་མས་ཡིན་པ་དང་། དེ་ནི་སའི་གོ་ལའི་གླེང་སྣེ་གསུམ་པ་ཡིན། ཆ་སྙོམས་དྲོད་ཚད་ཅུང་དམའ་བ་དང་། གཞི་རྩའི་ཆ་ནས་ས་བབ་མཐོ་རུ་འགྲོ་བ་དང་བསྟུན་ནས་དམའ་རུ་འགྲོ་བ་དང་། ལོ་རེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ0ལས་དམའ་བའི་རྒྱ་ཁྱོན་གྱིས་མཚོ་བོད་ས་མཐོ་ཧྲིལ་པོའི་ཕྱེད་ཀ་ཟིན་གྱི་ཡོད། ཟླ་དང་པོར་ས་ཆ་མང་ཆེ་བ་ཧྲེ་ཧྲི་ཏུའུ10ལས་དམའ་བ་ཡོད་པ་དང་ཟླ་7པར་ཚ་བ་ཆེ་ཤོས་ཀྱི་དུས་ཚིགས་ཡིན་པ་དང་། མཚོ་བོད་ས་མཐོའི་མཚོ་སྔོན་ལྷོ་རྒྱུད་དང་བོད་བྱང་ཐང་ས་ཁུལ་གྱི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ5ཡས་མས་ལས་ཟིན་གྱི་མེད། དེའི་ཁར་མཚོ་བོད་མཐོ་སྒང་གི་མཁའ་རླུང་སྲབ་པས། དེ་དང་བསྟུན་ནས་ཚ་སྣོན་རྒྱག་པའམ་གྲང་བཟོའི་གནམ་གཤིས་ཀྱི་འགྱུར་ལྡོག་གི་ཚད་དེ། ས་བབ་དམའ་བའི་བདེ་ཐང་ས་ཁུལ་ལས་ལྡབ་གཅིག་གིས་མཐོ། དེས་ན་མཚོ་བོད་ས་མཐོ་ནི“གྲང་འཁྱག་གི་འབྱུང་ཁུངས”ཡིན་པ་དང་། གྲང་འཁྱག་གི་མཐོ་གནོན་ཁུལ་དུ་གཏོགས་པས་ཨེ་ཤེ་ཡའི་ཤར་ལྷོའི་ཕྱེད་ཀར་རླུང་གནོན་དང་། དྲོད་ཚད། རླུང་། ཆར་པ་བབས་པ་སོགས་ཀྱི་ཐད་ཤུགས་རྐྱེན་ཟབ་མོ་རབ་དང་རིམ་པ་ཐོན་ནས་གོ་ལ་ཕྱེད་ཤར་མ་དང་ཐ་ན་འཛམ་གླིང་གི་གནམ་གཤིས་སྙོམས་སྒྲིག་ཡོ་བྱད་ཅིག་རེད།
    (གཉིས ) ཆུ་ཁུངས། ནགས་ཁྲོད་ཀྱི་རི་བོ་མཐོན་པོ་དང་འཕྲེད་གཞུང་དུ་གནས་པའི་ཆུ་བོ་ཆེན་པོ་དང་། མུ་ཏིག་དང་འདྲ་བའི་མཚེའུ་གྲངས་ལས་འདས་པས་ནམ་མཁའ་སྔོ་ཞིང་སྤྲིན་དཀར་དང་ནོར་ལུག་ཁྱུ་དང་ཁྱུ་བྱས་ཏེ་མཚོ་བོད་ས་མཐོའི་ཐུན་མོང་མ་ཡིན་པའི་བརྗིད་ཉམས་ལྡན་པའི་ཉམས་འགྱུར་ཞིག་ཏུ་གྲུབ་ཡོད་ལ། བོད་རིགས་ས་ཁུལ་གྱི་ཞིང་རའི་འབྲོག་གླུ་ལྟ་བུའི་ཡུལ་སྲོལ་གོམས་འདྲིས་ཀྱི་རི་མོ་ཞིག་ཀྱང་ཡོད། དེའི་ནང་ཁྱབ་པའི་ཆུ་བོ་དང་། མཚེའུ། འཁྱགས་རོམ། འདམ་གཞོང་སོགས་ཀྱི་ཆུའི་ཐོན་ཁུངས་ནི་ས་མཐོའི“ཁྲག་རྩ”ལྟ་བུ་ཡིན་པ་དང་ས་མཐོའི་སྐྱེ་དངོས་ཚང་མ་གསོ་བཞིན་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། མཚོ་བོད་ས་མཐོའི་ཆུའི་ཐོན་ཁུངས་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར5463.4ཟིན་པའི་ནང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཆུ་རྒྱུད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར2548དང་། ཧིན་རྡུ་རྒྱ་མཚོའི་ཆུ་རྒྱུད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར2400.4སྐམ་སའི་ཆུ་རྒྱུད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་515བཅས་ཡོད་པ་རེད། དེ་དང་ཆབས་ཅིག་མཚོ་བོད་ས་མཐོའི་ས་འོག་ཆུའི་ཐོན་ཁུངས་ཀྱི་གྲངས་འབོར་ཧ་ཅང་ཆེ་བས་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར1568ཙམ་ཟིན་པ་དང་།ཧ་ལམ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར1301.3དང་ས་ངོས་ཀྱི་ཆུའི་ཐོན་ཁུངས་བསྐྱར་ཟློས་བྱེད་ཀྱི་ཡོད། མཚོ་བོད་ས་མཐོའི་ཆུའི་ཐོན་ཁུངས་བསྡོམས་འབོར་དང་ས་འོག་ཆུའི་ཐོན་ཁུངས་བསྡོམས་འབོར་གྱིས་རྒྱལ་ཡོངས་བསྡོམས་འབོར་གྱི་ལྔ་ཆ་གཅིག་བཟུང་བ་དང་ས་མཐོའི་ཐོག་གི་སྤྱི་ལེ་ངོས་གྲུ་རེའི་ཆུའི་ཐོན་ཚད་སྨི་རྒྱ་དཔངས་གྲུ་བཞི22ཙམ་ཟིན་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་རིན་ཐང་དང་མཚུངས་ཀྱི་ཡོད། འོན་ཀྱང་རྨོ་ཞིང་གི་རྒྱ་ཁྱོན་ལྟར་རྩིས་བརྒྱབ་ན།མཚོ་བོད་ས་མཐོའི་སྤྱི་ཆིང་རེར་བཟུང་ཚད་སྨི་རྒྱ་དཔངས་གྲུ་བཞི443730ཟིན་པ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་རིན་ཐང་ལས་ཆེས་ཆེར་མཐོ་བ་ཡོད་པ་དང་། མི་རེའི་ཆ་སྙོམས་རྒྱ་ཁྱོན་ལྟར་རྩིས་བརྒྱབ་ཚེ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་རིན་ཐང་ལས་ཆེ་བ་ཡོད། (བློ་བཟང་འཕྲིན་ལས་རྡོ་རྗེས་རྩོམ་སྒྲིག་བྱས་པའི《མཚོ་བོད་ས་མཐོའི་ཆུའི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད》དང་། 《ཐོན་ཁུངས་ཚན་རིག》2005ལོའི་ཟླ་3པའི་བམ་པོ27པའི་དུས་ཐེངས་གཉིས་པ)
    1.ཆུ་བོ། མཚོ་བོད་ས་མཐོ་ནི་རང་རྒྱལ་གྱི“མ་ཡུམ་གཙང་པོའི”འབྲི་ཆུ་དང་རྨ་ཆུའི་ཆུ་མགོ་ཕུད་ཨེ་ཤེ་ཡའི་རྒྱལ་སྤྱིའི་གཙང་པོ་གཙོ་བོའི་ཆུ་མགོ་ཡང་རེད། རང་རྒྱལ་དུ་རྒྱལ་སྤྱིའི་ཆུ་བོ40ལྷག་ཙམ་ཡོད་པ་དེའི་ནང་གཙོ་བོ་15ཡོད་པ་དང་། མཚོ་བོད་ས་མཐོ་ནས་ཐོན་པ་དེས་8བཟུང་བ། ལོ་ལྟར་འདི་ནས་རྒྱལ་མཚམས་ནས་བཞུར་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར4000ཙམ་ཟིན་པ་དེས་རྒྱལ་ཡོངས་ཀྱི་རྒྱལ་མཚམས་ནས་ཐོན་ཚད་ཀྱི་གསུམ་ཆ་གཉིས་བཟུང་ཡོད། རྒྱལ་མཚམས་ནས་ཐོན་པའི་གཙང་པོ་གཙོ་བོ་ནི། རྫ་ཆུ་ནས་མེ་ཀུང་གཙང་པོ་དང་། ཡར་ཀླུང་གཙང་པོ་ནས་པུའུ་ལ་མ་ཕུའུ་ཐེ་ལ་ཆུ་བོ། སེང་གེ་གཙང་པོ—ཧིན་རྡུ་ཆུ་བོ། རྒྱལ་མོ་རྔུལ་ཆུ—སར་ཝུན་ཆུ་བོ། ཏུའུ་ལུང་གཙང་པོ—དབྱི་ལུའོ་ཝ་ཏི་གཙང་པོ་སོགས་ཡོད། འབར་མ་དང་། ཐེ་ལན། ལོ་སི། ཁམ་ཕུ་ཁྲེ། ཝེ་ཐེ་ནམ། འབྲུག་ཡུལ། རྒྱ་གར། འབྲས་ལྗོངས། ནེ་པ་ལ། བྷང་ག་ལ། ཕ་ཁི་སི་ཐན། ཨ་ཧྥེ་ཁ་ནི་སི་ཐན་སོགས་རྒྱལ་ཁབ12བརྒྱུད་དེ་བཞུར། མཚོ་བོད་ས་མཐོའི་ཆུ་བོ(དེའི་ནང་རྒྱལ་མཚམས་སྒྲོལ་བའི་ཆུ་བོའི་ཚུད)དེ་ཞི་བདེ་རྒྱ་མཚོ་ཆེ་མོའི་ཆུ་རྒྱུད་དང་། ཧིན་རྡུ་རྒྱ་མཚོ་ཆེ་མོའི་ཆུ་རྒྱུད། སྐམ་སའི་དབུས་ཁུལ་གྱི་ཆུ་རྒྱུད་བཅས་ཁག་གསུམ(གཤམ་དུ་རྒྱལ་སྤྱིའི་གཙང་པོ་དང་འབྲེལ་བ་ཡོད་པའི་འབྲེལ་ཡོད་གཞི་གྲངས་དེ་རང་རྒྱལ་གྱི་མངའ་ཁོངས་ནང་གི་ཐོན་ཁུངས་ཀྱི་གནས་ཚུལ་ཙམ་ཡིན)

ཞི་བདེ་རྒྱ་མཚོའི་ཆུ་རྒྱུད་དུ་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་འབབ་རྒྱུད་ཀྱི་སྟོད་རྒྱུད་ཚུད་ཡོད།

(1) འབྲི་ཆུ། མཚོ་བོད་མཐོ་སྒང་ཁྱབ་ཁོངས་ཀྱི་འབྲི་ཆུའི་འབབ་རྒྱུད་དུ་འབྲི་ཆུའི་ཆུ་མགོའི་ས་ཁུལ་ཚུད་ཡོད། འབྲི་ཆུའི་སྟོད་རྒྱུད་ཀྱི་འབྲི་ཆུའི་དུམ་བུ་འཕྲེད་བཅད་རི་བོའི་ཁུལ་དུ་གནས་པ་དང་།ལུང་པའི་གཏིང་ཚད་སྤྱིར་བཏང་སྨི1000ཡིན་པ་དང་། གཏིང་ཟབ་ཤོས་ལ་སྨི2000ཡན་ཟིན་པ། ཆུ་ངོས་ཀྱི་ཞེང་ཚད་ལ་སྨི150ནས200ཙམ་ལས་མེད་པ། ཆུ་བོའི་དུམ་བུ་ལས་ཆག་ཚད14.3‰ཟིན་པ། ཆུའི་ནུས་པའི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད།

(2) རྨ་ཆུ། མཚོ་བོད་ས་མཐོར་རྨ་ཆུ་ནི་གཙོ་བོའི་སྟོད་རྒྱུད་ཀྱི་སྟོད་རྒྱུད་ཡིན་པ་དང་ཚ་རྔ་འགག་ཡན་དུ་ལོ་ལྟར་ཆར་པ་ཆེན་པོ་འབབ་ཀྱི་མེད་ཀྱང་ས་བབ་མཐོ་ལ་རླན་ཚད་ཆུང་བའི་དབང་གིས་རྨ་ཆུའི་ཆུ་འབོར་མཐོ་བའི་ཁུལ་ཡིན་པ་དང་ཚ་རྔ་འགག་ནས་ལན་ཀྲོའུ་བར་མང་ཆེ་བ་གྲོག་རོང་དང་གཤོང་ས་ཡིན་པ་དང་སྐད་གྲགས་ཆེ་བའི་གྲོག་རོང་མང་པོ་ཡོད་པས་ཆ་སྙོམས་སྤྱི་ལེ་བརྒྱ་རེའི་མཐོ་ཚད་སྨི140ལྷག་ཙམ་ཆག་པ་དང་ཆུ་ནུས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས། རྨ་ཆུའི་ལན་ཀྲོའུ་ས་ཚུགས་ཀྱི་ལོ་མང་ཆ་སྙོམས་རྒྱུག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར340ཟིན་གྱི་ཡོད།

(3)རྫ་ཆུ།ཆུ་མགོ་ནས་ཆབ་མདོ་བར་གྱི་གཞུང་རྒྱུན་རིང་ཚད་ལ་སྤྱི་ལེ564ཡོད་པ་དང་། ཆུ་བོ་ཁོད་སྙོམས་ཤིང་ཡལ་བ་རེད། ཆབ་མདོ་དང་ཉེ་བའི་མཚམས་སུ་གཏིང་ཚདསྨི500ནས1000བར་གྱི“V”དབྱིབས་ཀྱི་གྲོག་རོང་ཞིག་ཆགས་པ་དེ་ཆ་སྙོམས་བྱས་ན་4.0-4.5%ཆག་པ་དང་།འབབ་རྒྱུད་ཡོངས་ཀྱི་ཆུ་ལམ་ལས་ཆག་ཆེ་ཤོས་ཀྱི་ཆུ་བོའི་དུམ་བུ་ཞིག་རེད། ཆབ་མདོ་མན་གྱི་ཆུ་ལམ་འཕྲེད་བཅད་རི་རྒྱུད་ཀྱི་འབའ་འབུར་ཧ་ཅང་ཆེ་བའི་རི་ཁུལ་དུ་སླེབས་པ་དང་། ཆུ་ལམ་གྱི་གཤམ་དུ་གཤོངས་ཤུགས་ཆེ་བ། ཆུ་ནུས་ཐོན་ཁུངས་ཕུན་སུམ་ཚོགས་པ། ལོ་རེར་ཆ་སྙོམས་རྒྱལ་མཚམས་ནས་འགྲོ་འོང་བྱེད་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར765ཟིན་གྱི་ཡོད། 

    ཧིན་རྡུ་རྒྱ་མཚོ་ཆེན་པོའི་ཆུ་རྒྱུད་དུ་ཡར་ཀླུང་གཙང་པོ་དང་། རྒྱལ་མོ་རྔུལ་ཆུ། ཏུའུ་ལུང་གཙང་པོ། སེང་གེ་གཙང་པོ་བཅས་འབབ་རྒྱུད་ཀྱི་སྟོད་རྒྱུད་ཚུད་ཡོད། (1)ཡར་ཀླུང་གཙང་པོ། ཡར་ཀླུང་གཙང་པོའི་ལོ་རེའི་བཞུར་རྒྱུན་ནི་འཛམ་གླིང་གི་ཆུ་བོ་ཆེན་པོ་བཞི་པ་ཡིན་ཞིང་། ཀྲུང་གོའི་མངའ་ཁོངས་སུ་ཆ་སྙོམས་མཐོ་ཚད་སྨི4500ཡོད་པ་དང་། ཆུ་བོའི་རིང་ཚད་སྤྱི་ལེ2229ཡོད་པ། འབབ་རྒྱུད་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི24ཡོད་པ་བཅས་ནི་འཛམ་གླིང་ཐོག་གི་ཆུ་བོ་ཆེན་པོ་མཐོ་ཤོས་ཡིན། སྟོད་རྒྱུད་དང་བར་རྒྱུད་ས་ཁུལ་གྱི་ལོ་རེའི་བཞུར་རྒྱུན་ནི་སྤྱིར་བཏང་དུ་ཧའོ་སྨི100ནས200བར་ཡིན་པ་དང་། ཆུ་སྨད་ཀྱི་དཀྱོགས་མཚམས་ཆེན་པོའི་འཛམ་གླིང་གི་གྲོག་རོང་ཆེ་ཤོས་སུ་ལོ་རེའི་བཞུར་རྒྱུན་གྱི་ཟབ་ཚད་དེ་ཧའོ་སྨི2000ནས4000བར་དུ་འཕར་ཡོད། དེ་དང་ཆབས་ཅིག་དབྱར་དུས་ཀྱི་རྒྱུག་ཚད་ཀྱིས་ལོ་ཧྲིལ་པོའི་ཕྱེད་ཀ་ཡན་བཟུང་བ་དང་། ལོ་མང་རིང་ཆ་སྙོམས་ལོ་རེར་རྒྱུག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར1654ཟིན་གྱི་ཡོད། (2)རྒྱལ་མོ་རྔུལ་ཆུ། ཀྲུང་གོའི་མངའ་ཁོངས་ཀྱི་རིང་ཚད་ལ2013ལོའི་རིང་ཚད་ལ་སྤྱི་ལེ3ཡོད་པ་དང་ཆུ་བོའི་སྟོད་རྒྱུད་དང་བར་རྒྱུད་ཀྱི་རྒྱ་ཁྱོན་ཆུང་དུ་ཕྱིན་ནས་དྲག་རྒྱུག་དང་ཉེན་ཁ་ཆེ་བའི་གྲམ་ཐང་མང་དུ་ཕྱིན་ནས་ཆུ་བོ་སྨི100ཡང་མ་ཟིན་པའི་ཆུ་ལམ་དུ་ལང་ལོང་དུ་འཕྱུར་བ་དང་ཆུ་ནུས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་མོད། འོན་ཀྱང་གསར་སྤེལ་བྱེད་ཁག་པོ་ཡོད་པ་དང་ལོར་ཆུ་རྒྱུག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར689ཟིན་གྱི་ཡོད། (3)ཏུའུ་ལུང་ཅང་གཙང་པོ། རང་རྒྱལ་གྱི་མངའ་ཁོངས་སུ་རིང་ཚད་སྤྱི་ལེ178.6ཟིན་པ་དང་འབབ་རྒྱུད་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ4327ཟིན་ཡོད། འགྲམ་རྒྱུད་དུ་ཆུ་ལག་མང་བ་དང་། ཆུ་རྒྱུན་ཐུང་བ།ཆུ་ལག་ཨ་མ་བཅས་ལས་གྲུབ་པ་དང་ལོའི་ཆུ་རྒྱུག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར53ཙམ་ཟིན་གྱི་ཡོད། (4)ཧིན་རྡུ་ཆུ་བོའི་ཆུ་རྒྱུད། གཙོ་བོ་སེང་གེ་གཙང་པོ་དང་གླང་ཆེན་གཙང་པོ་རེད། སེང་གེ་གཙང་པོའི་རིང་ཚད་སྤྱི་ལེ་419ཟིན་པ་དང་འབབ་རྒྱུད་ཀྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ4956ཟིན་པ་དང་ལོར་རྒྱུག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་2.7ཟིན་པ། གླང་ཆེན་གཙང་པོ་གཙང་པོའི་རིང་ཚད་སྤྱི་ལེ309ཟིན་པ་དང་འབབ་རྒྱུད་ཀྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་བཞི23170ཟིན་པ་དང་ལོར་རྒྱུག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར1.7ཙམ་ཟིན་གྱི་ཡོད།

    སྐམ་སའི་དབུས་ཁུལ་གྱི་ཆུ་རྒྱུད་ཁོངས་སུ་བྱང་ཐང་དང་། ཚྭ་འདམ་གཤོངས་ས། མདོ་ལ་རིང་མོའི་ས་ཁུལ། ཤིན་ཅང་ལྷོ་རྒྱུད་ཀྱི་སྐམ་སའི་དབུས་ཁུལ་བཅས་ཚུད་ཡོད། (1)བྱང་ཐང་སྐམ་སའི་དབུས་ཁུལ་གྱི་ཆུ་རྒྱུད་ནི་བོད་བྱང་ཐང་གི་སྐམ་སའི་དབུས་ཁུལ་གྱི་ཆུ་བོའི་འབབ་རྒྱུད་དང་། ཁུ་ཁུ་ཞི་ལའི་སྐམ་སའི་དབུས་ཁུལ་གྱི་ཆུ་བོ་འབབ་རྒྱུད། ཞིན་ཅང་བྱང་ཐང་གི་སྐམ་སའི་དབུས་ཁུལ་གྱི་ཆུ་བོ་ཁག་གི་འབབ་རྒྱུད་བཅས་ལས་གྲུབ་པ་དང་། དེ་ནི་མཚོ་བོད་ས་མཐོའི་ཆུ་རྒྱུད་ཆེ་ཤོས་ཡིན་པ་དང་ཆུའི་ཐོན་ཁུངས་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར246.5ཟིན་ཡོད། (2)ཚྭ་འདམ་གཤོངས་སའི་སྐམ་སའི་དབུས་ཁུལ་གྱི་ཆུའི་ཁོངས་སུ་མཚོ་སྔོན་པོའི་སྐམ་སའི་དབུས་ཁུལ་གྱི་ཆུ་བོ་སྣ་ཚོགས་འབབ་རྒྱུད་དང་ཚྭ་འདམ་གཤོངས་སའི་སྐམ་སའི་དབུས་ཁུལ་གྱི་ཆུ་བོ་སྣ་ཚོགས་འབབ་རྒྱུད་ཚུད་ཡོད་པ་དང་ཆུའི་ཐོན་ཁུངས་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར44ཟིན་ཡོད། (3)མདོ་ལ་རིང་མོའི་སྐམ་སའི་དབུས་ཁུལ་གྱི་ཆུའི་ཁོངས་སུ་ཆུ་བོ་ནག་པོ་དང་། ཧྲི་དབྱང་ཆུ་བོའི་འབབ་རྒྱུད། ཧྲུའུ་ལེ་ཆུ་བོ་བཅས་འབབ་རྒྱུད་ཀྱི་སྟོད་རྒྱུད་དང་བར་རྒྱུད་ས་ཁུལ་ཚུད་ཡོད་པ་དང་། ཆུའི་ཐོན་ཁུངས་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར72ཡོད། (4)ཞིན་ཅང་ལྷོ་རྒྱུད་ཀྱི་སྐམ་སའི་དབུས་ཁུལ་གྱི་ཆུ་རྒྱུད་དུ་ཐ་ལི་མུའུ་གཙང་པོའི་འབབ་རྒྱུད་ཀྱི་སྟོད་རྒྱུད་དང་བར་རྒྱུད་ས་ཁུལ་ཚུད་ཡོད་པ་དང་། ཆུའི་ཐོན་ཁུངས་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར152.5ཡིན།
    མཚོ་བོད་མཐོ་སྒང་གི་ཆུ་བོའི་བཞུར་རྒྱུན་ལོ་འདིའི་ནང་བགོ་བཤའ་ཆ་སྙོམས་མིན།འབྲི་ཆུ་དང་རྫ་ཆུའི་འབྲུབ་དུས་ཀྱི་རྒྱུག་ཚད་ཀྱིས་ལོའི་རྒྱུག་ཚད་ཀྱི60%ཙམ་བཟུང་བ་དང་། རྒྱལ་མོ་རྔུལ་ཆུ་དང་ཡར་ཀླུང་གཙང་པོའི་འབྲུབ་དུས་ཀྱི་རྒྱུག་ཚད་ཀྱིས་ལོའི་རྒྱུག་ཚད་ཀྱི70%ནས80%བར་བཟུང་ཡོད། གངས་འཁྱགས་བཞུར་ནས་ཆུ་མཁོ་འདོན་བྱ་རྒྱུ་གཙོ་བོར་བྱས་པའི་ས་མཐོའི་བྱང་རྒྱུད་ཀྱི་རྒྱ་ཆེའི་སྐམ་སའི་དབུས་ཁུལ་གྱི་ཆུ་རྒྱུད་གཙང་ཆུའི་བཞུར་རྒྱུན་འདི་ལོའི་ནང་བགོ་བཤའ་རྒྱག་ཚད་ཧེ་བག་དེ་བས་ཆེ་བ་ཡོད་པ་དང་དབྱར་དུས་ཀྱི་ཟླ་བ་གསུམ་གྱི་རྒྱུག་ཚད་ཀྱིས་ལོའི་རྒྱུག་ཚད་ཀྱི65%ཡན་བཟུང་ཡོད། ལོ་མང་ལྟ་དཔྱད་ཚད་འཇལ་བྱས་པའི་དཔྱད་གཞི་ལས་ས་མཐོའི་རྒྱུག་ཆུའི་ལོའི་རྒྱུག་འབོར་དེ་དུས་རིམ་ཐོག་ཆུ་རྒྱས་ཁུལ་དང་ཆུ་སྐམ་ཁུལ་རེས་མོས་ཐོན་ནས་ལོའི་རྒྱུག་འབོར་ཆེ་ཤོས་དང་ལོའི་རྒྱུག་འབོར་ཆུང་ཤོས་ཀྱི་བསྡུར་ཚད་སྤྱིར་ན1.9ནས4.0བར་ཡིན་པ་མཐོང་ཐུབ། ཆར་ཆུ་འབབ་ཚད་དང་འོག་གདན་སོགས་རྒྱུ་རྐྱེན་གྱིས་ཕན་ཚུན་ཤུགས་རྐྱེན་ཐེབས་པའི་འོག་བཞུར་རྒྱུན་གྱི་ས་ཁུལ་སོ་སོའི་ཁྱབ་ཚུལ་ལ་ཁྱད་པར་ཆེན་པོ་ཡོད་པ་དང་། མཚོ་བོད་ས་མཐོའི་ལོ་མང་པོའི་བཞུར་རྒྱུན་གྱི་ཟབ་ཚད་ཧའོ་སྨི5ནས3500བར་ཡིན་པ་དང་། ཆུ་མང་ཁུལ་དང་།  ཆུ་ཉུང་ཁུལ། སྐམ་ཁུལ་བཅས་བྱུང་ཞིང་། རིགས་མང་འདུ་གནས་འདི་རིགས་རང་རྒྱལ་གྱི་ས་ཁུལ་གཞན་དག་ཏུ་མཐོང་དཀའ་བ་རེད། ལོ་རེའི་བཞུར་རྒྱུན་ནི་ཤར་ལྷོ་ནས་ནུབ་བྱང་དུ་ཇེ་ཉུང་དུ་འགྲོ་བའི་འཕེལ་ཕྱོགས་ཧ་ཅང་མངོན་གསལ་ཡིན།

 2 མཚེའུ། མཚོ་བོད་ས་མཐོའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་བཞི་མ1ཡན་ཟིན་པའི་མཚེའུ1126ཡོད་པ་དང་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་བཞི39206.8ཟིན་པ་དེས་རྒྱལ་ཡོངས་ཀྱི་མཚེའུ་གྲངས་འབོར་གྱི40%བཟུང་བ་དང་རྒྱ་ཁྱོན་གྱིས49%བཟུང་བ་དེ་ནི་འཛམ་གླིང་ཐོག་གི་ས་མཐོའི་མཚེའུ་ཁྱབ་ཁུལ་ཆེ་ཤོས་དེ་རེད། མཚེའུ་ཡི་ཆུ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར5182ཟིན་ནས་རང་རྒྱལ་གྱི་མཚེའུ་ཁུལ་ཆེ་གྲས་ལྔའི་ཨང་དང་པོར་སླེབས་པའི་ནང་ཚྭ་མེད་ཆུའི་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར1035ཟིན་པ་དེས་རང་རྒྱལ་གྱི་མཚེའུ་ཡི་ཚྭ་མེད་ཆུའི་གསོག་ཚད་བསྡོམས་འབོར་གྱི45.8%བཟུང་ཡོད། མཚོ་བོད་ས་མཐོའི་མཚེའུ་ཡི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་བཞི500ལས་བརྒལ་བའི་མཚེའུ12ཡོད་པ་དེས་རྒྱལ་ཡོངས་ཀྱི་མཚེའུ27གྱི་ཕྱེད་ཀ་ཙམ་བཟུང་ཡོད། མཚོ་སྔོན་པོ་ནི་རང་རྒྱལ་གྱི་མཚེའུ་ཆེ་ཤོས་ཡིན་པ་དང་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ4568ཡོད། ས་མཐོའི་མཚོ་དང་མཚེའུའི་ནང་རྨ་ཆུའི་ཆུ་མགོ་ཁུལ་གྱི་མཚོ་སྔོ་རིང་དང་མཚོ་སྐྱ་རེངས་ཕུད་དེ་བྱིངས་ཚང་མ་སྐམ་སའི་དབུས་ཁུལ་ཡིན་པ་དང་དེ་དག་ཚང་མ་ཚྭ་མཚེའུ་དང་ཚྭ་མཚེའུ་ཡིན་པ་དང་རྒྱ་ཁྱོན་གྱིས་མཚོ་བོད་ས་མཐོའི་མཚོའི་རྒྱ་ཁྱོན་གྱི90%བཟུང་ཡོད། མཚོ་ཆེན12ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་བཞི13877.5ཟིན་པ་དེས་མཚོ་བོད་ས་མཐོའི་མཚེའུ་ཡི་རྒྱ་ཁྱོན་གྱི35.4%བཟུང་བ་དང་། མཚེའུ་ཡི་གྲངས་འབོར་མང་ཤོས་ནི་སྤྱི་ལེ་ངོས་གྲུ་བཞི1ནས50བར་གྱི་མཚེའུ་ཡིན་པ་དེས་མཚེའུ་བསྡོམས་འབོར་གྱི55.5%བཟུང་ཡོད། མཚེའུ་མང་ཆེ་ཤས་ཀྱི་མཚེའུ་གཞོང་ནི་ས་གཤིས་ཆགས་ཚུལ་དང་འཁྱགས་ཀླུང་གི་བསླད་སྐྱོན་སོགས་ཀྱིས་གྲུབ་པ་ཡིན་པས། མཚེའུ་ཡི་ཆུ་ཅུང་ཟབ་པ་དང་། གསོག་ཉར་ཚ་ཚད་མང་བ། ཆུ་དྲོད་ཅུང་གཏན་འཇགས་ཡིན་པ་རེད།

    3.འཁྱགས་རོམ། ཀྲུང་གོ་ནི་འཛམ་གླིང་ཐོག་འཕྲེད་ཐིག་ཏུའུ་གྲངས་དམའ་བའི་རི་བོ་ཡུའེ་འཁྱགས་ཀླུང་མང་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་པ་དང་། འཁྱགས་ཀླུང་གི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་བཞི58651ཟིན་པའི་ནང་མཚོ་བོད་ས་མཐོའི་འཁྱགས་ཀླུང་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ50672ཟིན་པ་དེས་རྒྱལ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི86.4%བཟུང་ཡོད། འཁྱགས་རོམ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་ཁྲི4ཙམ་ཟིན་པ་དེས་རང་རྒྱལ་གྱི་འཁྱགས་རོམ་གསོག་ཚད་བསྡོམས་འབོར་གྱི80%ཙམ་བཟུང་ཡོད། ཁུ་ནུ་རི་བོ་དང་ཁ་ལ་ཁུ་ནུ་རི་བོའི་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར22292ཟིན་པ་དེས་ས་མཐོའི་སྤྱིའི་གསོག་ཚད་ཀྱི56%བཟུང་ཡོད།འཁྱགས་ཀླུང་བསྡོམས་འབོར་ཁྲི2.5ལྷག་ཙམ་ཟིན་པ་དང་། ལོ་མང་ཆ་སྙོམས་བཞུ་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར463.65ཟིན་པ་དེ་ནི་ས་མཐོའི་གཙང་པོ་མང་པོའི་ཆུ་མགོའི་གཙོ་བོ་ཞིག་རེད། འཁྱག་རོམ་བཞུར་བའི་ཆུ་གསབ་ཀྱི་བརྒྱ་ཆ་དེ་མཚོ་བོད་ས་མཐོའི་མཐའ་འཁོར་ནས་ས་མཐོའི་ནང་ཁུལ་དུ་འཕར་བ་དང་། ནུབ་རྒྱུད་རི་ཁུལ་གྱི་སྐམ་སའི་དབུས་ཁུལ་གྱི་ཆུ་རྒྱུད་ཀྱི་འཁྱག་རོམ་བཞུར་བའི་བསྡུར་ཚད་ཀྱིས23%ཡས་མས་ཟིན་པ། མདོ་ལ་རིང་མོ་ཤར་མས14%བཟུང་བ། ནུབ་ངོས་སུ་ཧྲུའུ་ལེ་གཙང་པོའི་ཆུ་རྒྱུད32%ཟིན་པ། ཕྱི་རྒྱུག་གཙང་པོའི་ཆུ་རྒྱུད་ཀྱི་འཁྱག་རོམ་བཞུར་བའི་བསྡུར་ཚད་དེ་བོད་ཀྱི་ཤར་ལྷོའི་མཚམས་ནས་ཡར་ཀླུང་གཙང་པོའི་སྨད་རྒྱུད་བར་ཉུང་དུ་ཕྱིན་པ་དང་། རྒྱལ་མོ་རྔུལ་ཆུ་སོགས་ཆུ་རྒྱུག་གི་བསྡུར་ཚད10%ཡང་ཟིན་གྱི་མེད་པ་དང་ནུབ་ངོས་ནས་ཧིན་རྡུ་གཙང་པོའི་ཆུ་རྒྱུད་བར་གྱི་བསྡུར་ཚད་དེ40%ནས50%བར་མང་དུ་ཕྱིན་ཡོད་པ་རེད། (ཧྲི་ཡ་ཧྥེང་དཔྱད་གཞིའི་མཛོད། ལིའུ་ཧྲི་ཡིང་། 《ཀྲུང་གོའི་འཁྱགས་ཀླུང་གིས་དུས་རབས་21པའི་གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་འགྲོ་བའི་སྔོན་དཔག[J]ཚན་རིག་དང་མཐུན་པའི་སྒོ་ནས་བརྡ་ཁྱབ་བཏང་སྟེ། 2000,(4)) 434-438

4. བརླན་ས། མཚོ་བོད་མཐོ་སྒང་གི་ན་འདམ་ཁྱབ་རྒྱ་ཅུང་ཆེ་བ་དང་། གཙོ་བོ་མཐོ་སྒང་གི་ཤར་རྒྱུད་དང་བོད་ལྷོའི་ལུང་གཞུང་དུ་ཁྱབ་ཅིང་། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི13.4ཡོད་པ་དེས་རང་རྒྱལ་གྱི་ན་འདམ་སྤྱིའི་རྒྱ་ཁྱོན་གྱི་ལྔ་ཆ་གཅིག་ཟིན་ཡོད་ལ། རང་རྒྱལ་གྱི་ན་འདམ་ཆེ་གྲས་གཉིས་པ་གཅིག་བསྡུས་ཀྱིས་ཁྱབ་ཁུལ་ཡིན། མཚོ་བོད་ས་མཐོའི་ན་འདམ་ཅུང་ཉུང་བ་དང་ཚང་མ་འཚོ་བཅུད་ཕུན་སུམ་ཚོགས་པའི་ན་འདམ་ཡིན་པ་དང་རྒྱ་ཁྱོན་ཆེ་ཤོས་ནི་རྩྭ་ལྡུམ་དང་སྔོ་དྲེག་ན་འདམ་ཡིན་པ་དང་མཚོ་བོད་ས་མཐོའི་དམིགས་བསལ་དུ་ཡོད་པའི་ན་འདམ་གྱི་རིགས་ཤིག་རེད།
    “ས་བབ་མཐོ་ཚད་སྨི3400ནས་སྨི3600བར་གྱི་མཚོ་བོད་ས་མཐོའི་ཤར་ཕྱོགས་སུ་རྒྱལ་སྤྱིའི་འདམ་རའི་རིགས་གཅིག་མཁས་ཅན་གྱིས“འཛམ་གླིང་ཐོག་གི་རྒྱ་ཁྱོན་ཆེ་ཤོས་དང་། གདོད་མའི་གནས་ཤོས། མིས་གཏོར་བཤིག་ཕོག་མེད་པའི་ས་མཐོའི་འདམ་ར་ཡག་ཤོས་མཛོད་དགེ་ནི་ཀྲུང་གོའི་འདམ་ར་མཛེས་ཤོས་དྲུག་ཡིན”ཞེས་པའི་གྲས་ཤིག་ཡིན་ཞིང་། 2005ལོའི་ཟླ10པར《ཀྲུང་གོའི་རྒྱལ་ཁབ་ས་རྒྱུད》ནང་མཛོད་དགེ་འདམ་རར་གདེང་འཇོག་དེ་འདྲ་བྱས་ཡོད། མཛོད་དགེ་འདམ་ར་དེ་མཚོ་བོད་ས་མཐོའི་ཤར་རྒྱུད་དུ་གནས་པ་དང་སི་ཁྲོན་དང་ཀན་སུའུ་ཞིང་ཆེན་གཉིས་བརྒལ་བ་དང་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་བཞི་མ་ཁྲི1.6ཟིན་པ་དེ་ནི་འཛམ་གླིང་ཐོག་གི་རྒྱ་ཁྱོན་ཆེ་ཤོས་ཀྱི་ན་འདམ་འདམ་ར་ཞིག་རེད། དེས་འབྲི་ཆུ་དང་རྨ་ཆུའི་ཆུའི་ཐོན་ཁུངས་དོ་མཉམ་ཡོང་བ་དང་། འབབ་རྒྱུད་བརྟན་འཇགས་ཡོང་བའི་ནང་གི་སྐྱེ་ཁམས་དོ་མཉམ་ཡོང་བ། ནུབ་བྱང་ཆེན་མོའི་སྐམ་སའི་དབུས་ཁུལ་གྱི་གནམ་གཤིས་བཅས་ལ་ནུས་པ་གལ་ཆེན་ཐོན་ཡོད་པས། ཀྲུང་གོ་དང་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་གྱིས་“ཀྲུང་གོའི་ནུབ་རྒྱུད་མཐོ་སྒང་གི་མཁལ་མ་”ཞེས་འབོད་ཀྱི་ཡོད། 《ཀྲུང་གོའི་རྒྱལ་ཁབ་ས་ཆ》ཞེས་པའི་དཔྱད་འདེམས་པ་ཚོས་མཛོད་དགེ་འདམ་རར་དཔྱད་གཏམ་བརྗོད་པའི་ནང་། སི་ཁྲོན་དང་ཀན་སུའུ་ཞིང་ཆེན་གཉིས་བརྒལ་ནས་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་ཁྲི100ཙམ་ཟིན་པ་དེ་ནི་རང་རྒྱལ་གྱི་བོད་ལྗོངས་དང་ཧི་མ་ལ་ཡའི་འགུལ་སྐྱོད་རྩི་ཤིང་ཁུལ་དང་དེ་བཞིན་སྐྱེ་དངོས་སྣ་མང་རང་བཞིན་གྱི་རྨང་གཞིའི་ས་རྒྱུད་གལ་ཆེན་དང་དེ་བཞིན་མཐོ་གྲང་འདམ་རའི་སྣོད་བཅུད་མ་ལག་གི་དཔེ་མཚོན་མཚོན་བྱེད་ཅིག་རེད། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་བྱ་རིགས་ཁྲུང་ཁྲུང་སྐེ་ནག་དེ་གར་འཚོ་སྡོད་བྱེད་ཀྱི་ཡོད་པ་དང་། ཁྲུང་ཁྲུང་རིགས་ཀྱི་ས་མཐོའི་ཐོག་སྐྱེ་འཕེལ་བྱེད་པའི་དམིགས་བསལ་གྱི་ཁྱུ་ཚོགས་འབའ་ཞིག་ཡིན་པའི་ངོས་ནས་དབྱར་དུས་ཁྲུང་ཁྲུང་སྐེ་ནག900ཙམ་ཟིན་གྱི་ཡོད། ཀྲུང་གོའི་འདམ་རའི་ནང་ང་ཚོས་མཛོད་དགེ་དང་འདྲ་བའི་ཐུན་མོང་མ་ཡིན་པའི་རང་བཞིན་དང་། གདོད་མའི་རང་བཞིན། ཕུན་སུམ་ཚོགས་པའི་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་དང་། སྟུག་པོའི་ལོ་རྒྱུས་ཀྱི་གཏིང་སྙིགས་རང་བཞིན་དང་དེ་བཞིན་སྤྱན་གཟིགས་རང་བཞིན་བཅས་གཞི་གཅིག་ཏུ་འདུས་པའི་ས་ཆ་རྙེད་ཐུབ་ཀྱི་མེད། དེ་སྔའི་མཛོད་དགེ་འདམ་ར་ཧྲིལ་པོའི་ཆུ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར100ལས་བརྒལ་བ་དང་། འདི་ནས་མིན་ཅང་གཙང་པོའི་ཆུ་འགོ་དང་བར་ཐག་སྤྱི་ལེ100ཡོད་པ་དང་། རྨ་ཆུའི་ཁུག་སོ་དང་པོ་དང་བར་ཐག་སྤྱི་ལེ20ཡང་ཟིན་གྱི་མེད་པས། དེ་ནི་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་རྩ་གསོ་འཁྱོངས་ཁུལ་གལ་ཆེན་ཞིག་ཡིན་པ་དང་། ལོ་ལྟར་རྨ་ཆུའི་ཆུ་གསོག་ཚད30%མཁོ་འདོན་བྱེད་ཀྱི་ཡོད་པས། རྨ་ཆུའི“ཆུ་གསོག་རྫིང་བུ”ཞེས་བརྗོད་ཀྱི་ཡོད། མཛོད་དགེ་འདམ་ར་ནི་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་འགོའི་ས་ཁུལ་གྱི་ཆུ་ཁུངས་མཁོ་སྤྲོད་ཁུལ་གལ་ཆེ་ཤོས་ཤིག་རེད། མཛོད་དགེ་འདམ་སོལ་ཁུལ་དུ་ཆུ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར56ཟིན་པའི་ཁར་མཚེའུ་དང་སྤང་ལྗོངས་ཀྱི་ཆུ་གསོག་ཚད་བསྣན་ཚེ་མཛོད་དགེ་འདམ་རའི་ཆུ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར100ཙམ་ཟིན་གྱི་ཡོད། མཛོད་དགེ་ས་མཐོའི་འདམ་ར་ནས་རྨ་ཆུའི་ཆུ་རྒྱུག་པ་དེས་རྨ་ཆུའི་ཆུ་དཀོན་པའི་དུས་སུ་རྨ་ཆུའི་ཆུ་འབོར་གྱི40%བཟུང་བ་དང་ཆུ་རྒྱས་པའི་དུས་སུ26%བཟུང་བ་དེ་ནི་རྨ་ཆུའི་ཆུ་གསོག་ཆུ་མཛོད་གལ་ཆེན་ཞིག་རེད། མཛོད་དགེ་འདམ་ར་ནི་ཀྲུང་གོར་དམིགས་བསལ་དུ་ཡོད་པའི་ས་མཐོའི་འདམ་སོལ་འདམ་ར་ཆེ་ཤོས་ཤིག་རེད། དེར་འདམ་སོལ་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་ཁྱབ་ཚུལ་ཁྱོན་སྤྱི་ལེ་ངོས་གྲུ་བཞི5000ལྷག་ཙམ་ཟིན་པ་དང་འདམ་སོལ་གསོག་ཚད་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར70ཟིན་ཡོད། སྐྱེ་ལྡན་རྒྱུ་ཆ་ཕུན་སུམ་ཚོགས་པའི་འདམ་རའི་ས་རྒྱུ་དང་འདམ་སོལ་བང་རིམ་གྱིས་དབྱང་གཉིས་ཐཱན་འགྱུར་གཏན་འཁེལ་ནུས་ལྡན་ཐུབ་ནས་གོ་ལ་ཧྲིལ་པོའི་དྲོ་རུ་འགྲོ་བའི་རྣམ་པ་ཞི་ལྷོད་དུ་གཏོང་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད། སི་ཁྲོན་ཞིང་ཆེན་གྱི་ཐང་རྒོད་ཅན་དང་བྱེ་འགྱུར་ས་ཞིང་ལྟ་ཞིབ་ཚད་ལེན་ཐེངས་གསུམ་པའི་འབྲས་བུ་ལས་མངོན་པར། མཛོད་དགེ་རྩྭ་ཐང་དེ་ལོ་ལྔའི་རིང་བྱེ་འགྱུར་རྒྱ་ཁྱོན་རིམ་འཕར་བསྡུར་ཚད74%ཙམ་ཟིན་ནས་དོན་དངོས་ཐོག་སྤྱི་ཆིང4300ལྷག་ཙམ་མང་དུ་ཕྱིན་ནས་མྱུར་ཚད་མགྱོགས་སུ་ཕྱིན་པ་དང་མི་རྣམས་ཧང་སངས་དགོས་པ་ཞིག་ཡོད། མིག་སྔར་མཛོད་དགེ་རྫོང་དུ་རྩྭ་ར་མུའུ་ཁྲི70བྱེ་འགྱུར་བྱུང་བ་དང་དེ་མིན་རྩྭ་ར་མུའུ་ཁྲི133གྱིས་ལོ་ལྟར་ཧང་སངས་དགོས་པའི་མྱུར་ཚད་ཀྱི་ཐོག་ནས་བྱེ་ཐང་དུ་སྐྱོད་བཞིན་ཡོད་པ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་ཝུའུ་ཀྲེང་ཏེས“དུས་རབས་གོང་མའི་ལོ་རབས60པར་ང་མཛོད་དགེ་རྒྱུད་དུ་རྟོག་ཞིབ་བྱེད་པར་འགྲོ་སྐབས། སྐབས་དེར་ཆུ་ཟབ་པའི་ན་འདམ་གཞུང་ལམ་གྱི་གཡས་གཡོན་དུ་ཡོད་པ་དང་། མི་གཞུང་ལམ་དང་ཁ་འབྲལ་མི་ཕོད། དེ་ལྟར་མ་བྱས་ན་ནོར་དང་ལུག་གིས་འདམ་རྫབ་ནང་གི་རྩྭ་ཟ་ཆེད་འཕག་འཚག་རྒྱག་མི་ཐུབ་པ་དང་མཐར་འདམ་རྫབ་ནང་ནུབ་པ་མཐོང་ཐུབ། ད་ཆ་མཛོད་དགེ་རྒྱུད་ཀྱི་ན་འདམ་ཆུང་དུ་ཕྱིན་ནས་ཐག་རིང་དུ་གཞུང་ལམ་དང་བྲལ་བ་དང་གཞུང་ལམ་གཡས་གཡོན་གྱི་ན་འདམ་དེ་མུ་མཐའ་མེད་པའི་རྩྭ་ཐང་དུ་གྱུར་ཡོད། དུས་རབས་གོང་མའི་ལོ་རབས50པ་དང་བསྡུར་ན་ན་འདམ་ཕྱེད་ཀ་ཙམ་མེད་པར་གྱུར་པ་དང་། ན་འདམ་མེད་པར་གྱུར་པ་མ་ཟད། མཛོད་དགེ་འདམ་རར་ད་དུང་གཞི་ཁྱོན་ཆེ་བའི་བྱེ་འགྱུར་གྱི་སྣང་ཚུལ་ཐོན་ནས་ན་འདམ་ཁག་གཅིག་བྱེ་སྒང་དུ་གྱུར་ཡོད། 1958ལོར་མཛོད་དགེ་རྫོང་གི་ཕྱུགས་རིགས་མཉམ་བསྲེས་མགོ་གྲངས་ཁྲི30ཟིན་ནས་དུས་རབས་གོང་མའི་ལོ་རབས་80པའི་བར་མཉམ་བསྲེས་མགོ་གྲངས་ཁྲི80ལྷག་ཙམ་བར་མང་དུ་ཕྱིན་པ་དང་མིག་སྔར་མཉམ་བསྲེས་མགོ་གྲངས་ཁྲི116བར་མང་དུ་ཕྱིན་ཡོད། མི་འབོར་ཁྲི2ལྷག་ཙམ་ནས་ཁྲི7བར་འཕར་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན།མཛོད་དགེ་རྩྭ་ཐང་ཧྲིལ་པོར་ད་ཆ་ཕྱུགས་རིགས་མགོ་གྲངས་ཁྲི320འཚོ་བ་དེ་རྩྭ་ཐང་གི་ཐེག་ནུས་མཐོ་ཤོས་ལས་ཁྲི200ལྷག་ཙམ་གྱི་མགོ་གྲངས60%ལས་བརྒལ་ཡོད་པ་རེད། དེ་ནས་དུས་རབས་གོང་མའི་ལོ་རབས་དྲུག་ཅུ་བདུན་ཅུའི་ནང་རྩྭ་ཐང་གི་ཕྱུགས་ཟོག་ཤོང་ཚད་དང་རྩྭ་ར་སྤྱོད་ཚད་མཐོ་རུ་གཏོང་ཆེད་མཛོད་དགེ་དང་རྔ་པ་སོགས་རྫོང་གིས་འདམ་རྫབ་ནང་ཆུ་ཡུར་ཆིག་སྟོང་ལྷག་ཙམ་བཟོས་ནས་རྨ་ཆུའི་ནང་བླུགས་ཡོད། ད་ཆ་ཆུ་མེད་པའི་ན་འདམ་དེ་དག་ཕུན་སུམ་ཚོགས་པའི་རྩྭ་ཐང་དུ་གྱུར་པ་དང་། དེ་ལས་ལྡོག་སྟེ་སྲ་མཁྲེགས་སུ་གྱུར་པ་མ་ཟད། མགྱོགས་མྱུར་ཞན་འགྱུར་དང་བྱེ་འགྱུར་ཡང་བྱུང་ཡོད། ད་བར་རང་བྱུང་འདམ་ར་གཅིག་སྡུད་ཁུལ་ཁག་གཅིག་ཏུ་མི་མང་ཆེ་ཤོས་ཀྱི་ཆུ་འབུད་ཡུར་བུ་མཐོང་རྒྱུ་ཡོད་པ་རེད།

མཚོ་བོད་ས་མཐོའི་མི་རྣམས་ཀྱིས་འཛམ་གླིང་གི“གླིང་སྣེ་གསུམ་པ”ཟེར་གྱི་ཡོད་ཅིང་། ས་ངོས་ཀྱི་ཆུ་ཡིན་ནའང་འདྲ། ཡང་ན་ས་འོག་གི་ཆུའི་སྤུས་ཚད་ལ་མིའི་རིགས་ཀྱི་བྱེད་སྒོའི་ཤུགས་རྐྱེན་ཕོག་པ་ཉུང་བས་སྤྱིའི་ཆུ་ཁུངས་ཀྱི་ཆུའི་སྤུས་ཚད་ཡག་པོ་ཡོད། ཚྭ་མཚེའུ་དང་ཚྭ་མཚེའུ་ཕུད་མཚོ་བོད་ས་མཐོའི་རང་བྱུང་གི་ཆུ་མང་ཆེ་བ་གཙང་མ་ཡིན་པ་དང་ཆུ་སྤུས་འཐུང་རྒྱུ་དང་སྤྱོད་སྒོ་སྣ་ཚོགས་ལ་འཚམ་པོ་ཡོད། ཕྱི་རྒྱུག་ཆུའི་རྒྱུད་ཀྱི་གཙང་ཆུའི་བྱེ་འདམ་འདུས་ཚད་ཅུང་ཆུང་ཞིང་། སྤྱིར་བཏང་སྨི་རྒྱ་དཔངས་གྲུ་བཞི་མ་རེར་སྤྱི་རྒྱ1མན་ཡིན་པ་དང་། ཡར་ཀླུང་གཙང་པོའི་གཡང་གྲོང་ས་ཚུགས་སུ་ལོ་མང་རིང་ཆ་སྙོམས་བྱེ་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་རེར་སྤྱི་རྒྱ0.465ཡོད་པ། འབྲི་ཆུའི་འབའ་ཐང་ས་ཚུགས་སུ་སྨི་རྒྱ་དཔངས་གྲུ་བཞི་མ་རེར་སྤྱི་རྒྱ0.517ཡོད་པ། རྒྱལ་ཡོངས་སུ་བྱེ་འདུས་ཚད་ཆེ་ཤོས་ཀྱི་རྨ་ཆུ་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་ལོ་མང་རིང་ཆ་སྙོམས་བྱེ་འདུས་ཚད་སྨི་རྒྱ་དཔངས་གྲུ་བཞི་རེར་ཆ་སྙོམས་སྤྱི་རྒྱ0.12ལས་མེད་པ་དང་མཚོ་སྔོན་ཧའེ་ནན་ཐའེ་ས་ཁུལ་དུ་བཞུར་ནས་ཆུ་བོ་བཞུར་ཚད་ཆེ་རུ་ཕྱིན་ནས་བྱེ་འདུས་ཚད་རིམ་བཞིན་ཆེ་རུ་ཕྱིན་ཡོད། སྐམ་སའི་ནང་ལོགས་ཀྱི་ཆུ་བོ་ནི་ཆུ་བོའི་བྱེ་འདམ་འདུས་ཚད་ཅུང་ཆེ་བ་སྟེ།སྤྱིར་བཏང་སྨི་རྒྱ་དཔངས་གྲུ་བཞི་མ་རེར་སྤྱི་རྒྱ2.5ནས3.5བར་ཡིན་པ་དང་། ཕ་སྨིར་ས་མཐོ་ནི་སྨི་རྒྱ་དཔངས་གྲུ་བཞི་མ་རེར་སྤྱི་རྒྱ1ནས་8བར་ཡིན། མཚོ་བོད་མཐོ་སྒང་གི་ཆུ་བོ་གཏེར་འགྱུར་གྱི་ས་ཁུལ་ཁྱབ་ཚུལ་དེ་ཆུ་དང་ཚ་བའི་ཆ་རྐྱེན་དང་མཁོ་སྤྲོད་སོགས་དང་འབྲེལ་བ་དམ་པོ་ཡོད། ཕྱི་རྒྱུག་ཆུའི་མ་ལག་གི་འབྲི་ཆུ་དང་རྨ་ཆུའི་ཆུ་འགོའི་ས་ཁུལ་ཁག་གཅིག་གི་གཙང་པོ་དང་ཆུ་བོ་ཁག་གཅིག་གི་གཏེར་འགྱུར་བྱེད་ཚད་ཧའོ་ཁེ300ནས500བར་ཡིན་པ་དང་དེ་བྱིངས་ཚང་མ་ཧའོ་ཁེ300ལས་ཆུང་བ། སྐམ་སའི་དབུས་ཁུལ་གྱི་ཆུ་བོའི་གཏེར་འགྱུར་ཚད་ནི་སྤྱིར་བཏང་དུ་ཧའོ་ཁེ300ཡན་ཡིན། ས་མཐོའི་མཚེའུ་ནང་བོད་ཤར་ལྷོའི་མཚེའུ་ཡི་གཏེར་འགྱུར་བྱེད་ཚད་ཧྲེང་རེར་ཁེ0.7ལས་མེད་པ་དང་། བོད་བྱང་ཐང་གི་ཚྭ་མཚེའུ་དང་ཚྭ་མཚེའུ་ཡི་གཏེར་འགྱུར་བྱེད་ཚད་ཧྲེང་རེར་ཁེ19.1ཟིན་གྱི་ཡོད། འཁྱགས་ཀླུང་གི་གཏེར་འགྱུར་ཚད་ནི་འཁྱགས་ཀླུང་ས་ཁུལ་གཞན་ལས་མཐོ་བ་དང་། ཁ་ལ་ཁུ་ནུ་རི་བོ་དང་ཁུ་ནུ་རི་བོའི་འཁྱགས་ཀླུང་ཆུའི་གཏེར་འགྱུར་ཚད་ནི་24.18ནས402.19བར་ཡིན།

    (གསུམ )སྐྱེ་ཁམས་ཀྱི་འབྱུང་ཁུངས།

མཚོ་བོད་ས་མཐོ་ནི་གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་ཀྱི་རང་བྱུང་ས་ཁོངས་ཀྱི་ཚན་པ་ཞིག་དང་། རང་རྒྱལ་གྱི་སྣོད་བཅུད་ཁོར་ཡུག་ལ་ཚོར་སྣང་སྐྱེན་ཤོས་དང་ཉམས་ཞན་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་ལ། འཛམ་གླིང་རང་བྱུང་ཐེབས་རྩ་ལྷན་ཚོགས་ཀྱིས་གཏན་འཁེལ་བྱས་པའི“གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང”གི་ཆེས་སྔོན་ཐོབ་ས་ཁུལ་ཞིག་ཀྱང་རེད། མཚོ་བོད་ས་མཐོའི་ཤར་རྒྱུད་དུ་གནས་པའི་ཀན་སུའུ་ཀན་ལྷོ་ཁུལ་ལའང་སྣོད་བཅུད་གནས་བབ་ལ་སྣང་ཆུང་བྱེད་མི་རུང་། 2005ལོའི་ཟླ8པར་ངས་གྲགས་ཅན་སྐྱེ་དངོས་རིག་པ་མཁས་ཅན་པེ་ཅིང་སློབ་ཆེན་གྱི་སློབ་སྤྱི་ཡོན་ཧྲི་ཞུས་ཀྲི་ཧུང་དང་མཉམ་དུ་ཀན་ལྷོར་རྟོག་ཞིབ་བྱེད་པར་བསྐྱོད་པ་དང་། ཁོང་གིས་ལིན་ཐན་རྫོང་གི་ཡེ་ལི་ཀོན་འགག་སྒོ་ལ“སྣོད་བཅུད་ལྟ་སྐོར་ཆེ་མོ”ཞེས་འབོད་ཀྱི་ཡོད། མཚོ་བོད་ས་མཐོ་དེ་རང་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་འགྱིང་ངེར་ལངས་ནས་རླུང་ཁམས་ཆེ་མོའི་འཁོར་རྒྱུག་གི་རྒྱུན་གཏན་གྱི་འགུལ་སྐྱོད་ཆོས་ཉིད་ལ་འགྱུར་ལྡོག་བཏང་བས་ཨེ་ཤེ་ཡ་ཤར་མ་དང་ཐ་ན་སའི་གོ་ལའི་གནམ་གཤིས་ཧྲིལ་པོར་ཚོད་འཛིན་དང་ཤུགས་རྐྱེན་ཐེབས་ཡོད། ས་མཐོའི་མཐོ་སྒང་གིས་གྲང་ངར་ཆེ་བའི་མཁའ་རླུང་ལྷོ་བྱང་བརྗེ་རེས་བྱེད་པར་བཀག་འགོག་བྱས་ཤིང་། དགུན་དུས་སུ་བྱང་ཕྱོགས་ཀྱི་མཁའ་རླུང་གྲང་མོ་ལྷོ་ཕྱོགས་སུ་འཇབ་རྒོལ་བྱེད་མི་ཐུབ་པ་དང་། སོག་པོའི་མཐོ་སྒང་བྱང་ཤར་གྱི་དུས་རླུང་གིས་ཨེ་ཤ་ཡ་ལྷོ་མར་ཤུགས་རྐྱེན་མི་ཐེབས་པས། ས་གནས་དེ་གའི་དགུན་ཁ་ཧ་ཅང་དྲོན་པོ་བྱུང་། དབྱར་དུས་སུ་ཧིན་རྡུ་རྒྱ་མཚོ་ཆེན་མོའི་ལྷོ་ནུབ་ཀྱི་དུས་རླུང་འགག་ཅིང་། དྲོད་རློན་རླུང་རྒྱུན་བྱང་ཕྱོགས་སུ་ཞིན་ཅང་དང་ཀན་སུའུ་སོགས་སུ་འགྲོ་མི་ཐུབ་པས། རང་རྒྱལ་གྱི་ནུབ་བྱང་ས་ཁུལ་དུ་ཐན་པ་ཧ་ཅང་ཆེན་པོ་བྱུང་།
    (བཞི )  ཚེ་སྲོག་གི་འབྱུང་ཁུངས། 

ཆུ་ནི་བྱ་དངོས་ཡོད་ཚད་ཀྱི་ཚེ་སྲོག་གི་འབྱུང་ཁུངས་ཡིན་པ་དང་། ཆུ་ཡོད་ན་མིའི་རིགས་སྐྱེ་འཕེལ་ཡོང་ཐུབ། མཚོ་བོད་ས་མཐོའི་ཡངས་ཤིང་རྒྱ་ཆེ་བའི་བློ་རྒྱ་ལ་བརྟེན་ནས་རང་རྒྱལ་གྱི་རྨ་ཆུ་དང་། འབྲི་ཆུའི་འབབ་རྒྱུད་ཀྱི་ཀྲུང་ཧྭའི་ཤེས་རིག་དང་། ཧེང་ཧོ་ཆུ་བོ། ཧིན་རྡུ་ཆུ་བོའི་འབབ་རྒྱུད་བཅས་ཀྱིས་གནའ་བོའི་རྒྱ་གར་གྱི་ཤེས་རིག་གསོ་སྐྱོང་བྱས་ཡོད། དེང་རབས་བར་དུ་དེས་སྔར་བཞིན་ཀྲུང་ཧྭ་མི་རིགས་དང་ཐ་ན་ཨེ་ཤ་ཡ་ལྷོ་མ། ཨེ་ཤ་ཡ་ཤར་ལྷོ་བཅས་ཀྱི་མི་དམངས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་ཐག་གཅོད་རང་བཞིན་གྱི་ཤུགས་རྐྱེན་ཐེབས་ཀྱི་ཡོད། མཚོ་བོད་ས་མཐོ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཚེ་སྲོག་གི་འབྱུང་རྩ་ཡིན་པ་མ་ཟད། ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོའི་མི་དམངས་ཀྱི་ཚེ་སྲོག་གི་འབྱུང་རྩ་ཡང་རེད།
    (ལྔ )ཤེས་རིག་གི་འབྱུང་ཁུངས།

ཚན་རིག་རྟོག་ཞིབ་ལས་མངོན་པར་གཞིགས་ན། མཚོ་བོད་ས་མཐོའི་འཁྲུག་ཆ་དོད་པའི་དུས་རབས་ནི་དུས་རབས་གོང་མ་ནས་འགོ་ཚུགས་ཤིང་། སྐབས་དེ་དུས་མཚོ་བོད་ས་མཐོ་ཁུལ་གྱི་ས་བབ་མཐོ་ཚད་སྨི1000ཙམ་ཟིན་པ་དང་གནམ་གཤིས་དྲོ་ཞིང་འཇམ་པ་ནི་མིའི་རིགས་འཚོ་གནས་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་རེད། ད་བར་ལོ་ཁྲི200ནས300བར་གྱི་དུས་ཡུན་ནང་གདོད་མའི་མཚོ་བོད་ས་མཐོར་གཞི་ནས་གཞི་ཁྱོན་ཆེན་པོ་དེ་ད་ལྟའི་མཐོ་ཚད་དུ་སླེབས་ནས་རིམ་རྩིས་བྱས་ན་སྨི3500ནས4000བར་མཐོ་རུ་ཕྱིན་ཡོད། 1956ལོའི་ཟླ7ཚེས8ཉིན་ཀྲུང་གོ་ཚན་རིག་ཁང་གི་ས་གཤིས་ལས་དོན་པས་མཚོ་བོད་ས་མཐོའི་འབྲི་ཆུའི་ཆུ་འགོའི་རྒྱུད་དུ་རྡོ་ཆས་བཅུ་གྲངས་ཐོག་མར་རྙེད་པ་དང་། དེའི་ནང་རྡོ་ཆས་རྙིང་མའི་དུས་རབས་སུ་གཏོགས་སྲིད་པར་འདོད་པའི་རྡོ་ཆས(ཀྲང་མིན་ཏེ་དཔྱད་གཞིར་མཛོད། <བོད་ལྗོངས་ས་ཁུལ་གྱི་རྡོ་ཆས་རྙིང་མའི་དུས་རབས་ཀྱི་གནའ་རྫས་རྟོག་ཞིབ་སྐོར་གླེང་བ>བོད་ལྗོངས་མི་རིགས་རིག་པའི་ཚགས་པར)1992ལོའི་དུས་ཐེངས2པ།བསྟན་ཆོས་ནི་ཞེ་ཅན་ཧྭ་ཡི《ཀན་སུའུ་བོད་རིགས་ལོ་རྒྱུས》མི་རིགས་དཔེ་སྐྲུན་ཁང་གི2003ལོའི་ཟླ་6པའི་པར་གཞི། ལོ་མ11པ། )། མཚོ་བོད་ས་མཐོའི་ཁ་རུབ་དང་། ཆོས་ཀོང་། བོད་བྱང་ཐང་གི་རྡོ་ཆས་སོགས་རྡོ་ཆས་རྙིང་པ་དང་རྡོ་ཆས་གསར་པའི་དུས་རབས་ཀྱི་རིག་གནས་ཤུལ་བཞག་རྙེད་པ་དེས་མཚོ་བོད་ས་མཐོའི་མིའི་རིགས་ཀྱི་བྱེད་སྒོ་གནས་པ་ར་སྤྲོད་ཐུབ་ཡོད། ཀན་སུའུ་དང་མཚོ་སྔོན་ས་ཁུལ་ནས་ཤེས་རྟོགས་བྱུང་བའི་ཁཱ་གཡོད་རིག་གནས་དང་། ཤིན་ཏན་རིག་གནས། དེ་བཞིན་ནུའོ་མུའུ་ཧུང་རིག་གནས་བཅས་དུས་ཚོད་དང་ས་ཁམས་ཀྱི་ཁྱབ་ཚུལ་གང་ཡིན་རུང་ཚང་མ་བོད་རིགས་ཀྱི་མེས་པོས་གསར་གཏོད་བྱས་པའི་རིག་གནས་ལ་ངོས་འཛིན་བྱེད་ཀྱི་ཡོད། ཚད་ལྡན་ཡིག་ཆ་འབོར་ཆེན་ཞིག་ལས་རང་རྒྱལ་གྱི་གནའ་བོའི་ཆའང་རིགས་དང་ཧྭ་ཞ་རིགས་ཀྱི་ཆགས་རིམ་ཧ་ལམ་དུས་སྐབས་གཅིག་ནང་ཡིན་པ་དང་། ཧྭ་ཞ་རིགས་ནི་ཆའང་རིགས་དང་དེ་བཞིན་གྲངས་ཉུང་མི་རིགས་གཞན་དག་དང་མཉམ་དུ་འདྲེས་ནས་གྲུབ་པའི་ཐུན་མོང་ཚོགས་པ་ཞིག་ཡིན་ཞིང་། ཕན་ཚུན་མཉམ་འདྲེས་བྱེད་པའི་ཁྲོད་འོད་སྟོང་རབ་ཏུ་འཕྲོ་བའི་ཀྲུང་ཧྭའི་དཔལ་ཡོན་ཐུན་མོང་ཐོག་བཏོད་ཡོད། སྐུ་ཞབས་ཀྲོའུ་དབྱི་ཞིང་གིས་ཁོང་གི《ཆར་བ་བབས་ནས་མི་རབས་རྗེས་མར་ལོ་ངོ་བརྒྱད་སྟོང་ཕྱིན་པ》ཞེས་པའི་ནང“ལོ་རྒྱུས་ཐོག་མཚོ་བོད་ས་མཐོར་ཧྭ་ཀྲེ་ཀྲོའུ་ཞེས་འབོད་ཀྱི་ཡོད། ང་ཚོའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མེས་པོ་ཕུའུ་ཤིས་དང་བུད་མེད་ཀྱི་ཨ་མ་ཚང་མ་ངོ་མཚར་ཆེ་བའི་ས་གཞི་དེའི་ཐོག་སྐྱེས་པའི་ཧྭ་ཞུས་ཧྲི་རིགས་ཡིན”ཞེས་བྲིས་ཡོད།


གཉིས། མཚོ་བོད་ས་མཐོའི་སྣོད་བཅུད་ཁོར་ཡུག  “མཐོ་ས་ནས་གྲང་ངར་མི་ཐུབ”   

  བོད་རིགས་མང་ཚོགས་མང་ཆེ་བ་ས་བབ་མཐོ་ཚད་སྨི3000ཡན་གྱི་ས་ཁོངས་སུ་འཚོ་སྡོད་བྱེད་ཀྱི་ཡོད་པ་དང་ས་ཆ་དེ་དག་ཏུ་གྲང་ངར་ཆེ་ལ་གསོ་རླུང་དཀོན་པས་གནམ་གཤིས་ཧ་ཅང་ཞན་པོ་ཡོད་པས་སྤྱིར་ན“མིའི་རིགས་འཚོ་གནས་བྱེད་པར་མི་འཚམ་པའི་གནས”ཤིག་རེད། བོད་རིགས་མི་དམངས་ཀྱིས་རང་བྱུང་ཁམས་ལ་བརྩི་བཀུར་དང་། རང་བྱུང་ཁམས་ལ་སྲུང་སྐྱོབ། རང་བྱུང་ཁམས་དང་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་འཆམ་མཐུན་མཉམ་གནས་བཅས་བྱེད་ཀྱི་ཡོད། བོད་རིགས་ཀྱིས་མི་ལ་ལད་ཟློས་བྱེད་པའི་ཐབས་ལ་བརྟེན་ནས་རང་ཉིད་འཚོ་གནས་བྱེད་པའི་བར་སྟོང་ལ་བླ་སྲོག་དང་ཚེ་སྲོག་སྦྱིན་པ་དང་། རི་ཀླུང་ཡོད་ཚད་ལ་མིང་བཏགས་པ། ཁྱིམ་རྒྱུད་དང་། ཚོ་བ། སྡོད་གནས་བཅས་ཀྱི་ས་ཁོངས་དབྱེ་བ། གནས་སྤོར་རེ་སྐོང་བཅས་བྱས་ཏེ། དེ་དག་དང་ཕན་གནོད་ཀྱི་འབྲེལ་བ་ངེས་ཅན་ཞིག་འཛུགས་པ་དང་། གནས་རི་དང་ལྷ་ཆུ་བསྐོས་པ་དང་མཆོད་འབུལ་སོགས་ཀྱི་གཏན་འབེབས་བཟོས་ནས་མི་དམངས་ཀྱིས་ཤིང་གང་བྱུང་དུ་གཅོད་པ་དང་། རི་སྐྱེས་སྲོག་ཆགས་གསོད་པ་དང་། རང་བྱུང་ཁམས་ཆེན་མོར་སྲུང་སྐྱོབ་བྱེད་པ། རང་ཉིད་འཚོ་གནས་བྱེད་པའི་རྟེན་གཞིའི་ས་ཆ་དེར་སྲུང་སྐྱོབ་བཅས་བྱེད་ཀྱི་ཡོད། འོན་ཀྱང་མཚོ་བོད་ས་མཐོའི་སྣོད་བཅུད་སྤྱིར་ན་ཉམས་ཞན་ཡིན་པ་དང་གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་ཕྱིན་པ་དང་དེ་བཞིན་ཉེ་བའི་ལོ་བཅུ་གྲངས་རིང་མིའི་རིགས་ཀྱི་ཆུ་ཚད་དམའ་བ་དང་ལུགས་མཐུན་མིན་པའི་གཞི་ཁྱོན་ཆེན་པོས་གསར་སྤེལ་བྱས་པས་མིག་སྔར་ས་མཐོའི་སྣོད་བཅུད་ལ་ཉེན་ཁ་འཕྲད་ནས་གོ་ལ་ཧྲིལ་པོའི་སྣོད་བཅུད་ལ་ཉེན་བརྡ་བཏང་ཡོད། 

    (གཅིག) ཆུའི་སྐྱེ་ཁམས་ཇེ་སྡུག་ཏུ་སོང་བ།

མིག་སྔར། མཚོ་བོད་ས་མཐོའི་ཆུའི་སྣོད་བཅུད་ཀྱི་ད་ལྟའི་གནས་ཚུལ་ནི། འཁྱགས་ཀླུང་ཆུང་དུ་འགྲོ་བ་དང་། གངས་ཐིག་མཐོ་རུ་འགྲོ་བ། མཚེའུ་རྙིད་འཁུམ་སྐམ་དུ་འགྲོ་བ། གཙང་ཆུའི་རྒྱུག་ཚད་ཆུང་དུ་འགྲོ་བའམ་ཡང་ན་ཆུ་ཆད་པ། སྐམ་པ་བཅས་བྱུང་ནས་ན་འདམ་ཟམ་མི་ཆད་པར་མེད་པར་གྱུར་ཡོད། མཚོ་སྔོན་པོའི་དེ་སྔའི་མཚོ་ངོས་ཀྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3193.69ཟིན་པ་དང་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་བཞི4282.3ཟིན་པ་དེ་ནི་མཚོ་བོད་ས་མཐོའི་འདབ་ཆགས་འཚོ་སྡོད་བྱ་ཡུལ་གལ་ཆེ་ཤོས་ཤིག་ཡིན་མོད། འོན་ཀྱང་ཉེ་བའི་ལོ་ཤས་རིང་ཆ་སྙོམས་ལོ་ལྟར་ཆུ་མགོ་ལི་སྨི10.42ཆག་པ་དང་།དེ་སྔའི་ཆུ་མགོ70ལྷག་ཙམ་ལ་གསབ་སྤྲོད་བྱས་ཡོད། མིག་སྔར་ཆུ་མགོ40ལྷག་ཙམ་ལས་མེད།1959ལོ་ནས་1988ལོའི་བར་གྱོང་གུན་ཕོག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར139.2ཟིན་ནས60%ཙམ་ཉུང་དུ་ཕྱིན་ཡོད། ཉ་རིགས་ཀྱི་ཐོན་ཁུངས་མངོན་གསལ་དོད་པོས་ཉུང་དུ་ཕྱིན་པ་དང་འདབ་ཆགས་གླིང་ཕྲན་དེ་ཁེར་ཆགས་གླིང་ཕྲན་ནས་བྱེ་གླིང་དུ་གྱུར་ཡོད། རྨ་ཆུའི་ཆུ་མགོ་ཁུལ་ལ་ཆ་བཞག་ན། རྒྱལ་ཡོངས་སུ་རྨ་ཆུར་མིང་བཏགས་པའི་རྫོང་གཉིས་ཡོད། གཅིག་ནི་མཚོ་སྔོན་གྱི་རྨ་སྟོད་རྫོང་རེད། འདི་ནི་རྨ་ཆུའི་བཞུར་རྒྱུན་གྱི་རྫོང་དང་པོ་ཡིན་ཞིང་། རྨ་ཆུ་དེའི་མངའ་ཁོངས་སུ་སྤྱི་ལེ350ཡོད་པ་དང་།མངའ་ཁོངས་སུ་མཚེའུ་ཆེ་ཆུང4077ཡོད་པས་དེ་སྔ“མཚེའུ་སྟོང་གི་རྫོང་”དུ་གྱུར་ཡོད་ཅིང་། མིག་སྔར་སྐམ་ཡོད་པ་དང་། མཚེའུ་མཐའ་འཁོར་གྱི་ཆུ་ཕྲན་སྟོང་ལྷག་ཕལ་ཆེར་མེད་པར་གྱུར་ཡོད། མཚོ་སྐྱ་རེངས་དང་མཚོ་སྔོ་རེངས་གཉིས་ནི་རྨ་ཆུར་ཐད་ཀར་འདྲེས་པའི་“གཅེན་གཅུང་མཚེའུ”ཆ་གཅིག་ཡིན་ཞིང་། 1996ལོར་མཚོ་གཉིས་ཀྱི་བར་དུ་བཞུར་རྒྱུན་ཆད་ཐེངས་དང་པོར་བྱུང་པ་དང་། རྗེས་སུ་ལོ་རེ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད། ད་ལྟ་མཚོ་སྔོ་རེངས་ཀྱི་མཚོ་ངོས་སུ་ཉུང་མཐར་ཡང་སྨི200ཡོད་པ་དང་། ཆུ་ཚད་སྨི2ཙམ་ཆག་པ། མཚོ་སྐྱ་རེངས་ཀྱི་མཚོ་ངོས་སུ་སྨི400ཙམ་ཆག་པ། ཆུ་ཚད་སྨི3ལྷག་ཙམ་ཆག་ཡོད། གཞན་ཞིག་ནི་རྨ་ཆུ་ལ་མིང་བཏགས་པའི་ཀན་སུའུ་རྨ་ཆུ་རྫོང་ཡིན་པ་དང་།རྨ་ཆུ་དེ་གར་སྤྱི་ལེ433རྒྱུག་གི་ཡོད་པ་དེར་རྨ་ཆུའི“ཆུ་གསོག་རྫིང་བུ”ཞེས་འབོད་ཀྱི་ཡོད། ལོ་ལྟར་ཆུ་བོ120ཆུ་རྒྱུན་མ་ཆད་པར་རྨ་ཆུའི་ཆུ་མཁོ་སྤྲོད་བྱེད་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར65.9ཟིན་པ་དེས་རྨ་ཆུའི་ཆུ་མགོ་ཁུལ་གྱི་ལོའི་བཞུར་ཚད་ཀྱི35.8%བཟུང་ཡོད། འོན་ཀྱང་ཉེ་བའི་ལོ་ཤས་རིང་རྨ་ཆུ་མངའ་ཁོངས་ཀྱི་ཆུ་མིག་སྟོང་ཕྲག་ཁ་ཤས་སྐམ་ཟིན་པ་དང་རྨ་ཆུའི་ཆུ་ལག་གཙོ་བོ28ཁྲོད་ནས11སྐམ་ཡོད། དུས་རབས་ཉི་ཤུ་པའི་ལོ་རབས་དགུ་བཅུ་པ་ནས་བཟུང་རྨ་ཆུ་དུམ་བུའི་ཆུ་མཁོ་འདོན་བྱེད་ཚད25.3%ཉུང་དུ་ཕྱིན་ཡོད། 1997ལོར་རྨ་ཆུ་ཐེངས31བཞུར་མཚམས་ཆད་ནས་ཉིན226སོང་བས་རྨ་ཆུའི་དབུས་རྒྱུད་དང་སྨད་རྒྱུད་ཀྱི་འབྲུ་རིགས་ཐོན་ཚད་ཏུན་ཁྲི300མར་ཆག་པ་དང་ཐོན་ཚད་མར་ཆག་པའི་འབྲུ་རིགས་དེ་དག་གིས་མཚོ་བོད་ས་མཐོའི་ཁུལ་དུ་འཚོ་བའི་མི་རྣམས་ཀྱི་དགོས་མཁོ་ཡོངས་སུ་སྐོང་ཐུབ་ཀྱི་ཡོད། འོན་ཀྱང་ལོ་དེར་བོད་ལྗོངས་དང་མཚོ་སྔོན་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་འབྲུ་རིགས་ཐོན་ཚད་ཏུན་ཁྲི270ལས་ཟིན་གྱི་མེད། བཞུར་རྒྱུན་ཆད་པའི་བཟོ་ལས་གྱོང་གུན་ནི་ཞིང་ལས་གྱོང་གུན་གྱི་ལྡབ10ཡས་མས་ཡིན། ཡང་དཔེར་ན། འབྲི་ཆུའི་སྟོད་རྒྱུད་ཀྱི་དཀར་མཛེས་དང་། རྔ་པ། མཚོ་སྔོན་པད་མ་བཅས་ས་ཁུལ་གྱིས་ལོ་མང་རིང་ཚད་བཀག་མེད་པར་གདོད་མའི་ནགས་ཚལ་གཅོད་པ་དང་ལྟག་ཆུ་བསྐྱིལ་གསོག་ནགས་ཁུལ་ལ་གཏོར་བཤིག་བཏང་ནས་ལོ་ལྟར་འབྲི་ཆུའི་བྱེ་འདམ་ཏུན་ཁྲི1200ལྷག་ཙམ་འདྲེན་གྱི་ཡོད་པ་དང་། 1998ལོའི་ལྷོ་ཕྱོགས་ཀྱི་ཆུ་ལོག་ཁོ་ནར་བརྟེན་ན། འབྲི་ཆུའི་འབབ་རྒྱུད་དུ་ལོ་དེར་ཐད་ཀའི་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར3000ལྷག་ཙམ་བཟོས་ཡོད་མོད། འོན་ཀྱང་གོང་དུ་བཤད་པའི་ས་ཆ་དེ་གསུམ་གྱི་ལོ་དེའིGDPསྒོར་དུང་ཕྱུར100ཡང་ཟིན་གྱི་མེད། སྐྱེ་ཁམས་ཁོར་ཡུག་ལ་ཤུགས་རྐྱེན་གལ་ཆེན་ཐེབས་པར་དེ་བས་ཀྱང་ཚོད་དཔག་དམའ་མི་རུང་བ་དང་། ཆུ་སྨད་གཞུང་གི་ཆུ་ལམ་གཙོ་བོའི་བྱེ་འདམ་ཕུང་གསོག་ཚབས་ཆེན་ཐེབས་པ་དང་། ཆུ་ལོག་འགོག་ནུས་ཞན་དུ་སོང་བ། རྨ་ཆུའི་ཟུར་གསུམ་གླིང་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་ཚབས་ཆེན་ཐེབས་པ་རེད།

(གཉིས)  རྩྭ་སའི་སྣོད་བཅུད་མ་ལག་ཉམས་ཞན་དུ་འགྲོ་ཚད་མགྱོགས་སུ་ཕྱིན་པ། 

རྩྭ་ཐང་གི་འདམ་ར་དང་། ཆུ་བོ། སྲོག་ཆགས་དང་རྩི་ཤིང་བཅས་མཉམ་དུ་མཚོ་བོད་ས་མཐོའི་རྩྭ་ཐང་གི་སྣོད་བཅུད་མ་ལག་གྲུབ་ཡོད། ཉེ་བའི་ལོ20ཡི་རིང་མཚོ་བོད་ས་མཐོའི་ལོ་མང་རིང་འཁྱགས་སའི་བང་རིམ་སྨི5ནས7བར་ཉུང་དུ་ཕྱིན་པ་དང་ས་ངོས་སྔོ་ཁེབས་ཟམ་མི་ཆད་པར་ཤི་བ། བོད་ལྗོངས་ནག་ཆུ་འཁྱག་ས་ཉམས་ཞན་དུ་སོང་བའི་རྐྱེན་གྱིས་རྩྭ་ར་སྤྱི་ཆིང་ཁྲི8000ཞན་དུ་སོང་བ་དེས་རྩྭ་ཐང་རྒྱ་ཁྱོན་གྱི25%བཟུང་བ། མཚོ་སྔོན་གྱི་རང་བྱུང་རྩྭ་ར་ཐོན་ཚད་དུས་རབས20པའི་ལོ་རབས50པ་ལས30%ནས60%བར་ཆག་པ་དང་ཞན་འགྱུར་ཚབས་ཆེན་བྱུང་བའི་ས་ཁོངས་ཀྱི་རྩྭ་ཐོན་ཚད70%ཡན་ཆག་པ་དང་ས་ཁུལ་ཁག་གཅིག་ས་ནག་གྲམ་ཐང་དུ་གྱུར་ཡོད། མཚོ་སྔོན་པོའི་མཐའ་འཁོར་ས་ཁུལ་གྱི་རྩྭ་ཐང་ཞན་འགྱུར་རྒྱ་ཁྱོན་མུའུ་ཁྲི1035ཟིན་པ་དང་འབྲེལ་ལོ་ལྟར0.3%གྱི་མྱུར་ཚད་ཐོག་ནས་རིམ་འཕར་བྱུང་ཡོད།2006ལོའི་ཟླ5ཚེས8ཉིན་གྱི《མི་དམངས་ཉིན་རེའི་ཚགས་པར》གྱི་པར་ངོས་དྲུག་པའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱི་རྩྭ་ལས་རྒྱུན་མཐུད་འཕེལ་རྒྱས་ཀྱི་འཐབ་ཇུས་ཞིབ་འཇུག་གྲུབ་འབྲས་ལས་རང་རྒྱལ་གྱི་རྩྭ་ཐང་སྣོད་བཅུད་ཁོར་ཡུག་གི་དུས་བབ་སྔར་བཞིན་ཛ་དྲག་པོ་ཡོད་པ་དང་། “ཆ་ཤས་ཇེ་ལེགས་སུ་ཕྱིན་པ་དང་སྤྱི་ཡོངས་ནས་ཞན་དུ་ཕྱིན་པའི”གནས་ཚུལ་བཀག་འགོག་ནུས་ལྡན་ཐུབ་མེད་པ། རྒྱལ་ཡོངས་ཀྱི་བེད་སྤྱོད་ཆོག་པའི་རང་བྱུང་རྩྭ་ཐང90%ཡན་ཚད་གཞི་མི་འདྲ་བའི་སྒོ་ནས་བྱེ་འགྱུར་དང་། བ་ཚྭ་ཅན། བྱེ་རྡོ་ཅན་བཅས་སུ་འགྱུར་བ་དང་།བྱང་ཕྱོགས་རྩྭ་ཐང་གི་སྒོ་ཕྱུགས་ཀྱི་ཆ་སྙོམས་ཤོང་ཚད36%ཡན་ཟིན་པ་དང་། རྩྭ་ཐང་ཐོན་སྐྱེད་བྱེད་ནུས་ཟམ་མི་ཆད་པར་ཆག་པ་དང་རྩྭའི་ཐོན་ཚད་ཆག་ཡོད།
    (གསུམ ) ས་ཞིང་ས་རྒོད་ཅན་དུ་འགྱུར་ཚད་ཟམ་མི་ཆད་པར་འཕེལ་རྒྱས་འགྲོ་བཞིན་ཡོད།

2005ལོའི《ཀྲུང་གོའི་མྱ་ངམ་ཐང་དུ་འགྱུར་བ་དང་བྱེ་ཐང་དུ་འགྱུར་བའི་གནས་ཚུལ་སྤྱི་བསྒྲགས》ལ་གཞིགས་ན། 2004ལོའི་ལོ་མཇུག་བར་རང་རྒྱལ་གྱི་མྱ་ངམ་ཐང་དུ་འགྱུར་བའི་ས་ཆའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི263.62ཡོད་པ་དེས་རྒྱལ་ཁབ་ཀྱི་ས་ཆའི་རྒྱ་ཁྱོན་གྱི27.46%བཟུང་ཡོད། དེའི་ནང་བྱེ་འགྱུར་ས་ཆའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་བཞི་ཁྲི173.97ཟིན་པ་དེས་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི18.12%བཟུང་ཡོད། མཚོ་བོད་ས་མཐོའི་སྣོད་བཅུད་ཧ་ཅང་ཉམས་ཞན་དུ་སོང་བའི་ཁར་བཅོས་སྒྲིག་བྱ་རྒྱུ་མི་འདང་བའི་དབང་གིས་ཆུ་ཟད་དང་། རླུང་ཟག་ལྗིད་ཤུགས་བཅས་ཀྱིས་བསླད་སྐྱོན་གཏོང་བའི་སྣང་ཚུལ་ངན་པ་ཚབས་ཆེ་རུ་ཕྱིན་པ་དང་། ས་ཆུ་ཤོར་ཚད་གཏིང་ཟབ་ཏུ་ཕྱིན་པ། འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཡང་ཡང་ཐོན་པ། ཆུ་བོ་དང་ཆར་ཆུ་བཞུར་ཚད་མང་དུ་ཕྱིན་པ། ཆུ་ངོགས་ཀྱི་ས་ཆ་སོབ་སོབ་ཀྱི་གཞི་ཁྱོན་ཆེ་བའི་རི་ཉིལ་བ་དང་། རྩྭ་ཐང་དང་འདམ་རར་གཏོར་སྐྱོན་ཕོག་པ། གཙང་ཆུའི་བྱེ་འདམ་མང་དུ་ཕྱིན་པ། ས་ཞིང་ཐང་རྒོད་ཅན་དུ་འགྱུར་ཚད་ཆེ་རུ་ཕྱིན་པ་བཅས་བྱུང་ཡོད།
    (བཞི )ས་ཆུ་ཤོར་ཚུལ་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བཞིན་ཡོད། 

མཚོ་སྔོན་ས་མཐོའི་ས་ཆུ་ཤོར་ཁྱོན་སྤྱི་ལེ་ངོས་གྲུ་བཞི་ཁྲི33ཟིན་པ་དང་ལོ་ལྟར་ཚ་རྔ་འགག་གློག་ཁང་གི་ཆུ་མཛོད་དུ་བྱེ་འདམ་སྨི་རྒྱ་དཔངས་གྲུ་བཞི་ཁྲི3131ཟིན་ནས་མཚོ་སྔོན་པོར་བྱེ་འདམ་ཏུན་ཁྲི987ཟིན་གྱི་ཡོད། འབྲི་ཆུས་ལོ་ལྟར་བྱེ་འདམ་ཏུན་དུང་ཕྱུར5ཙམ་བཤལ་བ་དེ་འཛམ་གླིང་ཐོག་གི་ཆུ་བོ་ཆེན་པོ་གཞན་གསུམ(ཡ་མ་ཤུན་གཙང་པོ་དང་། ཉི་ལུའོ་གཙང་པོ། སྨི་ཤིས་ཤིས་པི་གཙང་པོ)བཅས་ཀྱི་ཆུ་བཤལ་གཏོང་ཚད་དང་མཚུངས།
    (ལྔ ) སྐྱེ་དངོས་སྣ་མང་རང་བཞིན་ཆེས་ཆེར་ཆག་པ། 

རྩྭ་ཐང་གི་སྔོ་ཁེབས་རྒྱ་ཁྱོན་ཆེས་ཆེར་ཆག་པས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཁྱུ་ཚོགས་འབོར་ཆེན་མེད་པར་གྱུར་ཡོད། ཀན་སུའུ་རྨ་ཆུ་རྫོང་ལ་ཆ་མཚོན་ན། དུས་རབས20པའི་ལོ་རབས་60པར་རྩ་ཆེའི་སྲོག་ཆགས་སྣ་ཁ230ལྷག་ཙམ་ཡོད་མོད།འོན་ཀྱང་མིག་སྔར་བསྡོམས་རྩིས་བྱས་པར་གཞིགས་ན། རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་སྲུང་སྐྱོང་སྣ་ཁ104ལས་མེད་པ་དང་སྣ་ཁ90ཙམ་ཉུང་དུ་ཕྱིན་ཡོད་པ་རེད།

གསུམ། མི་རྩ་བར་བཟུང་ནས་མཚོ་བོད་ས་མཐོའི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དཔལ་འབྱོར། སྤྱི་ཚོགས་གཞི་མཐུན་གོང་འཕེལ་ཡོང་པ་བྱེད་དགོས།     ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཚོ་བོད་མཐོ་སྒང་གི་ཁོར་ཡུག་གནད་དོན་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། ཧུའུ་ཅིན་ཐའོ་ཡིས“ངེས་པར་དུ་བོད་ཀྱི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་བྱེད་དགོས་”ཞེས་གསུངས་པ་དེ་ནི་ང་ཚོའི་ལོ་རྒྱུས་ཀྱི་འགན་འཁྲི་ཡིན”ཞེས་གསུངས་པ་རེད། ཝུན་ཅ་པའོ་ཡིས“བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དེ་གལ་འགངས་ཤིན་ཏུ་ཆེ་བས། ངས་ནན་བཤད་ཐེངས་གཉིས་བྱས་པ་ཡིན། ངས་ཐལ་ཆེ་བའི་ཡིག་འབྲུ་གཉིས་བསྣན་པ་ཡིན། ཁྱེད་ཚོས་ངེས་པར་དུ་བོད་ཀྱི་རྩྭ་དང་རྩི་ཤིང་ཚང་མར་སྲུང་སྐྱོབ་བྱེད་དགོས་ཞེས་ཁྱེད་ཚོས་དོ་སྣང་གནང་རོགས། བོད་རང་སྐྱོང་ལྗོངས་ཀྱིས་གཏན་འཁེལ་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱིས་བོད་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་གསུམ་ཆའི་གཅིག་བཟུང་བ་དང་། རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར200ལྷག་ཙམ་བཏང་བ། མཚོ་སྔོན་གཙང་གསུམ་ཆུ་མགོའི་སྲུང་སྐྱོང་ཁུལ་གྱི་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར25བཏང་བ། ཀན་ལྷོའི་རྨ་ཆུའི་ཆུ་མགོ་གལ་ཆེན་མཁོ་སྤྲོད་ཁུལ་གྱི་རྒྱལ་ཁབ་ཀྱིས་ཀྱང་ཆོག་མཆན་སྤྲད་ནས་ཁྱོན་མ་དངུལ་སྒོར་དུང་ཕྱུར45བཏང་ཡོད་པ་རེད། 

    ང་ཚོ་མིའི་རིགས་ནི་རང་བྱུང་ཁམས་ཡུན་རིང་གོང་དུ་འཕེལ་བ་དང་འཕེལ་འགྱུར་བྱུང་བའི་འབྲས་བུ་ཡིན་ལ། ཁོར་ཡུག་འཕོ་འགྱུར་བྱུང་བའི་ཐོན་དངོས་ཀྱང་ཡིན་ཞེས་བཤད་ཀྱང་ཆོག མིའི་རིགས་བྱུང་རྗེས་ཐོག་མཐའ་བར་གསུམ་དུ་ཁོར་ཡུག་དང་འབྲེལ་བ་ཡོད། མིའི་རིགས་འཕེལ་འགྱུར་དང་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་མིའི་རིགས་དང་ཁོར་ཡུག་བར་གྱི་འབྲེལ་བའང་ཇེ་དམ་དུ་འགྲོ་བཞིན་ཡོད་པར་མ་ཟད། ཁོར་ཡུག་གི་གྲུབ་ཆའི་ཐད་ནས་བལྟས་ན། མིའི་རིགས་དང་ཁོར་ཡུག་བར་གྱི་འབྲེལ་བར་ཕྱོགས་གཉིས་ཡོད་དེ། གཅིག་ནི་མིའི་རིགས་དང་རང་བྱུང་ཁོར་ཡུག་བར་གྱི་འབྲེལ་བ་དང་། གཉིས་ནི་མིའི་རིགས་དང་སྤྱི་ཚོགས་ཁོར་ཡུག་བར་གྱི་འབྲེལ་བ་ཡིན། མིའི་རིགས་དང་ཁོར་ཡུག་བར་ཕན་ཚུན་ནུས་པ་ཐོན་རེས་བྱེད་པའི་ཟུར་ནས་བལྟས་ན། མིའི་རིགས་དང་ཁོར་ཡུག་བར་གྱི་འབྲེལ་བར་ཁོར་ཡུག་ལ་མིའི་ཁ་ཆད་རང་བཞིན་གྱི་འབྲེལ་བ་ཡོད་ལ། མི་ལ་ལར་ཁོར་ཡུག་གི་རང་འགུལ་རང་བཞིན་གྱི་འབྲེལ་བ་ཡང་ཡོད། མིག་སྔར་ང་ཚོས་གཙོ་གནད་དུ་དོ་ཁུར་བྱེད་པ་ནི་རྗེས་ཀྱི་འབྲེལ་བ་འདི་ཡིན། ཁོར་ཡུག་ནི་ང་ཚོའི་མིའི་རིགས་འཚོ་གནས་དང་། འཕེལ་འགྱུར། འཕེལ་རྒྱས་བཅས་ཡོང་བའི་རྨང་གཞི་དང་སྔོན་འགྲོའི་ཆ་རྐྱེན་ཡིན། མིའི་རིགས་ཀྱིས་ཁོར་ཡུག་ལ་བརྟེན་ནས་འཚོ་གནས་དང་། འཕེལ་འགྱུར། འཕེལ་རྒྱས་བཅས་བྱེད་པ་དང་། རྒྱུན་ཆད་མེད་པར་ཁོར་ཡུག་ལས་དངོས་པོ་དང་། ནུས་ཁུངས། ཆ་འཕྲིན་བཅས་ལེན་པ་དང་། ཁོར་ཡུག་གིས་མིའི་རིགས་ཀྱི་འཚོ་གནས་དང་འཕེལ་འགྱུར། འཕེལ་རྒྱས་བཅས་ལ་ཚོད་འཛིན་བྱེད་བཞིན་ཡོད། རང་རྒྱལ་གྱི་གཞི་ཁྱོན་ཆེ་བའི་བཟོ་ལས་ཅན་ལ་དུས་རབས་ཕྱེད་ཀའི་ལོ་རྒྱུས་ལས་མེད་མོད། འོན་ཀྱང་ཁོར་ཡུག་དང་ཐོན་ཁུངས་ཀྱི་གནད་དོན་ཧ་ཅང་འབུར་ཐོན་ཡིན། 2004ལོའི་ཟླ3ཚེས10ཉིན། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་ཀྲུང་དབྱང་གི་མི་འབོར་དང་ཐོན་ཁུངས། ཁོར་ཡུག་བཅས་ཀྱི་ལས་དོན་གྲོས་ཚོགས་ཐོག་“རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བ་ནི་མི་དང་རང་བྱུང་ཁམས་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་འཕེལ་རྒྱས་དེ་མི་འབོར་དང་། ཐོན་ཁུངས། ཁོར་ཡུག་བཅས་དང་མཐུན་སྦྱོར་ཡོང་བ་མངོན་འགྱུར་བྱས་ཏེ། ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་ཕྱུག་འགྱུར། སྐྱེ་ཁམས་ལེགས་པོ་བཅས་ཀྱི་དཔལ་ཡོན་ལྡན་པའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མི་རབས་ནས་མི་རབས་བར་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་ཁག་ཐེག་བྱ་དགོས་ཞེས་གསལ་པོར་བཏོན་ཡོད། སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་དང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བའི་བར་གྱི་འབྲེལ་བ་ཇི་ལྟར་ཐག་གཅོད་ལེགས་པོ་བྱ་རྒྱུ་ནི་དོན་དངོས་སུ“གཅིག་གྱུར་འཆར་འགོད་ལྔ་”རྒྱུན་འཁྱོངས་བྱེད་པ་སྟེ། གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་གཅིག་གྱུར་འཆར་འགོད་དང་། ས་ཁོངས་འཕེལ་རྒྱས་གཅིག་གྱུར་འཆར་འགོད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཅིག་གྱུར་འཆར་འགོད། མི་དང་རང་བྱུང་ཁམས་འཆམ་མཐུན་འཕེལ་རྒྱས་གཅིག་གྱུར་འཆར་འགོད། རྒྱལ་ནང་གི་འཕེལ་རྒྱས་དང་ཕྱི་ཕྱོགས་སྒོ་འབྱེད་གཅིག་གྱུར་འཆར་འགོད་བཅས་བྱས་ཏེ། མཇུག་མཐར་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་ཡིན། དཔལ་འབྱོར་འཕེལ་རྒྱས་མྱུར་པོ་འགྲོ་བ་དང་ཆབས་ཅིག་མཚོ་བོད་ས་མཐོའི་མི་འབོར་དང་། ཐོན་ཁུངས། ཁོར་ཡུག་བཅས་དབར་གྱི་འགལ་བ་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་རྒྱུ་ཡིན་པས་ཁོར་ཡུག་སྲུང་སྐྱོང་དང་ཐོན་ཁུངས་བེད་སྤྱོད་ལུགས་མཐུན་བྱ་རྒྱུ་ནི་དུས་ཡུན་རིང་ཞིང་དཀའ་ཚེགས་ཆེ་བའི་ལས་འགན་ཞིག་ཡིན་པ་གཏན་འཁེལ་བྱས་ཡོད།
    (གཅིག) “ཆུའི”རྩོམ་ཡིག་ཡག་པོ་འབྲི་དགོས། 

མཚོ་བོད་མཐོ་སྒང་གི་ཆུའི་ཐོན་ཁུངས་ཀྱི་ཚད་ཡོད་རང་བཞིན་དང་ལུགས་མཐུན་མིན་པའི་ཆུའི་ཐོན་ཁུངས་ཀྱིས་སྐྱེ་ཁམས་ཁོར་ཡུག་ལ་ཐེབས་པའི་ཤུགས་རྐྱེན་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱ་དགོས། དཔེར་ན། གངས་ཐིག་ཡར་འཕར་བ་དང་། ཆུ་བོའི་བཞུར་རྒྱུན་ཆད་པ། མཚེའུ་སྐམ་པ། རྩྭ་ཐང་ཞན་འགྱུར། ས་ཞིང་བྱེ་ཐང་ཅན་དུ་འགྱུར་བ་སོགས་དང་། ལྷག་པར་དུ་ཤུགས་རྐྱེན་དེ་དག་གི་རྗེས་ལུས་རང་བཞིན་དང་། གསོག་འཇོག་རང་བཞིན། ཚད་ངེས་ཅན་ཞིག་ལ་སླེབས་རྗེས་ཀྱི་ལྡོག་ཐབས་མེད་པའི་རང་བཞིན་བཅས་ལ་ངོས་འཛིན་གསལ་པོ་བྱ་དགོས། ད་ལྟ་ང་ཚོས་དེ་སྔའི“མི་རྣམས་བྱེ་མར་འཛུལ་བའི”རིགས་པའི་གཞུང་ལུགས་དེ་ཡོ་བསྲང་བྱས་ཏེ། “མི་རྣམས་བྱེ་མར་འཐེན་པ་དང་། རང་ཉིད་ཉམས་གསོ་བྱེད་པ”ཞེས་པར་བསྒྱུར་བ་དང་། གངས་རི་དང་། འཁྱགས་ཀླུང་། ཆུ་མགོ་བཅས་ནི་མི་རྣམས་ཀྱིས་དཔུང་འཇུག་བྱས་པ་རང་ཡིན་པས། མི་འབོར་ཆེན་ཞིག་ནང་དུ་ཕྱིན་ན། དེ་ཉིད་ཡར་འཕར་བ་དང་། ཕྱིར་འཐེན། ཆུ་རྒྱུན་ཆད་པ་བཅས་སུ་འགྱུར་ངེས་རེད། དེར་བརྟེན་ཆུའི་ཐོན་ཁུངས་སྲུང་སྐྱོང་དང་། ལུགས་མཐུན། རྒྱུན་མཐུད་བེད་སྤྱོད་བཅས་བྱ་རྒྱུ་ནི་གདོད་མའི་ཕྱོགས་སུ་ལོག་པ་མ་ཡིན་པར་རང་བྱུང་གི་ཆོས་ཉིད་ལ་བརྩི་སྲུང་ཞུ་བ་དང་། མིའི་རང་སྟོབས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། སྣོད་བཅུད་མ་ལག་ཉམས་ཞན་དུ་འགྲོ་བའི་འགོག་རྐྱེན་སྣ་ཚོགས་ལ་ཚོད་འཛིན་ནམ་མེད་པ་བཟོ་བ། མ་ལག་གི་རང་ངོས་སླར་གསོའི་ནུས་པ་སྤྱད་དེ་སྣོད་བཅུད་ཁོར་ཡུག་སླར་གསོ་དང་ལེགས་སུ་གཏོང་བའི་དམིགས་ཡུལ་སྒྲུབ་པ། ཆུའི་ཐོན་ཁུངས་རྒྱུན་མཐུད་བེད་སྤྱོད་ཐུབ་པ་བཅས་བྱེད་དགོས་པའི་ངོས་འཛིན་ཐུབ་པ་བྱེད་དགོས།
    (གཉིས )ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས། 

སྐྱེ་ཁམས་ཁོར་ཡུག་ནི་ཐོན་སྐྱེད་ནུས་ཤུགས་ཡིན་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་སྲུང་སྐྱོང་བྱེད་པ་ཡིན་པ། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་ཡིན། སྐྱེ་ཁམས་ཁོར་ཡུག་ནི་མིའི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བ་རྒྱུན་མཐུད་ངང་འཕེལ་རྒྱས་དང་མཐོར་འདེགས་ཡོང་བའི་དངོས་པོའི་རྨང་གཞི་ཡིན། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་བྱ་རྒྱུ་དེ་ས་ཁོངས་ཀྱི་ཐོན་སྐྱེད་ནུས་ཤུགས་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བའི་མཐོ་ཚད་དུ་མཐོར་འདེགས་གཏོང་བར་མཐོང་ཆེན་ཏན་ཏིག་བྱ་དགོས་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་བྱ་རྒྱུ་དེ་ས་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་རྒྱུ་དང་ཟུང་འབྲེལ་དམ་པོ་བྱ་དགོས། བཟོ་ལས་ཐད་སྐྱེ་ཁམས་དཔལ་འབྱོར་དང་། ཐོན་སྐྱེད་གཙང་མ། འཁོར་སྐྱོད་དཔལ་འབྱོར་བཅས་འཕེལ་རྒྱས་གཏོང་རྒྱུ། ཞིང་ལས་ཐད་གཙོ་བོ་ཞིང་ལས་ནི་འབྲུ་རིགས་འདེབས་པའི་འདུ་ཤེས་བསྒྱུར་ནས་ཞིང་ལས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ནན་ཏན་བྱེད་པ་དང་། སྐྱེ་ཁམས་ཡུལ་སྐོར་སོགས་ཐོན་ལས་གསུམ་པ་འཕེལ་རྒྱས་བཏང་ནས་ལས་ཞུགས་དང་ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་སོགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ། གཞན་ཡང་ངལ་རྩོལ་ནུས་ཤུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་བཏང་ནས་སྲོལ་རྒྱུན་གྱི“སྣོད་བཅུད་འཛུགས་སྐྲུན”དེ“སྣོད་བཅུད་དཔལ་འབྱོར”ལ་བསྒྱུར་རྒྱུ་དེའང་ཐབས་ལམ་ཞིག་རེད།

(གསུམ)  སྐྱེ་ཁམས་གནས་སྤོ་ཡུལ་མིའི་ལས་གྲྭ་དོན་འཁྱོལ་ནན་ཏན་བྱ་དགོས། 

ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་དོན་འཁྱོལ་དང་ས་ཁོངས་རྒྱུན་མཐུད་ངང་གོང་འཕེལ་གཏོང་བའི་ལྟ་ཕྱོགས་སུ་ལངས་ཏེ་མཚོ་བོད་ས་མཐོའི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དེ་རྒྱལ་ཁབ་ཀྱི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་འབྱུང་ཁམས་ཁོར་ཡུག་ཅིག་ཏུ་བརྩི་དགོས་པ་དང་། ཐ་ན་མིའི་རིགས་ཀྱི་འབྱུང་ཁམས་ཁོར་ཡུག་ཅིག་ཏུ་བརྩི་དགོས་ཤིང་། གནས་སྤོས་ཡུལ་མིའི་མིག་རྒྱང་དེ་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཁྱབ་ཐུབ་པ་བྱེད་དགོས། མིའི་རིགས་ཀྱི་འཚོ་གནས་དང་མི་འཚམ་པའམ་ཡང་ན་མིའི་རིགས་འཚོ་གནས་ཀྱིས་སྣོད་བཅུད་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེན་བཟོ་སྲིད་པའི་ས་ཁུལ་གྱི་མི་ཚོགས་གནས་སྤོ་དང་ཡུལ་གཞན་དུ་བཀོད་སྒྲིག་བྱེད་པ་དང་། ཕྱོགས་ཡོངས་ནས་རྨོ་བཀག་དང་། ཕྱུགས་བཀག་པ། ཉ་བཀག་པ། རྔོན་བཀག་པ། ཤིང་གཅོད་བཀག་པ། སྔོག་འདོན་བཀག་བཅས་བྱས་ཏེ་རྨོ་བསྐྱུར་ནགས་གསོ་དང་། རྨོ་བསྐྱུར་རྩྭ་གསོ། རྨོ་བསྐྱུར་བརླན་གསོ། རྨོ་བསྐྱུར་ཆུ་གསོ་བཅས་བྱས་ཏེ་རང་བྱུང་སྣོད་བཅུད་མ་ལག་སྲུང་སྐྱོང་དང་སླར་གསོ་བྱེད་པའི་དམིགས་ཡུལ་སྒྲུབ་དགོས། གནས་སྤོ་བྱ་ཡུལ་གྱི་དོན་དངོས་དང་གནས་སྤོ་བྱ་ཡུལ་གྱི་དེ་སྔའི་ཐོན་སྐྱེད་ལག་ལེན་དང་ཟུང་འབྲེལ་བྱས་ཏེ་ཁྱད་ཆོས་ལྡན་པའི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། ཞིང་འབྲོག་ལས་ཐོན་ལས་ཅན་དུ་འགྱུར་བའི་གཉེར་སྐྱོང་འཕེལ་རྒྱས་གཏོང་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་ལས་ཞུགས་ཤོང་ཚད་ཆེ་རུ་གཏོང་བ་བཅས་བྱས་ནས་གནས་སྤོས་ཡུལ་མི་ས་ཁུལ་གསར་པར་བསྐྱོད་དེ་ལས་ཀ་ཡོད་པ་དང་འཚོ་བ་ལེགས་སུ་བཏང་ནས་གནས་སྤོས་ཡུལ་མིའི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། གནས་སྤོས་ཁུལ་གྱི་འགྲིམ་འགྲུལ་བགྲོད་ལམ་དང་། གློག་མཁོ་འདོན། ཆུ་མཁོ་འདོན། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་དང་དེ་བཞིན་རིག་གནས་དང་། སློབ་གསོ། ཚན་རྩལ། འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་སོགས་ཞབས་ཞུའི་སྒྲིག་བཀོད་ཐག་གཅོད་ཡག་པོ་བྱས་ཏེ་གནས་སྤོས་ཡུལ་མིའི“ཕ་ཡུལ་དང་བྲལ་བའི”ཚོར་སྣང་ཉུང་དུ་བཏང་ནས་གནས་སྤོས་ཡུལ་མིར་གཏོགས་སེམས་ཡོད་པ་བྱེད་དགོས། གནས་སྤོས་ཁུལ་ལ་མཚོན་ན། “སྐྱེ་ཁམས་མི་མེད་ཁུལ”འཛུགས་པ་དང་། རང་བྱུང་གི་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱེད་པ་དེ་ལག་རྩལ་དང་ཡང་ན་དཔལ་འབྱོར་གང་གི་ཐད་ནས་བཤད་ཀྱང་སྲིད། “སྣོད་བཅུད་མི་མེད་ཁུལ”ནི་ཧ་ཅང་བབ་བསྟུན་གྱི་ཐ་སྙད་ཅིག་ཡིན་ཞིང་། ཆེ་ཤོས་སྤྱི་ལེ་ངོས་གྲུ་བཞི་ཁྲི་ལ་སླེབས་པ་དང་། ཆུང་གྲས་རི་མགོ་དང་། གྲམ་ཐང་། ནགས་ས་བཅས་སུ་ཆུང་དུ་ཕྱིན་ནས་མི་ཤུགས་གནས་སྐབས་སླར་གསོ་བྱེད་དཀའ་བའི་ས་ཁོངས་དེ“སྣོད་བཅུད་མི་མེད་ཁུལ”དུ་བཟོས་ནས་མིའི་རིགས་ཀྱི་སྣོད་བཅུད་ཉམས་ཞན་ཁུལ་གྱི་གསར་སྤེལ་རང་བཞིན་གྱི་བྱེད་སྒོར་ཚོད་འཛིན་བྱས་ཡོད། རང་བྱུང་ཁམས་ཀྱི་རང་གིས་རང་ལ་ཉམས་གསོ་བྱེད་པའི་ནུས་པར་བརྟེན་ནས་ཆར་ཆུ་འོས་འཚམ་ཁ་གསབ་བྱེད་པའི་གནས་ཚུལ་འོག་སྔོན་ལ་རྩྭ་སྐྱེས་པ་དང་། མ་མཐར་ཡང་སྔོན་ལ་སྔོ་ལྗང་ཅན་དུ་འགྱུར་བ། ས་སེར་ནམ་མཁའ་མི་མཐོང་བ། རླུང་ཡོད་ཀྱང་ཐལ་རྡུལ་མི་ལངས་པ། ས་ཆུ་ཤོར་བ་ཉུང་བ། སྐྱེ་ཁམས་ཇེ་སྡུག་ཏུ་འགྲོ་བའི་རྣམ་པ་ཞི་ལྷོད་དུ་འགྲོ་བ་བཅས་བྱེད་དགོས། གཞན་ཡང་རང་བྱུང་སྲུང་སྐྱོང་ཁུལ་བཙུགས་ཏེ་རི་སྔོ་ཆུ་དྭངས་དང་ཡུལ་ལྗོངས་དམིགས་བསལ་གྱི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་མཛེས་ལྗོངས་ཁུལ་བཏོད་ནས་སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་གཏོང་ཆོག་གི་ཡོད་པ་རེད།
    (བཞི )ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་དགོས།

སྐྱེ་ཁམས་མ་ལག་དོ་མཉམ་ངང་གོང་དུ་འཕེལ་བར་རང་ཉིད་འཕེལ་རྒྱས་འགྲོ་བའི་ཆོས་ཉིད་ཡོད་པས། གལ་ཏེ་རང་བྱུང་གི་ཆོས་ཉིད་དང་མི་མཐུན་པ་དང་། མི་རྣམས་ཀྱི་རང་སྣང་གི་རེ་འདུན་ཁོ་ནར་བརྟེན་ནས་ས་གནས་དེ་གའི་རང་བྱུང་ཆ་རྐྱེན་དང་མི་མཐུན་པའི་མིས་བཟོས་པའི་སྐྱེ་ཁམས་མ་ལག་གསར་པ་ཞིག་འཛུགས་སྐྲུན་བྱས་ན། རྟག་ཏུ་བྱ་བ་དང་འདོད་བློ་དང་རྒྱབ་འགལ་ཡིན་པས། སྔོན་དཔག་གི་ཕན་འབྲས་ཐོབ་མི་ཐུབ་པ་མ་ཟད། ཡུན་རིང་རྒྱུན་འཁྱོངས་བྱེད་མི་ཐུབ་པས། མ་ལག་མཐར་ཐུག་ཐོར་ཞིག་ཏུ་འགྲོ་རྒྱུ་རེད། སྣོད་བཅུད་འཛུགས་སྐྱོང་གི་འགག་རྩའི་ཚན་རྩལ་གནད་དོན་གྱི་འགག་སྒྲོལ་ལ་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་བྱས་ཏེ་སྣོད་བཅུད་འཛུགས་སྐྱོང་གི་ཚན་རིག་ལག་རྩལ་གྱི་འདེགས་སྐྱོར་མ་ལག་འཛུགས་དགོས། ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་གྱི་དཔལ་འབྱོར་གདེང་འཇོག་ཞིབ་འཇུག་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་ཐབས་ཇུས་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས། དམིགས་བསལ་གྱི་སྣོད་བཅུད་དོན་སྙིང་གལ་ཆེན་ལྡན་པའི་སྣོད་བཅུད་བྱེད་ནུས་ཁུལ་ཞིབ་འཇུག་དང་གཏན་འཁེལ་བྱས་ནས་རིམ་པ་བཞིན་རེ་ཞུ་བྱས་ཏེ་སྣོད་བཅུད་སྲུང་སྐྱོང་བྱེད་ནུས་ཁུལ་འཛུགས་དགོས། རྒྱུན་མཐུད་འཕེལ་རྒྱས་ཀྱི་རྩ་དོན་གཞིར་བཟུང་། རྒྱུན་མཐུད་འཕེལ་རྒྱས་ཀྱི་ཚོད་ལྟའི་ཁུལ་འཛུགས་སྐྲུན་བྱེད་འགོ་འཛུགས་པ་དང་། རྒྱུན་མཐུད་འཕེལ་རྒྱས་ཀྱི་རྣམ་པ་དང་ཉམས་མྱོང་འཚོལ་ཞིབ་བྱེད་པ། ས་ཁོངས་རྒྱུན་མཐུད་འཕེལ་རྒྱས་ཀྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། 

བསྒྱུར་བ་པོ་ངོ་སྤྲོད་མདོར་བསྡུས།

རྡོ་རྗེ་འབུམ།འབའ་རྫོང་དགོན་གོང་མ་དཔའ་མཆོག་ཚོ་བར་སྐྱེས།མཚོ་སྔོན་མི་རིགས་སློབ་ཆེན་སོགས་སུ་སློབ་སྦྱོང་བྱས་ཤིང་། སྔ་ཕྱིར་དུ་ཐེ་ལན་ཌི་རུ་བསྡུས་པའི་འཛམ་གླིང་ན་གཞོན་ནང་བསྟན་བགྲོ་གླེང་དང་ཀྲུང་གོ་གེ་སར་རིག་གནས་དཔྱད་གླེང་ཚོགས་འདུ་སོགས་སུ་ཞུགས་ལ། 2017ལོར་པེ་ཅིང་སློབ་ཆེན་དང་ལན་གྲུ་སློབ་ཆེན་གཉིས་ཀྱིས་རྩ་འཛུགས་བྱས་པའི“འབྲོག་དམངས་འཚོ་བ་དང་རྩྭ་ཐང་རྒྱུན་མཐུད་བེད་སྤྱོད་ཞིབ་འཇུག”ཞེས་པར་ཞུགས་ཤིང་ཟླ་ཕྱེད་ལྷག་ལ་མགོ་ལོག་འབྲོག་ཁྱིམ་འཚོ་བར་ཞིབ་བཤེར་བྱས། ཧྥ་རན་སི་རུ་བོད་ཀྱི་ན་གཞོན་ཤེས་ཡོན་པས་གཉེར་བཞིན་པའི《སྨྱུག་སྡེ》ལོ་དེབ་སྟེང་དུ་བསྟུད་མར་སྙན་ངག་གཉིས་ཙམ་ཚུད།དཔྱད་རྩོམ་ལ《གེ་སར་སྒྲུང་ལས་སྤྲུལ་བསྒྱུར་རིག་གནས་སྐོར་ལ་དཔྱད་པ》དང《རླངས་ཨ་མྱེས་བྱང་ཆབ་འདྲེ་བཀོལ་དང་གླིང་རྗེ་གེ་སར་རྒྱལ་པོ་གཉིས་ཀྱི་མཆོད་ཡོན་གྱི་འབྲེལ་བའི་སྐོར་གླེང་བ》《གླིང་སྒྲུང་ལས་སྔ་རབས་བོན་གྱི་རིག་གནས་སྐོར་གླེང་བ》《གླིང་གེ་སར་རྒྱལ་པོའི་སྒྲུང་ལས་ཆང་གི་རིག་གནས་སྐོར་གླེང་བ》སོགས་ཡོད།

རྩོམ་ཁུངས།  འབའ་རྫོང་ཀྱལ་རྟའི་རྒྱལ་པོ་ཚང་གི་འཕྲིན་སྟེགས་ལས་བཤུས། 


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། eb4h བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
6350394
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།