༄༅།། བཀའ་གདམས་ཀྱི་སྐྱེས་བུ་དམ་པ་རྣམས་ཀྱི་གསུང་བགྲོས་ཐོར་བུ་བ་རྣམས་བཞུགས་སོ།།
བླ་མ་དམ་པ་རྣམས་ལ་གུས་པས་ཕྱག་འཚལ་ལོ།། ཇོ་བོ་ཆེན་པོ་རྗེ་ལྷ་གཅིག་བོད་ཡུལ་དབུས་སུ་བྱོན་པའི་དུས་ན། ཇོ་བོའི་སློབ་མ་ཁུ་རྔོག་འབྲོམ་གསུམ་གྱིས། ཇོ་བོ་རྟེན་གྱི་གང་ཟག་གཅིག་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་བྱེད་པ་ལ། བཀའ་བསྟན་བཅོས་ཀྱི་གཞུང་དང་། བླ་མའི་གདམས་ངག་གཉིས་གང་གཙོ་ལགས་ཞུས་པས། ཇོ་བོའི་ཞལ་ནས།
གཞུང་བས་གདམས་ངག་གཙོ་གསུངས། དེའི་ཅི་སྟེ་ལགས་ཞུས་པས། སྡེ་སྣོད་གསུམ་ཁ་ཏོན་དུ་འཆད་ཤེས་ཤིང་ཆོས་ཐམས་ཅད་ཀྱི་མཚན་ཉིད་ལ་མཁས་ཀྱང་།
ཉམས་སུ་ལེན་པའི་དུས་ན་བླ་མའི་གདམས་ངག་གི་ལག་ལེན་མེད་ན་ཆོས་གང་དང་གང་ཟག་སོ་སོར་འགྲོ་གསུང་། བླ་མའི་གདམས་ངག་གི་ལག་ལེན་ཡང་འབུས་ཀྱིས་དྲིལ་ན། སྡོམ་པ་གསུམ་ལ་གནས་བར་བྱ་བ་དང་། སྒོ་གསུམ་དགེ་བ་ལ་འབད་པ་ལས་གདའ་ཡེ་ཞུས་པས། ཇོ་བོའི་ཞལ་ནས། སྡོམ་པ་གསུམ་ལ་གནས་ཤིང་དག་ཀྱང་ཁམས་གསུམ་འཁོར་བ་ལས་ཡིད་མ་ཕྱུང་ན་སླར་འཁོར་བའི་རྒྱུ་བྱེད། ཉིན་མཚན་དུ་སྒོ་གསུམ་དགེ་བ་ལ་འབད་ཀྱང་། རྫོགས་པའི་བྱང་ཆུབ་ཏུ་བསྔོ་མ་ཤེས་ན་ཕྱིན་ཅི་ལོག་གི་རྟོག་པ་འགའ་ཞིག་གིས་མཛད། མཁས་བཙུན་སྟོན་སྒོམ་དུ་ཡོད་ཀྱང་། འཇིག་རྟེན་ཆོས་བརྒྱད་ལ་བློ་མ་ལོག་ན། ཅི་བྱས་ཚེ་འདིའི་འདུན་མར་སོང་ནས་ཕྱི་མའི་ལམ་མི་རྙེད་གསུང་།
ཡང་ཁུ་རྔོག་འབྲོམ་གསུམ་གྱིས། ཇོ་བོ་ལ་ལམ་གྱི་ཆོས་ཐམས་ཅད་ཀྱི་མཆོག་གང་ལགས་ཞུས་པས། ཇོ་བོའི་ཞལ་ནས། མཁས་པའི་མཆོག་བདག་མེད་་ཀྱི་དོན་རྟོགས་པ་ཡིན། བཙུན་པའི་མཆོག་སེམས་རྒྱུད་ཐུབ་པ་ཡིན།
ཡོན་ཏན་གྱི་མཆོག་ཕན་སེམས་ཆེ་བ་ཡིན། གདམས་ངག་གི་མཆོག་རྟག་ཏུ་རང་སེམས་ལ་བལྟ་བ་ཡིན། གཉེན་པོའི་མཆོག་གང་ཡང་རང་བཞིན་མེད་པར་ཤེས་པ་ཡིན། སྤྱོད་པའི་མཆོག་འཇིག་རྟེན་པ་དང་མི་མཐུན་པ་ཡིན། དངོས་གྲུབ་ཀྱི་མཆོག་ཉོན་མོངས་པ་ཇེ་ཆུང་ལ་སོང་བ་ཡིན། གྲུབ་རྟགས་ཀྱི་མཆོག་འདོད་པ་ཇེ་ཆུང་ལ་སོང་བ་ཡིན། སྦྱིན་པའི་མཆོག་མ་ཆགས་པ་ཡིན། ཚུལ་ཁྲིམས་ཀྱི་མཆོག་སེམས་ཞི་བ་ཡིན། བཟོད་པའི་མཆོག་དམན་ཆ་བཟུང་བ་ཡིན།བརྩོན་འགྲུས་ཀྱི་མཆོག་བྱ་བ་ཐོངས་པ་ཡིན།
བསམ་གཏན་གྱི་མཆོག་བློ་མ་བཅོས་པ་ཡིན། ཤེས་རབ་ཀྱི་མཆོགགང་ལ་ཡང་ངར་འཛིན་མེད་པ་ཡིན། དགེ་བའི་བཤེས་གཉེན་གྱི་མཆོག་འཚང་ལ་རྒོལ་བ་ཡིན། གདམས་ངག་གི་མཆོག་འཚང་ཐོག་ཏུ་འབེབས་པ་ཡིན། གྲོགས་ཀྱི་མཆོག་དྲན་པ་དང་ཤེས་བཞིན་ཡིན། བསྐུལ་མའི་མཆོག་དགྲ་བགེགས་དང་ན་ཚ་སྡུག་བསྔལ་ཡིན། ཐབས་ཀྱི་མཆོག་བཅས་བཅོས་མེད་པ་ཡིན། ཕན་བཏགས་པའི་མཆོག་ཆོས་ལ་བཙུད་པ་ཡིན། ཕན་ཐོགས་པའི་མཆོག་ཆོས་ལ་བློ་སྣ་འགྱུར་བ་ཡིན་གསུང་།
འབྲོམ་སྟོན་པས་ཆོས་ཐམས་ཅད་ཀྱི་མཐར་ཐུག་གང་ལགས་ཞུས་པས། ཆོས་ཐམས་ཅད་ཀྱི་མཐར་ཐུག་སྟོང་ཉིད་སྙིང་རྗེའི་སྙིང་བོ་ཅན་ཡིན་གསུང་། དཔེར་ན། འཇིག་རྟེན་ན་སྨན་དཔའ་བོ་ཆིག་ཐུབ་བྱ་བ་ནད་ཐམས་ཅད་ཀྱི་གཉེན་པོར་འགྲོ་བ་ཅིག་ཡོད་པ་ཡིན། དཔེ་དེ་བཞིན་དུ་སྨན་དཔའ་བོ་ཆིག་ཐུབ་ལྟ་བུ། ཆོས་ཉིད་སྟོང་བ་ཉིད་ཀྱི་དོན་རྟོགས་ན་ཉོན་མོངས་པ་ཐམས་ཅད་ཀྱི་གཉེན་པོར་འགྲོ་བ་ཡིན་གསུངས། འོ་ན་སྟོང་བ་ཉིད་རྟོགས་ཟེར་བ་ཀུན་གྱི་ཆགས་སྡང་ཁ་མ་བྲི་བར་གདའ་བ་ཅི་ལགས་ཞུས་པས། ཇོ་བོའི་ཞལ་ནས། དེ་ཀུན་ཁ་སྐོང་དུ་སོང་བ་ཡིན། སྟོང་བ་ཉིད་ཀྱི་དོན་གཤའ་མར་རྟོགས་ན་ལུས་ངག་ཡིད་གསུམ་རས་བལ་རྡོག་པས་མནན་པའམ། ཕྱེ་ཐུག་ལ་ཟོ་མང་སྐྱུར་བ་བཞིན་དུ་འགྲོ། སློབ་དཔོན་ཨཱརྱ་དེ་བའི་ཞལ་ནས། ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་བར་འདུག་གམ་མི་འདུག་སྙམ་དུ་ཐེ་ཚོམ་ཟས་པ་ཙམ་གྱིས་ཀྱང་སྲིད་པ་ཧྲིལ་བོར་འགྲོ་གསུང་། དེས་ན་སྟོང་བ་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པ་ཅིག་རྟོགས་ན་སྨན་དཔའ་བོ་ཆིག་ཐུབ་དང་མཚུངས་ཏེ། ལམ་གྱི་ཆོས་ཐམས་ཅད་དེའི་ཁོང་ན་ཡོད་གསུང་། སྟོང་བ་ཉིད་རྟོགས་པའི་ཁོངས་ན། ལམ་གྱི་ཆོས་ཐམས་ཅད་ཇི་ལྟར་བདོག་ཞུས་པས། ཇོ་བོའི་ཞལ་ནས། ལམ་གྱི་ཆོས་ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་འདུས་ཏེ། སྟོང་བ་ཉིད་དོན་ཕྱིན་ཅི་མ་ལོག་པ་ཅིག་རྟོགས་ན་ཕྱི་ནང་གི་དངོས་པོ་མཐའ་དག་ལ་ཞེ་འདོད་འཛིན་ཆགས་མེད་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྒྱུན་ཆད་མེད་པར་ཡོད། འཛིན་ཆགས་མེད་པ་ལ་མི་དགེ་བའི་དྲི་མའི་མ་གོས་པས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱུན་ཆད་མེད་པར་ཡོད། དེ་ལ་ང་དང་ང་ཡིར་འཛིན་པའི་ཁོང་ཁྲོ་མེད་པས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྒྱུན་ཆད་མེད་པར་ཡོད། དེ་རྟོགས་པའི་དོན་ལ་སེམས་མངོན་པ་སྤྲོ་བ་དང་ལྡན་པས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱུན་ཆད་མེད་པར་ཡོད། དེ་ལ་དངོས་པོར་འཛིན་པའི་གཡེང་བ་དང་བྲལ་བ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྒྱུན་ཆད་མེད་པར་ཡོད། གང་ལ་ཡང་འཁོར་གསུམ་དུ་རྟོག་པའི་ཡིད་དང་བྲལ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱུན་ཆད་མེད་པར་ཡོད་གསུང་།
འོ་ན་དོན་རྟོགས་པ་ཅིག་ལ་སྟོང་བ་ཉིད་ཀྱི་ལྟ་སྒོམ་ཁོ་ནས་སངས་རྒྱས་ལགས་སམ་ཞུས་པས། འདི་ལྟར་སྣང་ཚོད་གྲགས་ཚོད་འདི་ཐམས་ཅད་རང་གི་སེམས་ལས་མ་བྱུང་བ་མེད། སེམས་རིག་པ་སྟོང་བ་ཡིན། དེ་རིག་སྟོང་གཉིས་མེད་དུ་རྟོགས་པ་དེ་ལྟ་བ་ཡིན། དེ་ལ་མ་ཡེངས་པར་དྲན་པ་རྒྱུན་ཆགས་སུ་གནས་པ་དེ་སྒོམ་པ་ཡིན། དེའི་ངང་ནས་སྒྱུ་མ་ལྟ་བུས་ཚོགས་གཉིས་གསོག་པ་དེ་སྤྱོད་པ་ཡིན། དེ་ད་ལྟ་ཉམས་འོག་ཏུ་ཚུད་པ་ཅིག་ཡོད་ན་རྨི་ལམ་དུ་འོང་། རྨི་ལམ་དུ་བྱུང་ན་འཆི་ཁར་འོང་འཆི་ཁར་བྱུང་ན་བར་དོར་འོང་། བར་དོར་བྱུང་ན་མཆོག་གི་དངོས་གྲུབ་ཐོབ་ངེས་པ་ཡིན་གསུང་།
ཇོ་བོ་རྗེ་སྙེ་ཐང་ན་བཞུགས་པའི་ཚེ། ཞང་སྣ་ཆུང་སྟོན་པ་དང་། གྱུ་ར་སྟོན་པ་དང་། ལྷད་ཚང་སྟོན་པ་གསུམ་གྱིས་ཚད་མའི་གྲུབ་པའི་མཐའ་ཞུས་པས།
ཇོ་བོའི་ཞལ་ནས། ཕྱི་རོལ་མུ་སྟེགས་པ་དང་ནང་བ་སངས་རྒྱས་པའི་གྲུབ་མཐའ་མང་དུ་ཡོད་དེ། དེ་ཐམས་ཅད་རྣམ་པར་རྟོག་པའི་ཕྲེང་བ་ཡིན། རྣམ་རྟོག་བགྲང་གིས་མི་ལང་དགོས་པ་མེད། ཚེ་ལ་ལོང་མེད་པས་སྙིང་བོའི་དོན་བསྡུ་བའི་དུས་ཡིན་གསུང་། ཞང་སྣ་ཆུང་སྟོན་པས། སྙིང་བོའི་དོན་ཇི་ལྟར་བསྡུ་ཞུས་པས།
ཇོ་བོའི་ཞལ་ནས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྦྱོངས། དེ་རྣམས་ཀྱི་དོན་དུ་ཚོགས་གཉིས་སོག་པ་ལ་འབད་པར་གྱིས། དེ་ལས་བྱུང་བའི་དགེ་བའི་རྩ་བ་ཐམས་ཅད་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་རྫོགས་པའི་བྱང་ཆུབ་ཏུ་བསྔོས། དེ་ཐམས་ཅད་ཀྱི་རང་བཞིན་སྟོང་བ། མཚན་ཉིད་རྨི་ལམ་སྒྱུ་མ་ལྟ་བུར་ཤེས་པར་གྱིས་གསུང་། ཇོ་བོ་རྗེ་ཉིད་དང་བོར་མངའ་རིས་སུ་བྱོན་པའི་དུས་ན་མངའ་རིས་སུ་ལོ་གཉིས་བཞུགས་ནས། ལྷ་བྱང་ཆུབ་འོད་ཀྱི་དབུ་མཛད་པ་རྣམས་ལ་གདམས་པ་མང་པོ་གནང་ནས་རྒྱ་གར་དུ་གཤེགས་པར་དགོངས་ནས་ལམ་དུ་བཞུད་ཁར། ལྷ་བྱང་ཆུབ་འོད་ཀྱིས་ད་དུང་ཞལ་གདམས་ཅིག་ཞུ་བྱས་པས། ཇོ་བོའི་ཞལ་ནས་སྔར་གྱི་ཆོས་ཆོག་ལགས་གསུང་བ་ལ། ལྷས་ནན་སྐྱེད་པས་གདམས་པ་འདི་གནང་བའོ།།ཨེ་མའོ།། མཁྱེན་པ་མཐོ་ཞིང་ཐུགས་དགོངས་ཤིན་ཏུ་ཟབ་པའི་གྲོགས་དག་ལ། རང་མཁས་མེད་པའི་བློ་དམན་དག་གིས་མཆིད་གྲོས་གསོལ་བར་སོར་མི་རིགས་ཀྱང་། སྙིང་བོས་གཅེས་པའི་གྲོགས་པོ་དམ་པ་ཁྱེད་ལ་བདག་གིས་སྐུལ་བས་ན། བྱིས་པ་བློ་ཆུང་བདག་གིས་གྲོགས་ཀྱི་ཐུགས་ལ་མཆིད་གྲོས་འདི་འདེབས་སོ།། གྲོགས་དག་བྱང་ཆུབ་མ་ཐོབ་བར་དུ་བླ་མ་དགེ་བའི་བཤེས་གཉེན་དམ་པ་བསྟེན། གནས་ལུགས་མ་རྟོགས་བར་དུ་ཐོས་པ་དགོས་པས་བླ་མའི་གདམས་ངག་ཉོན། ཆོས་ནི་ཤེས་པ་ཙམ་གྱིས་སངས་མི་རྒྱ་བས་ཤེས་པས་མི་ཆོག་ཉམས་སུ་ལོངས།
སེམས་ལ་གནོད་པའི་ཡུལ་དང་ཐག་བསྲིངས་རྟག་ཏུ་དགེ་བ་འཕེལ་སར་སྡོད། བརྟན་པ་མ་ཐོབ་བར་ཏུ་འདུ་འཛིས་གནོད་པས་དབེན་པའི་ནགས་ཁྲོད་བསྟེན། ཉོན་མོངས་སྐྱེ་བའི་གྲོགས་པོ་སྤོངས་ལ་དགེ་འཕེལ་གྲོགས་བསྟེན་དེ་སེམས་བཟུངས། ནམས་ཡང་བྱ་བའི་ལས་ལ་ཟིན་པ་མེད་པས་ཞོག་ལ་ལྷན་གྱིས་སྡོད། ཉིན་མཚན་རྟག་ཏུ་དགེ་བ་བསྔོ་ཞིང་རྟག་ཏུ་རང་སེམས་བྱ་ར་གྱིས། མན་ངག་ཡོད་པས་བསྒོམ་པ་མིམན་ནམ་ཅི་བྱེད་བླ་མའི་གསུང་བཞིན་སྒྲུབས། གུས་པ་ཆེན་པོས་བསྒྲུབ་ན་རིང་བོར་མི་ཐོགས་འབྲས་བུ་འཕྲད་དུ་འབྱུང་། སྙིང་ནས་ཆོས་བཞིན་བྱས་ན་ལྟོ་རྒྱབ་གཉིས་ཀ་ཞོར་ལ་འབྱུང་ཚུལ་འདུག གྲོགས་དག་འདོད་པ་རྣམས་ལ་ཚ་ཆུ་འཐུངས་བཞིན་ངོམས་པ་མེད་པས་ཆོག་ཤེས་མཛོད། དྲེགས་རློམ་ང་རྒྱལ་ཁེངས་པའི་སེམས་ཀུན་སྨོད་པ་ཞི་ཞིང་དུལ་བར་གྱིས། བསོད་ནམས་ཟེར་བའི་འདུ་འཛི་དེ་ཡང་ཆོས་ཀྱི་བར་ཆད་ཡིན་པས་སྤོངས།
། རྙེད་དང་བཀུར་སྟི་བདུད་ཀྱི་ཞགས་པ་ཡིན་པས་སྲང་ཁའི་རྡོ་བཞིན་སྲོལ།
། བསྟོད་དང་གྲགས་པའི་ཚིག་རྣམས་བསླུ་བྲིད་ཡིན་པས་མཆིལ་སྣབས་བཞིན་དུ་དོར།།
ད་ལྟའི་བདེ་སྐྱིད་གཉེན་གསུམ་འཛོམ་ཡང་ཡུད་ཙམ་ཡིན་པས་རྒྱབ་ཏུ་སྐྱུར། ། འདི་བས་ཕྱི་མ་རིང་བས་ཕྱི་མའི་རྒྱགས་ཕྱེར་ནོར་རྣམས་གཏེར་དུ་སྦོས།
། ཐམས་ཅད་བོར་ནས་འགྲོ་བ་ཅིས་ཀྱང་བྱར་མེད་གང་ལའང་ཞེན་མེད་གྱིས།། དམན་པ་རྣམས་ལ་སྙིང་རྗེ་སྐྱེད་ལ་ཁྱད་དུ་གསོད་དང་བརྙས་པ་སྤོངས།། དགྲ་ཟིན་སྡེ་རིས་ཀུན་ལ་ཞེན་ཅིང་ཆགས་པའི་ཕྱོགས་རིས་མེད་པར་མཛོད།། ཡོན་ཏན་ཅན་ལ་ཕྲག་དོག་མི་བྱ་གུས་པར་གྱུས་ལ་ཡོན་ཏན་བླང་།
གཞན་སྐྱོན་མི་བརྟགས་རང་སྐྱོན་བརྟགས་ལ་རང་སྐྱོན་ཁྲག་ངན་བཞིན་དུ་ཕྱུང་། ། རང་དགེ་མི་བསམ་གཞན་དགེ་བསམས་ལ་ཀུན་ལ་བྲན་བཞིན་གུས་པར་མཛོད།།
འགྲོ་བ་ཀུན་ལ་ཕ་མའི་འདུ་ཤེས་བསྐྱེད་ལ་བུ་བཞིན་བྱམས་པར་གྱིས། རྟག་ཏུ་འཛུམ་པའི་བཞིན་དང་བྱམས་པའི་ཡིད་ཀྱིས་ཁྲོ་མེད་གསོང་བོར་སྨྲོས། འབྲེལ་མེད་སྨྲ་བ་མངས་ན་འཁྲུལ་བ་ཉུང་བས་ཚོད་བཟུང་རན་པར་སྨྲོས། དོན་མེད་བྱ་བ་མངས་ན་དགེ་སྦྱོར་འཆག་པས་ཆོས་མིན་བྱ་བ་ཞོག། སྙིང་བོ་མེད་པའི་ལས་ལ་རྩོལ་བ་མ་ཆེ་དལ་བ་དོན་མེད་ཡིན།
། གང་ཡང་འདོད་ཁར་མི་འཆི་ཕ་རོལ་ལས་ལས་གྲུབ་པས་ལྷོད་ཀྱིས་གློད་ན་བདེ། ཀྭ་ཡེ་དམ་པས་ཁྲེལ་ན་ཤི་དང་འདྲ་བས་གཡོ་མེད་དྲང་བོར་སྲོང་།
།ཚེ་འདིའི་བདེ་སྡུག་སྔ་མའི་ལས་ལ་བྱུང་བས་གཞན་ལ་གྱོད་མི་བདའ། བདེ་བ་ཐམས་ཅད་བླ་མའི་བྱིན་རླབས་ལགས་པས་དྲིན་དུ་གཟོ་བོར་མཛོད།
།རང་རྒྱུད་མ་ཐུལ་བར་དུ་གཞན་རྒྱུད་མི་ཐུལ་བས་ན་ཐོག་མར་རང་རྒྱུད་ཐུལ། མངོན་ཤེས་མེད་པར་གཞན་དག་སྨན་པར་མི་ནུས་པས་ན་སྒྲུབ་ལ་བརྩོན་པར་མཛོད །།
བསགས་པའི་ནོར་རྣམས་བཞག་ནས་འགྲོ་བར་ངེས་པས་ནོར་ཕྱིར་སྡིག་མ་སོག། ལོངས་སྤྱོད་གཡེང་བ་འདི་ལ་སྙིང་བོ་མེད་པས་སྦྱིན་པ་ཡོན་གྱིས་བརྒྱན་པ་ཐོང་།
།ཚེ་འདིར་མཛེས་ཤིང་་ཕྱི་མར་བདེ་པས་རྟག་ཏུ་ཚུལ་ཁྲིམས་རྣམ་དག་སྲུངས། །སྙིགས་མའི་དུས་ན་ཞེ་སྡང་སྡོ་བས་ཁྲོ་མེད་བཟོད་པའི་གོ་ཆ་གྱོན།།
ལེ་ལོའི་དབང་གིས་མ་རུང་ལུས་པས་སྒྲུབ་པའི་བརྩོན་འགྲུས་མེ་ལྟར་སྦོར།། ཡེངས་མ་ལན་དུ་མི་ཚེ་ཟད་པས་ད་ནི་བསམ་གཏན་བྱ་བར་རན།།
ལོག་ལྟའི་དབང་གིས་གནས་ལུགས་དོན་མི་རྟོགས་པས་ཡང་དག་དོན་ལ་གཞིགས།། གྲོགས་དག་འཁོར་བའི་འདབ་རྫབ་འདི་ན་སྐྱིད་མེད་ཐར་བའི་སྐམ་སར་གཤེགས།།
བླ་མའི་གདམས་ངག་ཚུལ་བཞིན་བསྒོམས་ལ་འཁོར་བའི་སྡུག་བསྔལ་ཆུ་བོ་སྐོམས།། རང་གི་སེམས་ལ་ཆོངས་དང་ཁ་ཚིག་མིན་གྱིས་གྲོས་ལ་གསན་པར་རིགས།། དེ་ལྟར་མཛད་ན་བདག་ཀྱང་དགའ་ལ་རང་གཞན་ཀུན་ཡང་སྐྱིད་པར་མཆིས།། རྨོངས་པ་བདག་གིས་གདམས་ངག་འདི་ལ་ཁྱེད་ཀྱིས་ཅིས་ཀྱང་གསན་པར་ཞུ།། ཞེས་ཇོ་བོ་ལྷ་གཅིག་གིས་ལྷ་བཙུན་བྱང་ཆུབ་འོད་ལ་གདམས་པའོ།། ། །
ཇོ་བོ་ཡེར་བའི་བྲག་ལ་བཞུགས་པའི་ཚེ་འོལ་རྒོད་པ་ཡེ་ཤེས་འབར་བ་ལ་གདམས་པ་ནི།
བཅོ་ལྡན་འདས་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ།། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ།། རིགས་ཀྱི་བུ་ཁྱོད་ཀྱིས་ཁོ་བོའི་ཚིག་འདི་དག་ལེགས་པར་དགོངས་ཤིག སྤྱིར་ན་སྙིགས་མའི་དུས་ཀྱི་མི་རྣམས་ཀྱི་ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་བས། རང་གི་ཚེའི་ཚད་ཀྱང་ཇི་ཙམ་ཐུབ་པར་ངེས་པ་མེད་པས་མྱུར་ཏུ་རང་གི་འདོད་པ་དང་དུ་བླང་བ་ལ་འབད་པར་གྱིས་ཤིག ཡོ་བྱད་ལ་སོགས་པའི་འཚོ་སྐྱོང་གི་བྱ་བ་ལ་ཁྱིམ་པ་དང་འདྲ་བར་བྱས་ནས་ང་དགེ་སློང་ངོ་ཞེས་མ་སྨྲ་ཞིག དགོན་པ་ན་གནས་ཀྱང་འཇིག་རྟེན་འདིའི་བྱ་བ་ཉམས་པ་དང་ཉམས་སུ་དོགས་པའི་སྡུག་བསྔལ་དང་ལྡན་པར་བྱས་ནས། ང་དགེ་སློང་དགོན་པ་བ་ཡིན་ཞེས་མ་སྨྲ་ཞིག་སེམས་ཚེ་འདིའི་འདོད་པ་ལ་འདུན་པ་དང་གནོད་སེམས་ལ་སོགས་པ་དང་མ་བྲལ་བར་བྱས་ནས། ང་དགེ་སློང་དགོན་པ་བ་ཞེས་མ་སྨྲ་ཞིག དགོན་པ་ན་གནས་ཀྱང་འཇིག་རྟེན་པ་དང་འདྲིས་པ་མི་སྤོང་ཞིང་། གང་དང་ལྷན་ཅིག་འདུག་པ་དེ་དག་དང་བྲེ་མོའི་གཏམ་དང་། ཁྱིམ་པའི་གཏམ་ལ་སོགས་པས་དུས་ཡོལ་བར་བྱེད་ཅིང་། ང་དགེ་སློང་དགོན་པ་བ་ཞེས་མ་སྨྲ་ཞིག རང་ལ་ཕ་རོལ་གྱི་གནོད་པ་ཕྲ་མོ་ལ་ཡང་མི་བཟོད་ཅིང་། གཞན་ལ་ཕན་འདོགས་པ་ཕྲ་མོའང་བྱེད་མི་ནུས་པར་ང་དགེ་སློང་བྱང་ཆུབ་སེམས་དཔའོ་ཞེས་མ་སྨྲ་ཞིག གལ་ཏེ་དེ་ལྟར་སྨྲས་ན་འཇིག་རྟེན་པ་ལ་རྫུན་ཆེན་པོ་སྨྲས་པའོ།། འོན་ཀྱང་འཇིག་རྟེན་པ་ལ་དེ་ལྟར་སྨྲ་རུ་བཏུབ་པ་སྲིད་ཀྱང་། གཅིག་ཏུ་ཀུན་དུ་ཐོགས་པ་མེད་པའི་སྤྱན་དང་ལྡན་པ་རྣམས་ལ་མི་བཏུབ་བོ།།
གཉིས་སུ་ལས་རྒྱུ་འབྲས་རང་གི་རྗེས་སུ་འབྲང་བས་མི་བཏུབ་བོ།། གསུམ་དུ་གང་ཟག་ཆོས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་མི་བཏུབ་བོ།། གཞན་ཡང་ཁྱོད་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་དུས་ན། ལྷ་དང་བླ་མའི་སྤྱན་སྔར་ཇི་ལྟར་ཁས་བླངས་པ་དེ་དྲན་པར་གྱིས་ཤིག བཟོད་པའི་ཡུལ་ཁྱད་པར་ཅན་དང་ཕྲད་པའི་ཚེ་བཟད་པར་མི་བྱེད་པར་དེ་ལྟར་དཀའ་ཞེས་མ་སྨྲ་ཞིག དཀའ་ཡང་མི་བྱར་མི་བཏུབ་པར་དྲན་པར་གྱིས་ཤིག དཀའ་བ་དང་མི་དཀའ་བའི་རྟོག་དཔྱོད་དེ་ནི་དང་བོར་ཁས་མ་བླངས་དམ་མ་བཅས་པའི་དུས་ན་ཡིན་གྱིས། ཁས་བླངས་དམ་བཅས་ནས་དེ་ཉིད་ལས་ཉམས་ན་ལྷ་དང་བླ་མ་བསླུས་པ་ཡིན་པས་དེས་ན་དཀའ་ཡང་མི་བྱར་མི་རུང་བ་དྲན་པར་གྱིས་ཤིག གཞན་ཡང་དགོན་པར་གནས་པའི་དགོས་པ་ནི། འཇིག་རྟེན་པ་དང་འདྲེ་བ་སྤོང་ཞིང་། ཉེ་དུ་ལ་ཞེན་པ་སྤོང་བ་ཡིན། དེ་སྤངས་པས་འདོད་པ་ལ་འདུན་པ་ལ་སོགས་པ་རྟོག་པ་དང་གཡེང་བའི་རྒྱུ་རྐྱེན་ཐམས་ཅད་མེད་པར་བྱས་ནས། རང་གི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་བལྟ་བ་ཡིན་པས། འཇིག་རྟེན་གྱི་བྱ་བ་ཉམས་གྱིས་དོགས་པའི་སེམས་ཀྱི་རྗེས་སུ་སྐད་ཅིག་ཀྱང་མ་འབྲང་ཞིག སྔར་ཆེས་ཚུལ་བཞིན་མ་སྤྱད་ཅིང་། བློ་གོམས་སྟབས་ཆུང་བའི་དབང་གིས་འཇིག་རྟེན་པའི་རྣམ་པར་རྟོག་པ་ཡང་དང་ཡང་དུ་སྐྱེ་ཞིང་དབང་ཆེ་བས། དེ་ལ་གཉེན་པོའི་སྟོབས་ཁྱད་པར་ཅན་མ་བསྟེན་ན། དགོན་པ་ན་གནས་པ་ལ་དོན་མེད་དོ།། དེ་ན་གནས་པའི་བྱ་དང་རི་དྭགས་བཞིན་ནོ།། དེ་ད་ལྟ་དཀའ་བས་ཕྱིས་བྱ་སྙམ་དུ་མ་སེམས་ཅིག ལོང་བའི་ལག་ནས་ནོར་བུ་རིན་པོ་ཆེ་བོར་ན་ཕྱིས་རྙེད་པར་མི་འགྱུར་རོ།། ཉམས་ལེན་བྱེད་དུས་ན་ཡང་ལོ་དང་ཟླ་བ་མ་བགྲང་བར་རྟོགས་པ་ཆེ་ཆུང་རང་གི་སེམས་ལ་རང་གི་བློའི་གོམས་སྟོབས་ཆེ་ཆུང་ལ་ལྟོས། ཉོན་མོངས་པའི་ཁ་བྲིད་མ་བྲིད་ལ་ལྟོས། རྟག་ཏུ་ཏུ་རང་གི་སེམས་ལ་བྱ་ར་གྱིས། རང་ལ་རང་སྡུག་མ་བྱེད། རང་གིས་རང་མ་སླུ། ལྷ་དང་བླ་མ་མ་སླུ། རང་ཕུང་གཞན་ཕུང་མ་བྱེད། ཚེ་འདིའི་བྱ་བ་ཉམས་ཀྱང་ཉམས་པར་བྱ་རྒྱུ་བ་དེ་ཉམས་པ་ཡིན། དཔེརན་རང་གི་མདུན་ན་མི་གཙང་བའི་ཕུང་བོ་ཅིག་འདུག་ན་དེ་རང་གིས་མྱུར་ཏུ་ཕྱགས་ལ་དོར་དགོས་པས། གཞན་ཞིག་གིས་ཀྱང་གྲོགས་བྱས་ནས་དོར་ན་ཅིའི་ཕྱིར་མི་དགའ། དེ་བཞིནདུ་ཚེ་འདིའི་རྟོག་པ་ཐམས་ཅད་ནི་རང་གི་གཉེན་པོ་ཡིད་ཚད་ཀྱིས་སྤོང་དགོས་པའོོ།། བླ་མ་དང་གྲོགས་ཁྱད་པར་ཅན་གྱིས་སྤོང་གྲོགས་བྱས་པ་ལ་ཁྱེད་ཅིའི་ཕྱིར་མི་དགའ།
ལྷ་དང་བླ་མའི་སྤྱན་སྔར་སེམས་ཅན་གྱི་དོན་བྱེད་པར་ཁས་བླངས་ནས་སྦྱིན་པའི་ཡུལ་ལ་བྱེ་བྲག་མ་འབྱེད།
ཡུལ་ལ་བྱེ་བྲག་ཡོད་ཀྱང་རང་གི་བྱང་ཆུབ་ཀྱི་སེམས་སྦྱོང་བ་ལ་བྱེ་བྲག་མེད་དོ།། གནོད་པར་བྱེད་པ་ལ་ཁོང་མ་ཁྲོ། གནོད་པ་ལ་ཁོང་ཁྲོ་ན་བཟོད་པ་ཇི་ཙམ་ན་བསྒོམ། ཉོན་མོངས་པ་ནམ་བྱུང་ཙ་ན་གཉེན་པོ་དྲན་དགོས་པ་ཡིན། ཉོན་མོངས་པ་ཁ་རྒྱལ་ཏུ་བཏང་བའི་ཆོས་ཀྱིས་དགོས་པ་ཅི་ཡོད། དེ་བས་ན་ཁྱོད་ཀྱི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་བལྟ་བ་ལ། དྲན་པ་ཉམས་པའི་བུ་གའི་སྐབས་སྐད་ཅིག་ཙམ་ཡང་མེད་པར་གྱིས་ཤིག་ལ་ལྟོས་ཤིག གང་དྲན་པ་ཉམས་པའི་བུ་ག་དོད་ན་དེ་ནས་ཉོན་མོངས་པའི་བདུད་འཇུག དེ་ཞུགས་ན་བྱང་ཆུབ་ཀྱི་སེམས་ལ་བར་དུ་གཅོད། དེ་བཅད་ན་གཞན་དོན་དཔལ་ཆེ་སྟེ་རང་ཉིད་ཀྱང་ངན་སོང་ལས་འོས་མེད་དེ་སོམས་ཤིག
ངས་ཆོས་བྱས་སྙམ་ཡང་དོན་མེད་སྟོང་བར་འགྲོ རིགས་ཀྱི་བུ་ཐ་མ་འཆི་བའི་ཚེ་ན། བླ་མ་དང་གྲོགས་ཁྱད་པར་ཅན་རྣམས་མྱ་ངན་དང་ཡི་མུག་སྐྱེ་རུ་མ་གཞུག་ཅིག གཞན་ཡང་འཇིག་རྟེན་པ་ཆོས་ལ་མོས་པ་རྣམས་ཡིམུག་ཅིང་ཐེ་ཚོམ་དུ་མ་གཞུག་ཅིག རང་གི་་སེམས་དང་བཀའལུང་གཉིས་བསྟུན་ནས་ཞུ་དག་ཡང་དང་ཡངདུ་མ་བྱས་ན་ངས་ཆོས་བྱས་སྙམ་ཡང་ཆོས་དང་གང་ཟག་ཏུ་འཛོལ་ནས། འཆི་བའི་ཚེ་ན་བྱང་ཆུབ་ཀྱི་སེམས་འབྱོངས་པའི་རྟགས་མེད་པར་ངན་སོང་གི་རྟགས་བྱུང་ཙ་ན་གཞན་ཡི་མུག་དང་མྱ་ངན་སྐྱེ་བ་ལས་འོས་མེད་དོ།།
དེ་བས་ན་ངས་མི་ཚེ་ཆོས་ལ་སྐྱལ་སྙམ་པའི་ང་རྒྱལ་དང་ལྡན་པའི་ཆོས་ལ་ཡེ་ལེ་ཕྱོད་དེ་བྱས་ནས་འཆི་ཁར་ལག་སྟོང་མ་བྱེད་ཅིག མདོར་ན་དགོན་པ་ན་གནས་ཀྱང་ཚེ་འདིའི་བྱ་བ་མ་ཐོངས་འདོད་པའི་འདུན་པ་ལ་བློ་མ་ལོག་ན་ཆོས་ཀྱིས་ཕན་མ་ཐོགས། བྱ་བ་མ་བྱས་ཞེས་བྱ། ཚེ་འདི་ཕྱི་གཉིས་ཀ་མ་ཉམས་པ་ཅིག་བྱ་སྙམ་ན་ཆོས་ཞོར་ཁྲིད་དུ་སོང་བ་ཡིན། ཞོར་ཁྲིད་དེ་ཡང་ཁ་ཆོས་ཟ་ཆོས་ཆུལ་ཆོས་ཅིག་ལས་མི་འོང་། དེ་བས་ན་གྲོགས་ཁྱད་པར་ཅན་ལ་བརྟེན། གྲོགས་ངན་པ་དང་མ་འགྲོགས། གནས་ངེས་མེད་དུ་སྡོད། གཞིགཅིག་ལ་ཟག་པ་སོག་གིན་མ་འདུག ཅི་བྱེད་ཆོས་དང་བསྟུན་ལ་གྱིས། ཅི་བྱས་ཉོན་མོངས་པའི་གཉེན་པོར་འགྲོ་བ་གྱིས། དེ་ལྟར་བྱས་ན་ཡང་དག་པའི་ཆོས་ཡིན་པས་དེ་ལ་བརྩོན་པར་གྱིས། བརྒྱ་ལ་རངགི་རྒྱུད་ལ་ཡོན་ཏན་སྐྱེས་ན་ང་རྒྱལ་གྱིས་མ་རློམ་ཅིག་བདུད་ཀྱི་དབང་དུ་འགྲོའོ།།
བས་མཐའི་གནས་སུ་གནས་ནས་བདག་ཉིད་ཞི་བ་དང་དུལ་བར་གྱིས། འདོད་པ་ཆུང་བ་དང་ཆོག་ཤེས་པར་གྱིས། རང་གི་ཡིན་ཏན་ལ་མ་ལྟ། གཞན་གྱི་སྐྱོན་མ་ཚོལ། འཇིགས་པ་དང་བག་ཚ་མེད་པར་གྱིས། རྣམ་པར་རྟོག་པ་མ་ཆེ། བསམ་པ་བཟང་བོ་གྱིས། ལོག་པ་ལ་མ་ཡེངས་པར་རྒྱུན་དུཆོས་སོམས། དམན་ས་བཟུང་། འཕམ་ཁ་ལོང་། ཡུས་ཁ་སྐྱུངས། ཞེ་འདོད་ཐོངས། བརྩེ་སེམས་བསྐྱེད། གང་ལ་ཡང་ཚོད་རིག་པར་གྱིས། མགུ་སླ་ཞིང་གསོ་སླ་བ་ཅིག་དགོས། རི་དྭགས་ལྟར་འཇིག་རྟེན་པ་ལ་བྲོས། མི་ཆོས་མ་སྤོངས་ན་ཆོས་པ་མིན་ནོ།། སོ་ནམ་རྣམ་བཞི་མ་སྤོངས་ན་རབ་ཏུ་བྱུང་བ་མིན་ནོ།། འདོད་པ་མ་སྤངས་ན་དགེ་སློང་མིན་ནོ།།
བྱམས་སྙིང་རྗེ་མེད་ན་བྱང་ཆུབ་སེམས་དཔའ་མིན་ནོ།། བྱ་བ་མ་ཐོངས་ན་སྒོམ་ཆེན་མིན་ནོ།། འདོད་པར་མ་འཁོལ་ཅིག མདོར་ན་དགོན་པ་ན་གནས་ནས་བྱ་བ་མ་མང་བར་ཆོས་འབའ་ཞིག་བསྒོམས་ལ་ནམ་འཆི་བའི་ཚེ་སེམས་ལ་འགྱོད་པ་མེད་པ་ཅིག་གྱིས་ཤིག་ཅེ་གསུངས། ཡང་ཇོ་བོའི་ཞལ་ནས། ད་ལྟ་སྙིགས་མའི་དུས་སུ་པོ་སེ་གདོན་པའི་དུས་མ་ཡིན་སྙིང་རུས་འདོན་པའི་དུས་ཡིན། ཆེ་ས་བཟུང་བའི་དུས་མ་ཡིན་དམན་ས་བཟུང་བའི་དུས་ཡིན། འཁོརགཡོག་བསྟེན་པའིདུས་མ་ཡིན་དབེན་ས་བསྟེན་པའི་དུས་ཡིན། སློབ་མ་སྲལ་བའི་དུས་མ་ཡིན་རང་ཉིད་སྲལ་བའི་དུས་ཡིན། ཚིག་རྗེས་བཟུང་བའི་དུས་མ་ཡིན་དོན་ལ་བསམ་པའི་དུས་ཡིན། ཕན་ཚུན་འགྲོ་བའི་དུས་མ་ཡིན་ས་གཅིག་ཏུ་སྡོད་པའི་དུས་ཡིན་གསུང་ངོ་།།
མུ་འགོད།
རྩོམ་ཡིག་ཕབ་བཤུས་པ། གསར་འགོད་པ། ནག་བཟའ་བློ་བཟང་ཆོས་གྲགས།
|