ཉི་ཧོང་ནོར་པེལ་རྟགས་མས་ཡང་བསྐྱར་འཛམ་གླིང་སྒུལ་བར་བྱས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 24 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» འོས་སྦྱོར་གླིང་། »ཉི་ཧོང་ནོར་པེལ་རྟགས་མས་ཡང་བསྐྱར་འཛམ་གླིང་སྒུལ་བར་བྱས།
ཉི་ཧོང་ནོར་པེལ་རྟགས་མས་ཡང་བསྐྱར་འཛམ་གླིང་སྒུལ་བར་བྱས།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2019-10-25ལྟ་ཀློག (6654)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 ཉི་ཧོང་ནོར་པེལ་རྟགས་མས་ཡང་བསྐྱར་འཛམ་གླིང་སྒུལ་བར་བྱས།
ཡིག་སྒྱུར་བ།  གསེར་ལག་འཇམ་དབྱངས་ཚུལ་ཁྲིམས། 
    ལོ་ངོ19ལ། ནོར་པེལ་གཟེངས་རྟགས19ཐོབ་ནས། “ཉམས་རྒུད”ལྟ་བུའི་ཉི་ཧོང་གིས་ཡང་བསྐྱར་འཛམ་གླིང་ཡོམ་ཡོམ་བསྒུལ། 2019ལོའི་ཟླ10བའི་ཚེས9ཉིན། 2019ལོའི་ནོར་པེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཐོབ་མཁན་ནི་ཨ་རིའི་ཚན་རིག་པ་སི་ཏན་ལེ•ཧེ་ཐིན་ཨེ་མོ་དང་ཡོ་ཧན•ཀོ་ཏི་ཡེ་ན་ཧྥུ། གཞན་ཡང་ཉི་ཧོང་གི་ཚན་རིག་པ་ཅེ་ཡེ་ཀྲང་བཅས་ཡིན་པ་གསལ་བསྒྲགས་བྱས།

       ཁ་པར་དང་གློག་ཀླད། གློག་སྒུལ་རླངས་འཁོར་སོགས་ཀྱི་ཁྱབ་ཁོངས་སུ་ཁྱོན་ཡོངས་ནས་བཀོལ་སྤྱོད་ཐུབ་པ་ཞིག་དང་འགྲོ་བ་མིའི་རིགས་ཀྱི་འཚོ་བའི་ཟུར་རེ་རེ་ལ་ཁྱབ་ཅིང་གོ་ལ་ཧྲིལ་བོར་གློག་གསོག་ཐུབ་པའི་གློག་རྫས་ལེ༼锂电池༽ལ་ད་ལྟ་སུ་ཡང་ཁ་འབྲལ་ཐབས་མེད་ཅིང་། དེ་ཡང་ཁོང་གསུམ་ཀ་ནི་གློག་རྫས་ལེའི་ཡབ་ཆེན་ལྟ་བུ་ཡིན་ལ་བགྲང་གིས་མི་ལོངས་པའི་ཚོད་ལྟ་བྱས་ཏེ་ལེགས་འགྲུབ་བྱུང་བ་དང་མིའི་རིགས་ནི་ཡང་དང་ཡང་དུ་གློག་གསོག་ཆོག་པའི”སྔོན་མེད་ཀྱི”འཇིག་རྟེན་གསར་བ་ཞིག་དང་སྐུད་མེད་དྲ་བའི་རླབས་ཆེན་གྱི་དུས་རབས་ཤིག་ལ་འཁྲིད་པར་བྱས་ཡོད།
     1973ལོའི་ཟླ10བར། དཀྱིལ་ཤར་དམག་འཁྲུག་ཐེངས་བཞི་བ་བྱུང་ནས། OPEC༼རྡོ་སྣུམ་ཕྱིར་འཚོང་རྒྱལ་ཁབ་རྩ་འཛུགས༽ཀྱིས་དབྱི་སི་རལ་དང་དེའི་མནའ་འབྲེལ་རྒྱལ་ཁབ་ལ་རྒོལ་རྡུང་གཏོང་ཆེད་རྡོ་སྣུམ་ཕྱིར་འཚོང་མཚམས་འཇོག་བྱས་པ་ན། གོ་ལ་ཧྲིལ་བོའི་སྣུམ་རིན་ཡང་དེ་མ་ཐག་གོང་དུ་འཕར་བ་དང་ཐེངས་དང་བོའི་རྡོ་སྣུམ་འཇིག་ཉེན་བྱུང་བ་རེད། 
      ནུབ་ཕྱོགས་རྒྱལ་ཁབ་ཁག་གི་དཔལ་འབྱོར་ནི་རྡོ་སྣུམ་ནང་འདྲེན་ལ་བརྟེན་དྲགས་པའི་དབང་གིས་འཇིག་ཉེན་དེས་གནམ་ས་འགུལ་བར་བྱས་ཏེ་རྒྱལ་ཁབ་ཁག་ལ་གནོད་འཚེ་ཡ་ང་བ་ཐེབས་པས། དེ་ཡང་རྡོ་སྣུམ་སོགས་ལ་བརྟེན་པའི་གནས་སྟངས་ལ་འགྱུར་བ་གཏོང་ཆེད་མིའི་རིགས་ཀྱིས་ནུས་ཁུངས་གསར་བ་འཚོལ་འགོ་བརྩམས།  ལོ་རབས70བར། བེ་ཐིན་ཧན་གྱིས་གློག་རྡུལ་སྒུལ་ཤུགས༼电子动力༽ཤེས་རྟོགས་བྱུང་བ་དང་དེས་གློག་གསོག་ཐུབ་པའི་གློག་རྫས་བཟོ་ཐུབ་པ་རྟོགས་པ་རེད། ལོ་རབས80བར། ཀོ་ཏེ་ན་ཧྥུ་ཡིས་དེ་རྨང་གཞི་བྱས་ཏེ་ཀོའུ་སོན་ལེ༼钴酸锂༽རྫས་འགྱུར་གསར་གཏོད་བྱས་པ་དང་བོངས་ཚད་ཆུང་ཞིང་ཤོང་ཚད་ཤིན་ཏུ་ཆེ་ལ། བརྟན་འཇགས་ཀྱང་ཡིན་པའི་ལེ་གློག་རྫས་གསར་གཏོད་བྱས། 
       1985ལོར། ཅེ་ཡེ་ཀྲང་གིས་སྔོན་མ་དག་གི་རྨང་གཞིའི་སྟེང་། ཐེངས་དང་བོའི་ཚོང་ལས་སྟེང་ལེ་ལེས་རྡུལ་གློག་རྫས༼锂离子电池༽གསར་གཏོད་བྱས་པ་དང་དེ་ནི་ཧ་ཅང་ཡང་ཞིང་ཐེངས་མ་བརྒྱ་ཕྲག་ཁ་ཤས་ལ་ཡང་ཡང་གློག་གསོག་ཆོག་པའི་ཁྱད་མཚར་བའི་གློག་རྫས་ཤིག་ཡིན་པ་དང་། གསར་གཏོད་འདིས་མིའི་རིགས་ཀྱི་སྤྱི་ཚོགས་ལ་འཕོ་འགྱུར་བཏང་བ་རེད།
    འདས་པའི་ལོ་ངོ30རིང་། ང་ཚོས་ཚད་བཀག་མེད་པའི་མཉམ་འབྲེལ་དྲ་རྒྱའི་ཕུན་སུམ་ཚོགས་པའི་ཁྱད་ཆོས་ལ་མགྲིན་གཅིག་དང་དབྱངས་གཅིག་གིས་བསྟོད་བསྔགས་བྱེད་བཞིན་ཡོད། ཡིན་ནའང་དེ་བས་ཀྱང་མི་རྣམས་ཧང་སངས་དགོས་པའི་གནས་ནི་ཉི་ཧོང་ཡིན་ལ། ད་རེས་ཀྱང་ཉི་ཧོང་རེད། འདི་ནི་བགྲང་བྱ19བ་དང་ཉི་ཧོང་ལ་ནོར་པེལ་གཟེངས་རྟགས་ཐེངས19བ་ཐོབ་པའི་ལོ་རེད། མི་རྣམས་ངོ་མཚར་བར་བྱེད་པའི་གནས་མཆོག་འདི་ལ་ནོར་པེལ་གཟེངས་རྟགས་ཀྱི་བརྔ་བསྡུ་འཕྲུལ་འཁོར་ཞེས་ཀྱང་འབོད་པར་བྱེད་དེ།
2000ལོར། པེ་ཁྲོན་ཡུན་ཧྲོ། རྫས་འགྱུར་རིག་པའི་ནོར་པེལ་གཟེངས་རྟགས་ཐོབ།
2001ལོར། ཡེ་ཡེས་ལེང་ཀྲི། རྫས་འགྱུར་རིག་པའི་ནོར་པེལ་གཟེངས་རྟགས།
2002ལོར། ཐེན་ཀྲུང་གིན་ཡེས། རྫས་འགྱུར་རིག་པའི་ནོར་པེལ་གཟེངས་རྟགས།
2002ལོར། ཞོ་ཁྲེ་ཁྲང་ཅོན། དངོས་ལུགས་རིག་པའི་ནོར་པེལ་གཟེངས་རྟགས།
2008ལོར། ཞོ་ལིན་ཁྲིན་དང་ཡེ་ཁྲོན་མེ་ཡུན། དངོས་ལུགས་རིག་པའི་ནོར་པེལ་གཟེངས་རྟགས།
2008ལོར། ཞ་ཚོན་ཞོའུ། རྫས་འགྱུར་རིག་པའི་ནོར་པེལ་གཟེངས་རྟགས།
2010ལོར། ལེན་མོ་ཀྲང་དང་ཀིན་ཨན་ཡུན་ཡེས། རྫས་འགྱུར་རིག་པའི་ནོར་པེལ་གཟེངས་རྟགས།
2012ལོར། ཧྲན་ཀྲུང་ཧྲིན་མེ། གཟུགས་ཁམས་རིག་པའམ་གསོ་བ་རིག་པའི་ནོར་པེལ་གཟེངས་རྟགས།
2014ལོར། ཁྲི་ཆེ་ཡུང་དང་ཐེན་ཡེ་ཧོ། དངོས་ལུགས་རིག་པའི་ནོར་པེལ་གཟེངས་རྟགས།
2015ལོར། བེ་ཐེན་ལུང་ཀྲང་། དངོས་ལུགས་རིག་པའི་ནོར་པེལ་གཟེངས་རྟགས།
2015ལོར། ཏ་ཚོན་ཀྲི། ལུས་ཁམས་རིག་པའམ་གསོ་བ་རིག་པའི་ནོར་པེལ་གཟེངས་རྟགས།
2016ལོར། ཏ་ཨོ་ལེང་ཏེན། ལུས་ཁམས་རིག་པའམ་གསོ་བ་རིག་པའི་ནོར་པེལ་གཟེངས་རྟགས།
2018ལོར། པིན་སོ་ཡོའུ། ལུས་ཁམས་རིག་པའམ་གསོ་བ་རིག་པའི་ནོར་པེལ་གཟེངས་རྟགས།
2019ལོར། ཅེ་ཡེ་ཀྲང་། རྫས་འགྱུར་རིག་པའི་ནོར་པེལ་གཟེངས་རྟགས་ཐོབ།
       2001ལོར། ཉི་ཧོང་གིས་བློ་སྤོབས་ཆེར་བསྐྱེད་ཀྱིས་ལོ་ངོ50ནང་ནོར་པེལ་གཟེངས་རྟགས30བརྩོན་ལེན་བྱེད་པའི་འཆར་གཞི་བཀོད་པ་དང་། ད་ལྟ་འཆར་གཞི་དེའི་ཕྱེད་ཀ་ཙམ་ལེགས་འགྲུབ་བྱུང་ཡོད་ལ། འདི་ནི་ད་གཟོད་ཉམས་པ་མེད་པའི་ཉི་ཧོང་ངོ་མ་དེ་རེད།

1

     དུས་རབས་སྔོན་མའི་ལོ་རབས80བའི་ནང་། ཉི་ཧོང་གིས་གློག་འདྲེན་ཕྱེད་གཟུགས༼半导体༽ཐོན་ལས་ནི་གཞི་རྒྱ་ཆེན་པོའི་སྒོ་ནས་མདུན་སྐྱོད་བྱས་པ་དང་ཏུང་ཀྲི༼东芝༽སོགས་སྒེར་སྡེམ་བྱས་པས་གོ་ལ་ཧྲིལ་བོར་འཇིགས་སྣང་བསྐྱེད་པ་དང་རྗེས་སུ་ཨ་རིས་བཀག་སྡོམ་བྱས་རྗེས་དུས་རབས་དང་ཡ་བྲལ་དུ་གྱུར་བ་དང་། དེའི་སྟེང་ལོ་རབས་དགུ་བཅུ་བར་དཔལ་འབྱོར་ཉམས་ཉེས་བྱུང་བ་དང་བགྲེས་འགྱུར་སྤྱི་ཚོགས་ཚབས་ཆེ་བ་བཅས་ཀྱིས་ཉི་ཧོང་ལོ་ངོ30ལ་ཉེ་བར་ཉམས་རྒུད་ཐེབས།
        ཡིན་ནའང་ད་ལྟ། རྒྱལ་ཁབ་འདི་ཉིད་ཀྱིས་ཡང་བསྐྱར་འཛམ་གླིང་གི་མི་རྣམས་ཧང་སངས་པར་བྱས། ད་ལོའི་ཟླ7པར། ཉི་ཧོང་གིས་ལྷོ་ཁོ་རེ་ཡ་ལ་འཕྲལ་དུ་བཀག་སྡོམ་བྱས་ཏེ་གནད་འགག་གི་གློག་འདྲེན་ཕྱེད་གཟུགས་རྒྱུ་ཆ་རིགས་གསུམ་ཁོ་རེ་ཡར་ཕྱིར་འཚོང་བྱེད་པ་མཚམས་འཇོག་བྱས་པ་ན་ལྷོ་ཁོ་རེ་རྒྱལ་ཁབ་ཡོངས་དབུགས་ཀྱང་འབྱིན་རྔུབ་དཀའ་བར་བྱས་པ་རེད།
ཉི་ཧོང་གིས་ཅིའི་ཕྱིར་འདི་ལྟར་ལག་འཇོག་ཕོད་པ་རེད། གློག་འདྲེན་ཕྱེད་གཟུགས་ལྷོ་ཁོ་རེ་ཡ་ལས་སྟོབས་ཆེ་བ་ཡིན་ནམ་ཞེ་ན། གོ་ལ་ཡོངས་ཀྱི་ཨང་རྟགས་ཆེ་གྲས་ཀྱི་གློག་འདྲེན་ཕྱེད་གཟུགས་ཁེ་ལས་དག་གིས་ཀྱང་ད་དུང་ཡང་སྔར་བཞིན་ཉི་ཧོང་གི་རྒྱུ་ཆ་ལ་བརྟེན་བཞིན་ཡོད་ལ། རྒྱལ་ཁབ་མང་ཆེ་བ་ནི་འདིའི་ཐད་དུ་རྒྱ་མཚོའི་ཀློང་གི་ཆུ་ཕྲན་ཙམ་ལས་མ་འདས་སོ།།
      རྒྱུ་ཆ་རིགས3བཀག་སྡོམ་བྱས་པར་མཚོན་ན། ཉི་ཧོང་གིས་གོ་ལ་ཡོངས་ཀྱི70%ཚོང་རའི་ཐོབ་སྐལ་སྒེར་སྡེམ་བྱས་ཡོད་པས། སྐར་གསུམ་དངLGཧ་ལམ100%ཉི་ཧོང་ནས་ནང་འདྲེན་བྱེད་པར་བརྟེན་དགོས་པས། ལྷོ་ཁོ་རེ་ཡ་ལ་བཀག་སྡོམ་བྱེད་པའི་སྤོབས་པ་ཡོད་ལ། གོམ་པ་རེ་རེ་བཞིན་འཐབ་ཕྱོགས་སུ་རྒྱ་བསྐྱེད་པ་རེད། 
      གློག་འདྲེན་ཕྱེད་གཟུགས་ནི་བསྡུས་གཟུགས་ཀྱི་མཚོན་བྱེད་ཙམ་ཡིན་ཏེ། ལོ19ལ་ནོར་པེལ་གཟེངས་རྟགས19བླངས་པའི་རྒྱབ་ལྗོངས་རེ་ལ་ཚད་མཐོ་བའི་ཚན་རྩལ་གྱི་ཐོན་ལས་རེ་ཡོད་པ་ཡིན། དཔེར་ན། འོད་ཀྱི་རིག་པ་དང་ཚད་མཐོའི་རྩིས་འཁོར། བཟོ་སྐྲུན་འཕྲུལ་ཆས། ཐན་ཚི་སྣ༼碳纤维༽། བཟོ་ལས་འཕྲུལ་ཆས་མི། ཕུལ་དུ་བྱུང་བའི་དཔྱད་ཆས། ཚད་འདས་སྤུས་ལྡན་འཕྲུལ་འཁོར་ཨ་མ༼高超精度机床༽སོགས་ཁྱད་དུ་འཕགས་པའི་ཚན་རྩལ་ཁྱབ་ཁོངས་སུ། ཉི་ཧོང་ནི་འཛམ་གླིང་གི་ཡང་རྩེར་སླེབས་ཡོད་པས་གོང་གསལ་གྱི་སྐད་ཆ་དེ་བཤད་ཆོག་པའི་ཐོབ་ཐང་ག་ལ་མེད།
      ཚད་འདས་འཕྲུལ་འཁོར་ཨ་མ་ལྟ་བུར་མཚོན་ནའང་རྒྱུ་ཆ་རིག་པ་བས་བཟོ་ལས་ཀྱི་མ་ཡུམ་ཞེས་མིང་བཏགས་ཡོད་ལ། གོ་ལ་ཧྲིལ་བོའི་སྤུས་ལྡན་འཕྲུལ་འཁོར་ཨ་མ70%ཡི་གྲི་ཁ་ནི་ཉི་ཧོང་གི་ཡིན་པ་དང་འཛམ་གླིང་གི་སྤུས་ཚད་ཆེས་ལེགས་པའི་འཕྲུལ་འཁོར་ཨ་མའི་སྲོག་མདའ་དང་ཨ་རིའི་དམག་འཐབ་གནམ་གྲུ་གཏུམ་བྱF22ཡོད་ཚད་ཉི་ཧོང་གི་འཕྲུལ་འཁོར་ཨ་མ་ལ་བརྟེན་ནས་བཟོས་པ་ཡིན་ཞིང་། ཐ་ནiPhoneནང་གི་ལྷུ་ལག་གཙོ་བོ1000ལྷག་ཁྲོད་ཀྱི་ཕྱེད་ཀ་ནི་ཉི་ཧོང་གིས་བཟོས་པ་དང་གལ་སྲིད་ཉི་ཧོང་གི་གློག་འདྲེན་ཕྱེད་གཟུགས་དང་སྤུས་ཚད་མཐོ་བའི་སྒྲིག་ཆས་མེད་ན། སྐར་གསུམ་རྟགས་ཅན། ཀུ་ཤུ་རྟགས་ཅན། ཀོའོ་ཐོང༼高通༽སོགས་གོ་ལ་ཧྲིལ་བོའི་ཚན་རྩལ་མཐུན་གཉེར་སྡེ་ཁག་ཡོངས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་སྲིད་དོ།།
     དེ་བཞིན་དུ་ང་ཚོས་གཞི་གྲངས་ངོས་ནས་བལྟས་ནའང་། ཉི་ཧོང་ལ་འཛམ་གླིང་གི་ཡང་རྩེར་སླེབས་པའི་དམིགས་ཚད་ཨང་དང་བོ་ཁ་ཤས་ཤིག་ཡོད་དེ། ཞིབ་འཇུག་དང་གསར་གཏོད་ཀྱིGDPབསྡུར་ཚད་བདག་བཟུང་འཛམ་གླིང་གི་ཨང་དང་བོ་ཡིན་པ་དང་། ཁེ་ལས་ཀྱིས་གཙོ་ཁྲིད་བྱས་པའི་ཞིབ་འཇུག་དང་གསར་གཏོད་ཀྱི་མཉམ་ཞུགས་སྤྱིའི་བསྡུར་ཚད་འཛམ་གླིང་གི་ཨང་དང་བོ། ཆེད ཁེ་དབང་ཆ་ལྡན་པའི་ཚད80%ལ་སླེབས་ཡོད་པ་སོགས་སོ།།
དེ་བས་ཕྱོགས་ལྷུང་གི་ལྟ་བ་དོར་ནས་བལྟས་ན་ཉི་ཧོང་ལའང་གནད་དོན་མི་ཉུང་བ་ཞིག་ཡོད་སྲིད་མོད། ཡིན་ནའང་རྒྱལ་ཁབ་འདི་ཉིད་ཉམས་རྒུད་ཀྱི་ཕྱོགས་སུ་གཏན་ནས་བསྐྱོད་ཀྱིན་མེད་པ་དང་འཛམ་གླིང་གིས་ཉི་ཧོང་གི་ལོ་ངོ30ཡི་ཉམས་རྒུད་གླེང་ནའང་རྒྱལ་ཁབ་འདི་ཟམ་མ་ཆད་པར་ལོ་ངོ30ལ་གསར་བསྐྲུན་བྱས་ཡོད། བགྲང་ལས་འདས་ཤིང་བརྩོན་ལེན་བྱེད་དཀའ་བའི་ཆེ་མཐོའི་ཚན་རྩལ་ཁྱབ་ཁོངས་སུ། རྒྱལ་ཁབ་འདི་ནི་འགྲོ་བ་མིའི་རིགས་ཀྱི་གཏོར་དབྱིབས་མཆོད་རྟེན་གྱི་ཏོག་ཏུ་བརྟན་པོར་འགྲེང་ཡོད།
       ཆུ་ཐིགས་ཀྱིས་རྡོ་ལ་ཨི་ཁུང་བརྟོལ་བའི་དཔེ་བཞིན་འདི་དག་ཡོད་ཚད་ཉི་མ་གཅིག་ལ་འགྲུབ་ཐུབ་པ་ཞིག་ག་ལ་ཡིན། ང་ཚོས་དབང་མེད་དུ་འདྲི་འདོད་པ་ནི་ཉི་ཧོང་གི་ཚན་རྩལ་ཅིའི་ཕྱིར་འཛམ་གླིང་གི་ཡང་རྩེར་བསྙེགས་ཐུབ་སོང་བ་ཡིན་ནམ། ཉི་ཧོང་གིས་ཅིའི་ཕྱིར་ལོ་ངོ50ནང་ནོར་པེལ་གཟེངས་རྟགས30ལེན་པའི་འབོད་སྐད་སྒྲོག་ཐུབ་སོང་བ་ཡིན་ནམ། ཉི་ཧོང་ཇི་ལྟར་སྟོབས་ལྡན་དུ་གྱུར་བ་ཡིན་ནམ་ཞེས་པའི་འདྲི་གཞི་འདི་དག་ཡིན།
2
        ཐོག་མར་རྒྱལ་ཁབ་འདིས་ཕྱོགས་ཡོངས་ནས་ཚན་རྩལ་གཙིགས་སུ་འཛིན་པ་དེ་རེད། དེ་ཡང་ཚན་རྩལ་ནི་མིའི་རིགས་ཡོངས་ལ་ཆེས་གལ་ཆེ་བ་སྨོས་མ་དགོས་མོད། འོན་ཀྱང་མང་ཆེ་བར་མཚོན་ན་ཁ་བཤད་ཆུ་ཡི་ལྦུ་བ་དང་ལག་ལེན་གསེར་གྱི་ཐིགས་པ་ལས་མ་འདས་ཀྱང་། ཉི་ཧོང་གིས་ཚན་རྩལ་ནི་རྒྱལ་ཁབ་འཛུགས་པའི་གཞི་རྩ་རུ་བལྟ་བ་ཡིན། 
      1995ལོར། ཉི་ཧོང་རྒྱལ་ཚོགས་ཀྱིས《ཚན་རིག་ལག་རྩལ་གཞི་རྩའི་ཁྲིམས》ལ་གྲོས་མཐུན་བྱུང་བ་དང་། ལོ་ལྔའི་འཆར་གཞི་མང་བོ་ཞིག་ཀྱང་གཏན་འབེབས་བྱས་ཏེ། དེ་ལ་བརྟེན་ནས་ཉི་ཧོང་ནི་ཚན་རྩལ་གྱིས་ཕྱུག་པའི་རྒྱལ་ཁབ་ཅིག་ཏུ་འཛུགས་སྐྲུན་བྱེད་པར་བརྩོན་ལེན་བྱས། རྒྱལ་ཁབ་འདིས་འདི་ལྟར་འཆར་གཞིའང་བཟོས་ཤིང་བྱ་བ་ཡང་འདི་ལྟར་བསྒྲུབས་པ་རེད། ཁོ་ཚོས་དཔལ་འབྱོར་ལ་ཉམས་རྒུད་ཇི་ཙམ་ཐེབས་ཀྱང་ཚན་རིག་ཞིབ་འཇུག་ཐད་གཏོང་བའི་མ་དངུལ་ཇེ་ཉུང་དུ་གཏན་ནས་མི་གཏོང་བ་ཡིན།
      2015ལོར། ཉི་ཧོང་གི་ཞིབ་འཇུག་དང་གསར་གཏོད་སྤྱིའི་ཆ་ནས་འགྲོ་གྲོན་ཨ་སྒོར་དུང་ཕྱུར1800བཏང་བ་ནི་ཨ་རི་དང་ཀྲུང་གོ་ལ་ཧ་ལམ་མཉམ་པ་རེད། ཡིན་ནའང་འགྲོ་གྲོན་དེGDPཡི3.6%བཟུང་ཡོད་པ་ནི་ཨ་རི་དང་ཀྲུང་གོ་ལས་ཀྱང་རིང་དུ་བརྒལ་ཡོད།
      2016ལོར། ཉི་ཧོང་རྒྱལ་སྲིད་ལས་ཁུངས་ཀྱིས《ཐེངས་ལྔ་བའི་ཚན་རིག་ལག་རྩལ་གཞི་རྩའི་འཆར་གཞི༼2016—2020༽》ཞེས་པ་ལའང་གྲོས་འཆམ་བྱུང་བ་དང་། ནུས་ཤུགས་ཡོད་རྒུས་གཞུང་དམངས་གཉིས་ཀྱིས་ཞིབ་འཇུག་དང་གསར་གཏོད་ཐད་གཏོང་བའི་མ་དངུལ་སྤྱིའི་འགྲོ་
གྲོནGDPཡི4%ཡན་ལ་སླེབས་པར་བརྩོན་ལེན་བྱས། ཁྱོན་ཡོངས་ནས་དེ་འདྲའི་གཙིགས་ཆེན་ལ་བཟུང་བས་ཉི་ཧོང་གི་ཚན་རིག་ཞིབ་འཇུག་པ་ལ་གནས་མཆོག་འདི་རུ་བློ་རྩེ་གཅིག་ཏུ་བསྒྲིམས་ནས་ཚན་རིག་ལ་ཞིབ་འཇུག་བྱེད་ཆོག་པའི་ཁོར་ཡུག་ཡོད་པ་དང་། ཕུལ་དུ་བྱུང་བའི་སློབ་དཔོན་ཡང་བྱུང་བ་རེད།
        དེ་ལས་གཞན། ཁོ་ཚོས་སློབ་གསོ་དང་ཤེས་རིག་ལའང་སེམས་གཏིང་ནས་བརྩི་བཀུར་ཞུ་བ་ཡིན་ཏེ། ནོར་པེལ་དངོས་ལུགས་རིག་པའི་གཟེངས་རྟགས་ཐོབ་མཁན་ཅང་ཆེ་ལིན་ཡེ་ནེ་ཡིས་བཤད་དོན། མི་ཞིག་གིས་ལོ་ན་ཆུང་དུས་ནས་རང་བྱུང་ཁམས་ཆེན་མོ་དང་འགྲོགས་འདྲིས་བྱས་པ་ཡིན་ན། ཆེས་ཐོག་མ་དང་ལྷད་མེད་ཀྱི་ཞིབ་དཔྱད་སྤྲོ་སྣང་དང་རེ་སྨོན་གྱི་མེ་ཏོག་བཞད་སྲིད་ཅིང་། དེ་ནི་ཤིན་ཏུ་གལ་ཆེ་བའི་ཚན་རིག་གི་བློ་འབྱེད་སློབ་གསོ་ཡིན་ལ། དེ་ནི་ཚན་རིག་གི་ཞིང་ཁམས་སུ་བགྲོད་པའི་ལམ་ཆེན་ཡིན་པས། འདི་ལ་བླ་ན་མེད་པའི་གཅེས་སྐྱོང་དང་བརྩོན་པ་ཆེན་པོས་བསྐྱེད་བསྲིངས། ནམ་དུ་ཡང་སྐུལ་འདེད་དང་སྲུང་སྐྱོབ་བྱ་འོས་ཞེས་བཤད།
        ཉི་ཧོང་གི་སློབ་གསོའང་དེ་ནང་བཞིན་ཡིན་ཏེ། སྦྱང་འབྲས་ལས་ཁོ་ཚོས་བྱིས་པའི་རང་གཤིས་ལ་སྲུང་སྐྱོབ་བྱེད་པ་དང་ཆེས་མཐོ་བའི་ཚད་ཐིག་ནང་ནས་བྱིས་པའི་ཁྱད་མཚར་བའི་ཤེས་འདོད་ཀྱི་བསམ་པ་སྐུལ་སྤེལ་བྱེད་པ་དེ་གཙོ་བོར་འཛིན་པར་མཁས་པ་ཡིན། སློབ་གསོ་ལ་གོང་བཀུར་དང་ཤེས་བྱ་ལ་གོང་བཀུར་བྱེད་པའི་ལྟ་བ་འདི་དག་ནི་ཉི་ཧོང་བའི་འཚོ་བའི་ཟུར་རེ་རེ་ལའང་རས་ཡུག་ལ་སྣུམ་བྱུགས་པ་ལྟར་ཐིམ་ནས་ཡོད་དེ། ཉི་ཧོང་གི་སྒོར་མོ་ལ་མཚོན་ནའང་སྒོར་སྟོང་ཅན་གྱི་ཤོག་དངུལ་སྟེང་གི་ཡེ་ཁོ་ཡུན་ཧྲི་ནི་ཉི་ཧོང་གི་མིང་དུ་གྲགས་པའི་སྐྱེ་དངོས་རིག་པའི་མཁས་དབང་ཡིན། སྒོར་སྟོང་ལྔའི་ཤོག་དངུལ་སྟེང་གི་ཐོང་ཁོ་ཡེས་ཡེ་ནི་ཉི་ཧོང་གི་མིང་དུ་གྲགས་པའི་རྩོམ་རིག་མཁས་པ་ཡིན། སྒོར་ཁྲི་གཅིག་ཅན་གྱི་ཤོག་དངུལ་སྟེང་གི་དེ་ནི་སློབ་གསོ་བ་དང་བསམ་བློ་བ་གྲགས་ཅན་ཧྥུ་ཙི་ཡེ་ཅེ་ཡིན།
       ཉི་ཧོང་གི་ཤོག་སྒོར་སྟེང་རྒྱལ་བོ་དང་བློན་ཆེན་མེད་པར་ཡོད་ཚད་ཚན་རྩལ་དང་རིག་གནས་སྟེང་ལག་རྗེས་ཡོད་མཁན་ཤ་སྟག་རེད། ཤུགས་རྐྱེན་ཐེབས་ཏེ་རིམ་གྱི་འཕོ་འགྱུར་བྱུང་བའི་ཁྲོད་དུ་ཉི་ཧོང་བས་མཁས་པ་དང་ཡོན་ཏན་ཅན་ལ་བླ་མེད་གོང་བཀུར་བྱེད་པ་དང་ཤེས་བྱ་ནི་མི་རིགས་འདིས་རང་ཆས་སུ་གུས་བརྩི་ཐོབ་པའི་གནས་ཡིན།
        ཡུལ་གྲུ་ནི་ལག་མཐིལ་ཙམ་ལས་མེད་ནའང་དམག་ཆེན་གཉིས་པའི་མཇུག་གི་ལོ་ངོ་བཅུ་ཕྲག་འགའི་རིང་འཛམ་གླིང་གི་སྟོབས་ལྡན་རྒྱལ་ཁབ་ཏུ་ཐོལ་གྱིས་བརྒལ་བ་དང་། ནོར་པེལ་གཟེངས་རྟགས་དེ་འདྲའི་མང་བོ་ཐོབ་པ་ནི་ཉི་ཧོང་གི་ཤོག་སྒོར་ཆུང་ཆུང་དེས་ཀྱང་གསལ་བཤད་དང་ལན་འདེབས་གནང་ཡོད། 
         མཇུག་མཐར། ལེགས་ཐོག་ལེགས་འཚོལ་གྱི་ལོ་ངོ་བཅུ་ཕྲག་ཁ་ཤས་ནི་ཉིན་གཅིག་ལ་བློ་རྩེ་གཅིག་གིས་ཞིབ་འཇུག་བྱས་པའི”ལག་རྩལ་བའི་སྙིང་སྟོབས”དང་འདྲ། ཉི་ཧོང་བའི་རང་གཤིས་ནི་རང་བཞིན་གྱི་འགལ་ཟླ་རུ་གྲུབ་ཡོད་དེ། ཁོ་ཚོ་གཡུལ་འགྱེད་ལ་དགའ་ནའང་ཞི་འཇམ་གྱི་ལས་ལ་མོས། ང་རྒྱལ་གྱི་ཁེངས་དྲགས་ལྡན་མོད་གུས་ལུགས་གཙིགས་སུ་འཛིན། ལྐུག་རྟགས་ཨུ་ཚུགས་ལྡན་མོད་བསམ་བློ་ཐབས་ལ་མཁས། སྙིང་སྟོབས་དཔའ་མཛངས་འཛོམས་མོད་ཉམ་ཆུང་ངང་ཚུལ་ལྡན། རྙིང་བར་ཞེན་མོད་གསར་བར་དེ་བས་ཀྱང་དགའ་བ་འདི་དག་གིས་མི་རིགས་འདིའི་མགོ་མི་སྒུར་ཞིང་བརྟན་པོ་ཡིན་པའི་གཤིས་ཀ་དེ་བསྐྲུན་ཡོད།
       ཚན་རིག་ལ་ཞིབ་འཇུག་བྱེད་པའི་ཡུལ་གྲུ་འདི་ནི་ཏག་ཏག་བརྟན་སྲུང་བྱ་དགོས་ཏེ། སྤྱི་ལོ2002ལོར་ཐེན་ཀྲུང་ཀིན་ཡེས་ལ་ནོར་པེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཐོབ་པ་དང་། སྨྲ་བ་ཉུང་ཞིང་བྱད་གཟུགས་ཉེས་པའི་ཁོ་རང་གིས་མི་ཚེ་གཅིག་ལ་མགོ་བོ་སྨད་དེ་ཚན་རིག་ཞིབ་འཇུག་གི་ལས་ལ་བརྩོན་པ་དང་ནོར་པེལ་གཟེངས་རྟགས་ཐོབ་ཀྱང་ལེན་པར་མི་སྤྲོ་བ་དང་། ཐ་ན་རང་ཉིད་ལ་ནོར་པེལ་གཟེངས་རྟགས་ནི་སྟེས་དབང་གིས་ཐོབ་པ་ཞིག་ཡིན་པས་རྟགས་མ་དེ་ཕྱིར་འཐེན་གནང་རོགས་ཞེས་བཤད་པ་རེད།
        ཉི་ཧོང་དུ། འདི་ལྟ་བུའི”བཟོ་རྩལ་བ”ནི་གང་སར་ཁྱབ་ཡོད་པ་དང་ཁོ་ཚོས་མི་ཚེ་གཅིག་ལ་བྱ་བ་རིགས་གཅིག་ལས་མི་སྒྲུབ་ལ། སྒྲུབ་པའི་སྤུས་ཚད་ནི་ཆེས་ལེགས་ཤོས་དང་དྭངས་རྩེ་ཡིན། དེ་བས་ཉི་ཧོང་ལ་ལོ་བརྒྱའི་ལོ་རྒྱུས་ལྡན་པའི་ཁེ་ལས་ཁྲི3ལྷག་ཡོད་པ་ནི་འཛམ་གླིང་གི་མིག་གིས་བལྟ་ས་དང་རྣ་བས་ཉན་ས་ཡིན། 
       འདི་ནི་ཉི་ཧོང་སྟོབས་ལྡན་ཡིན་པའི་གསང་བ་ཡིན་ལ། ཁོ་ཚོ་ནི་ནམ་ཡང་མིང་སྟོང་ཙམ་ལ་མི་རེ་ཞིང་འཛམ་གླིང་ཡོངས་ཀྱིས་ཉི་ཧོང་ལ་སྐྱོན་བརྗོད་བྱེད་པའི་སྐབས་སུ་རང་གིས་རང་ལ་ཁྲེལ་དགོད་དང་སྐྱོན་བརྗོད་བྱེད་པར་ཕོད་ཅིང་། རང་མཚང་དང་ངོ་ཚ་རྟོགས་རྗེས་དཔའ་གདེང་དང་སྤོབས་པ་བསྐྱེད་དེ་གོམ་པ་རེ་རེས་ཚན་རིག་གི་ཡང་རྩེར་སླེབས་པར་བྱས་ཡོད།
      ང་ཚོསGDPའཕུར་མཆོང་བྱས་པར་འུད་སྒྲོག་བྱེད་པའི་དུས་སུ། ཉི་ཧོང་བས་གཞན་བསྟུན་གྱི་སྒོ་ནས་ཚན་རིག་ལ་ཞིབ་འཇུག་བྱེད་བཞིན་ཡོད། ང་ཚོས་སློབ་ཆེན་གྱི་ཨང་རིམ་ལ་བརྩོན་ལེན་བྱེད་པའི་དུས་སུ། ཉི་ཧོང་གི་སློབ་ཆེན་དུ་ནོར་པེལ་གཟེངས་རྟགས་ཐོབ་མཁན་གང་སར་མཐོང་ཐུབ། གཉིད་ལས་སད་རན། གྲོགས་པོ་ཚོ། ད་ནི་འཛམ་གླིང་ཡང་བྱིས་པ་བསམ་མེད་ཅིག་མ་ཡིན་ལ་དངོས་ཡོད་ཀྱི་སྟོབས་ཤུགས་ཀྱང་ཁ་གཡང་གི་འབོད་སྒྲ་ཙམ་ཞིག་དངGDPཡི་གྲངས་ཀ་ཙམ་ཞིག་གིས་བསྐྲུན་པ་ག་ལ་ཡིན་ཏེ། དེ་ནི་ཚན་རྩལ་དང་བློ་གྲོས་ཀྱི་གཏེར་ཁ་འབྱེད་པ་ལས་བྱུང་བ་ཞིག་གོ།།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། va2g བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23523647
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།