དེ་རིང་གི་གཏམ་བཟང་གཉིས་པ། མཚོ་སྔོན་ནས་ཡང་བསྐྱར་ཏོག་གསར་གློ་ཚད་འགོས་པའི་ནད་པ་བཞི་སངས་དྲག་བྱུང་།
ཟླ2པའི་ཚེས12ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གཉིས་དང་ཕྱེད་ཀའི་སྟེང་། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་བའི་ནང་ཏོག་གསར་གློ་ཚད་འགོས་པའི་ནད་པ4སངས་དྲག་བྱུང་སྟེ་སྨན་ཁང་ལས་ཕྱིར་བུད། རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་བས་ད་ལྟའི་བར་ཏོག་གསར་གློ་ཚད་འགོས་པའི་ནད་པ15ལྔ་ལ་སྨན་བཅོས་བྱས་ཤིང་། དེ་ལས་ནད་པ7སངས་དྲག་བྱུང་སྟེ་སྨན་ཁང་ལས་ཕྱིར་བུད།
མིག་སྔར། མཚོ་སྔོན་ཞིང་ཆེན་དུ་ཏོག་གསར་གློ་ཚད་འགོས་པ་གཏན་འཁེལ་བྱས་པའི་ནད་པ18ཡོད་པའི་ཁྲོད་ནས་ནད་པ9སངས་དྲག་བྱུང་སྟེ་སྨན་ཁང་ལས་ཕྱིར་བུད་པས། ནད་དྲག་ཚད་རྒྱལ་ཡོངས་ཀྱི་ཡང་རྩེར་སོན་ཞིང་། ནད་བཅོས་གསོ་སྐྱོང་གི་ཐད་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས།
ཐེངས་འདིར་སྨན་ཁང་ལས་བུད་པའི་ནད་པ་དག་ནི་སོ་སོར། རང་ཞིང་གི་ཏོག་གསར་གློ་ཚད་འགོས་པའི་ནད་པ་དང་པོ་སྟེ། ཟླ1པོའི་ཚེས25ཉིན་གཏན་འཁེལ་བྱས་པའི་ནད་པ་ཁྲིན་ཆེ་གེ་མོ་དང་། ཟླ1པོའི་ཚེས27ཉིན་གཏན་འཁེལ་བྱས་པའི་ནད་པ་ཆིས་ཆེ་གེ་མོ། ཟླ1པོའི་ཚེས26ཉིན་གཏན་འཁེལ་བྱས་པའི་ནད་པ་མཱ་ཆེ་གེ་མོ། ཟླ2པའི་ཚེས3ཉིན་གཏན་འཁེལ་བྱས་པའི་ནད་པ་ཧན་ཆེ་གེ་མོ་བཅས་རེད།
ཟླ2པའི་ཚེས11ཉིན། རྒྱལ་ཁབ་ཀྱི《ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་སྨན་བཅོས་ཇུས་གཞི(ཚོད་ལྟའི་པར་མ)》ཡི་སྨན་ཁང་ལས་བུད་ཆོག་པའི་ཚད་གཞི་ལྟར། ཞིང་ཆེན་རིམ་པའི་ཆེད་མཁས་པ་མང་པོས་དཔྱད་སྡུར་བྱས་པ་བརྒྱུད་སྨན་ཁང་ལས་བུད་ཆོག་པའི་ཚད་གཞིར་ལོངས་རྗེས་ད་བཟོད་སྨན་ཁང་ལས་བུད་པ་དང་། སྨན་ཁང་ལས་བུད་རྗེས། འབྲེལ་ཡོད་འཕྲོད་སྟེན་སྡེ་ཁག་གི་བཀོད་སྒྲིག་ལྟར། ཉིན14རིང་ལོགས་བཀར་ལྟ་ཞིབ་བྱེད་དགོས།
|