རྡོ་སོལ་གྱི་དུག་སྟེ་དབྱང་གཅིག་ཐཱན་རྫས་ཀྱི་ཉེན་ཁ་སོགས་བརྗོད་པའི་གཏམ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »རྡོ་སོལ་གྱི་དུག་སྟེ་དབྱང་གཅིག་ཐཱན་རྫས་ཀྱི་ཉེན་ཁ་སོགས་བརྗོད་པ
རྡོ་སོལ་གྱི་དུག་སྟེ་དབྱང་གཅིག་ཐཱན་རྫས་ཀྱི་ཉེན་ཁ་སོགས་བརྗོད་པའི་གཏམ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2019-04-13ལྟ་ཀློག (6748)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རོང་འབྲོག་སྤུན་ཟླ་ཚོར་རྡོ་སོལ་གྱི་དུག་སྟེ་དབྱང་གཅིག་ཐཱན་རྫས་(一氧化碳)ཀྱི་ཉེན་ཁ་སོགས་བརྗོད་པའི་གཏམ།

སྨན་པ་འབུམ་རམས་གཞོན་པ། ཧྲོང་བོ་ཚེ་བརྟན་རྒྱལ།

འགོ་བརྗོད།

     དེང་དུས་བོད་པ་རྣམས་ཁང་བ་རུ་གཞིས་ཆགས་པ་དང་། འབྲོག་གི་ཨོང་བ་དང་རིལ་མ། རོང་གི་འབུད་ཤིང་དག་རང་བཞིན་གྱིས་རྡོ་སོལ་དུ་བསྒྱུར་དང་བསྒྱུར་བཞིན་པའི་གནས་བབ་འདི་ལྟ་བུ་ཞིག་ལ་མཚོན་ན། རྡོ་སོལ་དང་འབྲེལ་ཡོད་ཀྱི་ཤེས་བྱ་མང་པོ་མེད་ཐབས་མེད་པ་རེད། དེ་ལས་ཀྱང་ཁྱད་པར་དུ་རྡོ་སོལ་གྱི་དུག་སྟེ། དབྱང་གཅིག་ཐཱན་རྫས་(一氧化碳)ཀྱི་དུག་གི་ཉེན་ཁར་གཡོལ་ཤེས་པ་བྱ་རྒྱུ་དང་། དུག་དེ་སྔོན་འགོག་བྱེད་མཁས་པར་བསླབས་ནས། ཁྱིམ་ཚང་རེ་རེའི་བཟའ་ཟླ་བུ་ཕྲུག་གི་ཚེ་སྲོག་བདེ་ཐང་འབྱུང་བར་འབད་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་ག་ལ་མིན། དེ་བས་ཁོ་བོས་གཤམ་ནས་བསྒྱུར་འབྲི་བྱས་པའི་རྡོ་སོལ་གྱི་དུག་ཕོག་པའི་ནད་རྟགས་ངོས་འཛིན་བྱེད་སྟངས་དང་། དུག་སེལ་བའི་གསོ་བཅོས་ཀྱི་གཉེན་པོ་བསྟེན་ཐབས། དུག་ཇི་ལྟར་སྔོན་འགོག་བྱེད་ཚུལ་བཅས་ཧ་ཅང་སྟབས་བདེ་ཁ་གསལ་གྱི་སྒོ་ནས་འགོད་པར་བྱའོ། །

དང་པོ། རྡོ་སོལ་གྱི་དུག་སྟེ་དབྱང་གཅིག་ཐཱན་རྫས(一氧化碳)ཀྱི་དུག་ཕོག་པའི་ནད་རྟགས།

༡ ཚབས་ཆུང་།

       དུག་ཕོག་པའི་དུས་ཚོད་ཐུང་བ་དང་། ཁྲག་ནང་གི་ཐཱན་དབྱང་ཁྲག་དམར་སྤྲི་དཀར(碳氧血红蛋白 )གྱི་ཚད་ནི10%-20%ཡིན། དུག་ཕོག་པའི་ནད་རྟགས་ཐོག་མ་ཕྱིར་མངོན་དུས་མགོ་བོ་ན་ཞིང་ཡོམ་པ་དང་། སེམས་ལ་འཇིགས་དངངས་འབྱུང་། ཞེན་ཁ་ལོག སྐྱུག་མེར་ལངས།  ཡན་ལག་བཞི་ཡི་ནུས་ཤུགས་ཞན། ཐ་ན་དུས་ཡུན་ཐུང་བུར་འབོག་ཅིང་འགྱེལ་བའང་སྲིད།  སྤྱིར་བཏང་དུ་འདི་དུས་དྲན་ཤེས་གསལ་པོ་ཡིན་པས། མཁའ་དབུགས་གསར་བ་འབྱིན་རྔུབ་བྱེད་པ་དང་། དུག་ཕོག་པའི་ཁོར་ཡུག་དང་ཁྲ་བྲལ་བ་ན།  གོང་གི་ནད་རྟགས་དེ་དག་ལམ་སང་ཞི་འགྲོ་བ་དང་། ཕལ་ཆེར་ནད་གཞུག་ལུས་མི་སྲིད།

༢ ཚབས་འབྲིང་།

      དེ་ནི་དུག་ཕོག་པའི་དུས་ཡུན་ཅུང་རིང་།  ཁྲག་ནང་གི་ཐཱན་དབྱང་ཁྲག་དམར་སྤྲི་དཀར་གྱི་ཚད་ནི་30%-40%ཡིན། ནད་བབ་ཅུང་འབྲིང་བ་གཞིར་བཞག་གི་སྟེང་དུ་ལུས་ཤུགས་ཞན་པ་དང་དྲན་མེད་དུ་བརྒྱལ་བའི་ནད་རྟགས་ཀྱང་འབྱུང་སྲིད། སྐྱི་པགས་དང་འབྱར་སྐྱི་ལས་སོལ་རླངས་ཀྱི་དུག་ཕོག་པའི་མི་འགྱུར་བ་ཁྱད་པར་ཅན་གྱི་སྲེའུ(樱桃)དམར་པོའི་རྟགས་ཀྱང་མངོན་འོང་།  དེ་དུས་མྱུར་དུ་མྱུར་སྐྱོབ་བྱས་པ་ཡིན་ན། མྱུར་དུ་དྲན་ཤེས་ཇེ་གསལ་དུ་འགྲོ་བ་དང་།  ཉིན་འགའི་ནང་དུ་ལུས་ཕུང་བདེ་རུ་བབས་ནས་བདེ་ཐང་སླར་གསོ་བྱེད་ཐུབ་པ་དང། ནད་གཞུག་ཀྱང་ལས་མི་སྲིད།

༣ ཚབས་ཆེན།

     དུས་ཡུན་རིང་པོར་སོལ་རླངས་ཀྱི་དུག་བདུག་དྲགས་པའམ། ཡང་ན་དུས་ཚོད་ཐུང་ཡང་དབྱང་གཅིག་ཐཱན་རྫས་བོངས་ཆེར་བདུག་པ་སོགས་ཀྱི་རྐྱེན་གྱིས། ཁྲག་ནང་གི་ཐཱན་དབྱང་ཁྲག་དམར་སྤྲི་དཀར་གྱི་གར་ཚད50%ལས་མཐོ་བ་དང་། ནད་པ་བརྒྱལ་འབོག་གི་ཚབས་ཆེ་བ་ཡིན། ཚོར་བ་སྣ་ཚོགས་ཉམས་པ་དང་། གཅིན་སྐྱག་དབང་མེད་དུ་འཆོར་བར་བྱེད། རྐང་ལག་བཞི་བོ་འཁྱག་གྲང་དུ་འགྲོ་ཞིང་། ཁྲག་ཤེད་མར་འབབ། དབུགས་འཚང་། དེ་ལྟར་མྱུར་དུ་ཚེ་སྲོག་འཆོར་སྲིད་པ་ཡིན། སྤྱིར་བཏང་དུ་འབོག་ཡུན་ཇི་ལྟར་རིང་ན། དེ་ལྟར་མཇུག་འབྲས་ཡ་ང་བ་ཡིན།  ད་དུང་གླེན་ཁོབ་དང་། དྲན་ཤེས་ཉམས་ཞན་དུ་འགྲོ་བ། རྐང་ལག་ཞ་བོར་འགྱུར་བ་སོགས་ཀྱི་ནད་རྟགས་ཀྱང་འབྱུང་བ་ཡིན།

གཉིས་པ། རྡོ་སོལ་གྱི་དུག་གིས་མགོ་ན་བ་འཇགས་པའི་ཐབས་ཤེས།

༡ མཁའ་དབུགས་གསར་བ་མང་དུ་འབྱིན་རྔུབ་བྱེད་དགོས།

      རྡོ་སོལ་གྱི་དུག་ཕོག་པའི་སྐབས་སུ། ལུས་ཁམས་ཀྱི་དབྱང་གཅིག་ཐཱན་རྫས་མང་དུ་རྒྱས་པ་དང་། འདིའི་སྐབས་སུ་མགོ་ན་བ་ཡིན་ན། ཁང་པའི་ཕྱི་རུ་འགྲོ་བ་དང་། དུག་ཕོག་པའི་ས་གནས་དང་ཁ་གྱེས་ནས་ཕྱི་རོལ་གྱི་མཁའ་དབུགས་གསར་བ་འབྱིན་རྔུབ་ཇི་ཐུབ་བྱེད་དགོས་པ་ཡིན། ད་དུང་ཉམས་མྱོང་དུ་རྡོ་སོལ་འབར་ནས་ཐལ་བ་དཀར་པོར་སོང་བ་དེ་བཏུང་ནའང་རྡོ་དུག་ཅུང་ཙམ་སེལ་ཐུབ་པ་ཡིན་ཟེར། འདི་ནི་ནད་བབ་ཡང་བ་གསོ་བའི་ཐབས་ཤེས་ཤིག་ཡིན་པས།  མགོ་ན་བའི་བབ་ལྕི་ན་ངེས་པར་དུ་ཚད་ལྡན་སྨན་ཁང་དུ་མྱུར་བར་འགྲོ་དགོས་པ་སྨོས་ཅི་དགོས།

༢ སྔོ་ཚོད་དང་སིལ་ཏོག་གསར་བ་མང་དུ་ཟ་དགོས།

       རྡོ་སྲོལ་གྱི་དུག་ཕོག་པའི་རྗེས་སུ་ཉིན་དུ་མར་མགོ་ན་བའི་མངོན་རྟགས་འབྱུང་བ་ཡིན། འདིའི་སྐབས་བཟའ་བཏུང་ལ་མཉམ་འཇོག་བྱས་ཏེ་འཚོ་བཅུད་ལྡན་པའི་སྔོ་ཚོད་དང་སིལ་ཏོག་བསྟེན་རྒྱུ་ཧ་ཅང་གལ་ཆེ། འདིས་ནི་མགོ་ན་བའི་སྣང་ཚུལ་ཇེ་བདེར་གཏོང་། གལ་ཏེ་རོ་ཚ་བའི་ཟས་རིགས་མང་དུ་བསྟེན་ན་དེས་ནི་མགོ་ན་བའི་བབ་ལྕི་རུ་གཏོང་ངེས་པ་ཡིན།

༣ ཆུ་མང་དུ་འཐུང་དགོས།

      ཚེ་སྲོག་ནི་ཆུ་དང་ནམ་ཡང་ཁ་འབྲལ་ཐབས་མེད་པ་བཞིན་དུ། རྡོ་སོལ་གྱི་དུག་ཕོག་པའི་སྐབས་སུ་ངེས་པར་དུ་ཆུ་མང་དུ་འཐུང་དགོས་པ་ཡིན། ཆུའི་ནང་དུ་དབྱང་གྱེས་རྡུལ་(氧离子)མཆིས་པ་དེ་ག་མཆིན་གནས་སུ་ཁྲག་ཁམས་བརྒྱུད་དེ་དབྱང་གཅིག་ཐཱན་རྫས་ཀྱི་དུག་སེལ་བ་དང་། དབྱང་རླུང་(氧气)ཡང་གསོ་བ་རེད། རྡོ་སོལ་གྱི་དུག་ཕོག་པའི་སྐབས་སུ་མཁོ་ངེས་པ་ནི་དབྱང་རླུང་ཡིན་པའི་སྟབས་ཀྱིས་དབྱང་རླུང་མཁོ་འདོན་དང་སླར་གསོ་བྱུང་བ་ཡིན་ན། མགོ་ན་བའི་རྟགས་ཀྱང་རིམ་གྱིས་འཇགས་འགྲོ་བ་ཆོས་ཉིད་དོ། །

གསུམ་པ། རྡོ་སོལ་གྱི་དུག་ཕོག་པའི་ནད་པ་གསོ་བཅོས་སྟབས་བདེ་བྱ་ཐབས།

༡ རྡོ་སོལ་གྱི་དུག་ཕོག་པའི་ནད་པ་དེ་བདེ་འཇགས་ངང་དུག་ཕོག་སའི་ཁོར་ཡུག་དེ་ནས་མྱུར་སྐྱོབ་བྱ་དགོས་ཏེ། མྱུར་དུ་མཁའ་དབུགས་དྭངས་གཙང་གི་གནས་ཤིག་ཏུ་སྐྱེལ་དགོས།

༢ གལ་ཏེ་རྡོ་དུག་ཕོག་པའི་མི་དེའི་དབུགས་ཆད་ལ་ཁད་དམ་ཡང་ན་དབུགས་ཆད་འདུག་ན། དེ་ལ་དབུགས་འབྱིན་རྔུབ་ཀྱི་མྱུར་སྐྱོབ་ཐབས་ཤེས་སྤྱོད་དགོས། སྙིང་གི་འཕར་མཚམས་ཆད་མེད་ན་སྐྱོབ་པའི་གོ་སྐབས་ཡོད་པ་ཡིན་པས། རྩོལ་བྱུང་འབྱིན་རྡུབ(人工呼吸)ཆུ་ཚོད་གཉིས་ལྷག་ལ་རྒྱུན་འཁྱོངས་བྱ་དགོས། གལ་ཏེ་ནད་པ་དེ་བསྐྱུགས་ཟིན་པ་ཞིག་ཡིན་ན། རྩོལ་བྱུང་འབྱིན་རྔུབ་ཀྱི་བྱེད་ཐབས་མ་སྤྱད་པའི་སྔོན་དུ་ཁ་ནང་གི་སྐྱུག་རོ་སོགས་གཙང་དག་བྱེད་དགོས། གལ་ཏེ་སྙིང་གི་ལྡིང་མཚམས་བཞག་འདུག་ན་མྱུར་དུ་སྙིང་གི་འཕར་ལྡིང་སླར་གསོའི་མྱུར་སྐྱོབས་ལག་ལེན་སྤྱོད་དགོས།

༣རྡོ་དུག་ཕོག་པའི་ནད་པ་ལ་ངེས་པར་དུ་གར་ཚད་མཐོ་བའི་དབྱང་རླུང་རྔུབ་ཏུ་འཇུག་དགོས། དབྱངས་རླུང་གི་གར་ཚད་ཇི་ལྟར་མཐོ་ན། ཐཱན་དབྱང་ཁྲག་དམར་སྤྲི་དཀར་གྱི་གནོད་འཚེ་དེ་ལྟར་སེལ་ཐུབ། དབྱང་རླུང་རྔུབ་རྒྱུ་ནི་རྡོ་དུག་ཕོག་མཁན་དེའི་དྲན་ཤེས་སོར་མ་ཆུད་པའི་བར་དུ་རྒྱུན་འཁྱོངས་བྱ་དགོས།

༤གལ་ཏེ་རྡོ་དུག་ཕོག་མཁན་དེ་བརྒྱལ་འབོག་བྱུང་བའི་ཚབས་ཆེ་ན། དེ་ཟི་མེ་ཟ་སོན་ (地塞米松)ཧོ་ཧྲིན10ཙམ་ཞིག་རྒུམ་ཧྭགས་གཤེར་ཆུ(葡萄糖液)ཧོ་ཧྲིན20རུ་བསྲེས་ནས་སྡོད་རྩར་དལ་མོར་རྒྱག་དགོས། ད་དུང་འཁྱག་ཁུག་མགོ་བོར་གླན་ནས་ཀླད་པ་ཆུ་སྐྲངས(脑水肿 )འབྱུང་བར་སྔོན་འགོག་བྱེད་པ་དང། ནད་པ་ཚད་ལྡན་སྨན་ཁང་དུ་སྐྱེལ་དགོས།

༥གལ་ཏེ་ཤ་གྲིམ་རྩ་འཁུམ(肌肉痉挛)བྱུང་ན། ཤ་གྲིམ་མམ་ཡང་ན་སྡོད་རྩ་རུ་ཨན་ཏེན་(安定)ཧོ་ཁུ་10བརྒྱབ་ནས། ཤའི་ཁམས་ནས་དབྱང་རླུང་འཛད་ཀྱིན་པ་ཚོད་འཛིན་དང་བབ་ཇེ་ཆུང་དུ་གཏོང་དགོས།

༦དེ་ལྟར་རྡོ་དུག་ཕོག་པའི་ནད་པ་དེ་གནོན་མཐོ་དབྱང་མཛོད་(高压氧航)ཀྱི་ཆ་རྐྱེན་ལྡན་པའི་སྨན་ཁང་ཞིག་ཏུ་སྐྱེལ་དགོས། སྨན་ཁང་དུ་སྐྱེལ་བའི་ལམ་དུའང་དབྱང་རླུང་འདང་ངེས་པ་ཞིག་རྔུབ་ཏུ་འཇུག་པ་དང་།  ད་དུང་དབུགས་འབྱིན་རྔུབ་ཀྱི་རྒྱུ་ལམ་བདེ་འཇགས་ལའང་མཉམ་འཇོག་བྱ་དགོས།

བཞི་བ། རྡོ་སོལ་གྱི་དུག་ལྡང་ལུགས་འཆད་པ།

       རྡོ་སོལ་གྱི་དུག་ཕོག་པ་ཞེས་པ་ནི་དོན་དུ་དབྱང་གཅིག་ཐྰན་རྫས་(一氧化碳)ཀྱི་དུག་ཐེབས་པ་ཡིན་ལ། དབྱང་གཅིག་ཐཱན་རྫས་ཀྱི་དུག་ཕོག་ལུགས་ནི། རྡོ་སོལ་འབར་ཚར་ཐག་མ་ཆོད་པའི་མེ་སྔོ་ལང་ལིང་བ་ཞིག་འབར་གྱིན་ཡོད་པ་དེ་ལས། དབྱང་གཅིག་ཐྰན་རྫས་མིའི་དབུགས་ཀྱི་འབྱིན་རྔུབ་དང་བསྡོངས་ཏེ་དབུགས་ལམ་བརྒྱུད་ནས་ཁོང་དུ་སོང་སྟེ། ད་གཟོད་རྡོ་དུག་ཕོག་པར་བྱེད་པ་ཡིན། དེ་ལས་དབྱང་གཅིག་ཐྰན་རྫས་དང་ཁྲག་དམར་སྤྲི་དཀར་(血红蛋白)གཉིས་ཀྱི་ཉེ་འདུས་ཤུགས་(亲合力)ནི་དབྱང་(氧)དང་ཁྲག་དམར་སྤྲི་དཀར་གཉིས་ཀྱི་ཉེ་འདུས་ཤུགས་ལས་ལྡབ་200~300ཡིས་མཐོ་བ་རེད། དེའི་ཕྱིར་དབྱང་གཅིག་ཐྰན་རྫས་དེ་ཁྲག་དམར་སྤྲི་དཀར་དང་ཉེ་འདུས་བྱེད་སླ་ཞིང་། དེ་ལས་ཐྰན་དབྱང་ཁྲག་དམར་སྤྲི་དཀར(碳氧血红蛋白)ཏུ་གྲུབ་པ་དང་། དེ་ཡིས་ཁྲག་དམར་སྤྲི་དཀར་གྱིས་དབྱང་(氧)འཛིན་པའི་ནུས་ཤུགས་ཡོངས་སུ་ཉམས་པའི་མཇུག་འབྲས་སུ། ཕུང་གྲུབ་དབུགས་སུབ་(组织窒息)ཀྱི་ངང་ཚུལ་འབྱུང་བ་རེད། དེ་ལྟར་ལུས་ཡོངས་ཀྱི་ཕུང་གྲུབ་ཕྲ་ཕུང་ལ་དུག་གི་ནུས་པ་མཆེད་ཅིང་རྒྱས་པ་དང་། ཁྱད་པར་དུ་ཀླད་ཆེན་པགས་རྫས་(大脑皮质)ལ་གནོད་འཚེ་ཆེན་པོ་འབྱུང་བ་རེད། དེ་ལྟར་མི་རྣམས་ཀྱིས་རང་ཉིད་ལ་རྡོ་དུག་ཚབས་ཆེན་ཕོག་ཡོད་པ་ཚོར་དུས་གཞི་ནས་འཕྱིས་ཚར་བ་རེད། ཅིའི་ཕྱིར་ཞེ་ན། མིའི་ལུས་ཁམས་ལ་བཀོད་འདོམས་བྱེད་མཁན་གྱི་ཀླད་ཆེན་པགས་རྫས་(大脑皮质)ལ་བེམ་སྦྲིད་གནོད་སྐྱོན་(麻痹损害)ཐེབས་ཟིན་པས། ནམ་རྒྱུན་ལྟར་མི་རང་གི་དམིགས་ཡུལ་བཞིན་ལུས་ཕུང་འགུལ་སྐྱོད་བྱེད་ཐབས་བྲལ་བ་རེད། དེ་ལྟར་རྐང་ལག་བཞི་བོའི་རྐྱོང་སྐུམ་གྱི་བྱེད་ལས་ཉམས་ཟིན་པའི་དབང་གིས། རྡོ་སོལ་གྱི་དུག་བབ་ལྕི་མོ་ཕོག་ཡོད་པའི་མི་གང་དག་གིས་རང་ཉིད་ཀྱི་ནུས་ཤུགས་ལ་བརྟེན་ནས་རང་སྲོག་སྐྱོབ་ཐབས་བྲལ་བ་རེད།

ལྔ་བ། རྡོ་སོལ་གྱི་དུག་ཕོག་པ་སྔོན་འགོག་བྱ་ཐབས།

    དེང་སྐབས་བོད་པ་རྣམས་ལ་མཚོན་ནའང་། རྡོ་སོལ་ཕྱོགས་ཀྱི་ཤེས་བྱ་མང་པོ་རྒྱུས་ལོན་འབྱུང་དགོས་པ་ནི་ཧ་ཅང་གལ་ཆེ་བ་ཞིག་རེད། བཟའ་ཚང་ཐམས་ཅད་ཀྱི་ཚེ་སྲོག་དང་བདེ་ཐང་གི་ཆེད་དུ། རྡོ་སོལ་གྱི་དུག་མི་ཕོག་པའི་ཐབས་ཤེས་ལྡན་དགོས་ལ། རྡོ་སོལ་གྱི་དུག་སྟེ་དབྱང་གཅིག་ཐཱན་རྫས་(一氧化碳)ཀྱི་དུག་ཕོག་པ་སྔོན་འགོག་བྱ་དགོས། དེས་ན་ཁང་ཁྱིམ་དུ་རྡོ་སོལ་གྱི་མེ་འབུད་དུས་སྒོ་སྲུབས་དང་དྲ་ཤེལ་སོགས་ནས་རླུང་གི་རྒྱུ་བ་རྒྱུན་ལྡན་ཡག་པོ་དགོས་པ་ལས། སྒོ་སྲུབས་སོགས་ནས་རླུང་ཅུང་ཙམ་ཡང་མི་རྒྱུ་བ་ཞིག་ཡིན་ཚེ་དེས་ནི་རྡོ་སོལ་གྱི་དུག་ཕོག་འགྲོ་བ་ཤ་སྟག་ཡིན། ལྕགས་ཐབ་ཡིན་ན་ལྕགས་ཐབ་ཀྱི་སྟེང་ངོས་སུ་བུ་ག་དང་གས་སྲུབས་ཡོད་མི་རུང་བ་དང་། ད་དུང་ལྕགས་ཀྱི་རྒྱུ་སྤུས་ལེགས་པོ་མཆིས་ནའང་རྡོ་སོལ་གྱི་མེ་འབར་སྐབས་ལྕགས་ཐབ་ཀྱི་ཁ་ལེབ་མ་བརྒྱབ་པའམ།    ཡང་ན་ལྕགས་ཐབ་ཀྱི་ཐལ་གཞོང་གི་ཁ་ཕྱེས་ཡོད་པ་དང་། ཐལ་གཞོང་དུ་རྡོ་སོལ་གྱི་ཐལ་བ་དང་ཐལ་བའི་ཁྲོད་དུ་སྦར་ནས་ཐལ་བ་རུ་མ་སོང་བའི་རྡོ་སོལ་གྱི་སོལ་མེ་ད་དུང་ཡོད་པ་ཡིན་ན། དེ་ལས་རྡོ་སོལ་གྱི་དུག་འཕོག་པ་ཡིན། ད་དུང་ལྕགས་ཐབ་ཀྱི་ནང་དུ་ཁུང་ཡང་ཧ་ཅང་རྒྱུ་སྤུས་ལེགས་པོ་དགོས་པ་ལས་ཆར་ཆུས་བཙའ་རལ་དུ་གྱུར་བ་སོགས། གང་ལྟར་བུ་ག་རལ་ཧྲུལ་གཏན་ནས་ཡོད་མི་རུང་། རྡོ་སོལ་གྱི་མེ་བུས་པའི་ཁང་ཁྱིམ་དུ་རབ་ཡིན་ན་མལ་སྟེགས་དང་། མལ་ཁྲིའང་ཇི་ལྟར་དམའ་ཐུབ་ན་དེ་ལྟར་དུག་ཕོག་མི་ཐུབ་ལ། མལ་སྟེགས་སོགས་ཇི་ལྟར་མཐོ་ན་དེ་ལྟར་དུ་རྡོ་དུག་ཕོག་པའི་ཉེན་ཁ་ཆེ་བ་ཡིན།

མཇུག་ཏུ་གླེང་བའི་གཏམ།

    དེ་ལ་འདིར་ཕྲན་གྱིས་བོད་པ་རོང་འབྲོག་གཉིས་ཀར་རྡོ་སོལ་གྱི་དུག་སྟེ་དབྱང་གཅིག་ཐཱན་རྫས་(一氧化碳)ཀྱི་དུག་དང་འབྲེལ་བའི་ཁ་བརྡ་ཐུང་ཐུང་ཞིག་བྱས་སོང་། རྒྱུ་མཚན་ནི་བོད་པ་གྲོང་སྙེག་གི་དུས་རབས་འདིར། སྦྲ་རོག་རོག་ཅན་གྱི་འབྲོག་སྡེ་ཡང་ཁང་སྐྱ་སྐྱ་ཅན་གྱི་གྲོང་སྡེ་རུ་གྱུར་དང་འགྱུར་གྱིན་ཡོད་པ་ནི་མངོན་སུམ་ཚད་མ་ཡིན་པ་དང།  སྔོན་དུས་ཀྱི་ཨོང་བ་རིལ་མ་འབུད་ཤིང་སོགས་ཀྱང་རྡོ་སོལ་དུ་བསྒྱུར་ནས་འབུད་པ་མང་ཆེ་ཤོས་ཡིན་པས། འདིའི་ཕྱོགས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་ཤེས་བྱ་ངོ་སྤྲོད་བྱས་ནས་རྒྱུས་ལོན་བྱེད་དུ་འཇུག་པ་དང་། ཁྱད་པར་འབུད་རྫས་རྡོ་སོལ་གྱི་དུག་གི་གནོད་སྐྱོན་མི་ཐེབས་པར་སྐུལ་མ་བྱས་ཏེ། སྔོན་དུས་རྡོ་སོལ་དང་རྡོ་སོལ་གྱི་དུག་ལ་ཆ་རྒྱུས་ཞན་པའི་བོད་རིགས་སྤུན་ཟླ་ཚོའི་ལུས་སེམས་བདེ་ཐང་ལ་སྲུང་སྐྱོབས་བྱ་རྒྱུ་དང་། ཕུ་ནུ་སྤུན་ཟླ་ཚོའི་བཟའ་བ་བུ་ཕྲུག་བཅས་ཀྱི་ཚེ་སྲོག་བདེ་ཐང་ལ་ཁག་ཐེག་བྱེད་རྒྱུ་དང་། དེའི་ཕྱོགས་ནས་འབོད་སྐུལ་གཏོང་རྒྱུ་བཅས་ནི། ང་ཚོ་སྤྱི་ཚོགས་ཀྱི་ཤེས་ཡོན་པ་ཐམས་ཅད་སྤྱི་དང་། ཁྱད་པར་དུ་སྨན་པ་ལྷ་རྗེ་རྣམས་ལ་མཚོན་ན་མ་ཁུར་ཕྲག་བབས་ཀྱི་འོས་འགན་ཉག་གཅིག་ཅི་ལ་མིན། ང་ཚོ་སྨན་པ་རྣམས་ཀྱིས་མིག་ཡས་ཞར་བ་དང་རྣ་ཡས་འོན་པ་བྱས་ཏེ་འདུག་ཐབས་ག་ལ་ཡོད། རང་གི་ཉེ་འཁོར་ལ་མཚོན་ནས་བཤད་ནའང་།

      སྤྱི་ལོ2018ལོའི་ལོ་མཇུག་ཅིག་ཏུ་བཟའ་མི་གསུམ་སྔ་མོ་ཆུ་ཚོད་བརྒྱད་དང་ཕྱེད་ཀ་ཙམ་ནས། ཁོ་བོའི་གཞུང་ལས་ཁང་དུ་བྲེལ་བྲེལ་འཚབ་འཚུབ་ཀྱིས་སླེབས་བྱུང་། དེ་ནས་སྐྱེས་པ་ལོ་ན་སུམ་ཅུ་ཙམ་ལོན་པ་དེས་གནས་ཚུལ་ངོ་སྤྲོད་བྱུང་བ་ལྟར་ན། ཁོ་ཚང་ལ་མཚོན་ན་མཚན་མོ་དེར་རྡོ་སོལ་འབུད་ཉེས་ཀྱིས་རྡོ་དུག་ཕོག་སོང་ཟེར། བཟའ་ཟླ་སྐྱེས་མ་ཡི་ངོ་མདངས་ཅུང་ཉམས་ཤིང་། མགོ་ན་ཞིང་སྙིང་དངངས་པ་དང། ལུས་ཉོབ་ནས་ལངས་ནས་ཀྱང་སྡོད་མི་ཚུགས་པར་འདུག་པ་དང། བུ་ཆུང་ལོ་བཅུ་ཡས་མས་ཅན་དེ་དང་ཁྱིམ་བདག་གཉིས་ཀའི་མགོ་ཅུང་ན་བ་ལས་དེ་འདྲའི་ཚབས་ཆེན་མི་འདུག་པ་རེད། སྐྱེས་པ་དེས་ད་དུང་མདང་དགོང་རྡོ་དུག་ཕོག་པ་ཚོར་མ་ཐག་བུ་ཆུང་དང་ཁོ་གཉིས་ཁང་པའི་ཕྱི་རོལ་དུ་སོང་བས་མགོ་ན་བའི་ངང་ཚུལ་ཅུང་བདེ་འཇམ་དུ་སོང་བ་རེད། ཡིན་ན་ཡང་། ཁོའི་ཆུང་མར་རྡོ་དུག་ཕོག་པ་ཅུང་ཚབས་ཆེ་བས་དེ་མ་ཐག་ཁང་པའི་སྒོའི་ཕྱི་རོལ་དུ་བསྐྱོར་ནས་སོང་བ་དང་། དེ་ནས་ཆུ་འཁྱག་མང་པོ་བསྟེན་ཏུ་བཅུག་མཐར་ཅུང་མང་དུ་བསྐྱུགས་པ་དང་། དེ་ནས་ཇེ་བདེར་སོང་བས་སྔ་མོའི་བར་དུ་སྨན་ཁང་དུ་མ་ཡོང་བ་ཡིན་ཟེར། གཞན་ཡང་ཉེ་བའི་སྐར་འཕྲིན་གྱི་རྒྱབ་ལྗོངས་སུ་སྐུར་གྱིན་པའི་གནས་ཚུལ་ཡ་ང་བ་ཞིག་སྟེ། ཇི་སྐད་དུ། ཤི་བོ་ལས་ངན་འདི་ཚོ་མ་ཎི་རེ་གསུང་རོགས་ཞུ། ཚར་སྐྱིད། མཁའ་འགྲོ་ལྷ་འཛོམས། རི་ཆོས། ཉི་མ་སྐྱིད་འཛོམ། ཟླ་བ་བསོ་ནམ། ཚེ་འདས་མ་བུ་ལྔ་ནི་་་ཕ་ཡུལ་་་་་་ཧ་ཤུལ་ཀག་གཉིས་ཟེར་བའི་ས་ཆ་ནས་ཡིན་འདུག་་་་སྟབས་མ་ལེགས་པར་ལ་ད་ནུབ་རྡོ་སོལ་གིས་བཟི་ནས་ཤི་སོང་བ་ཡིན་འདུག བོད་རིགས་སྤུན་ཟླ་མཆོག་དམན་མེད་པས་མ་ཎི་དང་བསྔོ་སྨོན་གང་མང་རེ་མཛད་རོགས་ཞུ་ཞུ། ཞེས་པའི་པར་དང་འབྲེལ་བའི་འཕྲིན་ཐུང་སྙིང་ལ་ཚེར་མ་ཟུག་པ་ལྟ་བུ་ཞིག་དང་། བུ་མོ་ཁམས་མོའི་ཆ་བྱད་ཅན་ལོ་ན་ཉེར་བརྒྱད་ཉེར་དགུ་ཙམ་ལོས་ཡིན་སྙམ་ཞིག་དང་། བུ་ཆུང་ལོ་ན་བདུན་ཙམ་ཞིག་དང་། བུ་ཆུང་ལོ་ན་ལྔ་ཙམ་ཞིག་དང་། བུ་མོ་ལོ་ན་གཉིས་གསུམ་ཙམ་བཅས་གྱི་འདྲ་པར་ཡང་བཀོད་འདུག་པས། ཁོ་བོས་དེ་མཐོང་མ་ཐག་རང་དབང་མེད་པར་དངངས་འདར་ཞིག་ཤ་གཏིང་ནས་རྒྱག་དགོས་བྱུང་ལ། དར་ཅིག་ལ་རང་གི་ཕུ་ནུ་མིང་སྲིང་ཞིག་གི་ཁྱིམ་ཚང་ལ་ཆག་སྒོ་བྱུང་བ་ལྟར་སེམས་མི་སྐྱིད་ལྷང་ངེ་བ་ཞིག་བྱུང་། རྡོ་སོལ་ཡ་རྡོ་སོལ། རྡོ་དུག་ཡ་རྡོ་དུག

ཁྱོད་ཀྱིས་བྱམས་སེམས་དང་སྙིང་རྗེ་མེད་པར། མ་གཞི་བདེ་སྐྱིད་ཀྱི་དགོད་སྒྲས་ཁེངས་པའི་ཁྱིམ་ཚང་འདིའི་མདུན་ལམ་རྨག་མེད་བྱས་སོང་། ཨ་མ་རྗེ་བཙུན་སྒྲོལ་མ་ལྟ་བུ་དེ་གཉིས་དང་། བུ་ཆུང་ཁྲ་ཕྲུག་འདྲ་བ་གཉིས། ད་དུང་བུ་མོ་ཆུང་ཆུང་མེ་ཏོག་ལྟ་བུ་བཅས་ཀྱི་ཚེ་སྲོག་རྦད་ཀྱིས་བཅད་སོང་། རྡོ་སོལ་ནི་ངོ་མ་རྡོ་རེད། དེ་ལ་ཤ་ཚ་སྙིང་རྗེ་མི་འདུག

རྡོ་དུག་ནི་དངོས་ནས་དུག་རེད། དེ་ལ་གདུག་རྩུབ་དང་ངམ་ནག་གི་དུག་ཁ་འབར་འདུག

ད་དུང་། ད་དུང་ཡང་གོ་ཐོས་ལྟར་ན། རང་རེ་བོད་པའི་དེང་རབས་རྩོམ་རིག་གསར་བའི་དེད་དཔོན་ཆེན་མོ། ནུབ་ཕྱོགས་ཀྱི་སྟག་ཕྲུག་སྟེ། དཔལ་དོན་གྲུབ་རྒྱལ་ལགས་ཀྱང་དགུང་ལོ་སོ་གཉིས་སྟེང་། རྡོ་དུག་གིས་བཀྲོངས་པ་རེད་ཟེར།  དེའང་ཅི་འདྲའི་ཕངས་པ་ལ། དེ་བས་སྤུན་ཟླ་ཚོ། ང་ཚོས་རྡོ་སོལ་ལ་རྒྱུས་ལོན་བྱ་དགོས།

ང་ཚོས་རྡོ་དུག་ལ་དོགས་ཟོན་བྱེད་དགོས།

ང་ཚོས་ཚེ་སྲོག་ལ་གཅེས་སྤྲས་བྱ་དགོས་འདུག

ང་ཚོས་བདེ་ཐང་གི་འབོད་སྐུལ་གཏོང་དགོས་འདུག

ང་ཚོས་རྡོ་སོལ་གྱི་ཤེས་བྱ་བསླབ་དགོས་འདུག

ང་ཚོས་རྡོ་དུག་གི་སྔོན་འགོག་ཤེས་དགོས་འདུག

བཀའ་དྲིན་ཆེ།

ཚེ་རིང་ལོ་བརྒྱ།

སྤྱི་ལོ2019ལོའི་ཟླ་4པའི་ཚེས་8ལ།

གསར་འགོད་པ། ཆོས་སྐྱོང་རྒྱལ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། mjbp བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23529447
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།