རྔོག་རྒྱུད་འཇམ་དབྱངས་འཕྲིན་ལས་ཀྱི་རྣམ་ཐར་མདོར་བསྡུས།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 22 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» མི་སྣ།» བོད་ཀྱི་དེང་རབས་མི་སྣ། »རྔོག་རྒྱུད་འཇམ་དབྱངས་འཕྲིན་ལས་ཀྱི་རྣམ་ཐར་མདོར་བསྡུས།
རྔོག་རྒྱུད་འཇམ་དབྱངས་འཕྲིན་ལས་ཀྱི་རྣམ་ཐར་མདོར་བསྡུས།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2019-09-13ལྟ་ཀློག (958)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སྐྱེས་མཆོག་དམ་པ་ཞིག་གི་ངོ་མཚར་བའི་སྐུ་ཚེ།


ལྡོང་ཡོན་ཏན་རྒྱ་མཚོ

        མཁས་བཙུན་བཟང་གསུམ་གྱི་རྒྱན་དང་ལྡན་པའི་དགེ་བའི་བཤེས་དམ་པ། སློབ་བུ་ཁྲི་སྟོང་གི་སེམས་ཁོང་ན་ནམ་ཡང་འོད་དུ་འབར་བའི་བྱམས་བརྩེའི་བདག་ཉིད་ཅན་གྱི་སློབ་དཔོན་རིན་པོ་ཆེ། ངེས་དོན་ལོ་རྒྱུས་སྨྲ་བའི་དབང་ཕྱུག དོན་གྱི་སླད་དུ་མཚན་ནས་སྨྲོས་ན་༧རྗེ་རྔོག་རྒྱུད་འཇམ་དབྱངས་འཕྲིན་ལས་མཆོག་ནི། སྔོན་གྱི་ཚེ་རྔོག་ལོ་ཡབ་སྲས་ཀྱི་རུས་བརྒྱུད་འཁྲུལ་མེད་མདོ་སྨད་དུ་གཞིས་ཆགས་པ། ད་ལྟའི་མདོ་ལྷོ་ཁུལ་གྱི་ཁོངས་གཏོགས་སུ་རྔོག་ཚོ་ཆེན་ལྔ་རུ་གྲགས་པ་ལས་རྔོག་འགོ་བ་གཉིས་ཀྱི་ཡ་གྱལ་སྦྲ་བཅུ་ཞེས་པར་རབ་རྒྱལ་ཆུ་སྟག་སྟེ་སྤྱི་ལོ་༡༩༦༢ལོའི་ཧོར་ཟླ་དྲུག་པའི་ཚེས་བཅུར། ཡབ་བསོད་ནམས་དབང་རྒྱལ་དང་ཡུམ་བན་དེ་སྨན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། མིང་སྲིང་བཞི་ཡོད་པ་ལས་ཁོང་ཚང་ནི་ཆེས་ཆུང་བ་དེ་ཡིན་ཞིང་བྱིས་དུས་ཀྱི་མཚན་ལ་སྟག་ལྷ་འབུམ་ཟེར།

          དགུང་ལོ་བརྒྱད་ལ་སླེབས་རག་བར་དུ་ར་ལུག་སོགས་ཀྱི་རྫི་བོར་ཕེབས། དགུང་ལོ་དགུའི་སྟེང་རང་ཡུལ་གྱི་སློབ་ཆུང་ནང་ཞུགས་ཏེ་རྒྱའི་སྐད་ཡིག་སོགས་སྦྱངས། ཁོང་གི་ཡིག་གཟུགས་དང་རྩོམ་རྩལ་ལ་ནམ་རྒྱུན་དགེ་རྒན་ཚོས་བསྔགས་བརྗོད་གནང་བར་མ་ཟད་མཚམས་རེར་སློབ་གྲོགས་ཡོངས་ལ་མིག་དཔེར་ཡང་བསྟན་མྱོང་། གསེར་འོད་མདོའི་ཨ་ཁུ་ཤེས་རབ་ཚང་བོད་ཡིག་དགེ་རྒན་ལ་ཟུར་བསྟེན་བྱས་ཏེ་ཆོ་ག་ཆོས་སྤྱོད་མང་བོ་ཐུགས་འཛིན་གནང་། སྤྱི་ལོ་༡༩༧༦ལོར་སློབ་ཆུང་མཐར་ཕྱིན། དེ་ནས་མཚམས་མདོའི་སློབ་འབྲིང་དུ་ཕེབས་ཏེ་སློབ་སྦྱོང་ཚད་ལྡན་གནང་ཞིང་སྤྱི་ལོ་༡༩༧༩ལོར་སློབ་མཐར་ཕྱིན་རྗེས་གསེར་འོད་མདོའི་སློབ་ཆུང་དགེ་རྒན་གནང་སྟེ་ལོ་གཉིས་ཙམ་ལ་སློབ་མ་བསྐྱངས། ཆོས་དད་རང་དབང་གི་སྲིད་ཇུས་ཅུང་ལྷོད་ཡངས་སུ་སོང་བ་དང་བསྟུན་སྤྱི་ལོ་༡༩༨༠ ལོར་རྔོག་མདོ་ནས་རྔོག་འགོ་བ་གཉིས་ཀའི་གྲྭ་རྒན་གཞོན་ཚང་མ་སྨོན་ལམ་ཆེན་མོར་མཉམ་འཚོགས་ཀྱི་སྐལ་བཟང་མངོན་དུ་གྱུར་ཚེ་ཁོང་ཡང་ཚོགས་གྲལ་དུ་ཐོག་མར་བཞུགས་ཤིང་དེའི་ཕྱི་ལོར་ཆོས་སྡེ་འདིའི་གྲྭ་རྒྱུན་གྱི་གྲས་སུ་ཕེབས།བརྟན་མཁས་གཉིས་ལྡན་གྱི་ལོ་བའི་ཨ་ཁུ་འཇམ་དབྱངས་ཚང་དང་ཨ་ཁུ་སངས་རྒྱས་ཆེ་བ་ཚང་སོགས་གནས་ཀྱི་སློབ་དཔོན་དུ་བསྟེན་ཏེ་སློབ་གཉེར་གྱི་རྒྱུན་བསྐྱངས། 
           སྤྱི་ལོ་༡༩༨༢ལོར་དཔལ་གྱི་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་མདོ་སྔགས་རིག་གནས་རྒྱ་མཚོའི་མངའ་བདག་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་རྗེ་དགེ་འདུན་རྒྱ་མཚོ་ཆེ་བ་ཚང་གི་མདུན་ནས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་དཀྱུས་གཅིག་ཏུ་ཞུས་པར་མཚན་ལ་འཕྲིན་ལས་རྒྱ་མཚོ་ཞེས་གསོལ། དེ་ནས་བཟུང་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་དགེ་འདུན་རྒྱ་མཚོ་ཚང་དང་རྗེ་འཇམ་དབྱངས་རྒྱ་མཚོ་རྣམ་གཉིས་ཀྱི་མདུན་དུ་གྲོགས་རིགས་པ་སྨྲ་བ་བཛྲ་ཚུལ་ཁྲི་ས་རྒྱ་མཚོ་དང་ཧོར་གཙང་འཇིགས་མེད་སོགས་དང་ལྷན་ཅིག་མགོ་སྐྱབས་ཁྲིད་ནས་བཟུང་། བསྡུས་གྲྭ་དང་བློ་རྟགས། ས་ལམ། རྣམ་འགྲེལ། དོན་བདུན་ཅུ། ཕར་ཕྱིན་སོགས་ཀྱི་དཔེ་ཁྲིད་ལ་ཆག་མེད་དུ་ཕེབས་ཤིང་རྩོད་པའི་སྒོ་ནས་བརྡར་ཤ་བཅད། ཐ་སྙད་རིག་གནས་སྐོར་གྱི་དཔེ་ཁྲིད་ལའང་བརྩོན་པ་ཆེན་པོ་གནང་བས་ཐ་སྐད་རིག་གནས་ལ་མཁས་པའི་གྲགས་པ་ངང་གིས་རྒྱས་ཤིང་དཔེ་ཁྲིད་ཀྱི་སྐབས་མང་བོར་དགེ་བའི་བཤེས་གཉེན་རྣམ་པས་ཀྱང་ཁོང་ལ་ཡིག་དོན་མང་བོའི་དོགས་འདྲི་གནང་། ཧོར་གཙང་འཇིགས་མེད་སོགས་ཆོས་གྲོགས་མང་བོའི་བརྩམས་ཆོས་ལ་ཞུ་དག་ཀྱང་བྱེད་མྱོང་། དེ་དག་དང་ནམ་རྒྱུན་འགྲོགས་འདྲིས་བགྱིས་ཏེ་ངོ་མཚར་བའི་ཕུགས་བསམ་སྣ་ཚོགས་དང་། བོད་ཀྱི་མ་འོངས་པའི་མདུན་ལམ་དང་ཡར་རྒྱས་ཀྱི་ཕྱོགས་ལ་ཐུགས་ཁུར་ཆེན་པོས་བགྲོ་གླེང་དང་འཆར་གཞི་མང་བོར་བགྲོ་གླེང་གནང་། ཁོང་གི་ཕུགས་རྒྱང་རིང་ལ་ཞིབ་ཚགས་ཆེ་བའི་གནའ་དེང་ཟུང་འབྲེལ་གྱི་ལྟ་བར་གྲོགས་རིགས་པ་སྨྲ་བ་མང་བོས་ནམ་རྒྱུན་གདེངས་འཇོག་དང་དོ་སྣང་བྱེད་ཡུལ་གཙོ་ཤོས་ཤིག་ཏུ་གྱུར། 
        སྤྱི་ལོ་༡༩༨༥ལོའི་ཟླ་བཅུ་བ་ཡས་མས་ཙམ་དེར་ཀུན་གཟིགས་བཅུ་བ་ཆེན་མོའི་ཐུགས་དགོངས་ལྟར་བོད་ཁུལ་དུ་ནང་བསྟན་སློབ་གྲྭ་ཁག་ཅིག་གསར་འཛུགས་བྱེད་རྒྱུ་གཏན་འཁེལ་བ་བཞིན་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ནང་བསྟན་སློབ་གྲྭར་སློབ་མ་བསྡུ་ཕྱིར་རྟགས་རིགས་མན་ཆད་ཀྱི་འཛིན་གྲྭ་ལྔ་བོ་ལྷག་ལུས་མེད་པར་བསྡུས་ཏེ་སྔ་ཕྱིར་རྩོད་རྒྱུགས་དང་ངག་རྒྱུགས་ཡིག་རྒྱུགས་བཅས་བླངས་མཐར་གྲྭ་བཙུན་རིགས་པ་སྨྲ་བ་བཅོ་ལྔས་རྒྱུགས་འཕྲོད་པའི་ནང་གི་གཅིག་ནི་ཁོང་ཡིན་ལ་རྗེས་སུ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གྲྭ་བཙུན་བརྒྱད་འདེམས་ཐོན་བྱུང་བའི་ནང་དུའང་ཁོང་ཚུད་ཡོད་པས།༡༩༨༦ལོའི་སྤྱི་ཟླ་དྲུག་པའི་ཚེས་དྲུག་ཉིན་སློབ་མ་དྲུག་ཅུས་གྲུབ་པའི་ཀན་སུའུ་ཞིང་ཆེན་བསྟན་སློབ་གྲྭའི་ཆེས་ཐོག་མའི་འཛིན་གྲྭ་གཉིས་པར་ཞུགས་ཏེ། དགེ་བའི་བཤེས་གཉེན་ཆེན་མོ་རྔ་བ་གྲགས་པ་ཚང་དང་། མཁས་དབང་རིགས་ཞེན་པ་ཨ་ལགས་ཙཱ་ཡུས་ཚང་། དགེ་རྒན་དམ་པ་དཀོན་མཆོག་ཚེ་བརྟན་སོགས་དགེ་རྒན་བཅུ་ཕྲག་གི་མདུན་ནས་ལོ་ཡི་འཁོར་མོ་ལྔའི་རིང་ལ། སུམ་རྟགས་དག་གསུམ་དང་། མངོན་བརྗོད། སྙན་ངག ས་ཁམས་ལོ་རྒྱུས། རྒྱའི་སྐད་ཡིག་དང་ཆབ་སྲིད། ཡིག་གཟུགས་སྣ་ཚོགས། སྐྱབས་ཁྲིད། བསྡུས་གྲྭ། བློ་རིགས། ས་ལམ་གྲུབ་མཐའ། ཕར་ཕྱིན་སྐབས་བརྒྱད་ཀ། སྡོམ་གསུམ་བསླབ་བྱ། བྱང་ཆུབ་ལམ་རིམ་ཆེན་མོ་སོགས་ལ་ཐོས་བརྩོན་ལྷོད་མེད་གནང་ཞིང་། བློ་སྦྱོང་དང་ཐ་སྙད་རིག་གནས་ཕྱོགས་ལ་ངོ་མཚར་བའི་བློ་རྩལ་རྒྱས། སློབ་གྲྭའི་དབྱར་དགུན་གྱི་ངལ་གསོ་སོགས་ཁོམ་སྐབས་གང་ཡོད་དུ་སློབ་དཔོན་ཐོན་མི་གཉིས་པ་རྗེ་བཙུན་དམུ་དགེ་བསམ་གཏན་རྒྱ་མཚོའི་མདུན་དུ་ཕེབས་ཏེ་བྲ་ཏིའི་སུམ་རྟགས་དང་། བློ་གསལ་འཇུག་ངོགས་། བློ་གསལ་དགའ་སྟོན། སྙན་འགྲེལ་ཡང་གསལ་སྣང་མཛོད། དབྱངས་ཅན་སྒྲ་ཊཱིཀ་སོགས་ཀྱི་ཁྲིད་ཉིན་གཅིག་ལའང་ཆད་པ་མེད་པར་ཆ་ཚང་གསན། གཞན་ཡང་ཁྱབ་བདག་རྡོ་རྗེ་འཆང་འཆང་དངོས་ཁྲི་གུང་ཐང་དྲུག་པ་ཆེན་མོ་དང་རྗེ་བཙུན་དམུ་དགེ་བསམ་གཏན་རྒྱ་མཚོ་རྣམ་གཉིས་ཀྱི་དྲུང་ནས་དུས་འཁོར་དབང་ཆེན་དང་། བདེ་མཆོག་རབ་འབྱམས། སྒྲུབ་ཐབས་རྒྱ་མཚོ། བ་རི་བརྒྱ་རྩ། སྣར་ཐང་བརྒྱ་རྩ་སོགས་དབང་ལུང་མན་ངག་མཐའ་ཡས་པ་གསན། སྤྱི་ལོ་༡༩༨༨ལོའི་ཧོར་ཟླ་དགུ་བའི་ཚེས་བཅོ་ལྔ་ཉིན་རྗེ་བཙུན་དམུ་དགེ་བསམ་གཏན་རྒྱ་མཚོའི་དྲུང་དུ་བསྙེན་རྫོགས་ཀྱི་སྡོམ་པ་ཡང་དག་པར་བཞེས་ཏེ་བསླབ་ཁྲིམས་མིག་འབྲས་བཞིན་དུ་བསྲུངས་པར་མཛད། གྲོང་ཆས་གྱོན་པ་དང་གླུ་གཞས་ལེན་པ། ཇ་མཆོད་མ་གསུངས་པར་བཟའ་བཏུང་ལ་རོལ་བ་སོགས་ཕལ་ཆེར་སྐུ་ཚེ་གང་བོར་གནང་མ་མྱོང་བས་དུས་མཐའ་འདིར་ངེས་དོན་བཙུན་པའི་རྣམ་ཐར་བདག་གིར་མཛད་པ་བོ་ཞིག་ལགས། 
               སྤྱི་ལོ་༡༩༨༩ལོར་ཀུན་མཁྱེན་རིན་པོ་ཆེས་བླ་བྲང་བཀྲ་ཤིས་འཁྱིལ་ཡར་རྒྱས་གཏོང་བའི་སྐོར་ལ་དགེ་འདུན་པ་ཚོར་བསམ་འཆར་ཡང་ཡང་བསྡུས་པའི་སྐབས། ཁོང་གིས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་འཆད་ཉན་དང་སྒྲིག་ཁྲིམས་སོགས་ལ་ཐུགས་གཞིག་ཟབ་མོས་ཡིག་ཐོག་ནས་ཞུ་ཡིག་ཅིག་ཕུལ་བས། ཀུན་མཁྱེན་རིན་པོ་ཆེས་ཐུགས་དགྱེས་པ་ཆེན་པོ་གནང་སྟེ་ཡང་ཡང་གཟིམ་ཤག་ཏུ་བསྐོང་འགུག་གནང་བར་མ་ཟད་འཕྲིན་ལས་རྒྱ་མཚོ་ཞེས་པའི་མཚན་དེ་འཇམ་དབྱངས་འཕྲིན་ལས་སུ་སྒྱུར་ཅིག་ཅེས་པའི་བཀའ་གསུང་གསེར་གྱི་མེ་ཏོག་སྤྱི་བོར་བསྩལ་བས་སྐབས་དེ་ནས་ཁོང་གི་ཕྱག་རྩོམ་གང་གནང་གི་མཐར་མཇམ་དབྱངས་འཕྲིན་ལས་དང་ཕྱིས་སུ་རྔོག་རྒྱུད་འཇམ་དབྱངས་འཕྲིན་ལས་ཞེས་བྲིས། 
               སློབ་མཐར་མ་ཕྱིན་པའི་སྔོན་ཙམ་དེར་དགེ་སློབ་ཡོངས་དངོས་སྦྱོང་གི་ཚབ་ལྟ་བུར་དབུས་གཙང་དུ་ཕེབས་ཏེ་གཟིགས་སྐོར་དང་ཉམས་ཞིབ་མཆོད་མཇལ་སོགས་གང་རྒྱས་གནང་། སྤྱི་ལོ་༡༩༩༠ལོའི་ཟླ་དྲུག་པར་ཀན་སུའུ་ནང་བསྟན་སློབ་གླིང་ནས་སློབ་མཐར་ཕྱིན་མ་ཐག་ཀུན་མཁྱེན་རིན་པོ་ཆེས་ཁོང་བླ་བྲང་དགོན་པའི་དོ་དམ་ཁང་གི་ལས་བྱེད་པར་བསྐོ་བཞག་གནང་བར་མ་ཟད་མཚམས་མཚམས་སུ་སྐུ་མདུན་ལ་བོས་ཏེ་དྲུང་ཡིག་གི་ཕྱག་ལས་ཀྱང་བྱེད་དུ་བཅུག་པ་སོགས་ནང་ཐུགས་ཀྱི་སྲས་པོ་ལྟ་བུར་གྱུར། ༡༩༩༣ལོ་ནས་ཀན་སུའུ་ནང་བསྟན་སློབ་གླིང་གི་དགེ་རྒན་དུ་བསྐོ་བཞག་གནང་བས་མི་ལོ་དྲུག་བདུན་ཙམ་ལ་སློབ་གྲྭའི་སློབ་མ་རྣམས་ལ་དཔེ་ཁྲིད་གནང་བར་མ་ཟད། བླ་བྲང་བཀྲ་ཤིས་འཁྱིལ་གྱི་སྐལ་ལྡན་དོན་གཉེར་ཅན་རྣམས་ཀྱིས་གཙོས་མདོ་ཁམས་ཀྱི་གྲུབ་མཐའ་རིས་སུ་མ་མཆིས་པའི་དགོན་སྡེ་བརྒྱ་ཕྲག་མང་བོའི་བླ་སྤྲུལ་དང་གྲྭ་བཙུན་སློབ་གཉེར་བ། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དང་ཞིབ་འཇུག་པ། འབུམ་རམས་པ། ལས་བྱེད་པ། རྒྱ་གར་ནག་དང་སོག་པོ།བལ་ཡུལ་སོགས་ནས་ཆེད་གཉེར་གྱིས་ཕེབས་པ་སོགས་བུ་སློབ་སྟོང་ཕྲག་མང་བོར་སྐུ་ཚེའི་འཕེན་པ་མ་རྫོགས་ཀྱི་བར་དུ། ཟླ་ཕོག་སྐར་གང་དང་ལེགས་སོའི་དངོས་སྐྱེས་ཕྲ་མོ་ཙམ་ལའང་ཞེན་པ་ཡེ་ནས་མེད་པར་ཉིན་ཟླ་ལོ་ལ་མཐུད་དེ། དག་ཡིག་མཁས་པ་དགའ་བསྐྱེད། བརྡ་དག་ཕྱེ་མ་ལེབ་ཀྱི་གཤོག་རླབས། བློ་གསལ་འཇུག་ངོགས། བློ་གསལ་དགའ་སྟོན། སྙན་ངག་ཡང་གསལ་སྣང་མཛོད། ཚངས་སྲས་བཞད་སྒྲ། སྙན་ངག་སྤྱི་དོན། ཀུན་མཁྱེན་འཇིགས་མེད་དབང་བོའི་ཆབ་ཤོག་སོགས་ཆབ་ཤོག་སྣ་ཚོགས། དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས། དེབ་ཐེར་དཀར་བོ། བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང་སོགས་ཉེ་བར་མཁོ་བའི་གཞུང་ལུགས་སྣ་ཚོགས་ཀྱི་དཔེ་ཁྲིད་ཚར་མང་བོ་གནང་བས་སྐབས་དེ་ཤེད་དུ་བླ་བྲང་བཀྲ་ཤིས་འཁྱིལ་བར་ཐ་སྙད་རིག་གནས་སློབ་ཏུ་ཡོང་བ་ཞིག་ཡིན་ན་ཕལ་ཆེར་ཁོང་གི་གསུང་ཟབ་བདུད་རྩིའི་དཔལ་ལ་མ་རོལ་བ་མེད་པ་ལྟ་བུར་གྱུར་ལ། རྔོག་རྒྱུད་འཇམ་དབྱངས་འཕྲིན་ལས་ཞེས་པའི་གྲགས་སྙན་ཀྱང་ཡུལ་གངས་རིའི་ལྗོངས་ལ་ཁྱབ་པར་མ་ཟད། ཁོང་གི་བྱམས་བརྩེ་དང་ཤེས་རིག་གིས་བསྐྱངས་པའི་བུ་སློབ་དང་ཡང་སློབ་དག་གིས་བོད་པ་ཡོད་སའི་འཛམ་གླིང་རྒྱལ་ཁབ་ཁག་ཐམས་ཅད་ལ་ཁྱབ་ཡོད་ལ། དེ་དག་གིས་ཀྱང་ཁོང་གི་ཐུགས་སྟོབས་དང་རིགས་ཞེན་མཐོན་པོ་མིག་དཔེར་བཟུང་སྟེ་ཁ་བ་གངས་ཅན་བོད་པའི་ཆོས་སྲིད་རིག་གནས་ཡར་རྒྱས་ལ་ནུས་པ་མི་དམན་པ་བཏོན་དང་འདོན་བཞིན་ཡོད་པས། ཁོང་གི་ཞལ་ནས། ངས་བསྐྱེད་བསྲིངས་བྱས་པའི་སློབ་མ་ཚོར་ད་ལྟ་གཤོག་རྩལ་རྒྱས་ཏེ་འཛམ་གླིང་གི་ཡུལ་གྲུ་གང་སར་འཕུར་གྱིན་ཡོད་པས་ད་ནི་བསམ་དོན་གྲུབ་པ་ཡིན་ཞེས་ཡང་ཡང་གསུངས་མྱོང་། 
         སྤྱི་ལོ་༡༩༩༩ལོར་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གླིང་གི་སྐབས་དགུ་བའི་རྩོམ་ཡིག་འགྲན་བསྡུར་ཁྲོད་ཁོང་ལ་ཨང་དང་བོའི་བྱ་དགའ་དང་། ཟླ་ཟེར་དུས་དེབ་བསྐྲུན་ནས་ལོ་ཉི་ཤུ་ལོན་པའི་ཕུལ་བྱུང་རྩོམ་པ་བོའི་བྱ་དགའ། གུར་ཀུམ་ཆུན་པོ་དང་རིག་གནས་ཡར་སྤེལ་རྩོམ་སྒྲིག་ཁང་གཉིས་ཀྱིས་སྔ་ཕྱིར་ཕུལ་བའི་གངས་ལྗོངས་མཁས་པའི་ཕྱག་རྟགས་སོགས་བྱ་དགའ་ཆེ་ཆུང་ཡང་མང་བོ་ཐོབ་མོད། ཁོང་ནི་འཇིག་རྟེན་ཆོས་བརྒྱད་དང་རང་ཉིད་འུད་སྒྲོག་བྱེད་པ་ལ་ཐུགས་རྩ་བ་ནས་མི་དགྱེས་པས་གཞུང་སྒེར་གྱི་དུས་དེབ་རྩོམ་སྒྲིག་ཁང་མང་བོས་མཛད་རྣམ་ངོ་སྤྲོད་བྱེད་འདོད་ཀྱི་རེ་བ་ཡང་ཡང་ཞུས་མོད་ང་ལྟ་བུ་ཞིག་ལ་ངོ་སྤྲོད་བྱེད་རིན་མེད་ཅེས་ཞལ་བཞེས་ཐེངས་གཅིག་ཀྱང་གནང་མ་མྱོང་ལ། གཞུང་ཆེན་མོར་དཔེ་གཟིགས་གནང་ན་ཞིབ་ཚགས་ཆེ་ཞིང་དོན་གྱི་གནད་དཔོག་པ། ཡུན་རིང་བོ་འགོར་ཡང་ཐུགས་བརྗེད་མེད་པ། གང་སྦྱངས་པ་མཐའ་དག་ཐུགས་ཉམས་སུ་བསྟར་ཞིང་ལམ་རིམ་བློ་སྦྱོང་སོགས་ལ་ལྷག་པར་ཐུགས་ངེས་ཆེ་བ། བླ་མ་མཆོག་གསུམ་ལ་ཡིད་ཆེས་དང་དད་པ་རི་བོ་བཞིན་བརྟན་ཞིང་བོད་གངས་ཅན་གྱི་བདེ་སྡུག་དང་ཡར་རྒྱས་ཀྱི་ཆེད་དུ་ཐུགས་ངལ་གསོས་མ་མྱོང་བ། བློ་ཁ་མཐོ་དམན་གྱི་སློབ་མ་ཁྲི་སྟོང་མང་བོ་སྐྱོང་བའི་ཐབས་ལ་མཁས་ཤིང་སུན་སྣང་མེད་པ། རྒྱ་གར་ལྷོ་བའི་རྩོམ་གཤིས་ལ་དབང་འབྱོར་ཞིང་ལོ་རྒྱུས་རིག་པའི་རྩལ་ལ་མངའ་བརྙེས་པ། དྲན་དབང་ཕལ་མོ་ཆེའི་ཐུགས་ལ་མ་ཤར་བའི་དཔྱད་སྟོབས་དང་དཔྱད་རྩོམ་འབྲི་བའི་ཐབས་ལམ་ཁྱད་དུ་འཕགས་པ། བོད་སྐད་ཡིག་དར་སྤེལ་དང་རྒྱུན་འཛིན་གྱི་ཕྱོགས་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཕྱག་རྗེས་ཟབ་ཅིང་སྒེར་གཉེར་དུས་དེབ་ཕལ་ཆེར་གྱི་སྣེ་ཁྲིད་པ་དང་བློ་འདོན་པ་ལགས་ཀྱང་ང་ཡིན་དང་ངས་བྱས་སོའི་ཁ་ཕོད་མི་སྒྲོག་པ། གོང་ས་མཆོག་གི་བཀའ་ལུང་སྤྱི་བོར་སྨིན་པ་བཞིན་སོག་ཡུལ་བསྟན་པའི་མངའ་བདག་ཁལ་ཁ་རྗེ་བཙུན་དམ་པས་ཨོ་རོད་ཛ་ཡ་པཎ་ཌི་ཏའི་ཡང་སྲིད་དུ་ངོས་འཛིན་ཐུགས་ཐག་བཅད་པའི་ཕྱག་བྲིས་དམ་སྦྱར་མ་དང་།གསོལ་འདེབས་སྨོན་ཚིག་སོགས་ཀྱང་གནང་མོད་སྔར་བཞིན་གྲྭ་རྐྱང་དཀྱུས་མའི་ལུགས་སུ་བཞུགས་ཏེ་འཆད་རྩོམ་ཉམས་བཞེས་ཀྱི་ལས་ཀྱིས་བྲེལ་བ། བཀའ་གདམས་གོང་མའི་རྣམ་ཐར་ལྷུར་བཞེས་པ། གྲྭ་ས་ཆེན་མོའི་ཁང་ཚན་དང་སྤྱི་ཁང་གསར་བཟོའི་འགྲོ་གྲོན། ལྷ་རམས་དམ་བཅའི་གཏོང་སྒོ། གསུང་འབུམ་དང་སྒེར་དེབ་དཔར་བསྐྲུན་གྱི་མ་དངུལ། སློབ་གྲྭ་ཁག་ལ་ཞལ་འདེབས། དགོན་སྡེ་མང་བོར་འགྱེད་གཏོང་དང་སྤྱི་འཇོག གསུང་ཆོས་ར་བ་དང་མ་ཎི་འཁོར་ཁང་བསྐྱར་བཞེངས། སློབ་མ་དཀའ་ངལ་ཅན་ལ་སློབ་ཡོན་སྟེར་བ་སོགས་བསྔགས་འོས་ཡོན་ཏན་འབུམ་གྱི་གཏེར་མཛོད་དུ་གྱུར་བའི་ངེས་དོན་སྐྱེས་བུ་དམ་པ་ཞིག་ཡིན་པ་རྩོད་མེད་ཡོངས་གྲགས་སུ་གྱུར་ཀྱང་། ཐ་ན་ཚོགས་འདུར་ཕེབས་ཚེ་མདུན་གྲལ་དང་དབུས་གྲལ་དུ་མི་བསྙེགས་པར་ཆེས་མངོན་ཆུང་གིས་བཞུགས་པ། ཐོབ་དང་གོ་སར་མི་བརྩོན་པ། མཁས་པའི་ཁེངས་དྲེགས་དང་སློབ་བུ་ཁྲི་སྟོང་གི་སློབ་དཔོན་ཡིན་སྙམ་གྱི་རྣམ་འགྱུར་ཙམ་ཡང་མི་སྟོན་པའི་ངེས་དོན་མཁས་བཙུན་བཟང་གསུམ་འཛོམས་པའི་སྐྱེས་མཆོག་ཤཱཀྱའི་དགེ་སྦྱོང་རྣལ་མ་ཞིག་གོ།།
        ཁོང་གི་བརྩམས་ཆོས་ཀྱི་སྐོར་ལ། དེང་སང་དབུས་གཙང་གི་ཁ་སྐད་འགའ་བོད་ཀྱི་སྤྱི་སྐད་དུ་སྤྱོད་པའི་ཐད་ཀྱི་འཆར་སྣང་། མདོ་སྨད་ལྷོ་རྒྱུད་ཀྱི་ཕྱོགས་ལ་ས་མིང་ཇི་ལྟར་འདོགས་དགོས་པའི་ཚུལ་རག་ཙམ་དཔྱད་པ་ཐོག་མའི་འཆར་སྣང་། བོད་སོག་བར་དུ་མཆོད་ཡོན་གྱི་འབྲེལ་བ་ཇི་ལྟར་བྱུང་བའི་བརྒྱུད་རིམ་མདོ་ཙམ་བརྗོད་པ ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་རླབས་ཆེན་གྱི་དགོངས་གཞི་ལས་མི་རིགས་སྐད་ཡིག་གིས་གནད་དོན་སྐོར་མདོ་ཙམ་བརྗོད་པ།བོད་མིའི་འཕྲོད་བསྟེན་སྐོར་གླེང་བ།
བྱང་ཕྱོགས་ཨོ་རོད་ཀྱི་ཡུལ་དུ་དགེ་ལུགས་པའི་བསྟན་པ་ཇི་ལྟར་དར་ཚུལ་མདོ་ཙམ་བརྗོད་པ་ལོ་རྒྱུས་རིག་པའི་ཟུར་རྒྱན རེ་བས་བཅངས་པའི་ཅོ་ནེ་བ འཚོལ་སྙེག་དུས་དེབ་ལ་བཅངས་པའི་ཐོག་མའི་རེ་བ།
བླ་བྲང་ངོ་མཚར་གྲུབ་པའི་གནས་ཆུའི་ངོ་སྤྲོད་མདོར་བསྡུས། ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གླིང་གི་སྔ་ཕྱིའི་མཐར་ཕྱིན་སློབ་མ་རྣམས་ལ་བཅངས་པའི་རེ་བ་གསེར་གྱི་ལྷུན་པོ། རྗེ་བཙུན་བླ་མ་རྡོ་རྗེ་འཆང་ཆེན་པོ་ལཱ་མོའི་ཡོངས་འཛིན་རིན་པོ་ཆེ་རྗེས་སུ་དྲན་པའི་གདུང་འབོད་ཚེ་རབས་རྗེས་འཛིན། རྒྱང་རིང་གི་སློབ་གྲོགས་ཤིག་ལ་དྲན་སྐུལ་དུ་ཕུལ་བ་ཞུ་འཕྲིན་སྙིང་གི་བདུད་རྩི། མདོ་སྨད་ཅོ་ནེ་བ་རྣམས་ལ་བཅངས་པའི་རེ་བ་གསེར་གྱི་རི་བོ། ཞུ་འཕྲིན་སེམསགཏིང་གི་རེ་བཅོལ་ལྷག་བསམ་གཏམ་གྱི་རང་སྒྲ། དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་ཆོས་སྤྱོད་སྣ་ཚོགས་ཀྱི་འགྲེལ་བ་ཕྱོགས་བསྒྲིགས་ཐུབ་བསྟན་ཡང་གསལ་སྒྲོན་མེ་དཔར་དུ་སྐྲུན་པའི་གསལ་བཤད་དགོས་ཆེད་ཀུན་ཤེས་ཞེས་བྱ་བ། ཟླ་ཟེར་དུས་དེབ་མཐོང་ཐོས་མྱོང་གསུམ་ལས་བྱུང་བའི་དགེ་མཚན་བརྗོད་པ་འགོག་མེད་ཡིད་ཀྱི་འཆར་སྒོ། གུར་ཀུམ་ཆུན་པོའི་སྟེང་ནས་བོད་ཁམས་ཡོངས་ཀྱི་གཞུང་སྒེར་བོད་ཡིག་དུས་དེབ་རྣམས་ལ་བཅངས་པའི་ལྷག་བསམ་སེམས་ཀྱི་རང་མདངས། བོད་ཀྱི་ས་མིང་འདོགས་ལུགས་ཀྱི་ལེགས་ཉེས་ལ་རག་ཙམ་དཔྱད་པ། མདོ་སྨད་དུ་སོག་པོའི་ཚོ་བ་ཁག་གཅིག་གཞིས་ཆགས་པའི་རྒྱུ་རྐྱེན་སྐོར་རག་ཙམ་གླེང་བ། གནའ་རབས་བོད་ཀྱི་ཡིག་ཐོག་གི་རྒྱལ་ཁབ་དང་རྒྱལ་ཁམས་ཞེས་པའི་མིང་གི་འཇུག་གཞི་ལ་རག་ཙམ་དཔྱད་པ།
མདོ་སྨད་པཱ་ཀྲུའུ་དགོན་པའི་བླ་མ་ཆོས་རྗེ་སྦྱིན་པ་རྒྱ་མཚོ་དང་འབྲེལ་བ་ལས་འཕྲོས་པའི་ལོ་རྒྱུས་ཀྱི་དོན་ཆེན་འགའ་ལ་དཔྱད་པ།སྔོན་བོད་གཞུང་དགའ་ལྡན་ཕོ་བྲང་འཛུགས་ཁར་རྒྱལ་བ་པཎ་ཆེན་རྣམ་གཉིས་ཀྱིས་སེ་ཆེན་ཆོས་རྗེ་མཆོག་ཆེད་གཉེར་གྱིས་ཇུར་ཆིད་གོང་མའི་རྒྱལ་སར་རྫོང་བདའ་མཛད་པའི་སྐོར་ལ་དཔྱད་པ་ལྐོག་གྱུར་གསལ་བའི་མེ་ལོང་། སོག་པོའི་ལོ་ཙཱ་བ་རིམ་བྱོན་གྱིས་བོད་ཀྱི་གསུང་རབ་སོག་སྐད་དུ་བསྒྱུར་བའི་ཚུལ་མདོ་ཙམ་བརྗོད་པ་བསྟན་པའི་ཉིན་བྱེད་འདྲེན་པའི་སྐྱ་རེངས། ཨྱོན་ལྷ་ཁང་གི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་བོ། འབུམ་ཁང་བྱིན་རླབས་རབ་འབབ་གྱི་དཀར་ཆག རིག་གནས་ཡར་སྤེལ་ལ་བཅངས་པའི་རེ་འདུན། བྱ་ཆུའི་འགྱུར་ཁུགས་ཞེས་པའི་ཆེད་རྩོམ་ཕྱོགས་བསྒྲིགས་གསར་དུ་བཏོན་པར་སྔོན་དུ་ཤིས་པ་བརྗོད་པའི་གཏམ། གུ་ཤྲི་ཧན་གྱི་མི་རྒྱུད་ནས་བྱུང་བའི་བསྟན་འཛིན་གྱི་སྐྱེས་བུ་བྱུང་ཚུལ་བཤད་པ།བོད་ལ་སྤྱི་སྐད་ཅིག་བཟོ་བའི་བྱ་བ་དངོས་སུ་ལག་བསྟར་བྱེད་པའི་ཐབས་ལམ་དང་རེ་བ་མདོ་ཙམ་བརྗོད་པ།མདོ་ལྷོ་ཁ་གྱའི་བླ་སྲོག་རྩོམ་སྒྲིག་ཁང་ལ་ཕུལ་བའི་གཏམ།མན་ཇུའི་རྒྱལ་རབས་ཀྱི་ཐོག་མའི་གོང་མ་དང་རི་བོ་དགེ་ལྡན་པའི་བར་དུ་མཆོད་ཡོན་གྱི་འབྲེལ་བ་དང་བོ་ཇི་ལྟར་བྱུང་ཚུལ་མདོ་ཙམ་བརྗོད་པ།གུ་ཤྲི་བསྟན་འཛིན་ཆོས་ཀྱི་རྒྱལ་བོའི་ལོ་རྒྱུས་ཀྱི་ཡང་སྙིང་མདོར་བསྡུས་སུ་བརྗོད་པ། གཞན་སྙན་རྩོམ་སྣ་ཚོགས་དང་ཤིས་ཚིག བསང་ཡིག དོན་རྒྱན་སོ་ལྔའི་དཔེ་བརྗོད། གལ་ཆེ་བའི་ལོ་རྒྱུས་སོགས་པོད་ཁ་ཤས་སུ་ལོངས་པ་ཡོད་དོ།།
        དེ་ལྟ་བུའི་ངེས་དོན་གྱི་མཁས་པ་ཆེན་པོ། དོན་དངོས་དང་བདེན་དོན་གཞི་ལ་འཇོག་པའི་ལོ་རྒྱུས་སྨྲ་བའི་དབང་བོ། སློབ་བུ་ཁྲི་སྟོང་གི་སེམས་ཀྱི་དེད་དཔོན། བོད་པའི་ཡར་རྒྱས་ཤེས་རིག་དང་ཐབས་ལམ་སོགས་གནའ་དེང་ཟུང་འབྲེལ་གྱི་སྒོ་ནས་འཚོལ་བར་སྨྲ་བའི་བསམ་བློ་བ་ཆེན་མོ། ཐ་སྙད་རིག་གནས་ཀྱི་བསྟན་པ་དགོང་དུ་བསྟོད་པའི་རིག་པའི་དཔའ་བོ་ཁོང་དགུང་གྲངས་ང་ལྔ་བཞེས་པ་རབ་གནས་ཤིང་ལུག་སྟེ་སྤྱི་ལོ་༢༠༡༥ལོའི་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་གུང་ཙམ་ལ་ཆོས་སྡེ་ཆེན་མོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རང་ཤག་རིག་པའི་དགའ་ཚལ་ནས་སྐུ་ཞི་བར་གཤེགས་པའི་མཛད་པ་མངོན་དུ་བྱས་སོ།།
     ཞེས་ཐུན་མོང་སྣང་ཚོད་ཀྱི་མཛད་རྣམ་ཤིན་ཏུ་མདོར་བསྡུས་ཏེ་བརྗོད་པ་སྐྱེས་མཆོག་དམ་པ་ཞིག་གི་ངོ་མཚར་བའི་སྐུ་ཚེ་ཞེས་པ་འདི་ནི། ཁོང་གི་སྐུ་སྤུན་ཆེ་བ་ནམ་མཁའ་བཀྲ་ཤིས་དང་རིན་ཆེན་སོགས་ཀྱིས་འཚོལ་བསྡུ་བྱས་པའི་ས་བོན་གཞིར་བཞག་སྟེ། བྱམས་བརྩེའི་འོད་སྣང་དང་ཤེས་རིག་བདུད་བརྩིས་བསྐྱངས་པའི་གུས་སློབ་ལྡོང་ཡོན་ཏན་རྒྱ་མཚོས། རབ་གནས་མེ་སྤྲེལ་(སྤྱི་ལོ་༢༠༡༦)ལོའི་བོད་ཟླ་ལྔ་བའི་ཚེས་ཉེར་དྲུག་ཉིན། ཆོས་སྡེ་ཆེན་པོ་རྫ་སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་གི་མཐོ་རིམ་ནང་བསྟན་སློབ་གླིང་གི་གཙུག་ལག་ཁང་ཆེན་མོའི་ཡང་སྟེང་ནས་བྲིས་པ། ཐེག་མཆོག་བཤེས་གཉེན་དམ་པས་ཚེ་རབས་ཐམས་ཅད་དུ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག 

དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 74va བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5870610
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号