བོད་ཟས་གཙོ་ཆེར་བསྟེན་ན་རྒྱུ་འགགས་ནད་མི་འབྱུང་བའི་བསམ་ཚུལ་བརྗོད་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྒྱུན་ཤེས།» འཕྲོད་བསྟེན་རྒྱུན་ཤེས། »བོད་ཟས་གཙོ་ཆེར་བསྟེན་ན་རྒྱུ་འགགས་ནད་མི་འབྱུང་བའི་བསམ་ཚུལ་བརྗ
བོད་ཟས་གཙོ་ཆེར་བསྟེན་ན་རྒྱུ་འགགས་ནད་མི་འབྱུང་བའི་བསམ་ཚུལ་བརྗོད་པ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2019-05-02ལྟ་ཀློག (7271)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

འབྲོག་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མ་ཚོར་སྲོལ་རྒྱུན་གྱི་བོད་ཟས་གཙོ་ཆེར་བསྟེན་དུ་བཅུག་ན་རྒྱུ་འགགས་སོགས་ཀྱི་ནད་མི་འབྱུང་བར་འདོད་པའི་བསམ་ཚུལ་ཙམ་བརྗོད་པ།

སྨན་པ་འབུམ་རམས་གཞོན་པ།      ཧྲོང་བོ་ཚེ་བརྟན་རྒྱལ།

     རང་ཉིད་ནད་ཐོག་གི་སྨན་པ་ཞིག་ཡིན་པ་དང་། ཁྱད་པར་དུ་གཞི་རིམ་རྫོང་རིམ་པའི་འབྲོག་ཁུལ་གྱི་སློབ་ཆུང་སློབ་མ་དང་སློབ་འབྲིང་སློབ་མའི་འབོར་ཆེ་ས་དང་གྲངས་མང་ས་ན་ཡོད་པ་དང་། ལོ་ངོ་མང་པོར་སློབ་མ་ཚོ་སྨན་ཁང་དུ་ཡོང་བའི་གྲངས་ཀ་དང་། དེ་དག་གི་ན་ཚའི་གནས་བབ་ལ་གཞིགས་ནས་བཤད་ན། ཁོ་ཚོར་ས་གནས་ཀྱི་རོང་འབྲོག་ནད་པ་གཞན་ལ་མ་མཆིས་པའི་ཁྱད་པར་ཅན་གྱི་ནད་གཞི་དམིགས་བསལ་བ་ཞིག་འདུག་པ་ནི། སློབ་མ་ཚོར་རྒྱུ་འགགས་(肠梗阻)སོགས་ཀྱི་ནད་མང་པ་དེ་རེད། འདི་ལ་བསམ་བློ་མི་གཏོང་ཐབས་མེད་རེད་ལ། འདི་ལ་ཁོ་བོས་འདི་ལྟར་སྙམ་གྱིན་ཡོད་དེ། ཁྱད་པར་དུ་འབྲོག་ཁུལ་གྱི་སློབ་མ་རྣམས་ལ་མཚོན་ན། ཆུང་དུས་ནས་སློབ་གྲྭར་ཞུགས་པའི་བར་དུ་འབྲོག་ཟས་རྩམ་པ་དང་།  འབྲི་ཞོ། འབྲི་འོ། འབྲི་མར། ལུག་ཤ་དང་ཚག་ཤའམ་ནོར་ཤ་སོགས་ལ་ཤོས་ཆེར་གོམས་ཡོད་པ་དང་། དེ་ནས་སློབ་གྲྭར་ཞུགས་མ་ཐག་པ་ནས་ཁ་ཟས་དེ་དག་བསྒྱུར་ཏེ། སྔར་བསྟེན་མ་མྱོང་བའི་ཁ་ཟས་གསར་བ་སྔོ་ཚོད་གཡོས་སྦྱོར་གྱི་རིགས་དང་བྱ་ཤ་སོགས་ལ་རོལ་དུ་བཅུག་པས། མཐར་རྒྱུ་འགགས་སོགས་ཀྱི་ན་ཚ་བྱུང་བར་འདོད་པས། གཤམ་ནས་དེའི་ཕྱོགས་ནས་ཅུང་གླེང་བར་བྱའོ།། 

གཅིག      ཁ་ཟས་མ་གོམས་པ་ལས་རྒྱུ་འགགས་སོགས་ཀྱི་ནད་བྱུང་བར་འདོད།

    དེ་ཡང་དཔལ་ལྡན་རྒྱུད་བཞི་ལས།མ་གོམས་དུས་མིན་ཟོས་པས་དུག་ཏུ་འགྱུར།།ཞེས་གསུངས་འདུག་པ་ལྟར། མ་གོམས་ཤིང་སྔོན་དུས་བསྟེན་མ་མྱོང་བའི་ཁ་ཟས་གསར་བས་མ་ཞུ་བ་སྐྱེད་པ་ཡིན་ཏེ། རྒྱུད་ལས་མ་ཞུ་བ་སྐྱེད་པའི་མ་གོམས་པའི་རྐྱེན་གསུངས་དུས། མ་གོམས་ནམ་ཕྱེད་ཁ་ཟས་མ་མྱོང་ཟ།།ཞེས་སྔར་ཟ་མ་མྱོང་བའི་ཟས་བཟས་ན་མ་ཞུ་བ་འབྱུང་བ་གསལ་བར་བསྟན་ཡོད། དེ་ཡང་རང་རེའི་བོད་ཁུལ་དུའང་། ཤ་མར་ཐུད་གསུམ་སོགས་འབྲོག་ཟས་ལ་གོམས་པའི་མི་རྣམས་ཀྱིས་སྔར་ཟ་མ་མྱོང་བའི་སུར་པན་ཤོས་ཆེར་བསྒྲུངས་པའི་རྟ་ཐོག་བ་མ་(火锅)བསྟེན་ན་མང་པོ་ཞིག་གི་རྒྱུ་མ་བཤལ་གྱིན་འདུག་པ་དང་། བྱིས་པ་དམར་འབྱར་ཚོར་ཐོག་མར་མའི་ནུ་ཞོའམ་འབྲིའི་འོ་མ་བླུད་པའི་རྗེས་སུ། རྒྱའི་འོ་མ་ཞེས་པའི་མིས་བཟོས་འོ་མའི་རིགས་བླུད་ན་ལྟོ་བ་འཁྲུ་བ། འབྲོག་ཁུལ་གྱི་གནའ་མི་རྒན་པ་ཚག་ཤ་དང་ལུག་ཤ་སོགས་ལ་ཤོས་ཆེར་གོམས་པ་རྣམས་ལ།ཉ་ཤ་དང་བྱ་ཤ་ཕུད་ཐ་ན་ཕག་ཤ་བཟའ་རུ་བཅུག་ནའང་མ་ཞུ་བ་འབྱུང་བ་ལྟར། འབྲོག་ཁུལ་གྱི་སློབ་མ་རྣམས་ཀྱིས་ཀྱང་ཆུང་དུས་ནས་བོད་ཟས་ཏེ། ཤ་མར་རྩམ་གསུམ་སོགས་མང་དུ་བསྟེན་པས་ཕོ་བའི་མེ་དྲོད་གཙོའི་ལུས་ཁམས་ཀྱི་མ་ལག་ལ་ཆེས་ཆེར་གོམས་ཤིང་འདྲིས་ཡོད་པར་བརྟེན། སློབ་གྲྭར་ཞུགས་པ་ནས་བཟུང་སྔར་བསྟེན་མ་མྱོང་བའི་བཟའ་བཏུང་གསར་བ་སྟེ། དཔེར་ན།བྱ་ཤ་དང་བྱ་སྒོང་།སྔོ་ཚོད་སྣ་ཚོགས་བཅས་ལ་རོལ་བ་དང་། དེ་དག་གི་རོ་ནུས་ཞུ་རྗེས་དང་། སྔར་གྱི་ཤ་མར་རྩམ་གསུམ་བཅས་ཀྱི་རོ་ནུས་ཞུ་རྗེས་མི་འདྲ་བ་དང་།བཟའ་བཏུང་གསར་བ་དེ་དག་རང་གི་ལུས་ཁམས་ལ་མ་གོམས་ཤིང་།ཕོ་བའི་མེ་དྲོད་རྣམ་གསུམ་ལ་མ་འཕྲོད་པའི་རྐྱེན་གྱིས།གཙང་སྨན་ཡེ་ཤེས་བཟང་པོས།གོམས་པའི་ཟས་རྣམས་མི་གནོད་ཙམ།།མ་གོམས་གནོད་ཟས་ལྷག་པར་གདུག།དེང་སང་དུས་དབང་ལྟ་བུ་ལས།།ཕན་པ་ལས་ནི་གནོད་པ་མང་།།ཞེས་གསུངས་པ་ལྟར་དུ།བོད་རིགས་སློབ་མ་སྲོལ་རྒྱུན་གྱི་བཟའ་བཏུང་དཀར་གསུམ་དང་ཤ་རྩམ་སོགས་ལ་གོམས་པ་དག་གིས་གློ་བར་དུ་སྔོ་ཚོད་གཡོས་སྦྱོར་གྱི་ཁ་ཟས་གསར་དུ་བསྟེན་པ་ཡིན་ན།གཅིག་ནས་དེ་མ་གོམས་པའི་དབང་གིས་མི་འཕྲོད་པ་དང་མ་ཞུ་བའང་འབྱུང་སྲིད་ལ།གཉིས་ནས་སྔོ་ཚོད་ཀྱི་རིགས་ཀྱང་དོན་དུ་སྔོ་ལྡུམ་ཡིན་པ་དང་།སྔོ་བྱེ་བྲག་གི་བསིལ་དྲོད་ཀུན་གྱིས་ཀྱང་ལུས་ཀྱི་རྩ་སྒོ་འགག་པར་བྱེད་པ་ཞིག་ཡིན་པ་ནི།རྒྱུད་ཀྱི་འཚོ་བ་ཟས་ཀྱི་སྐབས་སུ།སྔོ་ཀུན་རྩ་སྒོ་འགག་ཅིང་སྨན་ནུས་འཇོམས།།ཞེས་གསུངས་ཡོད་པ་ལས་ཤེས་ནུས་ཤིང་།ད་དུང་སྔོ་རྣམས་ཐམས་ཅད་ནུས་པ་རྩུབ་པས་ལུས་ཀྱི་རླུང་འབུད་པ་དང་།ཕོ་བའི་མེ་དྲོད་གསོད་ཅིང་ལུས་ཟུངས་སྐེམ་པར་བྱེད་པ་ཡིན་པ་ནི།ཕྱི་མ་རྒྱུད་ལས་ཀྱང་།་་་་་་སྔོ་རྣམས་ཐམས་ཅད་ཀུན།།རླུང་འབུད་ཕོ་བའི་མེ་གསོད་ལུས་ཟུངས་སྐེམ།།ཞེས་གསུངས་པ་ལས་མ་འདས་པ་དང་།དེའི་སྟབས་ཀྱིས་རྒྱུ་འགགས་ཀྱི་ནད་སོགས་བྱུང་བར་ངེས་ཏེ།གོང་དུ་སྨྲས་པའི་སྔོ་ངད་ཀྱིས་རླུང་འབུད་ཅིང་ཕོ་བའི་མེ་དྲོད་གསོད་པའི་དབང་གིས།རྒྱུ་མ་རླུང་གིས་གཅུས་པའི་རྒྱུ་འཁྲིལ་འབྱུང་ཆོག་ལ།རྩ་སྒོ་འགག་པར་བྱེད་པའི་སྟབས་ཀྱིས།རྒྱུ་མར་བད་ཀན་བེ་སྣབས་རྒྱས་པའི་རྒྱུ་འགྱིངས་ཀྱང་འབྱུང་བ་མ་ཡིན་ནམ།

གཉིས། མི་འཕྲོད་པའི་ཟས་ཀྱིས་རྒྱུ་འགགས་སོགས་སྐྱེད་པར་འདོད།

     དེས་ན་འདི་རུ་མི་འཕྲོད་པའི་བཟའ་བཏུང་ཞེས་པ་ཅུང་གླེང་བར་བྱ་དགོས་འདུག་སྟེ།ཁ་ཟས་ཁ་ཅིག་ནུས་པའི་དབང་གིས་མི་འཕྲོད་པ་དང་།ལ་ལ་རང་བཞིན་གྱི་སྒོ་ནས་མི་འཕྲོད་པ།འགའ་ཤས་སྦྱོར་བའི་དབང་གིས་མི་འཕྲོད་པ་བཅས་ཡོད་པ་ཡིན་ཞིང་།རྒྱུད་ལས།ཁ་ཟས་མི་འཕྲོད་ཟོས་པས་སྦྱར་དུག་མཚུངས།།ཞེས་པ་ལྟར།ཁ་ཟས་མི་འཕྲོད་པའི་རིགས་ཟོས་པས།ཟས་དེའི་མཚན་ཉིད་མི་མཐུན་པ་ཕན་ཚུན་འཐབ་པ་བརྟེན་ནས།སྦྱར་དུག་དང་མཚུངས་པར་འགྱུར་བ་ཡིན་ཏེ།མན་ངག་རྒྱུད་ལས།མི་འཕྲོད་ནུས་པ་འཐབ་ནས་ཉེས་པ་འཁྲུག།ཅེས་གསུངས་པ་ལྟར་གྱི་མཇུག་འབྲས་འབྱུང་བ་ཡིན།འདིའི་སྐོར་དཔལ་ལྡན་གསོ་བ་རིག་པའི་རྒྱུད་ལས་གསལ་བོར་གསུངས་ཡོད་དེ།ཇི་སྐད་དུ།ཞོ་མ་ལངས་དང་ཆང་གསར་མི་འཕྲོད་དེ།།ཉ་ཡི་ཤ་དང་འོ་མ་འཕྲོད་པ་མིན།།དེ་བཞིན་འོ་མ་ཤིང་ཏོག་གཉིས་མི་འཕྲོད།།བྱ་ཡི་སྒོ་ང་ཉ་ཡི་ཤ་མི་འཕྲོད།།སྲན་མའི་ཚོད་མ་བུ་རམ་ཞོ་མི་འཕྲོད།།ཤ་མོ་ཡུངས་ཀར་མར་ལ་བརྔོས་པ་དང་།།ཁྱིམ་བྱའི་ཤ་དང་ཞོ་བསྲེས་ཟ་བ་དང་།།སྦྲང་རྩི་མར་ནག་ཆ་མཉམ་མི་འཕྲོད་འགྱུར།།མར་གསར་མཁར་བའི་སྣོད་དུ་ཞག་བཅུ་ལས།།སྐྱེར་བའི་མེ་ལ་ཧ་རི་ཏྲ་ཤ་བསྲེགས།།ཅོང་ཞི་ཟོས་རྗེས་ཤ་མོ་ཁུར་བ་ཟ།།ཞུན་མར་ཟས་རྗེས་ཆུ་གྲང་འཐུང་བ་དང་།།ཤ་ལ་དཀར་སྐྱུར་རྩམ་དྲིས་ཕོག་པ་དང་།།བཙོས་པའི་རླངས་བསྲུབས་ཞག་བདུན་ལོན་པ་དང་།།སྐྱུར་དང་འོ་མ་ལྷན་ཅིག་ཟ་བ་དང་།།ཞེས་ཁ་ཟས་ཀྱི་རིགས་ལྷན་དུ་ཟོས་ན་ངོ་བོ་མི་འཕྲོད་པར་གྱུར་དུག་ཏུ་འགྲོ་བའི་ཟས་རིགས་བསྡོམས་པས་སུམ་ཅུ་སོ་གསུམ་བསྟན་ཡོད་པ་དང་།དེ་དག་ལས།སྐྱེར་བའི་མེ་ལ་ཧ་རི་ཏྲ་ཤ་བསྲེགས།།ཞེས་པ་མ་གཏོགས་གཞན་རྣམས་ནི་བོད་ཟས་ཤ་སྟག་ཏུ་འདུག་པ་དང་།དེ་དག་གི་ནུས་པར་མཉམ་འཇོག་བྱས་པ་བརྒྱུད།དུས་རྒྱུན་གྱི་བཟའ་བཏུང་བསྟེན་སྐབས་ནོར་འཁྲུལ་དེ་དག་མི་འབྱུང་བར་བྱེད་པ་དང་།དེ་ལྟ་བུའི་གནད་དོན་མ་བྱུང་ན་ལུས་ལ་བདེ་ཐང་འབྱུང་བས།འདི་དག་ཡོངས་སུ་ཁོང་དུ་ཆུད་པར་བྱེད་རྒྱུ་གལ་ཆེ།ཁྱད་པར་དུ་ཁ་ཟས་དེ་དག་ལས་ཀྱང་བོད་རིགས་བྱིས་པ་རྣམས་ཀྱིས་བསྟེན་གྱིན་པའི་སྐོར་ནས་ཅུང་བཤད་པར་བྱ་སྟེ།བོད་ཁུལ་དུ་དེ་བཞིན་འོ་མ་ཤིང་ཏོག་གཉིས་མི་འཕྲོད།ཅེས་པའི་ཉེས་པ་མ་རྟོགས་པར་དེའི་དོན་ལོག་པོར་སྤྱོད་ཀྱིན་པའི་གནས་ཚུལ་འབྱུང་གིན་འདུག་སྟེ།དཔེར་ན་རོང་འབྲོག་ས་ཁུལ་གྱི་བྱིས་པ་གཅེས་ཕྲུག་ཚོས་ཕྱོགས་གཅིག་ནས་འབྲི་དང་བ་མོ་སོགས་ཀྱི་འོ་མ་འཐུང་བ་དང་།ཕྱོགས་གཞན་ཞིག་ནས་སིལ་ཏོག་ཀུ་ཤུ་དང་ཆང་བ་ལི།སིལ་སྟར་ག་དང་ཁམ་བུ་སོགས་ལག་ཏུ་གང་ཡོང་ཡོང་ཞིག་ཟ་བཞིན་ཡོད་པ་མ་ཟད།ཐ་ན་འོ་མ་འཐུང་ཞོར་དུ་ཤིང་ཏོག་སྟེ་སིལ་ཏོག་གི་རིགས་ལྷན་དུ་ཟ་བའི་གནས་ཚུལ་ཡང་ཤིན་ཏུ་མང་པོ་མཐོང་རྒྱུ་འདུག་པ་དང་།དེ་ནི་ཆེས་རྒྱུན་ལྡན་གྱི་སྣང་ཚུལ་ལྟ་བུར་ཀུན་གྱིས་བརྩི་བཞིན་ཡོད་མོད།ཡིན་ན་ཡང་།རྒྱུད་ལས།དེ་བཞིན་འོ་མ་ཤིང་ཏོག་གཉིས་མི་འཕྲོད།།ཅེས་པའི་དོན་ནི་གསོ་རིག་ཀུན་འདུས་ལས།།འོ་མ་དང་ཁམ་སྟར་སོགས་ཤིང་ཏོག་རིགས་ལྷན་གཅིག་ཏུ་ཟ་བ་མི་འཕྲོད།ཅེས་གོམ་གང་མདུན་སྤོས་སྒོས་ཁ་གསལ་ཡོད་པས།བོད་ཁུལ་གྱི་གནས་བབ་དངོས་ལ་བསམ་བློ་བཏང་ཚེ་དེ་ལས་རྒྱབ་འགལ་དུ་སོང་ཡོད་པ་དང་།འོ་མ་དང་ཤིང་ཏོག་གཉིས་ལྷན་གཅིག་ཏུ་བསྟེན་ཚེ་དེ་མ་ཐག་དེ་གཉིས་ཀྱི་ངོ་བོ་མ་འཕྲོད་པར་སྦྱར་དུག་ལྟར་གྱུར་ནས་ཚེ་སྲོག་འཕྲོག་པ་མ་ཡིན་ཀྱང་།ཡུན་དང་རིམ་གྱིས་ལུས་ཟུངས་དང་དོན་སྣོད་ཀྱི་ཆ་ལ་དུག་ཞེན་པ་བཞིན་དུ་གནོད་པ་ཚབས་ཆེན་བཟོ་བ་གོར་མ་ཆག་སྟེ།མུ་ཏིག་དོ་ཤལ་ལས་ཀྱང་།འོ་མ་དང་ཤིང་འབྲས་ཁུ་བ་མཉམ་དུ་འཐུང་རྒྱུ་མེད།འོ་མའི་ནང་སྤྲི་དཀར་རྒྱུ་ཕུན་སུམ་ཚོགས་པོ་ཡོད་མོད།འོན་ཀྱང་ཤིང་འབྲས་ནང་གི་སྐྱུར་རྒྱུ་དང་འཕྲད་ན་འོ་མའི་སྤྲི་དཀར་གོང་བུར་འདྲིལ་བའམ་དྭངས་སྙིགས་ཕྱེ་སྟེ་ལུས་པོའི་ནང་འཇུ་ལེན་བྱེད་དཀའ་བ་རེད།ཅེས་དེ་གཉིས་ལྷན་དུ་སྤྱད་པའི་ཉེས་དམིགས་བཤད་ཡོད་པ་དང་།དཔལ་ལྡན་གསོ་བ་རིག་པའི་རྒྱུད་ལས།དེ་བཞིན་འོ་མ་ཤིང་ཏོག་གཉིས་མི་འཕྲོད།།ཅེས་པའི་དོན་ཟབ་མོའི་ཤུགས་ལ་གོ་བ་བླངས་ཙ་ན།འོ་མའི་ནང་གི་སྤྲི་དཀར་དང་ཤིང་ཏོག་གི་སྐྱུར་རྒྱུ་གཉིས་ནང་འཕྲད་པ་ན།དེ་གཉིས་ཀྱི་ངོ་བོ་མ་འཕྲོད་པར་སྤྲི་དཀར་གོང་བུར་འདྲིལ་ཏེ་ངོ་བོ་སྲ་མཁྲེགས་དང་བཅུད་ནུས་ཉམས་རྒུད་དུ་སོང་ནས།མཐར་མེ་དྲོད་གསུམ་གྱིས་མྱག་བཞུ་དྭངས་སྙིགས་ཚུལ་བཞིན་འབྱེད་མ་ཐུབ་པར་དྭངས་སྙིགས་འདྲེས་མའི་རྒྱུན་མཆིན་གནས་སོགས་སུ་སོང་སྟེ།ཡུན་རིང་མཆིན་གནས་དྭངས་མ་མ་ཞུ་བར་གྱུར་ནས་རིམ་གྱིས་རིམ་གྱིས་དམུ་འོར་སྐྱ་རྦབ་སྐྲན་ནད་དང་མཆིན་པ་སྲ་འགྱུར་སོགས་བསྐྱེད་དེ་མིའི་ཚེ་སྲོག་འཇོམས་པར་བྱེད་པ་གོར་མ་ཆག་སྙམ། དེ་ལྟར་དེང་དུས་བོད་ཁུལ་འདིར་བྱིས་པ་རྣམས་ཀྱིས་ཁ་ཟས་གསར་རྙིང་མང་པོ་ཞིག་རྒྱུས་ལོན་མེད་པར་ལྷན་གཅིག་ཏུ་བསྟེན་གྱིན་ཡོད་པས་ན།འདིའི་ཐད་ཀྱི་ཤེས་བྱ་ཕུན་སུམ་ཚོགས་པས་བོད་རིགས་བྱིས་པ་དག་དང་ཁྱད་པར་དུ་བོད་རིགས་སློབ་མ་རྣམས་ལ་ཞབས་ཞུ་བསྒྲུབ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་ཡིན་པ་དང་།གཞུང་གཞན་དག་ཏུ་གསུང་པའི་ཁ་ཟས་མི་འཕྲོད་པའི་རྣམ་གྲངས་མང་པོ་ཞིག་ཀྱང་།བོད་ཁུལ་གྱི་ཁ་ཟས་བསྟེན་ཚུལ་གྱི་འགྱུར་བ་དང་བསྟུན་ནས།ཁ་སྣོན་ནམ་ལྷན་ཐབས་སུ་སྤྱོད་རྒྱུ་གལ་ཆེ་སྟེ།དཔེར་ན་ཡན་ལག་བརྒྱད་པའི་སྙིང་བོ་བསྡུས་པ་རུ་གསུངས་པའི།པདྨའི་རྩ་བ་ལ་ཕུག་གམ།།བུ་རམ་དང་བཅས་མི་འཕྲོད་ཡིན།།ཞེས་མེ་ཏོག་པདྨའི་རྩ་བ་དང་ལ་ཕུག་དང་བུ་རམ་གསུམ་གང་ཡང་རུང་བ་ནང་འཕྲད་ན་ངོ་བོ་མི་འཕྲོད་པར་ནང་ཕན་ཚུན་འཁྲུག་པ་བསྟན་ཡོད་མོད།དེང་དུས་སྔོ་ཚོད་གཡོས་སྦྱོར་དག་ཏུ་པདྨའི་རྩ་བ་དང་ལ་ཕུག་གི་ཟས་རིགས་གང་འདོད་འདོད་དུ་ཟ་བཞིན་ཡོད་པས་ན།དེས་ཀྱང་ངོ་བོ་ལོག་ནས་ལུས་ཟུངས་ཀྱི་བདེ་ཐང་ལ་གནོད་ཀྱིན་ཡོད་པ་གོར་མ་ཆག་ལ།གཞན་ཡང་།སྲན་ཁུ་དང་སྒོ་ང་མཉམ་དུ་ཟ་རྒྱུ་མེད།སྒོ་ངའི་ནང་གི་ཚི་ཅན་གྱི་སྤྲི་དཀར་དང་སྲན་ཁའི་གཤེར་མའི་སྤྲི་དཀར་རྒྱུ་མཉམ་དུ་འདྲེས་ན་དེ་གཉིས་ཀའི་འཚོ་བཅུད་ཤོར་སྲིད།ཅེས་ཀྱང་བཤད་ཡོད་པ་ལྟར།འབྲོག་ཁུལ་གྱི་སློབ་མ་རྣམས་ལ་མཚོན་ནས་བཤད་ན་ཡང་།འབྲོག་ཟས་བསྐྱུར་ནས་སྔོ་ཚོད་སོགས་བསྟེན་པའི་སྟབས་ཀྱིས།རྒྱུད་ལས།རྒྱུ་ནི་ཟས་དང་སྤྱོད་ལམ་མི་འཕྲོད་པས།།འདུ་བ་འཁྲུགས་ཏེ་རྒྱུ་མར་བབས་པའོ།།ཞེས་པ་ལྟར།རྒྱུ་འཁྲིལ་རྒྱུ་མ་རླུང་གིས་གཅུས་པ་ཡིན།།ཞེས་པའི་རྒྱུ་འཁྲིལ་དང་།ཡང་ན།རྒྱུ་འགྱིངས་རྒྱུ་མར་བད་ཀན་བེ་སྣབས་རྒྱས།།རྒྱུ་མ་ལྕི་ལ་ན་གྱུར་དྲི་མ་འགྱིངས།།ཞེས་པའི་རྒྱུ་འགྱིངས་སམ།དེ་ལས་ཀྱང་ཁྱད་པར་དུ།རྒྱུ་འགག་ཁྲག་དང་མཁྲིས་པའི་དྲི་མ་འགགས།།ཚ་འདྲིལ་གཟེར་ཞིང་དྲི་མ་ཤ་རིལ་འདྲ།།ཞེས་དེང་དུས་སློབ་མའི་ཁྲོད་བྱུང་ཚུལ་མཐོ་བའི་རྒྱུ་འགགས་ཀྱི་ནད་བཅས་བྱུང་བ་གོར་མ་ཆག་སྙམ་ལ།རྒྱུ་མའི་ནད་འདི་དག་གཙོ་བོ་ཁ་ཟས་མ་འཕྲོད་པས་སྐྱེད་པ་ནི་གསོ་རིག་རྒྱུད་ལས་གསལ་བོར་གསུངས་ཡོད་པ་ལྟར་རོ།།

གསུམ་པ། མ་གོམས་པ་བྲིད་པར་བྱེད་པའི་ཐབས།

     འབྲོག་ཁུལ་གྱི་སློབ་མ་ཆུང་ཆུང་རྣམས་ཤ་མར་རྩམ་གསུམ་སོགས་སྲོལ་རྒྱུན་གྱི་བཟའ་བཏུང་ལ་ཤོས་ཆེར་གོམས་ཡོད་པས།གློ་བར་དུ་སུར་པན་མང་བའི་སྔོ་ཚོད་གཡོས་སྦྱོར་སོགས་དང་།བྱ་སྒོང་དང་བྱ་ཤ་བཅས་བསྟེན་དུ་བཅུག་ཚེ།དེ་ལ་མ་གོམས་པའི་དབང་གིས་མི་འཕྲོད་པའི་སྣང་ཚུལ་མང་བས།རྒྱུ་འགྱིངས་དང་རྒྱུ་འགགས་སོགས་ཀྱི་ན་ཚ་འབྱུང་ངེས་པར་སྙམ་ལ།ཡར་ཀླུང་གཞུང་ནས་བསྡད་ན།ཡར་ཀླུང་མཁན་པོ་བསྟེན་དགོས།ཞེས་པའི་དཔེ་ལྟར་འབྲོག་ཁུལ་གྱི་བྱིས་པ་ཆུང་ཆུང་ཚོ་རྫོང་རིམ་པ་སོགས་ཀྱི་སློབ་གྲྭར་ཡོང་ན།རྫོང་མཁར་གྱི་ཁ་ཟས་གཙོ་བོ་སྔོ་ཚོད་གཡོས་སྦྱོར་སོགས་ཡིན་པས།དེ་མི་བསྟེན་ཐབས་མེད་རེད་མོད།ཡིན་ན་ཡང་།རྒྱུ་འགགས་སོགས་སྔོན་འགོག་དང་ཁ་ཟས་གསར་བ་དེ་དག་རིམ་གྱིས་གོམས་སུ་འཇུག་ནའང་གོ་རིམ་ངེས་ཅན་ཞིག་བརྒྱུད་དགོས་པར་འདོད་དེ།ཐོག་མར་བྱིས་པ་བཅའ་སྡོད་བྱས་མ་ཐག་པའི་སློབ་ཆུང་ལོ་རིམ་དང་པོ་ནས་བཟུང་།བཟའ་བཏུང་གི་བརྒྱ་ཆའི་བདུན་ཅུ་སྔར་ནས་སྤྱོད་ཀྱིན་པའི་སྲོལ་རྒྱུན་བོད་ཟས་ཏེ།འབྲི་འོ།འབྲི་ཞོ།རྩམ་པ།ཤ་མར།གོ་རེ།ཕྱེ་ཐུག་སོགས་བསྟེན་དུ་འཇུག་པ་དང་།བརྒྱ་ཆའི་སུམ་ཅུ་ཙམ་སྔོ་ཚོད་གཡོས་སྦྱོར་སོགས་སྤྱོད་པ།དེ་ལྟར་བྱས་ན་འབྲོག་ཁུལ་གྱི་བྱིས་པ་ཆུང་ཆུང་རྣམས་ཀྱི་ཁ་ཟས་ཀྱི་ཡི་ག་དང་ཕོ་བའི་མེ་དྲོད་དང་འཕྲོད་ཅིང་།རིམ་དང་ཡུན་གྱིས་ཁ་ཟས་གསར་བར་གོམས་ལོབས་སུ་འགྲོ་བར་ཡང་ཕན་པར་འདོད་ལ།དེ་ནས་སློབ་འབྲིང་གི་སྐབས་སུའང་ཁ་ཟས་ཀྱི་བརྒྱ་ཆའི་ལྔ་བཅུ་སྲོལ་རྒྱུན་གྱི་དཀར་གསུམ།ཤ་རྩམ་སོགས་བྱེད་པ་དང་།བརྒྱ་ཆའི་ལྔ་བཅུ་ཁ་ཟས་གསར་བ་སྔོ་ཚོད་གཡོས་སྦྱོར་སོགས་སྤྱད་པ་ཡིན་ན།དེས་ནི་ཁ་ཟས་ཡི་གར་འོང་ཞིང་འཕྲོད་པ་དང་།མ་ཞུ་བ་མི་འབྱུང་བ།དེ་ཡིས་ད་གཟོད་རྒྱུ་འགགས་དང་རྒྱུ་འགྱིངས་ཀྱི་ན་ཚའང་སྔོན་འགོག་བྱེད་སྲིད་སྙམ། དེ་ལས་མཐོ་འབྲིང་གི་སྐབས་སུ་སླེབས་པ་ཡིན་ན། གཅིག་ནས་སློབ་མ་རྣམས་ཀྱི་ལུས་སྟོབས་དང་ན་ཚོད་སྨིན་ཡོད་པ་དང་།རིམ་དང་ཡུན་གྱིས་གོམས་པར་བྱས་ཡོད་པའི་སྟབས་ཀྱིས་བཟའ་བཏུང་བརྒྱ་ཆའི་དགུ་བཅུ་ཙམ་ཁ་ཟས་གསར་དར་སྔོ་ཚོད་གཡོས་སྦྱོར་སོགས་བསྟེན་དུ་བཅུག་ཀྱང་ཕོ་བའི་མེ་དྲོད་རྣམ་གསུམ་གྱིས་མྱག་བཞུ་དྭངས་སྙིགས་འབྱེད་ནུས་ཤིང་།ལུས་ལ་འཕྲོད་ཅིང་ཁམས་བདེ་བ་ནི་གོར་མ་ཆག་སྙམ་ལ། སྤྱིར་ཁ་ཟས་མི་འཕྲོད་པ་བསྟེན་པར་འདོད་པ་དང་།སྔར་ནས་གོམས་ཟིན་པའམ་འཕྲོད་པའི་ཁ་ཟས་སྤོང་བར་འདོད་པ་རྣམས་ཀྱིས་རིམ་པས་ཉུང་དུ་ནས་བསླབ་ལ་འདྲིས་ཤིང་གོམས་པར་བྱ་བའི་སྒོ་ནས་ཞག་ཉི་ཤུའམ་བཞི་བཅུའི་བར་དུ་བཞི་ཆ་རེ་ནས་བརྩམ་སྟེ་མི་འཕྲོད་པ་སྣོན་ཅིང་། འཕྲོད་པ་འཕྲི་སྟེ་བར་མ་ཆད་པར་བསླབ་དགོས་པ་ལས། འཕྲལ་དུ་སྤང་བསྟེན་བྱས་ན་ཉེས་བ་རླུང་མཁྲིས་བད་ཀན་གསུམ་མྱུར་དུ་འཁྲུགས་པར་འགྱུར་བས།རིམ་གྱིས་བཟའ་བཏུང་མི་འཕྲོད་པ་དག་འདྲིས་ཤིང་གོམས་པ་སྟེ་འཕྲོད་དུ་འཇུག་པར་བྱ་དགོས་པ་ཞིག་ཡིན་པས་ན།དཔལ་ལྡན་རྒྱུད་ལས་ཀྱང་། མི་འཕྲོད་འཕྲོད་པ་བསྟེན་ནམ་སྤོང་བྱེད་ན།།འདྲིས་གོམས་སྒོ་ནས་ཆ་ཡིས་བསླབ་པར་བྱ།།འཕྲལ་དུ་སྤང་བསྟེན་ཉེས་པ་མྱུར་དུ་འཁྲུག།ཅེས་གསུངས་པ་ཡིན་ཞིང་། དེང་དུས་འབྲོག་ཁུལ་གྱི་སློབ་མ་མང་པོ་འདུས་པའི་རྫོང་དང་གྲོང་རྡལ་གྱི་སློབ་གྲྭ་དག་ལ་མཚོན་ན། སློབ་མ་རྣམས་ཀྱི་བཟའ་བཏུང་བདེ་ཐང་གི་ཆ་ནས་རྒྱུད་ཀྱི་འཚོ་བ་ཟས་ཀྱི་ལེགས་བཤད་དམ་གདམས་ངག་འདི་ལ་སློབ་སྦྱོང་ནན་ཏན་བྱ་དགོས་འདུག་སྙམ་མོ།།

མཇུག་གི་གཏམ།

   དེ་ཡང་།    དཔལ་ལྡན་རྒྱུད་བཞི་ལས།ཟས་སྐོམ་ལེགས་སྤྱད་ལུས་དང་སྲོག་འཚོ་ཞིང་།།དམན་ལྷག་ལོག་གྱུར་ནད་སྐྱེད་འཕྲལ་སྲོག་འཇོམས།།དེའི་ཕྱིར་ཟས་སྐོམ་སྦྱོར་བ་མཁས་པ་གཅེས།།ཞེས་གསུངས་པ་ལྟར། འབྲོག་ཁུལ་གྱི་གཅེས་ཕྲུག་མང་པོ་ལོ་དགུའི་འོས་འགན་སློབ་གསོའི་སྲིད་ཇུས་ལྟར། འདུ་འདུ་ལང་ལོང་བྱེད་པའི་ས་གནས་རྫོང་རིམ་པ་དང་། གྲོང་རྡལ་དག་གི་སློབ་གྲྭ་རྣམས་ལ་མཚོན་ན། སྔར་གྱི་སྲོལ་རྒྱུན་བཟའ་བཏུང་ལ་གོམས་པའི་སློབ་མ་ཚོར་ཁ་ཟས་གསར་བ་སྔོ་ཚོད་གཡོས་སྦྱོར་དང་འབྲས་ཚོད། བྱ་ཤ་དང་བྱ་སྒོང་སོགས་བསྟེན་དུ་བཅུག་ནས་འདྲིས་ལོབས་སུ་འཇུག་པའི་གོ་རིམ་དང་གནས་བབ་ལ་གཞིགས་ནས། སློབ་བུ་ཚོའི་ཟས་སྐོམ་བདེ་ཐང་གི་ཐད་ནས་བསམ་བློ་མང་པོ་གཏོང་བ་དང་། ཞིབ་འཇུག་ནན་མོ་བྱས་ཏེ། ཉམས་མྱོང་གསེར་ནག་གི་ཐིགས་པ་གསོག་རྒྱུ་ནི་གང་ལས་ཀྱང་གལ་ཆེ་ལ། ཅི་ལས་ཀྱང་ཁ་ཚ་དགོས་གཏུགས་ཤིག་ཡིན་པ་བཤད་མ་དགོས་ལ།འདིར་ཁོ་བོ་ནད་ཐོག་གི་སྨན་པ་ཞིག་ཡིན་པའི་ཆ་ནས་ས་གནས་ཀྱི་སློབ་མ་རྣམས་ལ་རྒྱུ་འགགས་དང་རྒྱུ་འགྱིངས་ཀྱི་ནད་བྱུང་ཚད་ནི། སྤྱི་ཚོགས་སྟེང་གི་ནད་པ་གཞན་ལས་ཆེས་ཆེར་མཐོ་བས་ན། དེ་ནི་གཙོ་བོ་གཞན་ཅི་ཡང་མ་ཡིན་པར་སྲོལ་རྒྱུན་བཟའ་བཏུང་དང་ཁ་ཟས་གསར་བ་གཉིས་སྤང་བླང་བྱས་པའི་བརྒྱུད་རིམ་ལས་ཐོན་པའི་གོམས་མ་གོམས་དང་འཕྲོད་མ་འཕྲོད་ཀྱི་སྣང་ཚུལ་ཞིག་ཡིན་པར་དོགས་ནས། སྐད་ཆ་འདི་འདྲ་ཞིག་ལབ་པ་ཡིན་མོད། ཡིན་ན་ཡང་། འདི་ནི་རང་གི་དྲན་ཚུལ་ཙམ་ཡིན་པ་ལས། ཚན་རིག་གི་སྒྲུབ་བྱེད་དང་། ལུང་རིགས་ཀྱི་རྒྱབ་རྟེན་ཞན་པས། མ་རྟོགས་ལོག་རྟོག་གི་ཆ་ཅི་མཆིས་པར་དགོངས་དག་ཞུའོ།།

སྤྱི་ལོ་2019ལོའི་ཟླ་4པའི་ཚེས་13ལ།

གསར་འགོད་པ། ཆོས་སྐྱོང་རྒྱལ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། urjx བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23499207
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།