སྔོན་འགོག་ལོས་དགོས་ཏེ་དོགས་འདྲོག་མ་བྱས་ན་འགྲིག
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »སྔོན་འགོག་ལོས་དགོས་ཏེ་དོགས་འདྲོག་མ་བྱས་ན་འགྲིག
སྔོན་འགོག་ལོས་དགོས་ཏེ་དོགས་འདྲོག་མ་བྱས་ན་འགྲིག
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2020-02-06ལྟ་ཀློག (5934)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སྔོན་འགོག་ལོས་དགོས་ཏེ་དོགས་འདྲོག་མ་བྱས་ན་འགྲིག

ལྡོང་ཡོན་ཏན་རྒྱ་མཚོས།

      ཉིན་འདི་ཚོར་ཀྲུང་གོ་བས་གཙོས་མི་མང་བོ་ཞིག་ཧ་ཅང་དངངས་འཚབ་ཀྱི་ཀློང་ན་ཡོད། ཅི་ཁག  ཚེ་སྲོག་ལ་མི་གཅེས་མཁན་ཞིག་ག་ཡོད།   ཆེས་གཙོ་བོ་ནི་ནད་པའམ་དོགས་ཡོད་ནད་པ་དག་ལ་སྨན་བཅོས་ཡག་པོ་བྱས་ཏེ་ཡུལ་གཞན་ལ་འཁྱམ་སྐྱོད་བྱེད་དུ་མི་འཇུག་རྒྱུ་དེ་ཡིན་ཚོད་རེད། ནད་དེ་རྩ་བ་ནས་མེད་སར་ཡང་མི་མང་བོས་དོགས་འདྲོག་བྱེད་རྒྱུ་ཐལ་ཆེ་བ་ནི་ཅུང་ཅོལ་ཆུང་གི་རིགས་ཤིག་མིན་ནམ་སྙམ།

   

     འོན་ཀྱང་། ཁ་ཐུམ་གྱོན་མི་དགོས། ཁ་ལག་བཀྲུ་མི་དགོས། དུག་སེལ་བྱེད་མི་དགོས། རང་དགར་འཁྱམ་བསྐྱོད་གྱིས་ཤིག་སོགས་ཟེར་གྱིན་མེད། དེ་དག་ནི་ཐེངས་འདིའི་སྔོན་འགོག་གི་ཐབས་ལམ་ཡག་ཤོས་རིགས་ཤིག་ཡིན་ཚོད་རེད།

 

     གསང་སྔགས་ཀྱི་ནུས་པ་ནི་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་པས་ལོ་གྱོན་མ་དང་ཏཱ་རེ་སོགས་གཟུངས་སྔགས་ཁྱད་པར་བ་མང་དུ་འདོན་པ་དང་། གསུར་དང་ལན་ཆགས་བསྔོ་བ་སོགས་ནི་རིམས་ནད་ཚབ་ཆེན་སྐབས་ནང་ཆོས་པ་ཞིག་གིས་ཅིས་ཀྱང་འདོན་དགོས་པ་དང་བཏོན་ན་ཕན་རླབས་ཆེ་བ་སོགས་དངོས་བྱུང་གནས་ཚུལ་དང་སྦྲགས་ནས་མང་བོ་བཤད་རྒྱུ་ཡོད་མོད། ང་ཚོ་བོད་ཡིན་པ་དང་ང་ཚོའི་ཡུལ་ན་ཆོས་དར་ཡོད་པ། རྒྱུད་ན་སྐྱབས་འགྲོ་ཡོད་པ་དང་སྡོམ་པ་ཡོད་པ། དད་པ་ཡོད་པ། ནད་ཡམས་དེ་འདྲ་ཡོད་པར་ཡིད་ཆེས་མེད་པ། ང་ནད་དེར་དངངས་སྐྲག་མེད་པས་རིམས་ནད་དེའི་རིགས་མཆེད་མི་སྲིད་སྙམ་པ་ནི་ཅུང་ཨུ་ཚུགས་དང་རང་མགོ་རང་གཡོག་གི་ཕྱོགས་སུ་གཏོགས་པས། ཚན་རིག་དང་མཐུན་པའི་སྔོན་འགོག་གི་རིགས་དག་ཅིས་ཀྱང་དང་ལེན་བྱེད་འོས།

 

    ཆོས་གྲོགས་ཤིག་གིས་ང་ལ་ད་ཐེངས་བདེ་ཐང་སློབ་གསོའི་སྐོར་ལ་ཅིག་གསུང་ན་མི་འགྲིག་གམ་ཟེར། སེམས་ཁུར་དགོས་རབས་དང་གཙང་སྦྲ་གལ་ཆེ་ཚུལ་ཙམ་ངས་མ་བཤད་ཀྱང་ཚང་མས་ཤེས་ཡོད་ངེས། ངས་ཀྱང་དེ་ལས་ལྷག་པ་ཞིག་ཅང་ཤེས་མེད། གནད་འགག་གི་སྐབས་སུ་བདེ་ཐང་སློབ་གསོའི་གལ་ཆེན་རང་བཞིན་སོགས་མི་ཤེས་ཀྱང་ཤེས་མདོག་གིས་མང་བོ་བཤད་དེ་ཐམས་ཅད་འུར་ལ་བསྐོར་རྒྱུ་ཐལ་ཆེ་ནའང་དེ་ཙམ་རེད། ང་ཚོའི་ཡོད་ཚད་བདེ་ཐང་སློབ་གསོའི་ཆེད་མཁས་པ་ག་ལ་ཡིན། དང་བླངས་བྱེད་འདོད་ཡོད་པ་ཙམ་གྱིས་ཆེད་མཁས་པར་ཡང་ག་ལ་འགྱུར། ཁ་མ་གྲག་པ་དང་རང་མི་རིགས་ལ་སྙིང་མ་ཉེ་བ་ག་ལ་ཡིན་ཏེ། འདི་འདྲའི་རིགས་དེ་ཤེས་ནས་སྨྲ་མཁན་ཚོར་ཉན་ན་དགོས་ཕན་ཆེ།

 

    འགའ་ཞིག་གིས་མན་ངག་དུས་ཐོག་ཆར་འབབ་བྱེད་ཀྱིན་གདའ། གསལ་བོར་བཤད་ན། གཟུངས་སྔགས་སུ་བསྙད་པའམ་ཆོ་གར་སྒྲོ་བཏགས་པ་རེ་ད་ཐེངས་ཀྱི་རིམས་ནད་བཞིན་གློ་བུར་ཐོག་འབབ་བྱེད་ཀྱིན་པ་འདི་ནི་ནང་ཆོས་ཀྱི་གྲིབ་ནག་ཅིག་ལས་ནད་སེལ་གྱི་མན་ངག་ཅིག་ཡིན་དཀའ་ལ། རིལ་བུ་སྣ་ཚོགས་དང་གྲིབ་ཆུ་མང་བོ། སྨན་རྫས་ཁྱད་མཚར་ཡིན་ཞེས་ཤུགས་ཆེན་པོས་སྒྲོག་གིན་པ་དག་ལ་བརྟག་དཔྱད་ཡག་པོ་བྱས་ན་བཟང་། འོན་ཀྱང་། ངས་ཡོད་ཚད་རྫུན་བཟོ་རེད་ཅེས་བཤད་པ་མིན།

 

    བོད་མི་རིགས་ལ་མཚོན་ན་གནའ་སྔ་མོའི་དུས་ནས། གསང་སྔགས་ཀྱི་གཞུང་དག་ཏུ་བསྟན་པའི་ལོ་གྱོན་མའི་གཟུངས་སྔགས་འདོན་པ་དང་དེའི་སྲུང་འཁོར་འདོགས་པ། སྒྲོལ་ལྗང་གི་གཟུངས་སྔགས་བགྲང་བ། གསུར་དང་ལན་ཆགས་བསྔོ་བ། གསོ་རིག་གི་གཞུང་ནས་བསྟན་པའི་ལོ་གྱོན་མའི་རིལ་བུ་དང་ནག་པོ་དགུ་ཐུབ་ཀྱི་སྲུང་འཁོར་སོགས་ཡོད་འདུག་ལ། དེ་དག་རིམས་ནད་སྔོན་འགོག་ལ་བཀོལ་བའི་སྲོལ་དང་ལག་ལེན་ཡང་ཡོད་པ་དོན་དངོས་རེད། དེ་དག་བཀོལ་བ་ཙམ་གྱིས་ལ་ལ་ཞིག་སྙིང་རླུང་འཕར་ཏེ། ཟུར་ཟ་དང་དམོད་ཚིག་སོགས་མདུང་རྩེ་ནང་བསྐོར་གྱི་ལས་ལ་རབ་ཏུ་ཤིན་ཏུ་ཆེས་ཆེར་འབད་བཞིན་པ་འདིའི་རིགས་ནི་ཅུང་མི་ལེགས་སོ།།དག་རྫུན་དང་ལེགས་ཉེས་ཕན་གནོད་སོགས་ལ་བླང་དོར་ཞིབ་མོས་སྐད་ཆ་བཤད་རྒྱུ་དེ་ཡང་གལ་ཆེན་ཞིག་མིན་ནམ་སྙམ།

 

     རྫོང་ཁག་དང་རྫོང་ཁག་བར། སྡེ་བ་དང་སྡེ་བའི་བར་སོགས་ཀྱི་གཞུང་ལམ་ནས་འགྲོ་འོང་མཚམས་གཅོད་ཕྱིར་དུང་བརྐོ་བ་དང་རྡོ་འཇོག་པ། ཤིང་སྡོང་འཕེན་པ། ས་སྤུངས་པ་བཅས་ནི་ཁྲིམས་འགལ་ཡིན་འདུག་པས། ཁྲིམས་འཛིན་སྡེ་ཁག་ཏུ་གཏོགས་པ་གང་ཡིན་གྱིས་ཁྲིམས་མཐུན་ལུགས་མཐུན་གྱིས་ཐེངས་འདིའི་ནད་ཡམས་སྔོན་འགོག་ལ་བརྩོན་པའི་རེ་བ་ཞིང་འབྲོག་མག་ཚོགས་སུ་ལའང་ཡོད་ངེས།

 

      མི་ཚོགས་མང་བའི་ཆོས་ལུགས་ཀྱི་མཛད་སྒོ་དག་བསྡུ་མི་ཆོག་པ་བདེན་དུ་ཆུགས་ཀྱང་། ཆོས་ལུགས་པ་ཚོས་ཀྱང་ཁ་འཁྲུག་བཤད་རོགས་དང་འུར་རྒྱག་རོགས་བྱས་ན་ཅུང་ཐལ་ཆེ་བ་མིན་ནམ་སྙམ། གཞན་གྱིས་བྱིན་རླབས་ཡོད་ཚུལ་ཁས་བླངས་རུང་མ་བླངས་རུང་། ལྷོད་ཅིག་གེར་བཞུགས་ཏེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་རྩིས་ཟིན་ཅི་ཐུབ་ཀྱིས། ཁ་འདོན་དགེ་སྦྱོར་དང་བསྔོ་སྨོན་རྣམ་དག་བྱེད་དགོས་པ་ནི་ཆོས་ལུགས་པ་སུ་ཡིན་གྱི་ཕྲག་སྟེང་དུ་བབས་ཡོད་པའི་འགན་འཁྲི་ལོས་ཡིན།

 

    བུའུ་ཧན་པ་སོགས་གཞན་གྱིས་ཤ་ཟོས། ཁྲག་འཐུང་། སྲོག་ཆགས་མང་བོ་རྩེད་བྱས་སོང་བས་ནད་ཡམས་འདི་འདྲ་མཆེད་ཡོད་བ་རེད་ཅེས་ཐལ་ཆེ་བའི་དམོད་ཚིག་མི་སྒྲོགས་རོགས། མི་ཟ་དགུ་ཟ་མཁན་ཏག་ཏག་རེད་ཅེས་མཐོང་ཆུང་མི་གནང་རོགས། ལས་དབང་ངམ་སྟབས་ཀ་མ་འགྲིག་ཙམ་ལས་ཡོད་ཚད་ཁོ་ཚོའི་ལེ་ལན་ཡང་ཨེ་ཡིན་ནམ། ང་ཚོའི་བཟའ་བཏུང་དང་བྱ་སྤྱོད། ལྷག་པར་དུ་ནང་བསམ་བློའི་ཁ་དོག་དང་སྐད་ཆ་བཤད་སྟངས་སོགས་ལ་སོམས་དང་། ཡོད་ཚད་འཚེ་མེད་ཞི་བདེ་རྐྱང་རྐྱང་ག་ལ་ཡིན། མཚམས་ལ་རེར་རང་གིས་རང་ཉིད་ལ་ལྟོས་དང་བཟང་ས་ཡོད།

 

     གཟའ་མིག་དམར་ལ་བཀྲ་ཤིས་དང་། སྤྱང་ཀུ་ལ་ཨ་ཁུ་སྤྱང་ཀུ། ནད་ཡམས་ངན་པ་ལ་མིང་ཡག་པོ་རེ་བཏགས་པ་ཙམ་གྱིས་དེ་དག་གི་གཤིས་སྤྱོད་དང་བྱེད་ནུས་སོགས་འགྱུར་འགྲོ་བ་ཞིག་ག་ལ་ཡིན། ཟབ་གསལ་མྱུར་གསུམ་གྱི་ཤེས་རབ་ལ་བརྟེན་ནས། དོགས་ཟོན་དང་ལག་ལེན་དངོས་ལ་ཞུགས་ནས། ནང་ཆོས་ཀྱི་བྱིན་རླབས་དང་ཚན་རིག་གི་གཟི་དཔལ་ལ་བརྟེན་ནས། ང་ཚོ་ཅིས་ཀྱང་མི་མཐུན་པའི་ནད་ཡམས་ངན་པ་འདི་ལས་རྒྱལ་བར་བརྩོན་དགོས། མི་ཚེ་གསོ་རིག་ལ་གཟད་པའི་ཆེད་མཁས་པ་མང་བོས་ཉིན་ལ་མཚན་བཞག་སྟེ་འབད་པ་གནང་གི་ཡོད་ཚོད་རེད། འཛམ་གླིང་ཤར་ནུབ་ཀྱི་ཚན་རིག་པ་དང་ཞིབ་འཇུག་མང་བོས་དུས་ཚོད་སྐར་ཆ་གཅིག་ཙམ་ཡང་འཕྲོ་བརླག་ཏུ་མ་བཏང་བར། ནད་ཡམས་འདིའི་འབྱུང་རྐྱེན་དང་ངོ་བོ། འགོས་མཆེད་བྱེད་ཚུལ་སོགས་ཕྲ་ཞིབ་ཀྱིས་བཙལ་ནས། སྔོན་འགོག་དང་ལེགས་བཅོས་སོགས་ལ་ཐབས་ལམ་དང་གཉེན་པོ་གང་བཟང་བཟང་དག་གྲ་སྒྲིག་བྱས་དང་བྱེད་བཞིན་པའི་སྒང་རེད། ཚོད་ལྟ་རེ་འགའ་ལམ་ལྷོངས་ཀྱང་བྱུང་དང་འབྱུང་བཞིན་ཡོད་ཚོད་རེད། དགོན་སྡེ་མང་བོས་རིམ་གྲོ་དང་རོགས་སྐྱོར་ཡང་མཛད་ཀྱིན་པ་དེ་རེད། མ་བྲེལ་མ་འཚབ་དང་། ང་ཚོ་ཡམས་ངན་པ་འདི་ལས་ངེས་པར་དུ་རྒྱལ་ངེས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 30r6 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  སྔོན་འགོག་ལོས་དགོས་ཏེ་དོགས་འདྲོག་མ་བྱས་ན་འགྲིག   སྤེལ་མཁན།: དྷཱི སྤེལ་དུས:2020/3/11
དེ་དེ་བཞིན་ནོ། 🙏🙏🙏
  སྔོན་འགོག་ལོས་དགོས་ཏེ་དོགས་འདྲོག་མ་བྱས་ན་འགྲིག   སྤེལ་མཁན།: @ སྤེལ་དུས:2020/2/26
བླ་མ་བཀའ་དྲིན་ཅན་གྱིས་ཐུགས་རྗེ་གཟིགས། 🙏🌎🙏🌎🙏🌎
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23499299
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།