བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁྲོད་ཀྱི་ནོར་ནག
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 7 ཚེས 4 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁྲོད་ཀྱི་ནོར་ནག
བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁྲོད་ཀྱི་ནོར་ནག
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2020-03-21ལྟ་ཀློག (1056)རྩོམ་ཁུངས: དྲ་རྒྱ་ལས་བཏུས།པར་འདེབ།

བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁྲོད་ཀྱི་ནོར་ནག 

རྩོམ་པ་པོ། གནམ་ལྷ་འབུམ། 

དང་པོ། ནོར་ནག་བོད་ཀྱི་སྒོ་ཟོག་ཏུ་གྱུར་བར་དུས་ཡུན་རིང་བའི་ལོ་རྒྱུས་ཡོད་པ།


   མདོ་དབུས་མཐོ་སྒང་དུ་གནས་པའི་བོད་ཀྱི་གཡང་ཟོག་ནོར་ནག་གིས་བོད་མིའི་འཚོ་བའི་ཁྲོད་དུ་གོ་གནས་ག་འདྲ་ཞིག་ཟིན་ཡོད་པ་ནི།   《མཐོ་སྒང་གི་ནོར་ནག》ཅེས་པའི་རྩོམ་ཡིག་བཀླགས་པའི་ཤེས་རྟོགས་བྱེད་ནུས་ལ།   བོད་མི་རྣམས་ཀྱི་ཟས་གོས་གནས་མལ་དང་ཞིང་རྨོ་འགྲིམ་འགྲུལ་སོགས་འཚོ་བའི་ཟུར་སོ་སོར་ནོར་ནག་དང་ནོར་ནག་ལས་བྱུང་བའི་ཐོན་རྫས་ཀྱིས་མ་ཁྱབ་པ་མེད་ཅིང་།  ནོར་ནག་ནི་བོད་མི་རྣམས་ཀྱི་འཚོ་གནས་ལ་མེད་དུ་མི་རུང་བའི་སྒོ་ཟོག་ཅིག་ཏུ་གྱུར་ཡོད་པ་རེད།   སྲོག་ཆགས་འདི་བོད་མིའི་སྒོ་ཕྱུགས་སུ་གྱུར་བ་ལའང་དུས་ཡུན་རིང་བའི་ལོ་རྒྱུས་ཡོད་དེ།  ༡༩༩༧ལོའི《གནས་རྫས》དུས་དེབ་ཀྱི་འདོན་ཐེངས་དགུ་བའི་སྟེང་དུ་བཀོད་ཡོད་པའི།  《བོད་ལྗོངས་མཁར་ལོའི་གནས་ཤུལ་གྱི་ཚོད་སྔོག་གནས་ཚུལ་གནད་ཞུ》ཞེས་པ་ལས།  “༡༩༧༨ལོར། ཆབ་མདོའི་མཁར་ལོ(ཁ་རོག)སྡེ་བའི་ཉེ་འདབས་ནས་རྙེད་པའི་རྡོ་ཆས་གསར་པ་བཀོལ་བའི་དུས་ཀྱི་རིག་གནས་ཀྱི་ཤུལ་རྙེད་པ་དང་། ས་ཁང་ལྔའི་ཤུལ་དང་རྡོ་ཡི་ཡོ་བྱེད།  རུས་པའི་ཡོ་བྱད། རྫ་ཆས་སོགས་བསྡོམས་པས ༦༠༠༠ལྷག་རྙེད་པ་རྣམས་ལོ་བཞི་སྟོང་དྲུག་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པ་དང་། ས་དེར་སྡོད་པའི་གནའ་བོའི་མི་རྣམས་ཀྱིས་ཞིང་གཙོ་བྱེད་པའི་གཏན་ཆགས་ཀྱི་འཚོ་བ་རོལ་བ་དང་། ཕྱུགས་ལས་དང་རི་དྭགས་རྔོན་པའི་འཚོ་བ་རོལ་བ་དང་། ཕྱུགས་ལས་དང་རི་དྭགས་རྔོན་པའི་འཚོ་བས་ཀྱང་ཁོ་ཚོའི་དཔལ་འབྱོར་ཀྱི་ཁྲོད་དུ་གོ་གནས་འགངས་ཆེན་བཟུང་ཡོད་པར་བདེན་དཔང་བྱས་ཡོད”ཅིང་།  དེ་མ་ཟད་ཀྲུང་དབྱང་མི་རིགས་སློབ་ཆེན་མི་རིགས་ལོ་རྒྱུས་རིག་པའི་འབུམ་རམས་པ་སྐུ་གཅམ་ཀྲང་ཡ་ཧྲ་ཡི《བོད་ཀྱི་བྲག་བརྐོས་རི་མོ》ཞེས་པ་ལས་ཀྱང་། “བོད་བྱང་ཕྱོགས་ཀྱི་གནམ་མཚོའི་བཀྲ་ཤིས་གླིང་ཕྲན་གྱི་སྟེང་དུ་གནས་པའི་བྲག་བརྐོས་རི་མོའི་སྟེང་གི་ནོར་ནག་ལ་ལོ་ངོ་སྟོང་གསུམ་ལྷག་གི་ལོ་རྒྱུས་ལྡན་པར”གསུངས་ཡོད་ཅིང་། ཡང་《ཆོས་ལུགས་རིག་པའི་སྤྱི་དོན་གསར་སྒྲིག》(སྨད་ཆ། ཡུའུ་ཏ་ཅུས་བརྩམས་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་པར་བསྐྲུན་པང་གིས་པར་དུ་བསྐྲུན།)ཅེས་པ་ལས། “རྡོ་ཆས་རྙིང་མའི་དུས་ཀྱི་རི་མོ་མང་ཆེ་བ་ནི་རི་དྭགས་དང་འབྲེལ་ཡོད་ཅིང་། དེའི་རྒྱུ་མཚན་ནི་རིག་གཞུང་མཁས་པ་ཡོངས་ཀྱིས་དུས་སྐབས་དེའི་མི་རྣམས་ཀྱིས་རྔོན་བྱེད་པའི་བྱ་འགུལ་དང་འབྲེལ་བ་ཡོད་པར་འདོད།”ཅེས་གསུངས་ཡོད་པ་ལྟར། ནོར་ནག་གིས་བོད་ཀྱི་བྲག་བརྐོས་རི་མོའི་ཁྲོད་དུ་གོ་གནས་གལ་ཆེན་ཟིན་ཡོད་པ་འདིས་ཀྱང་། གདོད་མའི་སྤྱི་ཚོགས་ཀྱི་དུས་སུ་ནོར་ནག་ནི་གནའ་བོའི་བོད་མི་རྣམས་ཀྱི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་འཚོ་རྟེན་ཅིག་ཏུ་གྱུར་ཡོད་པ་གསལ་བཤད་བྱས་ཡོད་ཅིང་།  ཁོ་ཚོས་ནོར་ནག་གི་རི་མོ་རང་བྱུང་གི་བྲག་རྡོ་སོགས་ལ་བརྐོས་ཏེ།  དེར་བཅངས་པའི་འབྲེལ་མེད་ཀྱི་བརྩེ་དུང་ཟབ་མོ་མཚོན་པར་བྱས་ཡོད།  དེ་མ་ཟད་ང་ཚོས་བོད་མི་རྣམས་ཀྱིས་ནོར་ནག་གི་ལུས་ནས་ཐོན་པའི་ཐོན་རྫས་ཡོད་ཚད་འདི་ལྟ་བུའི་ཕུན་སུམ་ཚོགས་པའི་བཀོལ་སྤྱོད་ཞིག་བྱས་ཡོད་པ་འདིས་ཀྱང་།  ནོར་ནག་བོད་མི་རྣམས་ཀྱི་སྒོ་ཟོག་ཏུ་གྱུར་བ་ལ་དུས་ཡུན་ཤིན་ཏུ་རིང་བའི་ལོ་རྒྱུས་ལྡན་པ་རྗེས་སུ་དཔག་ནུས་སོ། །དེ་ན་ནོར་ནག་ནི་གནའ་བོའི་བོད་ཀྱི་འཚོ་བའི་ཁྲོད་དུ་དེ་འདྲའི་གལ་ཆེ་བའི་སྲོག་ཆགས་ཤིག་ཡིན་པས། ཡི་གེ་མ་དར་བའི་ཡ་སྔོན་དུ་ནོར་ནག་གི་གཟུགས་དབྱིབས་བྲག་བརྐོས་རི་མོར་བརྐོས་ཏེ་ཟིན་བྲིས་སུ་བཀོད་ཡོད་པ་མ་ཟད།  བོད་ཀྱི་ངག་རྒྱུན་གྱི་ཁྲོད་དུའང་ནོར་ནག་དང་འབྲེལ་བའི་གཏམ་རྒྱུད་གང་མང་ཞིག་ཡོད་པ་ནི་གདོན་མི་ཟ་ལ།  ཡི་གེ་དར་བའི་རྗེས་སུ་ནོར་ནག་གི་སྐོར་གྱི་དད་མོས་དང་ངག་རྒྱུན་རྣམས་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁྲོད་དུ་འབྱུང་སྲིད་པའང་མཚར་མི་དགོས་པའི་སྣང་ཚུལ་ཞིག་ཡིན་ནོ། །


གཉིས་པ། བོད་ཀྱི་ལོ་རྒྱུས་དེབ་ཐེར་ལ་བཀོད་པའི་ནོར་ནག་སྐོར་གྱི་ཟིན་བྲིས།


༡༽ནོར་ནག་གི་འབྱུང་ཁུངས་སྐོར།

   ནོར་ནག་གི་འབྱུང་ཁུངས་གསལ་བོར་བསྟན་ཡོད་པའི་ལོ་རྒྱུས་ཡིག་ཆ་ནི། བོད་རྒྱལ་སྲོང་བཙན་སྒམ་པོས་མཛད་པར་གྲགས་པའི《 བཀའ་ཆེམས་ཀ་ཁོལ་མ》ཡིན་ཏེ།   དེ་ལས“འབྲོང་ཕོ་མོ་གཡག་དང་འབྲི་རུ་བཏུལ།  ཤ་མ་ཕོ་མོ་གླང་དུ་བཏུལ། རྒོ་བ་ཕོ་མོ་ལུག་ཏུ་བཏུལ།  གླ་བ་ཕོ་མོ་རར་བཏུལ།  རྐྱང་ཕོ་མོ་རྟར་བཏུལ། སྤྱང་ཀི་ཕོ་མོ་ཁྱིར་བཏུལ།  རྨོ་བཀོལ་སོ་ནམ་དེའི་དུས་ན་བྱས།  ཕྱུགས་ཀྱི་རྫི་སྐྱོང་ཡང་དེའི་དུས་ན་བྱས”ཞེས་བོད་ཀྱི་སྒོ་ཟོག་མང་པོ་ཞིག་རི་དྭགས་གང་དག་ལས་སྒོ་ཟོག་ཏུ་བཏུལ་ཡོངས་པའི་ཁུངས་བསྟན་པ་དང་ཆབས་ཅིག   འབྲོང་ཕོ་མོ་གཡག་དང་འབྲི་རུ་བཏུལ། ཞེས་ནོར་ནག་ནི་རི་དྭགས་འབྲོང་ལས་རྒྱུད་འཕེལ་ཡོང་ཚུལ་ཡང་གསལ་བོར་བསྟན་ཡོད།

༢༽བོད་ཅེས་པའི་མིང་གི་བྱུང་ཚུལ་ནོར་ནག་དང་འབྲེལ་བ་ཡོད་པ།

   《རྒྱལ་བོ་བཀའི་ཐང་ཡིག》ལས། “བོད་ཡུལ་གངས་རི་རྩེ་དགུའི་ལྗོངས་འདི་རུ། །སྤུ་རྒྱལ་གོང་དུ་མངའ་མཛད་དྲུག་ཏུ་བྱུང་།”ཞེས་མངའ་མཛད་དྲུག་བཤད་པའི་སྐབས་སུ།  མངའ་མཛད་བཞི་བར། “དེ་ནས་མ་སངས་སྤུན་དགུས་དབང་བྱས་ཏེ།  །ཡུལ་མིང་བོད་ཁམས་གཡའ་དྲུག་བྱ་བར་བཏགས། །སྔ་རྟགས་མདའ་མདུང་མཚོན་ཆ་དེ་ནས་བྱུང་། །”ཞེས་གསུངས་ཡོད་ལ།  དཔལ་དོན་འགྲུབ་རྒྱལ་ཀྱིས《བོད་ཅེས་པའི་ཐ་སྙད་ཀྱི་འབྱུང་ཁུངས་བཤད་པ》ཞེས་པ་ལས།  བོད་ཅེས་པའི་ཐ་སྙད་ཀྱི་འབྱུང་ཁུངས་བཤད་པའི་སྐབས་སུ།  “བོད་ཀྱི་གདོད་མའི་ཚོ་བ་ཞིག་གི་མིང་ཡིན་པར་བཞེད་པ་དང་ལྔ་བཅས།”ཞེས་གསུངས་ཡོད་ཅིང་།  ཡང་དེར་དཔྱད་པ་གཏོང་བའི་སྐབས་སུ།  “བོད་གདོད་མའི་འཚོ་བ་ཞིག་གི་མིང་ཡིན་པར་བཞེད་ཚུལ་ལ།  《རྒྱལ་པོ་བཀའི་ཐང་ཡིག》དང་ཁུ་སྟོན་གྱིས་མཛད་པའི《ལོ་རྒྱུས་ཆེན་མོ》ལས།  སྤུ་རྒྱལ་གྱི་གདུང་རབས་མ་བྱུང་གོང་དུ།  བོད་ལ་མངའ་མཛད་དྲུག་ཏུ་བྱུང་བའམ་བཅུ་བྱུང་བར་གསུངས་པའི་ནང་གི་བོད་ཁམས་གླིང་དགུ་དང་བོད་ཁམས་གཡག་དྲུག་སོགས་གདོད་མའི་ཚོ་བ་རྣམས་ཀྱི་མིང་བྱུང་བར་བཤད་པ་དང་།  ཏུན་ཧོང་གཏེར་ཡིག་ཏུའང་རྗེ་གཉའ་ཁྲི་བཙན་པོ་བོད་ཀ་གཡག་དྲུག་གི་རྗེར་གཤེགས་སོ་ཞེས་འབྱུང་ལ།  དེ་དག་བསམ་གཞིགས་ཅུང་ཟད་ཅིག་བྱས་ན།  བོད་ཁམས་གླིང་དགུ་དང་བོད་ཁམས་གཡག་དྲུག  བོད་ཀ་གཡག་དྲུག་བཅས་ནི་གདོད་མའི་དུས་བྱུང་བའི་འབྲོག་སྡེའི་ཚོ་བ་ཞིག་གི་མིང་གི་རྣམ་གྲངས་ཡིན་པ་དང་།  དེ་དུས་ནས་བཟུང་བོད་ཅེས་པའི་ཐ་སྙད་བྱུང་ཟིན་པ་བདེན་དཔང་བྱས་ཡོད།”(དཔལ་དོན་འགྲུབ་རྒྱལ་གྱི་གསུང་འབུམ་པོད་དྲུག་པར་གསལ།)ཅེས་བོད་ཅེས་པའི་ཐ་སྙད་འདི་བོད་ཁམས་གཡག་དྲུག་ཅེས་པའི་བོད་ཀྱི་གདོད་མའི་ཚོ་བ་ཞིག་གི་མིང་ལས་བྱུང་ཚུལ་བརྗོད་ཡོད།

༣༽བོད་ཀྱི་རླུང་རྟ་སྟེང་གི་སེང་གེ་ནི་ཐོག་མའི་དུས་སུ་ནོར་ནག་ཡིན་པ།

   རྒྱལ་སྤྱིའི་བོད་རིག་པའི་མཁས་དབང་མཁར་རྨེའུ་བསམ་གཏན་གྱིས་མཛད་པའི་《མདའ་དང་འཕང་།》ཞེས་པ་ལས། “རླུང་རྟ་སྡེ་བཞི་ལ་སྔོན་གྱི་དུས་སུ་གཉན་ཆེན་སྡེ་བཞི་དང་།  རླུང་རྟའི་ལྷ་བཞི་ཞེས་སུ་འབོད་སྲོལ་ཡོད་ཅིང་།  རླུང་རྟའི་ཐོག་ཏུ་བཀོད་པའི་སྲོག་ཆགས་ལྔ་པོས་སྐྱེ་བོའི་གྲུབ་ཆ་ལྔ་མཚོན་པར་བྱེད་པ་སྟེ། ཁྱུང་གིས་སྲོག་དང་།  སྟག་གིས་ལུས།  འབྲུག་གིས་དབང་ཐང་།  སེང་གེས་རླུང་རྟ།  རྟ་ཡིས་བླ་དཔལ་བཅས་མཚོན།  ཡིན་ཡང་སྲོག་ཆགས་དེ་དག་ལས་ཐོག་མའི་བཞི་པོ་ནི་ཁྱུང་དང་། འབྲུག  གཡག་དང་སྟག་བཅས་ཡིན།”ཞེས་སྔོན་གྱི་དུས་སུ་རླུང་རྟའི་སྟེང་གི་སེང་གེའི་རི་མོ་ནི་ནོར་ནག་ཡིན་པར་གསུངས་ཡོད་ལ། སེང་གེ་ནི་བོད་ཀྱི་སྲོག་ཆགས་མིན་པའི་ཚུལ་ནི།  མཁས་དབང་དགེ་འདུན་ཆོས་འཕེལ་གྱི《རི་བོ་ཧི་མ་ལའི་བསྟན་བཅོས》ཞེས་པ་ལས།“སྤྱིར་སེངྒེ་འདི་རྒྱ་གར་གྱི་སྲོག་ཆགས་སུ་སོང་གཤིས། འདིའི་མིང་ཡང་རྒྱ་གར་གྱི་སྐད་ཟུར་ཆག་པ་ཙམ་ཡིན་གྱི། རང་རེའི་ཡུལ་ན་ཐོག་མ་ནས་ཡོད་པའི་སྲོག་ཆགས། རྟ་ལུག་ཁྱི་ཕག་སོགས་ལ་བོད་སྐད་རང་རྐྱ་བའི་མིང་ཡོད་པ་དེ་འདྲ་ཡང་འདི་ལ་མེད།”ཅེས་གསུངས་ཡོད་དོ། །

༤༽ནོར་ནག་ནི་རུས་རྒྱུད་ཀྱི་མཚོན་བྱེད་དང་བོད་མིའུ་གདོང་དྲུག་གི་དགྲ་ལྷ་ཡིན་པ།

   ཡང་གོང་གི《མདའ་དང་འཕང་།》ཞེས་པ་ལས།  “སྲོག་ཆགས་དེ་དག་ལས་ཐོག་མའི་བཞི་པོ་ནི་ཁྱུང་དང་། འབྲུག  གཡག་དང་སྟག་བཅས་ཡིན་ལ། དེ་རྣམས་ནི་དགྲ་ལྷར་ངོས་འཛིན་བྱེད་པ་ཡིན།  སྲོག་ཆགས་དེ་དག་ནི་རུས་རྒྱུད་ཀྱི་མཚོན་བྱེད་ཡིན་པ་མ་ཟད། ལྡོང་དང་། དབྲ འགྲུ  སྒ་བཅས་ཀྱི་དགྲ་ལྷར་ཡང་བརྩི།”ཞེས་ནོར་ནག་གནའ་བོའི་དུས་སུ་བོད་ཀྱི་རུས་རྒྱུད་མཚོན་བྱེད་ཅིག་ཡིན་པ་མ་ཟད། བོད་མིའུ་གདོང་དྲུག་གི་ཡ་གྱལ་འགྲུ་ཡི་དགྲ་ལྷ་ཡིན་པར་ཡང་གསུངས་ཡོད།

༥༽བོད་སྤུར་རྒྱལ་བཙན་པོའི་རུས་ལྷ་ཡར་ལྷ་ཤམ་པོ་ནི་ནོར་ནག་གི་གཟུགས་སུ་ཡོད་པ།

   མཁས་དབང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས《ཡར་ཀླུང་གཙང་བོ་བྱ་བའི་ཐ་སྙད་ལ་དཔྱད་ཙམ་བྱས་པ》ཞེས་པའི་གསུང་རྩོམ་ལས་ཡར་ལུང་བཙན་པོའི་མངའ་ཁོངས་གླེང་སྐབས་“དེ་ཡང་སྔོན་ཆེད་ཡར་ལུང་བཙན་པོའི་ཆབ་འབངས་མངའ་རིས་དེ་ཕུ་གངས་རི་ཡར་ལྷ་ཤམ་པོ་ནས་ཞེས་ཡར་ལྷ་ཤམ་པོ་ཞེས་པ་ནི་ཡར་ལུང་ཆུ་བོའི་ཕུ་ན་ཡོད་པའི་གངས་རི་ཞིག་ཡིན”པར་གསུངས་ཡོད་ལ། ཡང་ཡར་ལྷ་ཤམ་པོ་ནི་བོད་ཀྱི་སྲིད་པ་ཆགས་པའི་ལྷ་དགུའི་ཡ་གྱལ་ཡིན་པ། 《མདའ་དང་འཕང་།》ལས། “སྲིད་པ་ཆགས་པའི་ལྷ་དགུ་སྟེ།  བོན་གྱི་དཔེ་ཆའི་ཁྲོད་དུ་གནམ་གྱི་ལྷ་དགུའམ་ལྷ་དགུ་ཞེས་ཀྱང་འབོད། དེ་དག་ནི་ཡར་ལྷ་ཤམ་པོ་དང་མཆིངས་ལྷ་ཐན་ཚོ།  དབྱེ་ལྷ་སྤྱི་དཀར། གྲོ་ལྷ་གང་བུ།  རྩང་ལྷ་བུ་དར།  རྩང་ལྷ་བྱེའུ། དྭགས་ལྷ་སྒམ་པོ།  ཐང་ལྷ་ཡར་བཞུར།  ཀོང་ལྷ་དེ་ཡག་བཅས་སོ།  །ལྷ་དགུ་པོ་ནི་ཕྱྰ་ལྷ་འོ་ལྡེ་གུང་རྒྱལ་གྱི་བུ་ཡིན་ཚུལ་བརྗོད་ཡོད་ཅིང་།  འོ་ལྡེ་གུང་རྒྱལ་ནི་ཡབ་ལྷ་བདལ་དྲུག་གཅུང་བོ་ཨང་བཞི་པ་དེ་ཡིན་པར་བཤད། དེར་བརྟེན།  བོད་ཀྱི་རྒྱལ་པོའི་ཐོག་མ་གཉའ་ཁྲི་བཙན་པོ་དང་ལྷ་དགུ་རྣམས་ནི་སྤུན་མཆེད་ཡིན་ལ།  ཁོང་ཚོའི་འབྱུང་ཁུངས་ནི་ལྷ་རྒྱུད་གཅིག་རང་ཡིན།”ཞེས་གསུངས་ཡོད་ཅིང་། 《  ཏུན་ཧོང་ཡིག་རྙིང་། 》དུའང་ཡར་ལྷ་ཤམ་པོ་ནི་ལྷ་དགུའི་ནང་གི་གཅིག་ཡིན་པར་འཁོད་ཡོད་པ་མ་ཟད།  རི་དེ་དག་ལ་གནས་པའི་ལྷ་གསོལ་བར་བྱེད་པའི་རྒྱལ་ཕྲན་ཡང་དགུ་ཡོད་པར་གསུངས་ཡོད། ཡར་ལྷ་ཤམ་པོ་ཞེས་པའི་ལྷ་དེ་ནོར་ནག་གི་གཟུགས་སུ་ཡོད་ཚུལ་ནི《  ལྷ་འདྲེ་བཀའ་ཐང་། 》ལས།  “ཡར་ལྷ་ཤམ་པོ་ཞེས་པའི་ལྷ་དེ་ཡང་གཟུགས་སྟོབས་རི་ལྟར་ཆེ་བའི་གཡག་ཅིག་གི་ངོས་ནས་སློབ་དཔོན་པདྨའི་ལམ་འགག་ལྟ་བུར་གྱུར”ཚུལ་བཀོད་ཡོད་ཅིང་།   《རྒྱལ་རབས་གསལ་བའི་མེ་ལོང་།》ལས་ཀྱང་། “ཡུམ་མོ་དེས་རྟ་འཚོར་ཕྱིན་ནས།  གཉིད་ལོག་པའི་རྨི་ལམ་ན།  ཡར་ལྷ་ཤམ་པོའི་སྤྲུལ་པ་མི་དཀར་པོ་ཅིག་དང་འབྲལ་བ་རྨིས།  གཉིད་སད་ཙ་ན།  སྔས་མགོ་ནས་གཡག་དཀར་པོ་ཅིག་ལོང་ནས་སོང་བ་མཐོང་།”ཞེས་གསུངས་ཡོད།

༦༽བོད་ཀྱི་མཛངས་བློན་ཐོག་མ་རུ་ལས་སྐྱེས་ཀྱི་སྐུ་འཁྲུངས་ཚུལ་ནོར་ནག་དང་འབྲེལ་བ་ཡོད་པ།

   མཛངས་བློན་ཐོག་མ་རུ་ལས་སྐྱེས་ཀྱི་སྐུ་འཁྲུངས་ཚུལ་ནོར་ནག་དང་འབྲེལ་བ་ཡོད་པའི་ཚུལ་ནི་བོད་ཀྱི་ལོ་རྒྱུས་དེབ་ཐེར་མང་པོ་ལ་བཀོད་ཡོད་དེ། 《ཆོས་འབྱུང་མཁས་པའི་དགའ་སྟོན》ལས། “ལྕམ་སྲིང་བཞི་ཡི་ཡུམ་ལ་རྟ་རྫི་བཅོལ། །རྟ་འཚོར་ཕྱིན་ཏེ་གཉིད་ལོག་རྨི་ལམ་དུ། །མི་དཀར་མཛེས་པ་ཞིག་དང་བཤོས་པ་རྨིས། །སད་ཚེ་གཡག་དཀར་ཞིག་ནི་སོང་བ་མཐོང་། །ཟླ་བ་ཚང་ནས་ཁྲག་རླངས་འགུལ་བ་བཙས། །”ཞེས་གསུངས་ཡོད་ལ།   《རྒྱལ་རབས་གསལ་བའི་མེ་ལོང་》ལས“དེར་བློན་པོ་ལོ་ངམ་གྱིས་རྒྱལ་སྲིད་ཕྲོགས་ནས།   རྒྱལ་པོའི་བཙུན་མོ་ལ་རྟ་རྫི་བཅོལ་ལོ། །  དེར་ཡུམ་མོ་དེས་རྟ་འཚོར་ཕྱིན་ནས།  གཉིད་ལོག་པའི་རྨི་ལམ་ན།  ཡར་ལྷ་ཤམ་པོའི་སྤྲུལ་པ་མི་དཀར་པོ་ཅིག་དང་འབྲེལ་བ་རྨིས།  གཉིད་སད་ཙ་ན།  སྔས་མགོ་ནས་གཡག་དཀར་པོ་ཅིག་ལོང་ནས་སོང་བ་མཐོང་།  དེ་ནས་ཟླ་བ་བརྒྱད་སོང་ཙ་ན།  ཡུམ་བཙུན་མོ་དེ་ལ་ཁྲག་གོང་པོ་ལག་མགོ་ཙམ་འགུལ་ཤེས་པ་ཅིག་སྐྱེས་བྱུང་།།”ཞེས་བཀོད་ཡོད་ཅིང་།  དེ་བས་དཔལ་དོན་འགྲུབ་རྒྱལ་གྱིས་ཀྱང་།  “རང་རེའི་ལོ་རྒྱུས་ཕལ་མོ་ཆེར་རུ་ལས་སྐྱེས་འདི། རྒྱལ་པོའི་བཙུན་མོ་དང་ཡར་ལྷ་ཤམ་པོའི་སྤྲུལ་བ(གཡག་དཀར)འདུས་པ་ལས་བྱུང་བར་བཤད་ཡོད།”ཅེས་གསུངས་ཡོད།

༧༽གངས་རི་ཏི་སེར་གནས་པའི་བོན་གྱི་ལྷ་གེ་ཁོད་ཅེས་པ་དེ་ཡང་ནོར་ནག་གི་གཟུགས་སུ་གནས་པ།

   མཁས་དབང་མཁར་རྨེའུ་བསམ་བསྟན་གྱིས《མདའ་དང་འཕང་།》ལས་གསུངས་པ་ལྟར་ན།《 འཛམ་གླིང་གངས་རྒྱལ་ཏི་སེའི་དཀར་ཆག》ཞེས་པའི་བོན་གྱི་དཔེ་ཆ་ལས། “དེ་ཡང་གེ་ཁོད་ཅེས་པའི་བོན་གྱི་ལྷ་དེ་ནི་གངས་རི་ཏི་སེ་ཡི་ལྷར་ངོས་འཛིན་བྱ་བ་ཡིན་ལ། བོན་གྱི་ཤོད་སྲོལ་ལྟར་ན། ལྷ་དེ་ཐོག་མར་མི་ཡུལ་དུ་བྱོན་སྐབས་སྲོག་ཆགས་ཀྱི་རིགས་གཡག་རྒོད་དཀར་པོའི་གཟུགས་བརྙན་ཅན་ཞིག་ཡིན་པའི་ཐོག་ནས་གངས་རི་ཏི་སེའི་དབྱིངས་སུ་ཐིམས་པར་གྲགས།”ཞེས་བཀོད་ཡོད།


གསུམ་པ། མཇུག་གི་གཏམ།

   འདིར་བཀོད་པ་རྣམས་ནི་ཅོལ་ཆུང་བདག་གི་ལག་ཏུ་ཟིན་ཚོད་ཀྱི་དཔེར་མཚོན་ཙམ་ཡིན་ལ། ད་དུང་ཤེས་རྒྱ་དང་མཐོང་རྒྱ་གང་ཡང་མེད་པའི་གྱི་ན་པ་བདག་གིས་མ་མཐོང་བ་དང་མ་ཐོས་པའི་གཡང་ཟོག་ནོར་ནག་གི་སྐོར་བོད་གནའ་རབས་ཀྱི་ལོ་རྒྱུས་དེབ་ཐེར་རྣམས་ལ་བཀོད་པ་བགྲང་གིས་མི་ལང་བ་ཞིག་ཡོད་པ་ནི་དོགས་པ་སྤུ་ཙམ་ཡང་ཟ་མི་དགོས་པའི་གནས་ཤིག་སྟེ། དེ་ནི་རྩོམ་པ་པོ་ཤེར་གྲགས་ཀྱིས“ནོར་ནག་ནི་བོད་འབྲོག་པ་རྣམས་ཀྱི་སྒོ་ནོར། ཐོན་སྐྱེད་ཀྱི་རྨང་གཞི་དང་ཚོང་རྫས་ཀྱི་འབྱུང་གཞི་མེད་དུ་མི་རུང་བ་ཞིག་ཡིན་པ་དང་།  དེའི་འཕེལ་འགྲིབ་ལེགས་ཉེས་ནི་བོད་འབྲོག་པ་དབུལ་ཕྱུག་ཅི་ཡིན་ལ་ཐད་ཀར་རག་ལས་པས།”ཞེས་གསུངས་པ་བཞིན་ནོར་ནག་གིས་བོད་ཀྱི་གནའ་བོའི་འཚོ་བའི་ཁྲོད་དུ་བཟུང་བའི་གོ་གནས་ཀྱིས་ཐག་གིས་བཅད་ཡོད་པ་རེད། 

   གོང་དུ་དྲངས་པའི་ལོ་རྒྱུས་དེབ་ཐེར་ཚང་མའི་ནང་དུ་ནོར་ནག་གི་སྐོར་བརྗོད་སྐབས་“གཡག་རྒོད་དཀར་པོ་”ཞིག་ཅེས་ནོར་ནག་གཡག་གི་ཁ་དོག་ལ་དཀར་པོར་བྱས་ཡོད་པ་ཅི་ཡིན་ནམ་ཞེ་ན། དེ་ནི་《མཐོ་སྒང་གི་ནོར་ནག》ལས། “འོ་ན་ད་ལྟའི་ནོར་ནག་རྣམས་དཀར་ཟལ་དང་དམར་ཟལ་སོགས་ཡོད་པ་དེ་ཅི་ཞེ་ན།  དེ་ནི་རྒྱུད་འགྱུར་ལས་བྱུང་བ་ཞིག་རེད་དེ།  སྔོན་ཆད་རི་དྭགས་འབྲོང་གཡུང་དྭགས་སྒོ་ཟོག་ནོར་ནག་ཏུ་བསྒྱུར་རྗེས་བ་ལང་དང་མཉམ་དུ་འཚོ་སྐྱོང་དང་རྒྱུད་འདྲེས་པའམ་སྡེབ་སྦྱོར་བྱས་པས་བ་ལང་ལ་དཀར་ཁྲ་དང་དམར་ཁྲ་སོགས་ཡོད་སྟབས་འབྲི་གཡག་ལའང་རིམ་གྱིས་སྤུ་ཁ་འགྱུར་ནས་དེ་ལྟར་བྱུང་བ་རེད།”ཅེས་པ་ལྟར་ཡིན་ལ།  ཡང་གཅིག་བཤད་ན་ནོར་ནག་གི་ཁ་དོག་ནག་རོག་ཡིན་པ་ནི་སྤྱི་ལ་ཁྱབ་ཀྱང་།  སྔོན་གྱི་དུས་སུ་གཡག་གི་ཁ་དོག་དཀར་པོར་འབྲི་བར་མོས་པའམ་རྒྱུགས་ཆེ་བ་འདི་ཡང་བོད་མིའི་ཁ་དོག་གི་མཛེས་དཔྱོད་ལྟ་བ་དང་རག་ལས་ཀྱང་སྲིད་དེ།  མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། “རང་ཅག་གི་རི་མོའི་སེངྒེ་གཡུ་རལ་ཅན་འདི་རྒྱ་ཁྱི་མགོ་ཟེང་གི་གཟུགས་རང་དུ་འདུག་པས་རྒྱ་ནག་གི་རི་མོའི་ཤན་བྱུང་བར་གོར་མ་ཆག་ལ། རྒྱ་ནག་པ་རྣམས་ནི་སེངྒེ་མགོ་ལུས་སྔོན་པོར་བྱེད་པ་ཡིན་ཅིང་།  རང་རེ་ནི་དཀར་པོ་བྱས་ལ། ལི་ཡུལ་གྱི་བྲིས་ཆ་འགའ་ལའང་སྣང་ཞིང་།  སྔོན་བོན་ལ་གྲགས་པ་ཞིག་མིན་ནམ་སྙམ་སྟེ།  བོད་ཀྱི་རྩ་བའི་རུས་ཆེན་འདྲེན་པའི་སྐབས། ཡེ་སེང་དཀར་མོ་གནམ་གྱི་འཇུ་ཐག་ཅན་གཅིག སྤྱང་ཕྲུག་ཡེ་ཤེས་ལྷ་ཡི་སྒྲོན་མ་གཉིས། མོན་རྫི་ནག་པོ་ཁྱིའི་རྔ་མ་ཅན་གསུམ། སོགས་བོན་རྣམས་ཀྱི་གསུང་རིས་འཁྲུལ་མེད་ཅིག་འདུག་པས་སོ། །”ཞེས་གསུངས་པ་བཞིན།  གངས་རི་ར་བའི་སྐོར་བའི་ཞིང་ཁམས་སུ་གྲགས་པའི་བོད་ཡུལ་གྱི་མི་རྣམས་ནི་ཁ་དོག་དཀར་བོར་ཤིན་ཏུ་དད་པའི་མི་རིགས་ཤིག་ཡིན་པ་ནི་ཀུན་ལ་ཤིན་ཏུ་གསལ་བས་བསྒྲུབ་མི་དགོས་ལ། གཡག་གི་ཁ་དོག་དཀར་པོར་འབྲི་བར་གོམས་པ་འདི་ཡང་དེ་དང་འབྲེལ་བ་ཡོད་ཀྱང་སྲིད་དོ། །ད་དུང་དོན་གཞན་ཅིག་ཡོད་པ་ནི་གོང་དུ་དྲངས་པའི་ནོར་ནག་སྐོར་གྱི་ཡིག་ཆ་གང་ཡིན་ཡང་ནོར་ནག་གི་སྣང་བརྙན་དེ་བཟང་ཕྱོགས་རྐྱང་རྐྱང་ལ་སྦྱར་ཡོད་པ་འདིས་ཀྱང་བོད་མི་རྣམས་ཀྱིས་ནོར་ནག་ལ་དགའ་མོས་དང་དད་མོས་བྱེད་བཞིན་པ་དེ་ཤུགས་སུ་རྟོགས་ནུས་སོ། །

   མདོར་ན། གནའ་བོའི་བྲག་བརྐོས་རི་མོ་དང་ལོ་རྒྱུས་དེབ་ཐེར།  དེ་མ་ཟད་དུས་ད་ལྟ་ཡིན་ཡང་བོད་མདོ་དབུས་ཁམས་གསུམ་གྱི་བླ་རི་བླ་མཚོ་དང་དགོན་སྡེ། མ་ཎི་ཁང་། ཁྱིམ་གྱི་སྒོ་མགོའམ་ཁྱིམ་ནང་སོགས་སུ་ནོར་མགོ་བཞག་སྟེ་དེར་དགའ་མོས་དང་རྗེས་དྲན་བྱེད་ཀྱིན་པ་ནི་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་པའི་སྣང་ཚུལ་ཞིག་ཡིན་ལ།  ཐ་ན་བོད་མིའི་རྒྱན་གོས་ཀྱི་སྟེང་དུའང་ནོར་ནག་དང་འབྲེལ་བའི་རྒྱན་ཆས་གང་མང་མཐོང་དུ་ཡོད་ལ།  བོད་མི་རྣམས་ཀྱིས་ལག་པ་གཉིས་ཡར་བཀྱགས་ཏེ་ཀུ་འདེབས་པའི་བྱ་སྤྱོད་དང་བོད་མིའི་བྲོ་ཡི་སྟངས་སྟབས་གང་མང་ཞིག་ཀྱང་གནའ་བོའི་བོད་པ་རྣམས་ཀྱིས་ནོར་ནག་ལ་ལད་ཟློས་བྱས་པ་ལས་འགྱུར་འོངས་པར་སྙམ་མོ། །

རྩོམ་ཁུངས།  ཐུ་བྷོད་གཞོན་ནུ་འཕྲིན་སྟེགས་ལས་བཤུས། 

དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། yvn2 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
6403715
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།