རྨེའུ་ཞེས་པའི་རུས་མིང་བྱུང་ཚུལ་ཅུང་ཙམ་གླེང་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »རྨེའུ་ཞེས་པའི་རུས་མིང་བྱུང་ཚུལ་ཅུང་ཙམ་གླེང་བ།
རྨེའུ་ཞེས་པའི་རུས་མིང་བྱུང་ཚུལ་ཅུང་ཙམ་གླེང་བ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2020-03-22ལྟ་ཀློག (4022)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


རྨེའུ་ཞེས་པའི་རུས་མིང་བྱུང་ཚུལ་ཅུང་ཙམ་གླེང་བ།

 
རྨེའུ་རྐང་ཐང་བ།
 
[ནང་དོན་གནད་བསྡུས།] འདིར་རྨེའུ་ཞེས་པའི་ལོ་རྒྱུས་རང་བཞིན་ཅན་གྱི་རུས་མིང་འདི་ལོ་རྒྱུས་ཀྱིས་བརྗེད་མི་སྲིད་ཀྱང་། ལོ་རྒྱུས་སྨྲ་བ་རྣམས་ཀྱིས་ཁྱུར་མིད་དུ་བཏང་དང་གཏོང་བཞིན་པའི་ངང་ཚུལ་ལ་བསམ་ནས་ཟུར་ལྟས་ལེབ་མཐོང་གི་ཚུལ་དུ་ཅུང་ཙམ་བརྗོད་འདོད་པ་ལས། རྗེས་སུ་དཔྱད་པ་ཅུང་རྒྱས་པ་ཞིག་བྱ་བརྩིས་ཡོད་དོ།།
[བརྡ་ཆད་གཙོ་བོ] རྨེའུ། རུས། མངའ་བ། རྔ་བ། དམེ།
༡སྔོན་འགྲོའི་གཏམ།

   ས་གནས་སོ་སོའི་ལོ་རྒྱུས་ནི་བོད་ཀྱི་ལོ་རྒྱུས་ཀྱི་ཡན་ལག་ལྟ་བུ་ཡིན་སྟབས། ས་གནས་ཤིག་གི་ལོ་རྒྱུས་ལ་རྨས་སྐྱོན་ཤོར་ཚེ། དོན་གྱིས་བོད་ཀྱི་ལོ་རྒྱུས་ཀྱི་སྟོང་ཆ་བསྐང་མ་ཐུབ་པར་ཅི་ལ་མིན། སྐྱེ་གཟུགས་མཛེས་པའི་བོད་ཀྱི་ལོ་རྒྱུས་ཀྱི་རྐང་ལག་གང་རུང་ཞིག་ལ་སྐྱོན་བྱུང་བ་དང་གཉིས་སུ་མ་མཆིས། དེ་བས་རང་རང་སོ་སོའི་ས་གནས་ལོ་རྒྱུས་འབྲི་རྒྱུ་ནི་ས་གནས་དེའི་སྨྱུག་འཛིན་པ་ཀུན་གྱི་ཕྲག་ཏུ་བབས་པའི་གཡོལ་མེད་ཀྱི་འོས་འགན་ཞིག་ཏུ་གྱུར་ཡོད་སྟབས། དེ་ལ་གཡོལ་ཐབས་བྱེད་པ་ནི་དོན་གྱིས་ཁྱོད་རང་འགན་ཁུར་གྱི་འདུ་ཤེས་བྲལ་བའི་མི་ཞིག་ལ་ངོས་བཟུང་ཡང་མི་ཆོག་པ་ཅི་ཡང་མེད་དོ།། ལོ་འདི་དག་ལ་རྨེའུ་སྐོར་སྲིད་གཞུང་དང་རྨེའུ་སྐོར་སློབ་ཆུང་གཉིས་ཀྱི་བསྒྲགས་བྱང་སོགས་སུ་རྨེའུ་དང་དམེ་གཉིས་ཀྱི་ཐ་སྙད་འདི་ཡིད་ལ་གང་དྲན་དང་ལག་ལ་གང་ཐོན་ཐོན་འབྲི་མཁན་མང་བར་མ་ཟད། སྤྱིར་བོད་ཀྱི་བརྡ་སྤྲོད་ལ་མི་མཐུན་པའི་ཡི་གེ་གསར་གཏོད་བྱེད་མཁན་ཡང་ཡོད་སྟབས། ཁོ་བོའི་སེམས་སུ་དོགས་མི་བདེ་བར་གྱུར། རྒྱུ་མཚན་ས་ཆ་འདི་ནས་སྔོན་གྱི་ལོ་རྒྱུས་ཡིག་ཚང་་དང་བསང་ཡིག་སོགས་སུ༼རྨེའུ༽ ཞེས་པ་འདི་བྲིས་པ་མ་གཏོགས་ད་དམེ་འབྲི་སྲོལ་ཕ་ཆེར་མེད་པར་སྣང་། ལྷག་ཏུ་ན་ནིང་དོ་ཚུགས་ཤིག་ལ་ལོ་རྒྱུས་ལ་བརྩི་བཀུར་བྱེད་མི་ཤེས་པ་དག་གིས་བསྒྲགས་བྱང་གསར་རྣམས་དང་འགྲོགས་ནས་མིང་ཚིག་གསར་བ་རེ་ཟུང་ས་འདིར་ཆ་མེད་རྒྱུས་མེད་རེ་བྱུང་བ་ནི་དོན་གྱིས་ས་གནས་དང་ལོ་རྒྱུས་ལ་བརྩི་བཀུར་མ་བྱས་པ་ལགས།

   རྨེའུ་ཞེས་པའི་མིང་འདི་ནི་རུས་མཛོད་ཀྱི་ཁུངས་དང་བྲལ་ཚེ་གང་བྲིས་ཀྱང་མི་ཆོག་པ་མེད་མོད། ༼རྨེའུ༽ཞེས་པ་ནི་རུས་རྒྱུད་ཀྱི་ཁུངས་དང་འབྲེལ་བའི་ཐ་སྙད་ཅིག་ཡིན་སྟབས་འདི་ལ་གང་བྱུང་བྱུང་དུ་བསྒྱུར་བཅོས་གཏོང་བར་མི་རིགས་སོ།། བོད་ཀྱི་ས་གནས་སོ་སོ་ནི་གནའ་བོའི་ལོ་རྒྱུས་ཀྱི་གཏེར་མཛོད་རེ་རེ་ཡིན་པ་དང་། ས་གནས་དེ་དང་འབྲེལ་བའི་གནའ་བོའི་མིང་ཚིག་རེ་རེ་ནི་ལོ་རྒྱུས་ཀྱི་གླེགས་བམ་རེ་ཅི་ལ་མིན། དེ་བས་གྲོགས་རིགས་པ་སྨྲ་བ་རྣསམ་ལ་གྲོས་མོལ་གྱི་ཚུལ་དུ་རང་ས་གནས་ཀྱི༼རྨེའུ༽ ཞེས་པའི་སྐོར་ནས་གླེང་གཞི་ཞིག་གི་དོད་དུ་ཅུང་ཟད་ཙམ་བགྲོ་བར་འདོད་དོ།།

༢རྨེའུ་ཞེས་པའི་མིང་བྱུང་ཚུལ།
   བོད་ཀྱི་རྩ་བའི་རུས་ཆེན་བཞིའམ་དྲུག་སྟེ། མིའུ་གདུང་དྲུག་ཅེས་སྤྲེའུ་དང་བྲག་སྲིན་གཉིས་ཀྱི་ཕྲུ་གུ་གོང་དུ་འཕེལ་ཚུལ་དང་བསྟུན་ནས་རུས་ཀྱི་རྣམ་བཞག་བཤད་པ་ལྟར་ལགས་ལ། དེ་ལས་ཨ་སྤོ་ལྡོང་ལ་ཤུལ་ཆེན་བཅོ་བརྒྱད་དང་ཚ་ཆེན་བཅོ་བརྒྱད་དང་དེ་བཞིན་བསེ་དང་རྨུ་སོགས་ལ་ཡང་བགྲང་ཚུལ་མང་དུ་ཡོད་ཚུལ་བོད་ཀྱི་རུས་མཛོད་དག་ལས་ཤེས་སླ། དེ་དག་ལ་ནང་གསེས་ཀྱི་དབྱེ་བ་མང་དུ་ཡོད་པས། དྲུང་ཡིག་ཆོས་འཕེལ་ལགས་ཀྱིས། རུས་ཕྲན་བོད་ཀྱི་དེབ་ཐེར་རུས་སོགས་ལས་མཐོང་བ། མོང་། མར་བ། མི་ལ། མི་ཉག རྨེའུ། རྨེ་འདོར་བདུན་ཅུ་དོན་ལྔ་ཙམ། ཞེས་གསུངས་པ་དང་། ཡང་བོན་གྱི་ཡིག་རྙིང་ལས། བྲུ་ཞུ་སྤ་རྨེའུ་སྤྱི་ཕུད་གཤེན་དང་ལྔ། ཞེས་པའི་ཡ་གྱལ་མཁས་པ་རྨེའུ་དང་། དེ་བཞིན་དུ་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཀུན་གྱི་རྒྱལ་བོ་ལྟ་བུར་བསྔགས་པའི༼ ཆོས་འབྱུང་མཁས་པའི་དགའ་སྟོན༽དུའང་། སྣུབས་ཡུལ་གླིང་དགུ་ན་སྣུབས་རྗེ་དམིགས་པ་བློན་པོ་རྨེའུ་དང་འབྲོ། ཞེས་བློན་པོ་རྨེའུ་ཞེས་པ་དང་། སྒང་བ་སྐུ་ཕྲེང་གཉིས་པའི་རང་རྣམ་སྒྱུ་མའི་འཁོར་མ་རུ་ཡང་། དམེ་རྨེའུ་སྐོར་གཉིས་གྱོད་ཆེན་ལ་ཐུག་སྟེ། ཞེས་གསལ་བ་དང་། དེ་མཚུངས་པར་མདོ་སྨད་ལོ་རྒྱུས་ཆེན་མོ་ན་ཡང་། དགོན་མིང་། གནམ་ལྕགས་དགོན། བཏབ་ཡུལ། རྨེའུ་སྐོར་ལུང་བའི་ཕུག ཅེས་རྨེེའུ་ཞེས་པའི་རུས་མིང་མང་དུ་སྣང་བའི་ལོ་རྒྱུས་ཡིག་རྙིང་རྒན་པོ་རྣམས་ལ་ཕར་འདྲི་མ་དགོས་པར་ཚུལ་ང་ཚོ་ལ་རང་བཞིན་གྱིས་ལོ་རྒྱུས་དངོས་ཡོད་ཀྱི་ཐ་སྙད་འདི་འབྲི་སྲོལ་དང་བཅས་པ་ཡོད་ཚུལ་ཁ་ཚུར་གྲགས་པ་མ་ཡིན་ནམ། ལྷག་ཏུ་རྨེའུ་སྐོར་སྡེ་བའི་བསང་ཡིག་དང་ལོ་རྒྱུས་ས་བོན་སོགས་སུའང༼རྨེའུ༽ ཞེས་ར་རྨེའུ་འདི་བྲིས་པ་མང་བ་རྗེ་ཀུན་མཁྱེན་སྐུ་ཕྲེང་བཞི་བ་བསྐལ་བཟང་ཐུབ་བསྟན་དབང་ཕྱུག་ཚང་གིས་གསུངས་པའི་བུ་ཆུང་བསང་ཡིག་གི་མཇུག་བྱང་དུ། ཅེས་པ་འདི་ནི་རྨེའུ་སྐོར་འདུས་མང་ནས་ཡང་ཡང་ནན་གྱིས་བསྐུལ་ངོར་ཀུ་ས་ལི་བསྐལ་བཟང་ཐུབ་བསྟན་དབང་ཕྱུག་གིས་སྦྱར་བ་ཡི་གེ་བ་ནི་དྲུང་ཆུང་བློ་བཟང་དོན་ལྡན། ཞེས་གསུངས་པ་སོགས་ལྟར་ལགས་ན། ས་གནས་ཀྱི་ལོ་རྒྱུས་ཀྱི་ལོ་རྒྱུས་གླེང་ཚེ་བསང་ཡིག་ནི་ལོ་རྒྱུས་ཀྱི་རྒྱུ་ཆ་གལ་ཆེན་ཞིག་གོ།། ད་རུང་དེ་དང་མཚུངས་པའི་རྨེའུ་དངོས་སུ་བྲིས་པའི་ལོ་རྒྱུས་རང་བཞིན་གྱི་མི་སྣ་མང་དུ་ཡོད་ཚུལ་གཤམས་ཀྱི་དོན་ཚན་གཞན་གྱི་ནང་དུ་ཡོད་པས་ཤེས་ནུས་ལ། འདི་ནི་རྨེའུ་ཞེས་པའི་རུས་མིང་གང་དུ་བྱུང་བའི་ཁུངས་བཙུན་གྱི་ལོ་རྒྱུས་དེབ་ཐེར་དང་རྨེའུ་ཞེས་པའི་རྩ་བའི་བྱུང་བ་ལགས་ལ། འདིར་མང་དུ་དོགས་ཏེ་མ་བྲིས་སོ།།

༣རྔ་བ་དང་མངའ་རིས་ཀྱི་འབྲེལ་བ།

   མངའ་རིས་དང་རྔ་བའི་བར་གྱི་འབྲེལ་བ་ནི་འབྱུང་ཁུངས་དང་བྱུང་དངོས་ཀྱི་འབྲེལ་བ་ཡིན་ཚུལ་གནའ་མི་རྒན་པོའི་ངག་རྒྱུན་དུའང་། རྔ་བ་མ་རེད་མངའ་བ་རེད།། སྟོད་མངའ་རིས་ཆད་ཀི་དུམ་བུ་རེད། ཤ་སོག་པ་བགོས་པའི་ཚལ་བ་རེད། ཅེས་རྒན་གཞོན་ཀུན་གྱི་ཁ་ལ་རླུང་ལྟར་གྲགས་པ་དེས་ཀྱང་གསལ་བཤད་བྱས་ཡོད་ལ། དཔའ་བོ་གཙུག་ལག་ཕྲེང་བས། རྗེ་དམིགས་པ་དང་རུས་མིང་རྨེའུ་དང་འབྲོ་བྱ་བའི་བློན་པོ་སུམ་གྱིས་སྣུབས་ཡུལ་གླིང་དགུ་ན་སྣུབས་རྗེ་དམིགས་པ་བློན་པོ་རྨེའུ་དང་འབྲོ། སྣུབས་ཡུལ་གླིང་དགུ་དབང་དུ་བྱས་ཚུལ་གསུངས། སྟོད་མངའ་རིས་ནས་རྨེའུ་ངམ་ཆེན་སྐྱོལ་པོ། དེའི་སྲས་འདུལ་བ་བརྩོན་དང་གཡུ་གཤིན་གཉིས་བྱུང་བ་དང་། དེའི་སྲས་རྨེའུ་རྒྱལ་གྱི་ལྷུན་པོ་དབུས་སུ་ཡོང་སྟེ་གཡས་རུ་ཤངས་ཀྱི་སར་གཞིས་བཟུང་ཞིང་རིགས་རྒྱུད་བསྐྱེད། དེ་བཞིན་དུ་སྟོང་ཚབ་དང་རྨེའུ་ཡེ་ཤེས་གཡུང་དྲུང་སོགས་ཀྱིས་སྙེ་བཟང་རིར་གནས་བཅས། དེ་ལས་སྙེ་མོ་འཕགས་ཕུའི་རྨེའུ་ཚང་སོགས་ཀྱིས་ཆོས་བོན་རིས་མེད་ཀྱི་དྲང་སྲོང་རིག་འཛིན་མང་དུ་འཁྲུངས་པར་གྲགས། སྙེ་མོ་ཟངས་ཀྱི་ས་ནི་དེང་སང་སྙེ་མོ་རྫོང་བྱ་བའི་ཡུལ་ཡིན། བོད་ཀྱི་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་སྟོད་མངའ་རིས་སོགས་ནས་མདོ་སྨད་དུ་རུས་མིང་རྨེའུ་ཅན་གྱི་ཡུལ་སྡེ་ཁག་ཅིག་རི་སྤོར་བའི་འགོ་བརྩམ་ཏེ་རྨེའུ་པད་སྡོང་སྤྲུགས། རྨེའུ་མ་ར་སྙ་སོགས་ལ་རྫ་དམར་རྨེའུ་ཚང་ཞེས་པ་ནི་ནག་ཆུ་ཁར་རྫ་མ་ཟེར་བའི་ས་མིང་ཞིག་ཡོད་པར་གྲགས། ས་དེ་ལ་དེང་སང་ཡང་རྫ་མར་ཟེར་ཞིང་། རྫ་མར་ཡུལ་ཤོག་ཡོད་ས་དེ་ཡིན་པར་བཤད།

   དུས་དེ་ནས་ནས་རིམ་གྱིས་ས་གླང་ལོ༨༦༩ཡས་མས་སུ་མདོ་ཁམས་རྔ་བའི་ཡུལ་དུ་ཡོང་སྟེ་གཞིས་ཆགས་པར་གྲགས་སོ།།རྔ་ཡུལ་དུ་ཡོང་དུས་རྨེའུ་ཚང་དང་། བུ་ནང་འོན་པོ་ཚང་། དབོན་པའི་སྒར་བ་ཚང་། མཁར་གྱི་རྨེའུ་ཕྱུག་ཚང་། གྱོང་མང་མོ་བ་ཚང་། རྨེའུ་སྒང་ཚང་། རྨེའུ་མགར་ཚང་བཅས་བྱུང་། དེའི་ཡར་སྔོན་དུ་ནས་རྔ་བའི་ཡུལ་འདིར་གནའ་བོའི་རུས་མིང་གཉན་མཁར་བ་གསུམ་གྱིས་མཚོན་པའི་ཡུལ་གཞན་གྱི་རིགས་རྒྱུད་ཅིང་མང་བོ་ཡོད་ཚུལ་ཡང་ཞོར་དུ་ཤེས་དགོས་ལ་དག་གིས་ས་འདིར་གཞི་བཟུང་བར་གྲགས། ཨ་ཁུ་ཆོས་འཕེལ་གྱིས་ཁྱིམ་ཁག་བཅོ་བརྒྱད་ཙམ་བྱུང་བར་གཞིགས་ན། རྗེས་སུ་རྨེའུ་ཚང་གིས་རྔ་བའི་ས་ཆར་དབང་བསྒྱུར་བའི་སྟོབས་ཤུགས་ཆེ་རུ་བྱིན་ནས་ཁོ་རང་རང་གི་ཕ་ཡུལ་གྱི་མིང་བརྗེས་པའི་སླད་དུ་རྨེའུ་ཚང་གི་མིང་ཅན་ཡོད་སར་མངའ་བ་ཞེས་པའི་བཏགས་ཤིང་། དེའི་རྗེས་སུ་ཡུན་གྱིས་རྔ་བར་བསྒྱུར་བ་ཨེ་ཡིན་སྙམ་མོ།།

༤ རྨེའུ་དང་དམེ་གཉིས་ཀྱི་ཁྱད་པར།
   དེང་སྐབས་མང་བོ་ཞིག་གིས་མིང་འདི་གཉིས་ལག་ལ་གང་ཐོན་བྱེད་མཁན་མང་དུ་སྣང་བ་ལ། འདི་གཉིས་ཀྱི་ཁྱད་པར་དང་འབྱུང་ཁུངས་མི་འདྲ་སྟེ། ར་རྨེའུ་ཞེས་པ་ནི་གོང་དུ་བརྗོད་པ་ལྟར་མངའ་རིས་ནས་མར་ཆད་པའི་བོད་ཀྱི་རུས་ཕྲན་ཅིག་གི་མིང་དུ་ཐོགས་ཚུལ་ལྟར་ལགས་ལ། ད་དམེ་ནི་མགོ་ལོག་རུས་མཛོད་རྒྱས་པ་ལས། དེ་རྗེས་མགོ་ལོག་ནག་ཐར་གྱི་གསའ་བཟའི་བུ་ཀླུ་འབུམ་རྒྱལ་གྱི་བུ་རྟ་ཐར་རྒྱལ་ཞེས་ཀུན་གྱིས་འབོད། འདིའི་བུ་དམེ་ཚེ་རྒྱལ་བྱམས་ཀྱིས་ཀྱང་སོག་དམག་ལ་ཡུན་རིང་འཁྲུགས་ཤིང་སོག་དམག་གིས་མ་ཐུབ་པར་དམེ་བུ་ར་ཧ་ཤི་ཧ་ཞེས་འབོད། རྗེས་སུ་སོག་དམག་གི་སྐུང་དམག་ཏུ་ཚུད་ནས་སྐུ་བཀྲོངས་པ་རེད། འདི་དག་ནི་མགོ་ལོག་ནག་ཐར་གྱི་མི་རྒྱུད་ཡིན་མོད། སོག་དམག་ལ་མགོ་མ་སྒུར་བར་དམེ་བྱས་ནས་འཁྲུགས་པས་རྗེས་སུ་འདི་དག་གི་མི་རྒྱུད་ལ་དམེ་ཚང་ཞེས་གྲགས། འདི་གཉིས་ཀྱི་རྩ་བའི་ཁྱད་པར་འདི་ལྟར་སྣང་ངོ་།།
༥  མཇུག་གཏམ།
   དེང་སང་བར་མ་དམེ་སང་གི་དམེ་ལ་ད་དམེ་འབྲི་བ་ནི་ཨ་ཁུ་དམུ་དགེ་ཚང་གི་ཀུན་དགའི་མེ་ལོང་དུ་བྲིས་པས་རྗེས་སུ་མང་ཆེ་བས་དེ་ལྟར་འབྲི་མོད། བར་མ་དམེ་སང་གི་རྨེའུ་ནི་ར་རྨེའུ་ཡིན་ཞེས་དྲུང་ཡིག་པ་ཨ་ཁུ་ཆོས་འཕེལ་ཁོང་གིས་འདོད་དོ།། རྨེའུ་སྐོར་གྱི་རྨེའུ་སྔོན་གྱི་བསང་ཡིག་སོགས་སུ་ར་རྨེའུ་བྲིས་ཏེ་རྔ་བ་སྤྱི་དང་མཐུན་པར་རུས་ཁུངས་མངའ་རིས་ལ་གཏུགས་པར་དོན་གྱིས་གོ་ནུས་མོད། དེང་སང་ར་རྨེའུ་དང་ད་དམེ་གཉིས་གང་བྱུང་དུ་འབྲི་མཁན་རྣམས་ལ་གླེང་གཞི་ཙམ་བཏོན་པ་ལགས་པས། ང་ལྟ་བུའི་ཤེས་རིག་དང་ལོ་རྒྱུས་ཀྱི་གང་ཕྱོགས་ནས་དབུལ་བ་དབུལ་རྐྱང་ཞིག་གིས། འདི་ནི་བདེན་གྱི་གཞན་ནི་གཏི་མུག་གོ།། ཞེས་ཟེར་བ་ནི་དུས་གཏན་དུ་མི་སྤོབས་ལ། ལྷག་ཏུ་རྔ་བའི་ལོ་རྒྱུས་ལ་རྒྱུས་ལོན་དང་ཞིབ་འཇུག་བྱེད་མཁན་མང་བ་རྣམས་ལ་ཡང་ཞོར་དུ་འདི་ལ་ལེགས་ཆ་ཅུང་ཙམ་རེ་བྱུང་ན་ལེགས་སྐྱེས་ཤིག་གི་དོད་དང་ནོར་འཁྲུལ་གང་བྱུང་གད་སྙིགས་བཞིན་འདོར་རོགས་ཞེས་ཞུ་རྒྱུ་ལས་ཅི་ཡང་མེད།
    སྨྲས་པ།
མི་རྟག་སྒྱུ་མའི་གུར་ཁང་ན།།
དར་རྒུད་གཡོན་མའི་རྩེ་དགའ་རྒོད།།
ལས་ཉོན་འཁོར་བའི་རྐང་རྗེས་ལ།།
ང་དང་ཁྱོད་ཀྱི་བདེ་སྡུག་མང་།།
༢༠༢༠-༣-༡༤ཉིན།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། c91f བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23506928
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།