༧སྐུ་ཕྱོགས་རྒྱ་ལི་རིན་པོ་ཆེའི་ཡང་སྤྲུལ་མྱུར་འབྱོན་གསོལ་འདེབས།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 5 ཚེས 26 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བཅད་རྩོམ། »༧སྐུ་ཕྱོགས་རྒྱ་ལི་རིན་པོ་ཆེའི་ཡང་སྤྲུལ་མྱུར་འབྱོན་གསོལ་འདེབས
༧སྐུ་ཕྱོགས་རྒྱ་ལི་རིན་པོ་ཆེའི་ཡང་སྤྲུལ་མྱུར་འབྱོན་གསོལ་འདེབས།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2020-02-20ལྟ་ཀློག (3926)རྩོམ་ཁུངས: ངེད་དྲ་བ།

༄༅།།ཡང་སྤྲུལ་མྱུར་འབྱོན་བདེན་ཚིག་རེ་འབྲས་ལྷུན་གྲུབ་

  ཞེས་བྱ་བ་བཞུགས་སོ།

   རྨད་བྱུང་སྒྲིབ་བྲལ་ཆོས་སྐུའི་མཁའ་དབྱིངས་སུ།།
  བརྩེ་ཆེན་ནུས་མཐུས་ཆུ་འཛིན་འཁྲིགས་པ་ལས།།
  གང་བསམ་འདོད་རྒུའི་རེ་འབྲས་ཆར་བཞིན་དུ།།
  སྩོལ་མཛད་བླ་མ་མཆོག་གསུམ་ཐུགས་རྗེས་གཟིགས།།
  བློ༵་བཟ༵ང་རྒྱལ་བའི་རང་ལུགས་བྷོ་ཊའི་ལྗོངས།།
སྤེལ་སླད་ཐ་མལ་གཟུགས་སུ་རྣམ་རོལ་བ།།
སྐུ་གསུང་ཐུགས་ཀྱི་ཆོ་འཕྲུལ་ལ་བརྟེན་ནས།།
འཕྲི༵ན་ལ༵ས་ཀུན་སྩོལ་དམ་པར་གསོལ་བ་འདེབས།།
རྒྱལ་ཀུན་ཡེ༵་ཤེ༵ས་གཅིག་བསྡུས་ངོ་བོ་ཉིད།།
མདོ་སྔགས་བཤ༵ད་སྒྲུབ༵་བྱ་པའི་ཁུར་བཞེས་ནས།།
ལུང་རྟོགས་ཆོས་ཀྱི་བསྟན༵་པ་དར༵་ཞིང་རྒྱས།།
དོན་གཉིས་མཐར་ཕྱིན་མཛད་ལ་གསོལ་བ་འདེབས།།
མགོན་པོ་ཁྱོད་ནི་བསྐལ་བའི་སྔོན་རོལ་ནས།།
བླ་མེད་སྐུ་བཞིའི་གོ་འཕང་མཆོག་བརྙེས་ཅིང་།།
དེང་འདིར་སྙིགས་མའི་སྐྱེ་བོ་མགོན་མེད་རྣམས།།
ཐུགས་རྗེའི་ལྕགས་ཀྱུས་ཡལ་བར་འདོར་རིགས་སམ།།
བསྟན་དང་འགྲོ་བའི་དོན་ཆེན་ཉེར་དགོངས་ནས།།
རྨད་བྱུང་མཁས་བཙུན་བཟང་བོའི་འཕྲིན་ལས་ཀྱིས།།
རྒྱལ་བའི་བསྟན་པ་ཕྱོགས་བཅུར་སྤེལ་ནུས་པའི།།
ངུར་སྨྲིག་འཆང་བའི་ཡང་སྤྲུལ་མྱུར་མཇལ་ཤོག།
གང་ལ་བརྟེན་ན་རེ་བའི་འབྲས་བཟང་ཀུན།།
བདེ་བླག་སྩོལ་མཛད་བླ་མ་ཡི་དམ་ལྷ།།
མྱུར་མཛད་ཆོས་རྒྱལ་དྲེགས་པ་ལྕམ་སྲིང་སོགས།།
བསྟན་སྲུང་རྒྱ་མཚོས་ཚུལ་འདིར་མཐུ་རྩལ་བསྐྱེད།།
མཆོག་གསུམ་སྲུང་མའི་ཚོགས་ཀྱི་ནུས་མཐུ་དང་།།
གང་གིས་ཐུགས་བསྐྱེད་ཚོགས་པའི་རྟེན་འབྱུང་གིས།།
ཇི་ལྟར་བསམ་པའི་འདོད་དོན་མ་ལུས་པ།།
སྨོན་པའི་རེ་འབྲས་ལྷུན་གྱིས་གྲུབ་གྱུར་ཅིག །

    ཅེས་པ་འདི་ནི་ཨ་རིག་རྭ་རྒྱ་དགོན་པའི་སྐུ་ཕྱོགས་རྣམ་གསུམ་གྱི་ཡ་གྱལ་རྒྱ་ལི་མཆོག་སྤྲུལ་རིན་པོ་ཆེ་༧ རྗེ་བློ་བཟང་འཕྲིན་ལས་ཡེ་ཤེས་བཤད་སྒྲུབ་བསྟན་དར་དཔལ་བཟང་བོ་དགོངས་པ་ཆོས་དབྱིངས་སུ་འཐིམས་པའི་ཚུལ་བསྟན་སྐབས་གོང་ཡུ་༧བློ་བཟང་ཚུལ་ཁྲིམས་དང་གཡུ་ལུང་སྤྲུལ་སྐུ་༧ཐུབ་བསྟན་ལུང་རིག་རྒྱ་མཚོ་གཉིས་གཙོ་བྱས་པའི་ལྷ་སྡེ་ཚོ་བ་བརྒྱད་དང་སྒར་གྲོང་སྐྱ་སེར་ཡོངས་ནས་བཀྲ་ཤིས་ལྷ་དར་དང་བཅས་ནན་གྱིས་བསྐུལ་ངོར།  གཙོ་རི་སྤྲུལ་མིང་བ་༧ བློ་བཟང་འཇིགས་མེད་བསྟན་པའི་རྒྱལ་མཚན་གྱིས་བོད་རབ་རྒྱན་ས་མོ་ཕག་གི་ལོའི་བོད་ཟླ་༡༢་པའི་ཚེས་༢༥་ལ་རྭ་རྒྱ་དགོན་དུ་བྲིས།


༄༅། །ཚེ་རབས་རྗེས་འཛིན་གྱི་གསོལ་འདེབས་ཐར་བའི་ལམ་འདྲེན་ཞེས་བྱ་བ་བཞུགས་སོ། །

   རླབས་ཆེན་ཐུགས་བསྐྱེད་འཕྲིན་ལས་ཟ་མ་ཏོག ། མཁྱེན་དང་བརྩེ་བའི་ནོར་གྱིས་ཡོངས་གཏམས་ཤིང་། ། བསླུ་མེད་བདེན་ཚིག་གྲུབ་པའི་རྡོ་རྗེའི་སྲོག ། རྒྱལ་ཡུམ་ཨརྱ་ཏཱ་རེས་མགོན་སྐྱོབ་མཛོད། ། བློ་བཟང་རྒྱལ་བའི་འཕྲིན་ལས་འོད་སྟོང་འབར། ། ཡེ་ཤེས་ཆོས་སྐུས་བཤད་སྒྲུབ་བསྟན་པ་འཛིན། ། གསུང་དབྱངས་ཟབ་མོ་རིགས་པའི་དར་ཆེན་ཅན། །དཔལ་ལྡན་བླ་མ་བཟང་བོར་གསོལ་བ་འདེབས། ། གང་ཁྱོད་བརྩེ་ཆེན་ལྷུན་པོའི་དཔངས་མཐོ་ཞིང་། ། འགྲོ་ཀུན་འདྲེན་པའི་དམ་བཅའ་ཐེག་པའི་མདུད། ། མི་བཤིག་རྡོ་རྗེའི་ཁམས་སུ་གྲུབ་ན་ཡང་། ། གཟུགས་སྐུའི་བཀོད་པ་བསྡུ་བ་ཅི་ལ་དགོངས། །ཉམ་ཐག་མ་རྒན་འགྲོ་རྣམས་སྐྱབས་དང་བྲལ། ། མི་བཟད་ཉོན་མོངས་དུག་གིས་ཡོངས་སུ་མནར། །དེ་ཕྱིར་སྐྱོ་གདུང་དྲག་པོས་གསོལ་འདེབས་ན། ། ཐུགས་རྗེའི་སྤྱན་གྱིས་གཡེལ་མེད་རྗེས་འཛིན་མཛོད།། བདག་ཅག་སྙིགས་མའི་མུན་ནག་འོབས་སུ་ལྷུངས། ། མི་འདོད་ཕྱི་ནང་རྐྱེན་གྱིས་ཡོངས་སུ་གཙེས། ། ཁྱེད་སྐུ་མཚན་དཔེ་འབར་བའི་ཉི་འོད་ཀྱིས། །ལམ་མཆོག་སྒོ་བརྒྱ་འབྱེད་པའི་རྗེས་འཛིན་མཛོད། ། སྐལ་དམན་སྡེ་སྣོད་རྟོགས་པའི་མིག་ལྡོངས་ཤིང་། ། བསླབ་གསུམ་ཉམས་སུ་ལེན་པའི་ནོར་གྱིས་དབུལ། ། མགོན་ཁྱོད་གསུང་དབྱངས་དྲུག་ཅུའི་ཡན་ལག་གིས། ། མ་ནོར་ལམ་བཟང་སྟོན་པའི་རྗེས་འཛིན་མཛོད། ། ངེད་ཅག་བདག་འཛིན་དྲ་བའི་སྦུབས་སུ་ཚུད། ། འདོད་སྲེད་མ་རིག་ཐག་པས་དམ་དུ་བཅིངས། །གང་ཐུགས་གཉིས་མེད་ཡེ་ཤེས་རལ་གྲི་ཡིས། ། ཡོངས་སུ་གཏོར་ཏེ་ཐར་བའི་ལམ་སྣ་དྲོངས། ། ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་འཕྲིན་ལས་ཀྱིས། ། བླངས་དོར་མངོན་མཐོ་ངེས་ལེགས་རིམ་བགྲོད་དེ། ། རྒྱལ་སྲས་བྱང་ཆུབ་ལམ་ལ་གོམས་བྱས་ནས།། གཞན་དོན་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། ། མགོན་ཁྱོད་དག་པའི་ཞིང་མཆོག་གར་བཞུགས་ཀྱང་། ། བདག་སོགས་མར་གྱུར་སེམས་ཅན་ཐམས་ཅད་ལ། ། བརྩེ་བའི་འཛུམ་གྱིས་ཞལ་བཟང་མངོན་གྱུར་ཏེ། ། གསུང་མཆོག་བདུད་རྩིའི་བགོ་སྐལ་བསྩལ་དུ་གསོལ། ། མདོར་ན་དེང་ནས་བྱང་ཆུབ་སྙིང་བོའི་བར། ། བརྩེ་ཆེན་ཁྱེད་ཀྱི་ཐུགས་རྗེའི་ལྕགས་ཀྱུ་ཡིས། ། འཆོར་མེད་དམ་དུ་བཏགས་ཏེ་སྐད་ཅིག་ལ། ། ཁྱེད་དང་འབྲལ་བ་མེད་པ་ཉིད་གྱུར་ཅིག ། འདི་ནས་ཤི་འཕོས་གྱུར་བའི་སྐད་ཅིག་དེར། ། སྐྱབས་གསུམ་ཀུན་འདུས་བླ་མ་རིན་པོ་ཆེ། ། མངོན་སུམ་མཇལ་ཞིང་མ་ནོར་ལམ་བསྟན་ནས། །ཞིང་མཆོག་བདེ་བ་ཅན་ལ་འཁྲིད་དུ་གསོལ། ། དགེ་བ་འདི་ཡིས་སྐྱེ་འགྲོ་མ་ལུས་པའི། ། འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་དཔལ་གྲུབ་སྟེ། ། དམ་ཆོས་བདུད་རྩིའི་དཔལ་ལ་མངོན་རོལ་ནས། ། སྐུ་གསུམ་རྒྱལ་བའི་གོ་འཕང་མྱུར་ཐོབ་ཤོག ། དགེའོ། །

ཅེས་པ་འདི་ནི་ཨ་རིག་རྭ་རྒྱ་དགོན་པའི་སྐུ་ཕྱོགས་རྣམ་གསུམ་གྱི་ཡ་གྱལ་རྒྱ་ལི་མཆོག་སྤྲུལ་རིན་པོ་ཆེ་༧ རྗེ་བློ་བཟང་འཕྲིན་ལས་ཡེ་ཤེས་བཤད་སྒྲུབ་བསྟན་དར་དཔལ་བཟང་བོ་དགོངས་པ་ཆོས་དབྱིངས་སུ་འཐིམས་པའི་ཚུལ་བསྟན་སྐབས་གོང་ཡུ་༧བློ་བཟང་ཚུལ་ཁྲིམས་དང་གཡུ་ལུང་སྤྲུལ་སྐུ་༧ཐུབ་བསྟན་ལུང་རིག་རྒྱ་མཚོ་གཉིས་གཙོ་བྱས་པའི་ལྷ་སྡེ་ཚོ་བ་བརྒྱད་དང་སྒར་གྲོང་སྐྱ་སེར་ཡོངས་ནས་བཀྲ་ཤིས་ལྷ་དར་དང་བཅས་ནན་གྱིས་བསྐུལ་ངོར། གཙོ་རི་སྤྲུལ་མིང་བ་༧ བློ་བཟང་འཇིགས་མེད་བསྟན་པའི་རྒྱལ་མཚན་གྱིས་བོད་རབ་རྒྱན་ས་མོ་ཕག་གི་ལོའི་བོད་ཟླ་༡༢པའི་ཚེས་༢༥ལ་རྭ་རྒྱ་དགོན་དུ་བྲིས།



དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། fc5i བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
6350034
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།