བོད་ཐང་བར་གྱི་ཞི་མཐུན་མནའ་གཙིགས་ཐེངས་བརྒྱད་མ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བསྒྱུར་རྩོམ། »བོད་ཐང་བར་གྱི་ཞི་མཐུན་མནའ་གཙིགས་ཐེངས་བརྒྱད་མ།
བོད་ཐང་བར་གྱི་ཞི་མཐུན་མནའ་གཙིགས་ཐེངས་བརྒྱད་མ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2019-04-20ལྟ་ཀློག (7854)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

བོད་ཐང་བར་གྱི་ཞི་མཐུན་མནའ་གཙིགས་ཐེངས་བརྒྱད་མ།

吐蕃与唐朝的八次和盟

སྤྲེལ་ཉི་མ་རྒྱལ་མཚན་གྱིས་བསྒྱུར།

རྩོམ་གྱི་ཡོང་ཁུངས་༼བོད་ཀྱི་རིག་གནས་པའི་ཟིན་བྲིས་༽ཞེས་པའི་དྲ་བ་ཡིན།

༼འདྲེན་ཚིག ༽

       སྤྱི་ལོ་དུས་རབས་བདུན་པ་ནས་དགུ་བའི་བར་དུ་ཨེ་ཤ་ཡའི་རིམ་འདས་རྒྱལ་ཁབ་ཆེན་པོ་འདི་གཉིས་ཀྱིས་ཕན་ཚུན་འབྲེལ་འདྲིས་དང་འཐབ་རྩོད་བྱས་པའི་ལོ་ཉིས་བརྒྱའི་ནང་དུ་སྐབས་རེ་ཚུར་རྒོལ་དང་ལན་རེ་གཉེན་སློང་བ།ཡང་སྐབས་འགར་མངའ་ཁོངས་འཕྲོག་པ།མཚམས་རེ་ཞི་མཐུན་ཡོང་བར་རེ་བ་ཞུ་བ་བཅས་བྱེད་མྱོང་།  བརྒྱུད་རིམ་འདི་དག་གི་ཁྲོད་དུ་སྔ་རྗེས་སུ་ཐེངས་བརྒྱད་ལ་མནའ་གཙིགས་མཛད།མནའ་གཙིགས་འདི་དག་གིས་རྒྱལ་ཁབ་ཆེན་པོ་འདི་གཉིས་ཀྱི་འཐབ་འགྲན་དོར་ནས་ཞི་བདེ་ཡོང་བའི་རེ་སྨོན་མཚོན་ལ། འདིས་དབོན་ཞང་འདི་གཉིས་ཀྱི་ལོ་རྒྱུས་སྟེང་གི་དགའ་བ་དང་སྡང་བ་མང་པོ་ཞིག་བདེན་དཔང་བྱས་ཡོད།

གཅིག   སྤྱི་ལོ་༧༠༥ལོར་ཐེངས་དང་པོའི་ཞི་མཐུན་མནའ་འབྲེལ་བཙུགས།

༼ཐང་བོད་མནའ་གཙིགས་རྡོ་རིང་།  ༽པེ་ཅིང་བོད་ཀྱི་རིག་གནས་རྟེན་མཛོད་ཁང་དུ་ཡོད།

      སྤྱི་ལོ་༦༩༢ལོར། ཐང་དམག་གི་དམག་དཔོན་ཝང་ཞོ་ཅེ་ཡིས་དམག་དཔུང་ཁྲིད་ནས་ནུབ་ཡུལ་གྱི་བོད་དམག་ལ་དམག་རྒྱབ་སྟེ་བོད་དམག་ཕམ་ཉེས་ཆེན་པོ་བྱུང་ལ།  བོད་བཙན་པོས་མི་ལོ་ཉེར་གསུམ་ལ་དབང་བསྒྱུར་བའི་ཨན་ཞི་སྡེ་བཞི་བཙན་བཟུང་བྱས།   དེ་སྔ་ཝང་ཞོ་ཅེ་དང་ལིག་ཧྲིན་ལེ་གཉིས་ཐང་གི་དམག་དཔོན་ཡིན་དུས་བོད་དམག་གིས་གསོན་བཟུང་བྱས་མྱོང་ལ་བོད་རྒྱལ་མང་སྲོང་མང་བཙན་གྱིས་གཟིགས་སྐྱོང་གང་ལེགས་གནང་བ་མ་ཟད་ཕྱིར་ཐང་ལ་བདེ་བར་སྤྲད། ཝང་ཞོ་ཅེ་བཟུང་དམག་ཡིན་པའི་སྐབས་དེར་བོད་ནང་གི་གནས་ཚུལ་མང་ཆེ་བ་ཤེས་རྟོགས་བྱུང་བས། རྗེས་སུ་ཨན་ཞི་སྡེ་བཞི་ཕྱིར་འཕྲོག་པར་རོགས་རམ་ངེས་ཅན་ལྡན་པར་གྱུར།

      སྤྱི་ལོ་༦༩༦ལོར། བོད་བཙན་པོའི་བློན་ཆེན་ཁྲི་འབྲིང་གིས་དམག་ཁྲི་བཞི་ཁྲིད་ནས་ལེང་ཀྲོའུ་ལ་ཕར་རྒོལ་བྱས། ཁྲི་འབྲིང་གི་ཕ་ནི་བློན་ཆེན་མགར་སྟོང་བཙན་ཡིན།  ཁྲི་འབྲིང་གིས་ཕོ་ཉ་མངགས་ནས་ཐང་ཆེན་མོས་ཨན་ཞི་སྡེ་བཞི་ནས་དམག་ཕྱིར་འཐེན་དང་།  ཐེན་ཧྲན་རི་བོའི་ལྷོ་ལམ་གྱི་གྲུ་གུའི་རུས་ཚོ་བཅུ་བོའི་ས་ཁུལ་ཕྱིར་སྤྲོད་དགོས་པའི་རེ་བ་བཏོན། ཐང་གིས་ཀོ་ཡོན་ཀྲེན་མངགས་ནས་བོད་དང་གྲོས་མོལ་མཛད།  ཀོ་ཡོན་ཀྲེན་གྱིས་ཁྲི་འབྲིང་ལ་ཁྱེད་ཀྱི་ཡབ་ཆེན་མགར་སྟོང་བཙན་དང་ཐང་གི་འབྲེལ་བ་ནི་ཐོག་མཐའ་བར་གསུམ་དུ་ཡག་པོ་འདུག་ཀྱང་།   ཁྱེད་ཀྱིས་ལོ་འདི་གར་དུས་རྒྱུན་ཐང་དང་ཁ་གཏད་དུ་ལངས་པ་དེ་ཡབ་ཆེན་ཀྱིས་ཐང་ལ་བཟུང་བའི་སྲིད་ཇུས་དང་རྒྱབ་འགལ་བྱས་པ་རེད་ཅེས་བཤད།   བློན་ཁྲི་འབྲིང་གིས་ཁྱེད་ཀྱིས་བཤད་པ་བདེན་ཏེ།  ཕྱོགས་གཉིས་ཀ་མཐུན་པོ་ཡོང་འོས། འོན་ཀྱང་སྔོན་ལ་གྲུ་གུའི་རུས་ཚོ་བཅུ་བོ་དེ་དང་ཨན་ཞི་སྡེ་བཞིའི་ནུབ་ཡུལ་མི་སེར་རྣམས་སོ་སོ་རང་ཉིད་ཀྱིས་རྒྱལ་བོས་རང་སྐྱོང་བྱེད་དུ་བཅུག་ན་འགྲིག་ལ་ཁྱེད་ཀྱིས་གཟིགས་ན་ག་འདྲ་རེད་ཅེས་ལན་ཕྱིན།  ཀོ་ཡོན་ཀྲེན་གྱིས་གྲུ་གུའི་རུས་ཚོ་བཅུ་བོ་དེ་ནི་ཐང་ཆེན་མོ་ནུབ་ཡུལ་གྱི་རྒྱལ་ཁབ་ཁག་ལ་སྐྱོད་སའི་ལམ་གཙོ་བོ་ན་གནས་པ་མ་ཟད་ཁྱེད་ཚོ་བོད་དང་མི་འདྲ་བར་སྔོན་ནས་ཐང་གི་མངའ་འོག་ཏུ་འཛུལ་ཡོད་ཅེས་བཤད།  ཁྲི་འབྲིང་གིས་ངེད་ཅག་ས་ཞིང་དང་རྒྱུ་ནོར་ལ་སྲེད་པ་མེད་ལ།  གལ་སྲིད་ངེད་ཅག་སྲེད་པ་ཡིན་ན་ཐད་ཀར་ཁྱེད་ཚོའི་ཡུས་མོན་དང་། ཀྲང་ཡེ། ཧུང་ཁྲོན་སོགས་བླངས་ཆོག་ཅིང་།    དེང་སྐབས་ཕྱོགས་བཞིའི་མི་རིགས་ཁག་གི་མི་སེར་ཚང་མ་ཐང་གི་མངའ་འོག་ཏུ་འདུས་ཡོད་ལ།    འོན་ཏེ་ང་ཚོ་བོད་ཀྱིས་རང་བདག་བྱེད་ནུས་ཤིང་། ཡོད་ཚད་ང་ཚོ་ཕུ་ནུ་ལ་བརྟེན་ནས༼ཁྲི་འབྲིང་དང་ཁོང་གི་ནུ་བོ་བཙན་བྲོད་སོགས་ཀྱིས་སྐབས་དེར་བོད་ཀྱི་སྲིད་དབང་བཟུང་ཡོད། ༽གཟབ་གཟབ་ཀྱིས་གཞོགས་སྐྱོར་གནང་གྱིན་ཡོད།  གྲུ་གུའི་རུས་ཚོ་བཅུའི་ཁྲོད་ཀྱི་སི་ཅིན་ཚོ་བ་ནི་བོད་དང་ཁ་ཐག་ཤིན་ཏུ་ཉེ་ཞིང་དམག་མི་ཉིན་བཅུའི་ནང་སླེབས་ཐུབ་ཙ་ན་ང་ཚོས་བོད་ཀྱི་བདེ་འཇགས་ལ་སེམས་ཁུར་ཡོད་པས་གོང་གི་རེ་བ་དེ་བཏོན་པ་ཡིན་ཞེས་བཤད། 

ཕྱོགས་གཉིས་ཀྱི་གྲོས་མོལ་ལ་འབྲས་བུ་ཡག་པོ་མ་བྱུང་།

        སྤྱི་ལོ་༦༩༦ལོར་ཁྲི་འབྲིང་དང་ནུ་བོ་བཙན་བྲོད་གཉིས་ཀྱིས་མཚོ་སྔོན་ནས་དམག་དཔོན་ཝང་ཞོ་ཅེ་དང་ལེའུ་ཧྲི་ཏི་གཉིས་ཕམ་པར་རྒྱབ།  བོད་དམག་གིས་ལེང་ཀྲུའུ་བསྐོར། རྨ་ནུབ་དོག་ལམ་གྱི་ས་ཁུལ་མང་ཤས་བོད་ཀྱིས་དབང་བསྒྱུར། བོད་ཀྱིས་ཨན་ཞི་སྡེ་བཞི་ཕྱིར་འཕྲོག་པར་འགོ་བརྩམས་པ་མ་ཟད་ཡང་སྐྱར་ཕོ་ཉ་མངགས་ནས་ཐང་ཆེན་མོ་ནུབ་ཡུལ་ཨན་ཞི་བདེ་བཞི་ནས་ཕྱིར་འཐེན་དགོས་པ་དང་ གྲུ་གུའི་རུས་ཚོ་བཅུ་བོའི་ས་ཁུལ་ཕྱིར་སྤྲོད་པའི་རེ་བ་བཏོན།  སྤྱི་ལོ་༧༠༥ལོར། ཐང་གིས་བློན་ཆེན་ལོའུ་ཆེན་ཝང་སོགས་མི་ཉེར་གཉིས་མངགས་ནས་བོད་དང་ཞི་མཐུན་མནའ་གཙིགས་མཛད།   ཕྱོགས་གཉིས་ཀའི་འབྲེལ་བ་གནས་སྐབས་སུ་ཞི་ལྷོད་ཅན་གྱུར་ཡང་འབྲེལ་ཡོད་མཇུག་འབྲས་དོན་ཐོག་ཏུ་མ་འཁྱོལ། 

གཉིས་པ། སྤྱི་ལོ་༧༡༤ལོར་ཐེངས་གཉིས་པའི་ཞི་མཐུན་མནའ་གཙིགས་མཛད།

༼བོད་ཐང་བར་གྱི་མནའ་གཙིགས་ཐེངས་བརྒྱད་པ་མཛད་པའི་རྡོ་རིང་།༽ ལྷ་སའི་གཙུག་ལག་ཁང་གི་མདུན་དུ་ཡོད། 

      སྤྱི་ལོ་༧༠༥ལོར་ཐེངས་དང་པོའི་ཞི་མཐུན་མནའ་གཙིགས་མཛད་རྗེས་ཀྱི་སྤྱི་ལོ་༧༠༩ལོར་བོད་ཀྱིས་བློན་ཆེན་ཞང་བཙན་ཏོ་རེ་ལྷས་བྱིན་སོགས་མངགས་ནས་གཉེན་སློང་།  ཐང་ཀྲུང་ཙུང་གིས་འཕྲད་དུ་ངེས་ལེན་གནང་སྟེ་གྱིམ་ཤིང་ཀོང་ཇོ་བོད་བཙན་པོའི་བཙུན་མོར་གནང་། སྤྱི་ལོ་༧༡༠ལོར་ཐང་གི་རྒྱལ་བོས་གཡོན་རུའི་ཞའོ་ཝེ་དམག་དཔོན་ཆེན་མོ་དབྱང་ཅུས་བྱ་བར་བཀའ་ཕབ་ཏེ་གྱིམ་ཤིང་ཀོང་ཇོ་བོད་དུ་བསྐྱལ། སྐབས་འདིར་བོད་བཙན་པོས་ཕ་སྨིར་མཐོ་སྒང་(帕米尔)ས་ཁུལ་དང་། ཐ་ལི་མུའུ་གཞོངས་ས།(塔里木盆地)ལོ་པུ་མཚེའུ(罗布泊)་ས་ཁུལ་སོགས་བདག་ཏུ་བཟུང་ཟིན། 

       སྤྱི་ལོ་༦༧༨ལོའི་གཡས་གཡོན་ཙམ་ནས་ཏ་ལི་དང་། ལི་ཅང་།  བདེ་ཆེན་ས་ཁུལ་སོགས་ཀྱི་ཚོ་བ་ཁག་བོད་བཙན་པོའི་མངའ་འོག་ལ་ཐད་ཀར་གཏོགས་ལ། ད་ལྟའི་ཀྲུང་གོའི་ལྷོ་ནུབ་ཀྱི་ས་ཆ་མང་ཆེ་ཤོས་བོད་ཀྱི་གཏོང་འཛིན་འོག་གནས་ཡོད།

      སྤྱི་ལོ་༧༡༤ལོར། ཐང་བོད་གཉིས་ཀྱི་མནའ་གཙིགས་མཛད་ནས་རྒྱལ་མཚམས་གཏན་ཁེལ་བྱས། རྒྱལ་མཚམས་ནི་ཆུ་འགོ་ཞེས་པའི་སར་གཏན་ཁེལ་གནང་འདུག་ལ།  དེ་ནི་ད་ལྟའི་མཚོ་སྔོན་ཟི་ལིང་ཡིན།  འོན་ཀྱང་ཞི་མཐུན་མནའ་གཙིགས་ཀྱིས་ཞི་བདེ་ཁྱེར་འོང་མེད་ཅིང་དེའི་རྗེས་སུ་ཡང་དམག་འཁྲུག་གི་འགོ་བརྩམས།  

གསུམ་པ། སྤྱི་ལོ་༧༣༤ལོར་ཐེངས་གསུམ་པའི་ཞི་མཐུན་མནའ་གཙིགས་མཛད།༼ ཁྲི་ལིང་མནའ་གཙིགས ༽

       ཐེངས་གཉིས་པའི་ཞི་མཐུན་མནའ་གཙིགས་མཛད་ནས་ཅུང་མ་འགོར་བར་བོད་ཀྱིས་དམག་དཔུང་འབུམ་གཅིག་བཏང་ནས་ཀན་སུའུ་ལིན་ཐའོ་དང་ལུང་ཞི་ས་ཁུལ་དུ་དཔུང་འཇུག་བྱས། ཐང་གི་དམག་དཔོན་དབྱང་ཅུས་ཀྱིས་དམག་ཕམ་པས་རང་སྲོག་བཅད། ཐང་ཞོན་ཙུང་གིས་འགོག་སྲུང་དྲག་དཔོན་ཞུའེ་ནེ་ལ་བཀའ་ཕབ་ནས་དམག་དཔུང་འབུམ་གཅིག་ཁྲིད་ནས་བོད་ལ་རྒོལ་ལན་སྤྲད།  ཕྱོགས་གཉིས་ཀྱིས་ལིན་ཐའོ་དང་། ཝུའུ་ཅེ་ཟམ་པ། ཏ་ལའེ་གྲོག་མོ་རྒྱུད་དུ་གཡུལ་འགྱེད་ཆེན་པོ་ལངས།  ལོ་རྒྱུས་སྟེང་ཀླུ་ཆུའི་གཡུལ་འགྱེད་ཆེན་མོ་ཞེས་འབོད། བོད་ཕམ་སྟེ་ཤི་རྨས་ཚབ་ཆེན་ཐེབས།

      སྤྱི་ལོ་༧༢༧ལོ་ནས་༧༢༨བར།  བོད་ཀྱིས་རྨ་ནུབ་ཀྭ་ཀྲོའུ་ལ་དམག་དྲངས་ནས་བླངས།  ཐང་བོད་གཉིས་ཀྱིས་ཡུས་མོན་དང་། མདོ་ལ་རི་བོ། ཀྭ་ཀྲོའུ་རྒྱུད་དུ་གཡུལ་འཐབ་ཏེ་བོད་དམག་ཕམ། ཐང་དམག་གིས་རྒྱལ་ཁ་ཐོབ་པའི་གླགས་དང་བསྟུན་ནས་བོད་ཀྱི་རྨ་ཆུ་ཁུགས་པ་དང་རྡོ་མཁར་དུ་དཔུང་འཇུག་བྱས་པ་མ་ཟད་རྔ་མོང་ཟམ་པ་གཏོར།  བོད་དམག་གིས་རྨ་ཆུའི་ལྷོ་ལམ་ཤོར་རྗེས་ཐེངས་མང་པོར་ཕོ་ཉ་མངགས་ནས་ཐང་དང་མཐུན་པོ་ཡོང་བའི་རེ་བ་ཞུས།   གོང་མས་དེ་སྔ་བཙན་པོས་སྤྲིངས་པའི་འཕྲིན་ཡིག་ནང་དུ་ཁེངས་ཉམས་ཆེན་པོས་མ་གུས་པར་འདུག་ཟེར་ནས་ཁ་ཡ་མ་བྱས། སྐབས་དེར་བློན་ཆེན་ཧོང་ཧྥུ་ཝེ་མེང་གིས་ཐང་ཞོན་ཙུང་ལ་ཞུ་རྒྱུར། ཁའེ་ཡོན་གྱི་ལོ་འགོར་བཙན་པོ་ཁྲི་ལྡེ་གཙུག་བརྟན་ད་དུང་སྐུ་ན་ཕྲ་བས་འཕྲིན་ཡིག་དེ་འདྲ་འབྲི་ག་ལ་ཐུབ། དེ་ནི་ཐང་ཆེན་པོའི་མཐའ་མཚམས་དམག་དཔོན་གྱིས་འཕྲིན་ཡིག་རྫུན་བཟོ་བྱས་ནས་གོང་མ་ཁྱེད་རང་ཐུགས་ཁྲོས་ཏེ་བོད་ཐང་བར་གཡུལ་འགྱེད་བྱེད་དུ་བཅུགས་ནས་བྱས་རྗེས་རྫུན་བཟོ་བྱས་ཤིང་དཔོན་ཐོབ་དང་ཁེ་བཟང་རེག་བསམ་པ་རེད།

       ད་ལྟ་ད་དུང་དམག་འཁྲུག་རྒྱབ་ན་ཉིན་རེ་བཞིན་གསེར་སྲང་མང་པོའི་འགྲོ་གྲོན་ཡོད་ལ། ཧོ་ཞི་དང་ལུང་ཡིའུ་ས་ཁུལ་གྱི་མི་སེར་དབུལ་ནས་སྡུག་ལ་སྦྱར་ཡོད། དེ་ལས་གོང་མས་ཕོ་ཉ་མངགས་ཏེ་གྱིམ་ཤིང་ཀོང་ཇོར་འཚམ་འདྲིར་གནང་བའི་ཞོར་ལ་བཙན་པོ་དང་འདུམ་ཐབས་བྱས་ན་མཐའ་མཚམས་ཀྱི་ཆག་སྒོ་ཉུང་དུ་འགྲོ་ངེས།

      དེ་བས་ཐང་ཞོན་ཙུང་གིས་བློན་ཧོང་ཧྥུ་ཝེ་མེང་མངགས་ཏེ་བོད་ལ་སླེབས་ཤིང་གྱིམ་ཤིང་ཀོང་ཇོ་ལ་འཕྲིན་ཡིག་ཅིག་ཕུལ།  བཙན་པོས་ཀྱང་གུས་པའི་རྣམ་འགྱུར་བསྟན་པ་མ་ཟད་བློན་ཞང་ཏོ་རེ་ལྷས་བྱིན་མངགས་ཤིང་བཙན་པོ་ཡབ་ཡུམ་གྱི་ལེགས་སྐྱེས་དང་འཕྲིན་ཡིག་བཟུང་ནས་ཐང་གོང་མར་མཇལ།  ཐང་ཞོན་ཙུང་གིས་ཀྱང་བོད་ཀྱི་བློན་ཆེན་ལ་སྣེ་ལེན་གང་ལེགས་གནང་།

      སྤྱི་ལོ་༧༣༤ལོའི་ཟླ་༦པར་ཕྱོགས་གཉིས་ཀྱིས་མནའ་གཙིགས་མཛད། མནའ་གཙིགས་མཛད་པ་ལས་ཁྲི་ལིང་ནི་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ལ་གཏན་ཁེལ་གནང་བ་སྟེ། དེང་གི་མཚོ་སྔོན་པོ་ཤར་ཕྱོགས་ཀྱི་རི་བོ་ཉི་ཟླ་ཡིན། ཕྱོགས་གཉིས་ཀྱིས་རྡོ་རིང་བཙུགས་ཏེ་སྟེང་དུ་མཐའ་མཚམས་གྱི་ནང་དོན་གསལ་བོར་བཀོད། ཐེངས་འདིའི་མནའ་གཙིགས་ལ་ཁྲི་ལིང་མནའ་གཙིགས་ཟེར་རོ།། 

བཞི་བ། སྤྱི་ལོ་༧༦༥ལོར་ཐེངས་བཞི་བའི་མནའ་གཙིགས་མཛད།

༼བོད་ཀྱི་སྐྱ་དམག༽

       སྤྱི་ལོ་༦༧༨ལོར། ཡུན་ནན་ནུབ་བྱང་ས་ཁུལ་ནི་བོད་ལ་དབང་བ་དང་། དེ་རྗེས་ཐང་གིས་འཇང་ལ་རྒྱབ་སྐྱོར་གནང་ནས་ཡུན་ནན་ས་ཁུལ་གཅིག་གྱུར་བྱས།   ཏ་ལི་རུ་འཇང་གི་རྒྱལ་ཁབ་བཙུགས་ཏེ་བོད་ཀྱི་སྟོབས་ཤུགས་གཏོར་ནས་ཐང་གིས་འཇང་ཡུལ་དབང་དུ་བསྒྱུར །  ཅན་ནན་ས་ཁུལ་ཞི་དྲག་སྤྱི་ཁྱབ་དཔོན་དང་ཡུན་ནན་གཙོ་སྐྱོང་དཔོན་བཅས་ཏ་ལི་རུ་ཕྱིན་ནས་ལྟ་རྟོགས་བྱས་པ་མ་ཟད་འཇང་ལ་ཚོད་འཛིན་གནང་།  དོན་འདིར་འཇང་མིས་ངོ་རྒོད་བྱས། དེ་བས་འཇང་གི་རྒྱལ་བོ་ཀུ་ལོ་ཧྥིན་ལ་བོད་ཀྱི་རྒྱབ་སྐྱོར་དང་རོགས་རམ་ཐོབ་པའི་འོག་ཐང་གི་སྟོབས་ཤུགས་མཐར་སྤྲད་བཏང་ཞིང་བོད་ལ་མགོ་བཏགས། 

ཨན་ཧྲིའི་ཟིང་འཁྲུག་(安史之乱)གིས་རྐྱེན་ཐང་རྒྱལ་རབས་ཀྱི་སྟོབས་ཤུགས་ཉམས་རྒུད་དུ་གྱུར།

      སྤྱི་ལོ་༧༦༥ལོའི་ཟླ་གསུམ་པར་བོད་ཀྱི་ཕོ་ཉ་དང་ཐང་གི་བློན་ཆེན་ཡོན་ཙའེ། ཏུའུ་ཧུང་ཅན་སོགས་ཀྱིས་རྒྱལ་ས་ཁྲང་ཨན་གྱི་ཞིང་ཐང་དགོན་དུ་འདུམ་འགྲིག་བྱས་ནས་མནའ་གཙིགས་མཛད།  ཐང་ཆེན་མོས་བོད་ཀྱིས་ལྷོ་ནུབ་ས་ཁུལ་དུ་དབང་སྒྱུར་བྱས་ཡོད་པའི་དོན་དངོས་ཁས་ལེན་གནང་བ་མ་ཟད་བོད་ཀྱི་བཙན་པོ་ལ་དར་གོས་དུམ་བུ་ལྔ་བརྒྱ་ལྷག་ལེགས་སྐྱེས་སུ་ཕུལ། 

ལྔ་བ།  སྤྱི་ལོ་༧༦༧ལོར་ཐེངས་ལྔ་བའི་མནའ་གཙིགས་མཛད། 

      སྤྱི་ལོ་༧༥༦ལོར་ཨན་ལུའུ་ཧྲན་གྱིས་ལའོ་དབྱང་(洛阳)དུ་རང་ཉིད་གོང་མ་བྱས། ཐང་ཞོན་ཙུང་ཁྲིན་ཏུའུ་ལ་བྲོས། རྒྱལ་སྲས་ལི་ཧེང་ལགས་ཉིན་ཞ་ལེན་ཝོ་(宁夏灵武)རུ་གོང་མར་བསྐོས་ལ་དེ་ནི་རྗེས་ཀྱི་གོང་མ་ཐང་སུའུ་ཙུང་ཡིན།

བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་ལེན་ཝོ་རུ་ཕོ་ཉ་མངགས་ནས་འདུམ་འགྲིག་བྱེད་པའི་རེ་བ་བཏོན་པ་མ་ཟད་རོགས་པ་གནང་ནས་ཐང་གི་ཟང་འཁྲུག་བདེ་ལ་འགོད་པར་ཁས་བླངས།  འོན་ཀྱང་ཐང་གོང་མ་ལི་ཧེང་གིས་དེ་ལ་ཁ་ཡ་མ་བྱས་པར་གསོལ་སྟོན་མཛད་ནས་བོད་ཀྱི་ཕོ་ཉ་ཕྱིར་བསྐྱལ་ཞིང་། ཐང་གིས་ཡུ་གུར་ལ་རོགས་དམག་གཏོང་དགོས་པའི་རེ་བ་བྱས་པས་བོད་ཀྱིས་ཐང་ལ་བསམ་པ་བཟང་བོ་མེད་པ་མཐོང་བ་མ་ཟད་བོད་ལ་གུས་མེད་བྱས་སོང་ཟེར་ནས་ཐང་བོད་འཇང་གསུམ་བར་གྱི་སི་ཁྲོན་ནུབ་རྒྱུད་ཕྲོགས་ཤིང་། ཐང་གི་ནུབ་རྒྱུད་དང་བྱང་ཤར་རྒྱུད་ཀྱི་མཁར་རྫོང་མང་པོ་ཞིག་བོད་ཀྱིས་བླངས། 

རྗེས་སུ་བོད་ཀྱིས་ཆད་པ་གཅོད་པ་དང་འཕྲོག་བཅོམ་དམིགས་འབེན་དུ་བཟུང་ནས་མུ་མཐུད་དུ་རྒྱ་ཆེ་རུ་བཏང་སྟེ་མཐར་རྒྱལ་ས་ཁྲང་ཨན་བླངས། གྱིམ་ཤིང་ཀོང་ཇོའི་ནུ་བོ་ཀོང་ཝོ་ཝང་ལི་ཁྲིན་གོང་མར་བསྐོས་ཏེ་ཁྲི་ལོ་བརྗེས། བཙོན་མ་བཏང་།  དཔོན་རིགས་མང་པོ་གསར་འཛུགས་བྱས། གནམ་འོག་བཙོན་ནས་གྲོལ་ཏེ་ཁྲང་ཨན་བཅོམ། 

བོད་དམག་ཁྲང་ཨན་དུ་ཉིན་བཅོ་ལྔར་བསྡད་རྗེས་རང་འགུལ་གྱིས་ཕྱིར་འཐེན་བྱས། ཐང་དང་བོད་ཀྱིས་གསང་གྲོས་མཛད་ནས་གལ་ཏེ་བོད་དམག་ཕྱིར་འཐེན་བྱས་པ་ཡིན་ན་ཐང་གིས་ཅིན་ཀྲོའུ་དང་ལིན་ཀྲོའུ་སོགས་ཀྲོའུ་བཞི་བོད་ལ་བཅད་སྤྲོད་བྱེད་རྒྱུ་ཁས་བླངས་ནས་སྤྱི་ལོ་༧༦༧ལོའི་ཟླ་བཞི་བར་ཐང་བོད་ཕྱོགས་གཉིས་ནས་ཁྲང་ཨན་ཞིང་ཐང་དགོན་དུ་ཡང་བསྐྱར་འདུམ་འགྲིག་མནའ་གཙིགས་མཛད་ཅིང་། ཐང་གིས་བོད་ཀྱིས་བླངས་པའི་མངའ་ཁོངས་ཁྲིམས་མཐུན་ཡིན་པ་ངེས་ལེན་བྱས་ཏེ་ཕྱོགས་གཉིས་ནས་ཞིང་ཐང་དགོན་གྱི་མདུན་དུ་རྡོ་རིང་བསླངས། 

དྲུག་པ།  སྤྱི་ལོ་༧༨༣ལོར་ཐེངས་དྲུག་པའི་མནའ་གཙིགས་མཛད། ༼ ཆིང་ཧྲུའེ་མནའ་གཙིགས། ༽

      སྤྱི་ལོ་༧༧༩ལོའི་ཟླ་ལྔ་བར་ཐང་ཏེ་ཙུང་ལི་ཧྲི་གོང་མར་བཞུགས། ལོ་དེའི་ཟླ་བཅུ་བར་ཐང་ཏེ་ཙུང་གིས་བློན་ཝེ་ལུན་བོད་དུ་ཕོ་ཉར་མངགས་ཤིང་སྐྱེས་འབུལ་ཁྱེར་བ་ལས་གཞན་ཐང་དམག་གིས་གསོན་བཟུང་བྱས་པའི་བོད་ཀྱི་བཟུང་དམག་ལྔ་བརྒྱ་ཕྱིར་སྤྲད།  ཝེ་ལུན་ལ་བོད་རྒྱལ་ཁྲི་སྲུང་ལྡེ་བཙན་གྱི་བསུ་བ་རྒྱ་ཆེན་པོ་ཐོབ། བཙན་པོས་བོད་ཀྱི་བློན་མཆིམས་གཟིགས་ལགས་ཝེ་ལུན་དང་མཉམ་དུ་ཐང་ལ་མངགས་ནས་ཐང་གོང་མར་འདུམ་འགྲིག་གི་བསམ་པ་བསྟན།

       སྤྱི་ལོ་༧༨༡ལོར་ཐང་གོང་མས་ཕོ་བྲང་སྤྱི་གཉེར་དཔོན་ཚུའེ་ཧན་ཧེང་དང་ཁྲང་ལོའུ་བོད་དུ་མངགས་ནས་བཙན་པོ་ཁྲི་སྲུང་ལྡེ་བཙན་ལ་ཡི་གེ་ཕུལ་ནས་མནའ་གཙིགས་ལ་གྲོས་བྱས། བཙན་པོས་ཡི་གེ་ནང་གི་ཚིག་བེད་སྤྱད་བྱེད་སྟངས་བསྒྱུར་དགོས་པའི་དགོངས་པ་བསྟན། ཡི་གེ་ཁྲོད་ཀྱི་གནང་ཞེས་པ་ཕུལ་དང་བསྩལ་ཅེས་པ་བསྐུར།  ཐོབ་ཅེས་པ་བླངས་ཞེས་བསྒྱུར་དགོས་ལ་ཕན་ཚུན་ཀྱི་གོ་གནས་འདྲ་མཉམ་ཡིན་པ་མཚོན་པར་བྱས།  ད་དུང་ཁྲི་སྲུང་ལྡེ་བཙན་གྱིས་བོད་དང་ཐང་གཉིས་ལ་དབོན་ཞང་གི་གཉེན་འབྲེལ་ཡོད་ནའང་ཐང་བོད་གཉིས་ནི་རྒྱལ་བློན་གྱི་འབྲེལ་བ་མིན་ཞེས་གསུངས།  བཙན་པོས་ལེན་ཀྲོའུ་ཡི་ནུབ་ཀྱི་རི་བོ་ཧི་ལན་ཕྱོགས་གཉིས་ཀྱི་མཐའ་མཚམས་བྱེད་དགོས་པའི་རེ་བ་བཏོན། ཐང་གོང་མས་ངེས་ལེན་གནང་བས།

       སྤྱི་ལོ་༧༨༢ལོར་ཕྱོགས་གཉིས་ཀྱིས་མཐའ་མཚམས་ཀྱི་གྲོས་མོལ་དང་དུས་ཚོད། ས་གནས་སོགས་གྲོས་མཐུན་བྱུང་། ཕྱོགས་གཉིས་ཀ་ཕྱི་ལོའི་བོད་ཟླ་དང་པོའི་ཚེས་བཅོ་ལྔར་འདུམ་འགྲིག་ཡོང་།

      སྤྱི་ལོ་༧༨༣ལོའི་ཟླ་གཉིས་པའི་ཚེས་ཉི་ཤུའི་ཉིན་ཕྱོགས་གཉིས་ཀྱིས་ཆིང་ཧྲུའེ་རྫོང་དུ་༼དེང་གི་ཀན་སུའུ་ཐེན་ཧྲའེ་ས་ཁུལ༽མནའ་གཙིགས་མཛད་དེ་ཆིང་ཧྲུའེ་མནའ་གཙིགས་ཞེས་འབོད་ཅིང་ཐང་བོད་རྒྱལ་ཁབ་གཉིས་ཀྱི་རྒྱལ་མཚམས་ནི་རི་བོ་ཧི་ལན་བྱས་སོ།། 

བདུན་པ། སྤྱི་ལོ་༧༩༡ལོར་ཐེངས་བདུན་པའི་མནའ་གཙིགས་མཛད། ༼ ཕེང་ལིང་མནའ་གཙིགས་། ༽

      སྤྱི་ལོ་༧༩༡ལོའི་ཟླ་ལྔ་བའི་ཚེས་བཅོ་ལྔ་ཉིན་བོད་ཐང་གཉིས་ཀྱིས་ཀན་སུའུ་ཕེང་ལིང་དུ་མནའ་གཙིགས་མཛད། བོད་ཀྱིས་བློན་ཆེན་ཞང་རྒྱལ་བཙན་སོགས་མི་ཉེར་གཅིག་མངགས་ནས་གྲོས་ཚོགས་ལ་ཞུགས་པ་དང་ཐང་གིས་བློན་ཧོན་ཞན་དང་དམག་སྡེ་བློན་ཆེན་ཚེའེ་ཧན་ཧིན་སོགས་དམག་དཔུང་ཁྲི་གཉིས་ཁྲིད་ནས་གྲོས་འཛོམས་ལ་ཞུགས།  གྲོས་ཚོགས་སུ་བོད་ཀྱིས་ཐང་ཁ་བཤད་དོན་ལ་གནས་དགོས་པའི་རེ་བ་བཏོན། རྒྱུ་མཚན་དེ་སྔ་ཐང་གོང་མས་གལ་ཏེ་བོད་ཀྱིས་ཐང་ལ་རོགས་པ་གནང་ནས་ཐང་རྒྱལ་རབས་ནང་ཁུལ་གྱི་ཅིན་ཡོན་དམག་འགྱུར་(泾原兵变)ཞི་འཇགས་སུ་བཏང་ན་ཐང་གིས་གླ་ཡོན་ལ་མངའ་ཁོངས་བྱིན་ཆོག་ཅེས་ཁས་ལེན་གནང་ཡོད་ལ། བོད་ཀྱིས་ཀྱང་དམག་མངགས་ནས་རོགས་རམ་བྱས་ཏེ་ཞི་འཇགས་སུ་བཏང་ཞིང་རྒྱལ་ས་ཁྲང་ཨན་ཕྱིར་བླངས་ཡོད་ཅེས་ལབ། འོན་ཀྱང་གྲོས་མོལ་སྟེང་ཐང་གི་སྐུ་ཚབ་ཚོགས་པས་ཁས་ལེན་མ་གནང་ཞིང་ས་མཐོ་གང་ཡང་མི་སྟེར་ཞེས་བཤད། དེ་བས་བོད་ཀྱིས་དམག་དཔུང་མངགས་ནས་ཕིང་ལིང་གི་ཕོ་ཉ་ཚོགས་པའི་དམག་མི་ཉིས་ཁྲི་ལ་འཇབ་རྒོལ་བྱས།  ཧོན་ཞན་བྲོས། ཚེའེ་ཧན་ཧིན་སོགས་ཐང་གི་དམག་དཔོན་དྲུག་ཅུ་ལྷག་བཙན་གྱིས་བཀག་འགོག་བྱས། ཐང་གི་ཕོ་ཉའི་ཁྲོད་མི་ལྔ་བརྒྱ་ཙམ་སྲོག་ཤོར། བཟུང་དམག་ཀྱང་སྟོང་ཕྲག་ཁ་ཤས་ཡོད། རྒྱའི་ལོ་རྒྱུས་ནང་ཐེངས་འདིི་ལ༼་ཕིང་ལིང་གི་བཙན་འཕྲོག༽ཅེས་འབོད་ལ་དེས་ཐང་བོད་ཀྱི་འབྲེལ་བ་སྡུག་ཏུ་ཕྱིན་ཏོ།།

བརྒྱད་པ། སྤྱི་ལོ་༨༢༡ལོར་ཐེངས་བརྒྱད་པའི་མནའ་གཙིགས་མཛད། ༼ ཁྲང་ཆིང་མནའ་གཙིགས། ༽

༼ཐང་བོད་གཉིས་ཀྱི་ས་ཁྲ༽

      སྤྱི་ལོ་༨༠༠ལོར་གཡས་གཡོན་ལ་ཐང་གིས་བོད་ལ་ཡི་གེ་བཏང་ནས་འདུམ་འགྲིག་མནའ་གཙིགས་དང་འཁོན་སེམས་དོར་ནས་ཞི་མཐུན་ཡོང་བའི་རེ་བ་བཏོན་ཞིང་།  ཆིན་དང་འན་ལི་སོགས་ཀྱི་ཀྲོའུ་ཁག་སྐོར་ཕྱིར་ཐང་ལ་སྤྲོད་དགོས་པ་བཤད།  ཐང་གིས་ད་དུང་དམག་བསྡུས་ནས་འགོག་སྲུང་ལ་ཤུགས་སྣོན་བྱེད་བཞིན་གོ་སྐབས་ལ་སྒུག་ནས་ཡོད།  སྐབས་འདིར་བོད་བཙན་པོའི་རྒྱལ་རབས་དང་ཐང་ཆེན་མོ་གང་ཡིན་ཡང་རིམ་བཞིན་ཉམས་རྒུད་དུ་འགྲོ་བའི་འགོ་བརྩམས་ཤིང་། དེ་དུས་ཙ་ན་ནང་བསྟན་ཆེ་ཆེར་དར་བས་རྒྱལ་ཁབ་གཉིས་ཀྱི་མི་སེར་ལ་དམག་འཁྲུག་རྒྱག་པའི་སེམས་པ་མེད།

      སྤྱི་ལོ་༨༢༡ལོར་བོད་ཀྱིས་བློན་ཆེན་ན་ལོ་ཕོ་ཉར་མངགས་ནས་ཁྲང་ཨན་ལ་འཚམ་འདྲིར་སོང་། ལོ་དེའི་ཟླ་བཅུ་བའི་ཚེས་བཅུ་ལ་ཐང་གི་འཐུས་ཚབ་བློན་ཆེན་ཚེ་ཀྲི་དང་། ཏུའུ་ཝོ་དབྱིན། ཝང་པའོ་སོགས་བློན་ཆེན་བཅུ་བཞི་མཉམ་དུ་ཁྲང་ཨན་མཁར་གྱི་ནུབ་མཐའི་ཝང་ཧེ་དགོན་པ་རུ་མཇལ་དུམ་བྱས་ཏེ་མནའ་གཙིགས་མཛད། ཕྱོགས་གཉིས་ཀྱིས་གྲོས་ཐག་བཅད་དེ་ད་ནས་བཟུང་གཡུལ་འགྱེད་མི་བྱེད་པར་ཞི་བདེ་མཉམ་གནས་ངང་གནས་རྒྱུ་དམ་བཅས། ཤར་ནི་ཆེན་པོ་ཐང་དང་ནུབ་ནི་བོད་བཙན་པོའི་ཡིན་ལ། སྐབས་དེར་ཐང་གོང་མའི་སྲིད་ལོ་ཁྲང་ཆིང་ཡིན་པས་ཁྲང་ཆིང་མནའ་གཙིགས་ཞེས་འབོད། 

      སྤྱི་ལོ་༨༢༢ལོའི་ཟླ་ལྔ་བའི་ཚེས་དྲུག་ཉིན་ལྷ་སའི་ཤར་ཕྱོགས་ཀྱི་མལ་གྲོ་གུང་དཀར་དུ་བཙན་པོ་མངའ་བདག་ཁྲི་རལ་བ་ཅན་དངོས་སུ་ཞུགས་ནས་མནའ་གཙིགས་མཛད།

འདི་ལ་ཡོངས་གྲགས་སུ་ཐང་བོད་དབོན་ཞང་རྡོ་རིང་ཞེས་འབོད་ཅིང་རྡོ་རིང་གསུམ་མཆིས་ཏེ། གཅིག་ལྷ་སའི་གཙིག་ལག་ཁང་གི་མདུན་དུ་ཡོད། གཅིག་མཚོ་སྔོན་པའི་རི་བོ་ཉི་ཟླ་ན་ཡོད་ཀྱང་ད་ལྟ་ཆག་རོ་ཙམ་ལས་ལྷག་མེད། གཅིག་ཞིས་ཨན་གྱི་ཐང་གོང་མའི་ཕོ་བྲང་གི་བདུན་དུ་བཙུགས་ཡོད་ཀྱང་དེང་སྐབས་གར་སོང་ཆ་མེད་དུ་གྱུར། 

གསར་འགོད་པ།  སྤྲེལ་ཉི་མ་རྒྱལ་མཚན།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། gd5j བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23497924
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།