མགོ་ལོག་གེ་སར་རིག་གནས་འཛིན་སྐྱོང་གི་སྣ་ཁྲིད་པ་ལེགས་པོ་གཅེས་མ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 18 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» འབོལ་རྩོམ། »མགོ་ལོག་གེ་སར་རིག་གནས་འཛིན་སྐྱོང་གི་སྣ་ཁྲིད་པ་ལེགས་པོ་གཅེས་མ
མགོ་ལོག་གེ་སར་རིག་གནས་འཛིན་སྐྱོང་གི་སྣ་ཁྲིད་པ་ལེགས་པོ་གཅེས་མ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2019-04-04ལྟ་ཀློག (4101)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།།མགོ་ལོག་གེ་སར་རིག་གནས་འཛིན་སྐྱོང་གི་སྣེ་ཁྲིད་པ་ལེགས་པོ་གཅེས་མ།

གཅོད་པ་དོན་གྲུབ


        དེ་ཡང་ཕ་ཡུལ་གྱི་རིག་གནས་ལ་བརྩེ་བ་ཆེ་བའི་ཁུལ་རིམ་པའི་མགོ་ཁྲིད་ལེགས་པོ་གཅེས་མ་མཆོག་ནི1952ལོར་མགོ་ལོག་ཁུལ་པདྨ་རྫོང་མདོ་གོང་མ་ཡུལ་ཚོ་རུ་སྐུ་འཁྲུངས། 1965ལོའི་ཟླ10བའི་ནང་(ལོ13)བྱ་བའི་ནང་དུ་ཞུགས་པ་དང་། 1971ལོའི་ཟླ7པའི་ནང་ཀྲུང་གོའི་གུང་ཁྲན་ཏང་ནང་དུ་ཞུགས། 1975ལོའི་ཟླ་12པའི་ནང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་པི་ཝང་ཚན་ཁག་ནས་སློབ་མཐར་ཕྱིན། སྔ་རྗེས་སུ་མགོ་ལོག་ཁུལ་རིག་རྩལ་རུ་ཁག་གི་འཁྲབ་སྟོན་པ་དང་རོལ་ཆ་དཀྲོལ་མཁན་གྱི་ལས་འགན་བཞེས་པ་དང་། རིག་རྩལ་རུ་ཁག་གི་སློབ་སྟོན་པ་དང་འགན་འཛིན་པའི་འགན་ཀྱང་བཞེས། 1983ལོའི་ཟླ་12པའི་རྗེས་ནས་མགོ་ལོག་ཁུལ་རིག་གནས་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་དང་ཅུའུ་ཀྲང་གི་འགན་བཞེས་པ་དང་། མགོ་ལོག་ཁུལ《གེ་སར་སྒྲུང་》མྱུར་སྐྱོབ་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་ཐོག་མའི་ཀྲུའུ་རིན་གྱི་འགན་ཞོར་བཞེས་མཛད། 1996ལོའི་ཟླ5བའི་ནང་ཀྲུང་གུང་མགོ་ལོག་ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གི་འགན་བཞེས་ཤིང་། མགོ་ལོག་ཁུལ《གེ་སར་སྒྲུང་》ཞིབ་འཇུག་ལྟེ་གནས་མགོ་ཁྲིད་ཚན་ཆུང་གི་མགོ་གཙོའི་འགན་བཞེས། 2001ལོའི་ཟླ4བའི་ནང་མགོ་ལོག་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པའི་འགན་བཞེས་པ་དང་། 2006ལོར་མགོ་ལོག་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའི་འགན་བཞེས། ཁུལ་རིམ་པའི་མགོ་ཁྲིད་ཀྱི་ལས་གནས་སུ་ལོ་ངོ་16རིང་ལ་འགན་བཞེས་མྱོང་། 2012ལོར་ལས་འཁྱུར་ངལ་གསོ་གནང་། 2018ལོའི་ཟླ4ཚེས19ཉིན་ཟི་ལིང་དུ་གློ་བུར་དུ་ཀླད་ཁྲག་ཤོར་བའི་ནད་བྱུང་བ་དང་སྨན་བཅོས་བྱས་རུང་རྔོ་མ་ཐོགས་པར་སྐུ་གཤེགས། དགོང་ལོ66ལོན་ཡོད།
      མོས་བགྲང་བྱ47རིང་བྱ་བ་དོན་གཉེར་ཁྲོད། ཏང་གི་ལས་དོན་ལ་ནན་ཏན་སྒོས་འགན་འཁུར་ཞིང་ནུས་ཤུགས་ཡོད་ཚད་བཏོན་ནས་བྱ་བ་བསྒྲུབས་པ་རེད། མོས་མགོ་ལོག《གེ་སར་སྒྲུང་》མྱུར་སྐྱོབ་བྱ་བའི་འགན་བཞེས་པའི་སྐབས་སུ་སྡུག་རུས་ཀྱིས་བྱ་བ་བསྒྲུབས་པ་དང་སྤྲོ་སེམས་ཚད་མེད་ཀྱིས་ཉམས་པ་སླར་གསོ་བགྱིས་ནས་བདག་སྐྱོང་མཛད། 1983ལོར་མགོ་ལོག་ཁུལ་གྱིས་རྒྱལ་ཡོངས་སུ་སྔོན་མ་བྱས་ནས《གེ་སར་སྒྲུང་》མྱུར་སྐྱོབ་མགོ་ཁྲིད་ཚན་ཆུང་བཙུགས་ཤིང་། མོས་ཐོག་མའི་གཞུང་ལས་ཁང་གི་ཀྲུའུ་རིན་གྱི་འགན་བཞེས་པ་དང་། དེའི་འཕྲོར་ཐད་ཀར་དངོས་པོ་མ་ཡིན་པའི་གེ་སར་རིག་རྫས་ཤུལ་བཞག་མྱུར་སྐྱོབ་དང་འཚོལ་ཞིབ། སྔོག་འདོན། དག་སྒྲིག་བཅས་བྱེད་པའི་བྱ་བའི་འགན་བཞེས། 1996ལོར་མགོ་ལོག་ཁུལ《གེ་སར་སྒྲུང་》མྱུར་སྐྱོབ་མགོ་ཁྲིད་ཚན་ཆུང་ཞེས་པའི་མིང་ཡང"མགོ་ལོག་ཁུལ《གེ་སར་སྒྲུང་》ཞིབ་འཇུག་ལྟེ་གནས"ཞེས་པར་བསྒྱུར་པ་དང་མོས་མགོ་ཁྲིད་ཚན་ཆུང་གི་མགོ་གཙོའི་འགན་དང་གླིང་སྒྲུང་ཞིབ་འཇུག་ལྟེ་གནས་བཅས་ཀྱི་བྱ་བ་ཡོངས་རྫོགས་ལ་འགན་འཁུར་ནས་དེའི་ཐད་ལ་འབད་བརྩོན་ལྷོད་མེད་བྱས་པ་རེད།

     གཤམ་དུ་ཁོ་མོས་བླངས་པའི་བྱ་བའི་གྲུབ་འབྲས་ཐད་དུ་རགས་ཙམ་གླེང་ན་འདི་ལྟ་སྟེ།

གཅིག  གཞི་རིམ་ནས་སྒྲུབ་མགོ་བརྩམས་ནས་བྱ་བའི་རྨང་གཞི་ཇེ་བརྟན་དུ་བཏང་བ།

     1983ལོར་ཁུལ་མི་དམངས་སྲིད་གཞུང་གིས་ཁུལ་རིག་གནས་ཅུའུ་བཙུགས་པ་དང་། མོས་སྔ་རྗེས་སུ་ཐོག་མའི་ཅུའུ་ཀྲང་གཞོན་པའི་འགན་བླངས་ནས་གཙོ་འགན་འཁུར་པ་དང་དེ་ནས་ཅུའུ་ཀྲང་གི་གཙོ་འགན་བཞེས། 1984ལོ་ནས་བཟུང་སྟེ་ལོ་རེ་བཞིན་དུ་ཁུལ་ཡོངས་ཀྱི་《གེ་སར་སྒྲུང་》བྱ་བའི་སྐུལ་སྤེལ་ཚོགས་འདུ་དང་གེ་སར་སྒྲུང་བཤད་ཚོགས་འདུར་མགོ་འཛིན་བྱས་པ་དང་། དུས་ཐོག་ཏུ་ཉམས་མྱོང་ཕྱོགས་སྡོམ་དང་ལོ་དེའི་བྱ་བའི་ལས་འགན་གཏན་ཕབ་སྒོས་རེ་རེ་བཞིན་རྩ་འཛུགས་བྱས་ནས་ལག་ལེན་དུ་བསྟར་པ་རེད། ཚོགས་འདུར་ཞུགས་པའི་གྲས་སུ་ཏང་སྲིད་སྡེ་ཁག་གི་མགོ་ཁྲིད་ལས་གཞན་ད་རུང་པདྨ་གཏུམ་པོ་དང་བསྟན་པའི་ཉི་མ། དབང་ཆེན་སྟོབས་རྒྱལ། ནོར་སྡེ། ཨ་བུ་དཀར་ལོ། ཚེ་བརྟན་རྡོ་རྗེ་ལ་སོགས་པའི་མི་རིགས་དང་ཆོས་ལུགས་ལས་རིགས་ཀྱི་སྐུ་དྲག་དང་སྙན་གྲགས་ཆེ་བའི་དམངས་ཁྲོད་ཀྱི་སྒྱུ་རྩལ་པ་ཡོད་ལ། སྐབས་ལ་ལར་ད་རུང་ཞིང་ཆེན་རིག་གནས་ཐིན་གྱི་མི་སྣ་གདན་འདྲེན་ཞུས་ནས་ཕེབས་པ་དང་སློབ་སྟོན་བྱས། ཚོགས་འདུ་ཚོགས་སྐབས་སུ་བཞུགས་མོལ་ཚོགས་འདུ་དང་གེ་སར་སྒྲུང་པས་སྒྲུང་བཤད་པའི་འཁྲབ་སྟོན་ཚོགས་འདུ་ཆེ་ཆུང་གཉི་ག་འཚོགས་པ་དང་། དེའི་ནང་ནས་མགོ་ལོག་ཁུལ་གྱི་《གེ་སར་སྒྲུང་》འབྲི་མཁན་དང་སྒྲུང་བཤད་མཁན། རི་མོར་ཕབ་མཁན་ལ་སོགས་པའི་དམངས་ཁྲོད་སྒྱུ་རྩལ་པ་དང་སྒྱུ་རྩལ་འཁྲབ་སྟོན་ཚོགས་པ་མང་པོ་གསར་རྙེད་བྱུང་བ་རེད། སྒྱུ་རྩལ་པ་འདི་དག་གིས་ལོ་རྒྱུས་སྙན་རྩོམ་རིང་མོ་《གེ་སར་སྒྲུང་》འདི་བྲིས་ན་བྲིས་མི་ཚར་བ་དང་བཤད་ན་བཤད་མི་ཚར་བ། བླངས་ན་བླངས་མི་ཚར་བ། རི་མོར་ཕབ་ན་ཡང་ཕབ་མི་ཚར་བ་ཞིག་ཡིན་པ་ར་སྤྲོད་བགྱིས་ཡོད།

     མགོ་ལོག་ཁུལ་དམངས་ཁྲོད་དུ་《གེ་སར་སྒྲུང་》བཤད་པ་དང་འབྲི་བ། ལེན་པ། རི་མོར་ཕབ་པ་ལ་སོགས་པའི་ཕྱོགས་སུ་མང་ཚོགས་ཀྱི་རྨང་གཞི་མཐུག་པོ་ཡོད་པ་དང་། འཆར་གཞི་ལྡན་པ་དང་རྩ་འཛུགས་ལྡན་པའི་སྒོ་ནས་འཚོལ་ཞིབ་དང་ལེགས་སྒྲིག་སྔོག་འདོན་བཅས་པ་བརྒྱུད། དཔའ་བོའི་ལོ་རྒྱུས་སྙན་ངག་རིང་མོ་འདིར་དམངས་ཁྲོད་དུ་སྔར་ལས་ལྷག་པར་དུ་གསོན་ཤུགས་རྒྱས་པ་དང་སྔར་ལས་ལྷག་པར་དུ་ཤུགས་རྐྱེན་ཇེ་ཆེར་གྱུར་སོང་།

གཉིས། ཐབས་ལམ་མང་པོ་ནས《གེ་སར་སྒྲུང་》གི་དམངས་ཁྲོད་སྒྱུ་རྩལ་པ་གསར་རྙེད་དང་སྔོག་འདོན་བྱས་པ།

      《གེ་སར་སྒྲུང་》གི་དམངས་ཁྲོད་སྒྱུ་རྩལ་པ་སྔོག་འདོན་བྱེད་ཆེད། སྔར་ཡོད་ཀྱི་རྨང་གཞིའི་སྟེང་དུ། ཁོ་མོས་ཐེངས་མང་པོར་རྩད་ཞིབ་དང་འཚོལ་ཞིབ་བྱས་མཐར་སྒྲུང་བཤད་མཁན་དང་སྒྲུང་འབྲི་མཁན། སྒྲུང་རི་མོར་ཕབ་མཁན་གྱི་སྒྱུ་རྩལ་པ་ལྔ་བཅུ་ལྷག་རྙེད་པ་ལས་འཐུས་ཚབ་གཙོ་བོ་འདི་ལྟ་སྟེ།
     གུ་རུ་རྒྱལ་མཚན། ཕོ། དགའ་བདེ་རྫོང་གི་མི་ཡིན། སྐུ་ཞབས་གུ་རུ་རྒྱལ་མཚན་ད་ལྟ་རྒྱལ་ཁབ་རིམ་པའི་དངོས་པོ་མ་ཡིན་པའི《གེ་སར་སྒྲུང་》རིག་རྫས་ཤུལ་བཞག་གི་རྒྱུད་འཛིན་པ་ཡིན་ཞིང་ད་ལྟ་སྒྲུང་དཔེ30དཔེ་སྐྲུན་བྱས་ནས་འགྲེམས་སྤེལ་བྱས་ཡོད།
      ཚེ་རིང་དཔལ་ལྡན། ཕོ། གཅིག་སྒྲིལ་རྫོང་གི་མི་ཡིན། སྐུ་ཞབས་ཚེ་རིང་དཔལ་ལྡན་ད་ལྟ་རྒྱལ་ཁབ་རིམ་པའི་དངོས་པོ་མ་ཡིན་པའི《གེ་སར་སྒྲུང་》རིག་རྫས་ཤུལ་བཞག"མཚོ་སྔོན་གེ་སར་རྟ་འཆམ"གྱི་རྒྱུད་འཛིན་པ་ཡིན།
      ཚེ་སྒྲུབ། ཕོ། གཅིག་སྒྲིལ་རྫོང་གི་མི་ཡིན། སྐུ་ཞབས་ཚེ་སྒྲུབ་ཡང་རྒྱལ་ཁབ་རིམ་པའི་དངོས་པོ་མ་ཡིན་པའི《གེ་སར་སྒྲུང་》རིག་རྫས་ཤུལ་བཞག་པྲ་ཡི་རྒྱུད་འཛིན་པའི་འཐུས་མི་ཡིན།
ད་རུང་ལྷ་རིས་པ་གྲགས་ཅན་ཨ་བུ་དཀར་ལོ(ཚེ་ལས་འདས་པ)དང་། བླངས་མི་ཚར་པའི《གེ་སར་སྒྲུང་》སྒྲུང་པ་ངག་རིག་(ཚེ་ལས་འདས་པ)《གེ་སར་སྒྲུང་》གཏེར་འདོན་པ་སྐུ་ཞབས་ཐུབ་བསྟན་དར་རྒྱས། ཁྱིམ་རྒྱུད་ཀྱི་མི་རབས་གསུམ་རིང་རྒྱུན་མ་ཆད་པའི《གེ་སར་སྒྲུང་》སྒྲུང་པ་ཚེ་བརྟན་རྡོ་རྗེ(ཚེ་ལས་འདས་པ)། 《གེ་སར་སྒྲུང་》གི་སྒྱུ་རྩལ་པ་འཇམ་དབྱངས་བློ་གྲོས་དང་བསྟན་འཛིག་གྲགས་པ་ལ་སོགས་པ་ཡོད།

     1994ལོར་མགོ་ལོག་ཁུལ་དུ་སྲིད་དབང་བཙུགས་ནས་ལོ་འཁོར40ལོན་པའི་སྐབས་སུ་མགོ་ལོག་ཁུལ་གྱི་དམངས་ཁྲོད་དུ་《གེ་སར་སྒྲུང་》ཟློས་གར་ཚོགས་པ་ཧ་ཅང་མང་བ་དང་། འཁྲབ་སྟོན་བྱ་འགུལ་ཧ་ཅང་ཧུར་པོར་གྱུར་པའི་དུས་སྐབས་ཤིག་རེད་ཅེས་བཤད་ཆོག་ལ། དེའི་ཐད་ཀྱི་བྱ་བ་མང་ཤོས་རྒྱལ་ཡོངས《གེ་སར་སྒྲུང་》བྱ་བའི་མགོ་ཁྲིད་ཚན་ཆུང་གིས་ཁས་ལེན་གང་ལེགས་བྱས་པ་རེད། དེའི་སྐབས་ཀྱི་རྨ་ཡུལ《གེ་སར་སྒྲུང་》རིག་གནས་ལྟེ་བའི་གེ་སར་ཟློས་གར་དང་སེང་འབྲུག་སྟག་རྩེའི་གེ་སར་ཟློས་གར། རྡོ་གྲུབ་ཆེན་གྱི་གེ་སར་ཟློས་གར། མདོ་གོང་མའི་གེ་སར་ཟློས་གར། ལྕགས་རི་ཐང་གི་གེ་སར་ཟློས་གར། ལུང་སྐྱའི་གེ་སར་ཟློས་གར། ཨ་བཟོད་ཀྱི་གེ་སར་ཟློས་གར། སྨིན་ཐང་གི་གེ་སར་ཟློས་གར། སྟག་ལུང་གི་གེ་སར་ཟློས་གར་ལ་སོགས་ཚོགས་པ24ཡིས《གེ་སར་སྒྲུང་》འཁྲབ་སྟོན་བྱས་པ་རྣམ་པ་སྣ་ཚོགས་ཡིན་པ་དང་། ནང་དོན་ཡང་སྐྱོན་དང་བྲལ་ལ། གསོན་ཉམས་ལྡན་ཞིང་བཟོ་ལྟ་ཡག་ལ། ཡིད་འགུག་པའི་ནུས་པ་ཆེན་པོའང་ལྡན་པས། དེར་རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་པ་རེད།

གསུམ། 2001ལོ་ནས་མགོ་བཟུང་སྟེ། གེ་སར་རིག་གནས་ཐོན་ཁུངས་ལ་ཡོངས་ཁྱབ་ཀྱིས་ཞིབ་བཤེར་བྱས་པ་དང་། མགོ་ལོག་ཁུལ་དུ་རྨ་ཡུལ་གེ་སར་སྒྲུང་རིག་གནས་ཁྱམས་རིང་གསར་འཛུགས་བྱེད་པའི་གྲོས་མགོ་བཏོན་པ།

     མོས་ཁུལ་དཔོན་གཞོན་པའི་འགན་བཞེས་པའི་སྐབས་སུ། སྔ་གཞུག་ཏུ་ཁུལ་དང་རྫོང་གི་རིག་གནས་དང་རྒྱང་སྒྲོག་བརྙན་འཕྲིན་སྡེ་ཁག་གི་བློ་མཐུན་རྣམས་རྩ་འཛུགས་དང་ལ་བརྒྱབ་ཆུར་བརྒལ་སྒོས་ཁུལ་ཡོངས་ཀྱི་ས་ཁུལ་སོ་སོར་སོང་ནས་གེ་སར་གྱི་ཤུལ་རྟེན་འཚོལ་བ་རེད། གཅིག་སྒྲིལ་རྫོང་དུ་རྟར་ཞོན་ནས་གཉན་པོ་གཡུ་རྩེར་གཟའ་འཁོར་གཅིག་རིང་སྐོར་བ་ཐེངས་གཅིག་བྱས་རྗེས་གེ་སར་མཚམས་ལ་བཞུགས་སའི་སྒྲུབ་ཕུག་དང་འབྲུག་མོའི་ཆུ་ཁོལ་ངོས་འཛིན་བྱས་པ་དང་། རྨ་སྟོད་རྫོང་དུ་སྐབས་དེར་རྫོང་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས་ཡོད་པའི་ཧྲུའུ་ཅི་བརྩོན་ལྷ་དང་མཉམ་དུ་གེ་སར་རྟ་རྒྱུག་རྒྱལ་འཇོག་གི་མགོ་ཚུགས་ས་ནི་ཨ་ཡུ་དེའུ་ཡིན་པ་དང་མཇུག་རྫོགས་ས་ནི་ཀི་ར་རྫ་སྐྱ་དང་རི་བོ་འདི་གཉིས་ཀྱི་བར་དུ་འགྱིང་ངེར་ལྷུན་གྱིས་བརྗིད་ཡོད་པའི་རི་བོ་ལྷ་སྡེ་དང་ཀླུ་བདེ་གཉིས་ནི་བསང་ཁྲི་དང་རྒྱང་མཇལ་གྱི་གནས་རི་ཡིན་པ་ངོས་འཛིན་བྱས་ཤིང་། སྐྱ་ལོ་སྡེ་བའི་མཁར་ཤུལ་དང་གེ་སར་རྒྱལ་པོའི་བཙུན་མོ་སེང་ལྕམ་འབྲུག་མོས་རྒྱང་མཇལ་དང་རྒྱང་བལྟས་བྱས་པའི་ཤུལ་གྱི་ར་མ་གྲུ་ཁྲིད་ལྟ་བུའི་མཚོ་སྙིང་དང་མཚོ་གཏིང་གི་རྡོ་ཟམ་གྱི་ཤུལ་རྙེད་ནས་ངོས་འཛིན་བྱས། དེས་མི་ཚད་གེ་སར་རྟ་རྒྱུག་རྒྱལ་འཇོག་ལས་རྒྱལ་ནས་རྒྱལ་པོར་བཞུགས་པའི་བཞུགས་ཁྲིའི་ཤུལ་བཅས་རྙེད་ནས་ངོས་འཛིན་བྱས་པའི་ཁར་གླིང་གི་དར་འཕེན་གྱི་མཁར་གའུ་གསེར་རྫོང་རྨ་སྟོད་དུ་ཆགས་མྱོང་བ་ངོས་བཟུང་། དར་ལག་རྫོང་དུ་ཨ་སྟག་ལྷ་མོའི་མཁར་ཤུལ་དང་རྒྱ་ཚ་ཞལ་དཀར་གྱི་དུར་ཁྲོད་ངོས་འཛིན་དང་། དགའ་བདེ་རྫོང་དུ་ཁྲོ་ཐུང་དཔོན་གྱི་མཁར་ཤུལ་ངོས་འཛིན་བྱས་ཤིང་། རྨ་ཆེན་རྫོང་དུ་ཡང་ནས་ཡང་དུ་འཚོལ་ཞིབ་བྱས་རྗེས་གླིང་ཁྲ་རྒན་གྱི་མཁར་ཤུལ་གསལ་བོ་བྱས་པ་དང་། གླིང་རི་པདྨ་འབུམ་རྫོང་སོགས་རྗེས་ཤུལ20དང་གནས་སྐོར་བྱེད་ཡུལ39དངོས་སུ་ཐོ་འགོད་བྱས་པ་མ་ཟད། དེ་དག་ཇི་ལྟར་ཁྱབ་ཚུལ་གྱི་དཔེ་རིས་ཀྱང་བྲིས། མོའི་མགོ་ཁྲིད་འོག་ཏུ། ཁུལ་ཡོངས་ཀྱི་གེ་སར་རིག་གནས་ཐོན་ཁུངས་ལ་ཁྱོན་ཡོངས་ནས་ཡོངས་ཁྱབ་ཀྱིས་རྩད་ཞིབ་བྱས་པ་དང་། མོ་རང་དངོས་སུ་དཔའ་བོའི་ལོ་རྒྱུས་སྙན་ངག་རིང་མོ་འདི་འཚོལ་ཞིབ་དང་ལེགས་སྒྲིག སྔོག་འདོན་བཅས་བྱེད་པའི་བྱ་བའི་ཁྲོད་ཞུགས་ཏེ། མགོ་ལོག་ཁུལ་གྱི་གེ་སར་རིག་གནས་ཐོན་ཁུངས་ལ་རྒྱུས་ལོན་ཞིབ་མོ་བྱས། མོས་གེ་སར་རིག་གནས་དང་སྒྱུ་རྩལ་གོང་སྤེལ་གྱི་མདུན་ལམ་རྒྱ་ཆེན་པོ་ཞིག་ཡོད་པ་གསལ་བོར་རྟོགས་ནས། མྱུར་སྐྱོབ་དང་ལེགས་སྒྲིག སྔོག་འདོན་བཅས་བྱེད་དགོས་ནི་མི་ཚད། ད་རུང་རྒྱུན་འཛིན་དང་གོང་སྤེལ། དར་རྒྱས་བཅས་བྱེད་དགོས་སྙམ་སྟེ། མོས་སྔ་རྗེས་སུ་ཁུལ་དང་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་དང་རྒྱལ་ཁབ་ལ་རྨ་ཡུལ་གེ་སར་རིག་གནས་ཁྱམས་རིང་འཛུགས་སྐྲུན་བྱེད་པའི་གྲོས་མགོ་བཏོན་པ་རེད། མོའི་ཐུགས་ལ་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་རྫས་ཤུལ་བཞག་ནི་དུས་རབས་འཕེལ་རྒྱས་ཀྱི་གོམ་སྟབས་དང་འོས་ཤིང་འཚམ་པ་མ་ཟད། ས་ཁུལ་གྱི་རིག་གནས་འཕེལ་རྒྱས་དང་ཡུལ་སྐོར་དང་གནས་མཇལ་གྱི་ཐོན་ཁུངས་གསར་སྤེལ་བྱེད་པ་ལའང་ཟུང་འབྲེལ་བྱས་ཏེ། རིག་གནས་ཐོན་ལས་ཅན་དུ་བསྒྱུར་བའི་གོང་སྤེལ་བགྲོད་ལམ་གྱི་སྟེང་དུ་བགྲོད་ཐུབ་ཚེ། ད་གཟོད་དབུལ་ཐར་ཕྱུག་བསྒྱུར་ཁྲོད་ནུས་པ་གལ་ཆེན་མངོན་ཐུབ་པ་རེད་ཅེས་འདོད་པ་ལགས།

     ལོ་ངོ་མང་པོའི་རིང་ལ། ཁོ་མོས་དཔའ་བོའི་ལོ་རྒྱུས་སྙན་རྩོམ་འདི་ཐོག་མའི་དཔྱད་གཞི་བྱས་ཏེ། 《ཁུལ་ཡོངས་ཀྱི་གེ་སར་གྱི་ཤུལ་བཞག་རིག་རྫས་དང་ཡུལ་སྐོར་གནས་མཇལ་གྱི་ཡུལ་ལྗོངས་ལ་བརྟག་དཔྱད་ཞིབ་འཇུག་བྱ་པའི་སྙན་སེང་ཡི་གེ》དང་《མགོ་ལོག་རྨ་ཡུལ་གེ་སར་རིག་གནས་ཁྱམས་རིང་ངོ་སྤྲོད་བྱེད་པ》ལ་སོགས་པའི་ཆེད་རྩོམ་ཕྱག་བྲིས་མཛད་པ་དང་། དེའི་ནང་ལས་《རྨ་ཆུའི་ཆུ་མགོའི་ཁྱད་དུ་འཕགས་པའི་གེ་སར་རིག་གནས་ཁྱམས་རིང་འཛུགས་སྐྲུན་བྱེད་རྒྱུའི་སྐོར་གྱི་བསམ་གཞིགས》ཞེས་པའི་རྩོམ་ཡིག་དེ2000ལོར་རྒྱལ་ཁབ་ཀྱིས་པེ་ཅིན་དུ་བསྡུས་པའི《གེ་སར་སྒྲུང་》སྟོང་ལོའི་རྗེས་དྲན་བྱ་འགུལ་གྱི་ཚོགས་ཆེན་སྟེང་གི་དཔྱད་གཞི་བརྗེ་རེས་བྱེད་པའི་རྒྱུ་ཆར་བརྩིས་ནས་ཚོགས་ཞུགས་མི་སྣ་ཡོངས་ལ་པར་འགྲེམས་བྱས་ནས་གཅིག་གྱུར་གྱི་གདེང་འཇོག་ཡག་པོ་ཐོབ་པ་རེད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཀྱང་《རྨ་ཡུལ་གེ་སར་རིག་གནས་ཁྱམས་རིང་འཛུགས་སྐྲུན་བྱེད་རྒྱུའི་བསམ་འཆར》ལ་མཐོང་ཆེན་ཚད་མཐོན་པོ་བྱས་པ་མ་ཟད།

     2002ལོའི་ཟླ3པའི་ཚེས18ཉིན་རྒྱལ་ཁབ་ཀྱི《གེ་སར་སྒྲུང་》བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་ལ་ཡར་ཞུ་བྱས་མཐར་ཆོག་མཆན་གནང་བ་རེད། དེའི་འཕྲོར་མགོ་ལོག་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། གེ་སར་རིག་གནས་ཁྱམས་རིང་ལ་ལྟ་སྐོར་དང་གནས་མཇལ་བྱེད་པའི་འཕེལ་རྒྱས་ཀྱི་འཆར་འགོད་གཏན་ཕབ་བྱས།

     མགོ་ལོག་གིས་འདིའི་ཕྱོགས་ནས་བྱ་བ་གང་མང་ཞིག་བསྒྲུབས་མོད། འོན་ཀྱང་མོའི་རེ་འདུན་ལྟར་ད་ལྟའི་བར་དུ་ཚང་མ་མངོན་འགྱུར་བྱུང་མེད། དེའི་ཐད་དགེ་རྒན་འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་བྲིས་པའི་རྩོམ་ཡིག་གི་ནང་དུ"གེ་སར་རིག་གནས་ཁྱམས་རིང་འཛུགས་སྐྲུན་བྱེད་པའི་ཕྱོགས་སུ། བློ་མཐུན་གཅེས་མ་འཚོ་བཞུགས་སྐབས་སུ་འབད་བརྩོན་གང་མང་བྱས་མྱོང་། ཡིན་ན་ཡང་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་གེ་སར་རིག་གནས་ཁྱམས་རིང་འཛུགས་སྐྲུན་བྱེད་པའི་ཕྱོགས་སུ་གོམ་པ་སྤོ་དཀའ་བར་གྱུར་ནས་གྲུབ་འབྲས་མངོན་གསལ་ཐོབ་མ་ཐུབ་པ་ནི། ད་ལྟ་བློ་མཐུན་གཅེས་མའི་རེ་འདུན་ཙམ་དུ་གྱུར་སོང་བས་ཡིད་སྐྱོ"ཞེས་བྲིས་ཡོད་པ་བཞིན་ནོ།།
     ལོ་ངོ་མང་པོའི་རིང་ལ་ཕྱོགས་ཡོངས་ནས། འབད་བརྩོན་བྱས་པ་བརྒྱུད། ད་ལྟ་ཁུལ་ཡོངས་ཀྱི་རྫོང་དྲུག་གི་མངའ་ཁོངས་སུ་གེ་སར་རིག་གནས་ཁྱམས་རིང་གི་གཞི་སྒྲོམ་ཕལ་ཆེར་གྲུབ་ཡོད་པ་དང་། དེའི་ནང་ཞུགས་པ་དང་དེར་ཞིབ་འཇུག་བྱེད་པའི་དཔུང་སྡེ་མེད་པ་ནས་ཡོད་པར་གྱུར་པ་དང་ཆུང་བ་ནས་ཆེ་བར་གྱུར་འདུག མིག་སྔར། ཁུལ་ཡོངས་སུ་གེ་སར་རིག་གནས་བྱ་འགུལ་སྤེལ་ཡུལ་གང་ས་གང་ནས་ཀྱང་མཐོང་ཐུབ། དར་ལག་རྫོང་ཕོ་བྲང་སེང་འབྲུག་སྟག་རྩེ་དང་གེ་སར་གླིང་ག འབྲུག་མོའི་རིག་གནས་བཀོད་ཐང་། ནེའུ་ཆུང་མཚེའུ་བཅས་ཡོད་པ་དང་། དགའ་བདེ་རྫོང་དུ་རྨ་ཡུལ་གེ་སར་རིག་གནས་ལྟེ་བ་དང་དུར་བུད་སྡེ་བ་དང་དུར་བུད་ལོ་རྒྱུས་སྙན་ངག་གྲོང་སྡེ་ཡོད། རྨ་སྟོད་རྫོང་དུ་གླིང་སྒྲུང་བརྗོད་བྱ་གཙོ་བོར་བཞག་པའི་སྤྱི་གླིང་དང་མཁར་སྐོར་དགོན་པའི་གླིང་འདན་མའི་རྗེས་ཤུལ་གྱི་གསེར་མཁར་དང་གླིང་དར་འཕེན་གྱི་མཁར་གའུ་གསེར་རྫོང་བཅས་ཡོད། པདྨ་རྫོང་དུ་སྨར་མདོའི་གེ་སར་ཨོ་རྒྱན་པདྨའི་ལྷ་ཁང་དང་སྐུ་ཞབས་ལྷ་མཚམས་ཀྱིས་བཞེངས་པའི་གེ་སར་རྒྱལ་པོའི་རིག་གནས་དངོས་མང་བཤམས་སྟོན་ཁང་ཡོད། སྲོལ་རྒྱུན་ངག་སྒྲུང་ཞིབ་འཇུག་རྟེན་གཞི། ངྷི་མདའ་དགོན་པའི་གེ་སར་རིག་གནས་སྒྱུ་རྩལ་ཁང་བཅས་ཡོད། རྟ་བོ་གྲོང་བརྡལ་དུ་ཁུལ་གེ་སར་རིག་གནས་དངོས་མང་བཤམས་སྟོན་ཁང་དང་། རྨ་ཆེན་རྫོང་རྟ་བོ་ཞོལ་མའི་ཨ་མྱེས་རྨ་ཆེན་རིག་གནས་ལྟེ་བ་ཡོད། ཐུབ་བསྟན་དར་རྒྱས་ཀྱི་གེ་སར་རིག་གནས་དངོས་མང་བཤམས་སྟོན་ཁང་སོགས་བཞེངས་སའི་ས་ཆ་ལའང་ཆོག་མཆན་བཀོད་ཡོད་པ་དང་མོས་འདི་དག་གི་དོན་ལ་སེམས་ཤུགས་ཧ་ཅང་མང་པོ་ཕུད་ཡོད།
     གཞན་ཡང་གེ་སར་རིག་གནས་སྒྱུ་རྩལ་དུས་ཆེན་གསར་གཏོད་བྱས་ཤིང་། ཁོ་མོས་གྲོས་མགོ་བཏོན་པ་ལྟར་མགོ་ལོག་ཁུལ་གྱི་སྐབས་ཐོག་མའི་གེ་སར་རིག་གནས་སྒྱུ་རྩལ་དུས་ཆེན་འཚོགས་ནས་ལེགས་འགྲུབ་བྱུང་བ་དང་། གེ་སར་འདུ་ཚོགས་ཀྱི་དར་ཆ་གསར་སྐྲུན་དང་《གེ་སར་འཚར་ལོངས་བྱུང་བའི་ས་ཆ》ཞེས་པའི་འདུ་ཚོགས་ཀྱི་གླུ་དབྱངས་གསར་སྐྲུན་མཛད་དེ་ཐོག་མ་བླངས། དེ་ནས་བཟུང་ཐེངས་གཉིས་པ་དང་གསུམ་པ་བཅས་ད་ལྟའི་བར་སྐབས་དྲུག་བདེ་བླག་ངང་འཚོགས་པ་རེད།
བཞི། གེ་སར་ཟངས་སྐུ་ཆེན་མོ་གསར་བཞེངས་བྱས་པ།

     སྤྱི་ལོ་2005ལོའི་ཟླ9བའི་ནང་དུ་གེ་སར་ཟངས་སྐུ་གསར་བཞེངས་བྱེད་ཆེད། མོ་རང་སྔ་གཞུག་ཏུ་ཐེངས་གསུམ་ལ་པེ་ཅིན་དང་ཁྲིན་ཏུའུ་རུ་ཕེབས་ནས་ཀྲུང་གོའི་མཛེས་རྩལ་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པའམ་པཎ་ཆེན་རིན་པོ་ཆེའི་རི་མོ་མཁན། རྒྱལ་ཁབ་རིམ་པའི་མཛེས་རྩལ་གྱི་མཁས་དབང་ཉི་མ་ཚེ་རིང་བཙལ་པ་དང་ཁོར་གྲོས་མོལ་བྱས་མཐར། ཁོང་ཉིད་ཀྱིས་དང་བླངས་གནང་ནས་གེ་སར་ཟངས་སྐུ་ཇུས་འགོད་དང་གསར་བཞེངས་བྱེད་པར་གདན་འདྲེན་ཞུས། དེ་ནས་དཀའ་བ་དང་དུ་བླངས་ངལ་བ་ཁྱད་དུ་བསད་དེ་རྒྱལ་ཡོངས་སུ་ཐེངས་དང་པོར་བཞེངས་པའི་གེ་སར་ཟངས་སྐུ་ཆེན་མོ་དེ་མགོ་ལོག་ཁུལ་ཐོག་གི་གེ་སར་རིག་གནས་བཀོད་ཐང་དུ་བརྗིད་ཉམས་སྟོང་གིས་བརྒྱན་ནས་ལྷང་ངེར་འགྱིང་འདུག   དགེ་རྒན་ཉི་མ་ཚེ་རིང་གིས་དེ་དུས་ཟངས་སྐུ་འདི་བཟོས་ནས་ངས་དཀའ་སྡུག་མང་པོ་རེག་སོང་བ་བདེན་མོད། འོན་ཀྱང་བོད་ཀྱི་ས་ཁུལ་དུ་དཔའ་བོ་གེ་སར་གྱི་ཟངས་སྐུ་བཞུགས་ཐུབ་པར་གྱུར་བས་ང་རང་དགའ་སྤྲོ་སྐྱེས་ཡོད་ཅེས་གསུངས། གེ་སར་ཟངས་སྐུ་གསར་བཞེངས་དུས་སུ་ཁྲ་གླིང་དགོན་པའི་སྤྲུལ་སྐུ་བསྟན་པའི་ཉི་མ་སོགས་བླ་ཆེན་དང་སེར་མོ་འགའ་གདན་འདྲེན་ཞུས་ནས་གཟུངས་འཇུག་ཕུལ་བ་དང་གཟུངས་འཇུག་གི་གོ་རིམ་ཡོངས་རྫོགས་གྲུབ་རྗེས་དེར་བླ་ཆེན་དང་བཅས་པས་རབ་གནས་ཕུན་སུམ་ཚོགས་པ་གནང་པ་མ་ཟད། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་སྐུ་ཞབས་ང་ཕོད་ངག་དབང་འཇིགས་མེད་མཆོག་ལ"གེ་སར་རིག་གནས་བཀོད་ཐང"ཞེས་པ་ཕྱག་བྲིས་གནང་དུ་བཅུག

ལྔ། གེ་སར་རྟ་འཆམ་ཐོག་མར་གསར་གཏོད་བྱས་པ།

        1990ལོར་གེ་སར་རྟ་འཆམ་ཚོགས་པ་གསར་འཛུགས་བྱས་པ་མ་ཟད། དེའི་དཔུང་སྡེ་རྒྱ་ཇེ་ཆེ་རུ་བཏང་། མོ་རང་ཐེངས་མང་པོར་གཅིག་སྒྲིལ་རྫོང་ཨ་བཟོད་དགོན་པའི་ནང་དུ་སོང་ནས་སྐུ་ཞབས་ཚེ་རིང་དཔལ་ལྡན་བཙལ་ཏེ། ཁོང་ལ་གེ་སར་རྟ་འཆམ་ཚོགས་པ་གསར་འཛུགས་དང་འཁྲབ་སྟོན་བྱེད་པའི་ཐད་ནས་གྲོས་མོལ་བྱས་པ་རེད། དེར་དཀའ་ངལ་སྣ་ཚོགས་ཁྱད་གསོད་བྱས་ཏེ་ཅུང་མ་འགོར་བར་དགའ་བདེ་རྫོང་གི་ལུང་སྔོན་དགོན་པ་དང་གཅིག་སྒྲིལ་རྫོང་གི་ཨ་བཟོད་དགོན་པ། དགའ་བདེ་རྫོང་གི་ལུང་སྐྱ་དགོན་པ་ལ་སོགས་པའི་དགོན་པ་དྲུག་གི་གེ་སར་རྟ་འཆམ་ཚོགས་པ་སྔ་རྗེས་སུ་གསར་འཛུགས་བྱས། 1994ལོར་མགོ་ལོག་ཁུལ་དུ་སྲིད་དབང་བཙུགས་ནས་ལོ་འཁོར40ལོན་པར་དགའ་སྟོན་ཆེན་པོ་བྱེད་སྐབས་སུ། ཨ་བཟོད་དགོན་པ་དང་ལུང་སྐྱ་དགོན་པའི་གེ་སར་རྟ་འཆམ་ཚོགས་པས་དགའ་སྟོན་རྟེན་འབྲེལ་ཞུ་བའི་འཁྲབ་སྟོན་བྱས་པར་ལེགས་འགྲུབ་བྱུང་བ་མ་ཟད། གྲགས་འགུལ་ཡང་ཧ་ཅང་ཆེན་པོ་བྱུང་།    
     2006ལོར་མགོ་ལོག་ཁུལ་གྱི་གེ་སར་རྟ་འཆམ་ཚོགས་པ་མཚོ་སྔོན་ཞིང་ཆེན་གྱི་དངོས་པོ་མ་ཡིན་པའི་རིག་རྫས་ཤུལ་བཞག་གི་གྲས་སུ་བཞག་པ་དང་། 2017ལོར་རྒྱལ་ཁབ་ཀྱིས་མཚོ་སྔོན་གེ་སར་རྟ་འཆམ་རྒྱལ་ཁབ་རིམ་པའི་དངོས་པོ་མ་ཡིན་པའི་རིག་རྫས་ཤུལ་བཞག་གི་མིང་ཐོའི་གྲས་སུ་བཀོད་པ་རེད།
དྲུག  མགོ་ལོག་ཁུལ་གྱི《གེ་སར་སྒྲུང་》བྱ་བ་སྒྲུབ་མཁན་དང་མཁས་དབང་། དམངས་ཁྲོད་ཀྱི་སྒྱུ་རྩལ་པ་བཅས་ལ་གཟི་བརྗིད་ལྡན་པའི་གཟེངས་བསྟོད་དང་བྱ་དགའ་ཐོབ་པ།

     མགོ་ལོག་ནི"ཀྲུང་གོའི་གེ་སར་རིག་གནས་ཀྱི་ཕ་ཡུལ"དང"དཔའ་བོ་གེ་སར་གྱི་ཕ་ས།" "བོད་ཀྱི་ལོ་རྒྱུས་སྙན་ངག་རིང་མོ《གེ་སར་སྒྲུང་》གི་འབྱུང་གནས"ཡིན་པའི་མཚན་སྙན་ཐོབ། སྲིད་དབང་བཙུགས་ཚུན་དུ། ལྷག་པར་དུ་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་སུ། རྒྱལ་ཡོངས་དང་མཚོ་སྔོན་ཞིང་ཆེན་གྱི《གེ་སར་སྒྲུང་》བྱ་བའི་མགོ་ཁྲིད་ཚན་ཆུང་གི་བྱམས་བརྩེའི་ཐུགས་ཁུར་དང་། རིམ་པ་སོ་སོའི་ཏང་སྲིད་སྡེ་ཁག་གི་མགོ་ཁྲིད་དང་རིག་གཞུང་ལས་རིགས་ཀྱིས་རྒྱབ་སྐྱོར་ཆེན་པོ་བྱས་འོག མགོ་ལོག་ས་ཁུལ་གྱི་གེ་སར་རིག་གནས་ལས་དོན་ལ་གོང་སྤེལ་ཆེན་པོ་བྱུང་སྟེ་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད། ད་ལྟ་མགོ་ལོག་ནི་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི《གེ་སར་སྒྲུང་》ཞིབ་འཇུག་བྱ་བའི་གནད་ཆེ་སའི་ས་ཁུལ་གྱི་གྲས་སུ་གྱུར་ཡོད་པ་དང་། ཡོན་ཏན་ཅན་དང་དམངས་ཁྲོད་ཀྱི་སྒྱུ་རྩལ་པ་གང་མང་ཞིག་ལ་གོང་རིམ་གྱི་གཟེངས་བསྟོད་དང་བྱ་དགའ་ཐེངས་མང་པོ་ཐོབ་ཡོད། ལོ་ངོ་མང་པོའི་རིང་ལ་མོས་དཔའ་བོའི་ལོ་རྒྱུས་སྙན་རྩོམ་རིང་མོ་གླིང་སྒྲུང་སྲུང་སྐྱོབ་དང་དེ་སྔོག་འདོན་དང་འཚོལ་ཞིབ། ལེགས་སྒྲིག་བཅས་བྱེད་པའི་ཕྱོགས་སུ་སེམས་ཤུགས་ཡོད་ཚད་བཏོན་པ་མ་ཟད། རང་འགན་གཙང་སྒྲུབ་སྒོས་རྒྱུན་འཛིན་དང་དར་སྤེལ་ཀྱང་བྱས་ནས་དེའི་ཕྱོགས་ཀྱི་གྲུབ་འབྲས་འབུར་དུ་ཐོན་ཡོད་པས།

     1997ལོའི་ཟླ6པའི་ཚེས18ཉིན་མོ་རང་ལ་རྒྱལ་ཁབ་ཀྱི་རིག་གནས་པུའུ་དང་རྒྱལ་ཁབ་ཀྱི་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་བཅས་བཞི་ཡིས"བྱས་རྗེས་བླ་མེད་བཞག་པའི་སྔོན་ཐོན་མི་སྒེར"ཞེས་པའི་གཟི་བརྗིད་ཀྱི་མཚན་སྙན་གནང་།

      2009ལོའི་ཟླ8པའི་ནང་དུ་མོ་རང་ལ་མཚོ་སྔོན་ཞིང་ཆེན་གྱི《གེ་སར་སྒྲུང་》བྱ་བའི་མགོ་ཁྲིད་ཚན་ཆུང་དང་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས"མཚོ་སྔོན་ཞིང་ཆེན་གྱི་སྐབས་ཐོག་མའི《གེ་སར་སྒྲུང་》བྱ་བའི་སྔོན་ཐོན་མི་སྒེར"ཞེས་པའི་གཟི་བརྗིད་ཀྱི་མཚན་སྙན་གནང།

       1993ལོའི་ཟླ9བའི་ནང་དུ་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གནང་པའི"མི་རིགས་མཐུན་སྒྲིལ་ཁྲོད་ཁྱད་དུ་འཕགས་པའི་གྲུབ་འབྲས་བཞག་པའི་སྔོན་ཐོན་མི་སྒེར"ཞེས་པའི་གཟི་བརྗིད་ཀྱི་མཚན་སྙན་ཐོབ་པ་རེད།

     2001ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས2002ལོ་ནས2003ལོར་པེ་ཅིན་དུ་གེ་སར་སྟོང་ལོའི་དྲན་གསོའི་བྱ་འགུལ་གཟབ་རྒྱས་ངང་ཚོགས་རྒྱུ་ཐག་བཅད།

      2002ལོའི་ཟླ7པའི་ནང་དུ་མགོ་ལོག་ཁུལ་གྱི《གེ་སར་སྒྲུང་》བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་བློ་མཐུན་གཅེས་མ་དང་མཁས་དབང་བློ་མཐུན་ནོར་སྡེ་གཉིས་ཚོགས་འདུར་གདན་འདྲེན་ཞུས་པ་ལྟར་ཁོ་གཉིས་ཚོགས་འདུར་ཞུགས་པ་དང་། ཚོགས་ཐོག་ཏུ་གོང་བརྗོད་ཀྱི་མོའི་ཆེད་རྩོམ་དེ་འགྲེམ་སྤེལ་བྱས།

     ཁོ་མོ་སྐུ་གཤེགས་ནས་ཉིན་བཅུ་གཅིག་འགོར་བའི་ཉིན་མོ་སྟེ་ཟླ4ཚེས30ཉིན་མགོ་ལོག་ཁུལ་གྱི་གེ་སར་མཁས་དབང་བློ་མཐུན་ནོར་སྡེས་མོར་དྲན་གསོ་ཞུ་བའི་སྙན་རྩོམ་ཕྱག་ཏུ་བཟུང་ནས་ངེད་ཚང་དུ་ཡོང་སྟེ་ང་རང་ལ"མོས་གེ་སར་བྱ་བའི་ཕྱོགས་སུ་བྱས་རྗེས་བཞག་ཡོད། ངས་འབྲེལ་ཡོད་ཀྱི་མཁས་པའི་དབང་བོ་དང་ཡོན་ཏན་ཅན་ལ་གྲོས་མོལ་བྱས་ནས་མོ་རང་ལ་རྗེས་དྲན་ཞུ་བའི་རྩོམ་ཡིག་འབྲི་འདོད་ཡོད། དེའི་ཕྱོགས་ལ་ཁྱེད་འཐད་པ་ཨེ་ཡིན"ཞེས་དྲིས་བྱུང་། ངས་ཁོར"འདིའི་སྐབས་སུ་ཁྱེད་ཅག་གིས་ད་རུང་མོ་ཡིད་ལ་དྲན་ན། བཀའ་དྲིན་ཞུ་བའི་མཚུངས་སུ་ང་ཚོ་འཐད་པ་ཡིན"ཞེས་ལན་བཏབ་པ་ཡིན། དེའི་རྗེས་སུ་མཚོ་སྔོན་ཞིང་ཆེན་《གེ་སར་སྒྲུང་》སློབ་ཚོགས་ཀྱི་ཚོགས་གཙོ་བློ་མཐུན་གཅོད་པ་དོན་གྲུབ་ལ་སོགས་པས་ཀྱང་མུ་མཐུད་རང་རང་གིས་བྲིས་པའི་སྙན་རྩོམ་བསྐུར་ཡོང་བ་དང་། ང་ཚོས་ཐུགས་རྗེ་ཆེ་ཞུ་ཞེས་ལན་བཏབ་དུས། གཅོད་པ་དོན་གྲུབ་ཀྱིས"ཐུགས་རྗེ་ཆེ་ཞེས་མ་བཤད། འདི་ལྟས་བསྒྲུབ་ན་འོས། ད་རུང་མུ་མཐུད་དུ་མོའི་མཛད་རྗེས་དྲིལ་བསྒྲགས་བྱེད་དགོས། མོ་རང་ལ་དྲན་གསོ་ཞུ་བའི་ཆེད་བསྒྲིགས་དུས་དེབ་ཅིག་པར་སྐྲུན་བྱེད་ཐུབ་ན་ཧ་ཅང་བཟང"ཞེས་བཤད། འདི་ནི་ངོ་མ་བཤད་ན་ང་ཚོ་ཁྱིམ་མིའི་ཐུགས་ཁུར་ཆེས་ཆེན་པོ་ཞིག་ཡིན་ལ། མོའི་འཚོ་བཞུགས་སྐབས་ཀྱི་བྱ་བར་ཁས་ལེན་གང་ལེགས་བྱས་པའང་རེད། དེ་མིན་རྒྱལ་ཡོངས《གེ་སར་སྒྲུང་》བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་ཀྲུའུ་རིན་ཟུར་པའམ་མཁྱེན་ལྡན་མ་དབྱང་ཨིན་ཧོང་གིས་རྩོམ་ཡིག་ནང་དུ་བཤད་དོན། "མོའི་འཛད་མེད་ཀྱི་བྱས་རྗེས་དང་མོའི་ཞལ་གྱི་འཛུམ་མདངས། མོའི་མི་གཤིས་ཡག་པོ་བཅས་ཡུན་ནས་ཡུན་དུ་ང་ཚོའི་སེམས་ནང་དུ་གསལ་ལམ་མེར་ཤར་འདུག"ཅེས་གསུངས་སོ།།
འདིར་སྨྲས་པ།
མགོ་ཁྲིད་ལེགས་པོ་ལགས་ཅིང་མཛངས་མ་ཡིན།།
མགོ་ལོག་གེ་སར་རིག་གནས་བསྐྱར་དར་དུས།།
ཕྱི་ནང་གསང་བའི་བགེགས་དང་བར་ཆེད་མང་།།
རེ་རེ་ཐབས་ཤེས་ཟུང་གིས་རྣམ་པར་སེལ།།
རྨ་ཆེན་གངས་རི་རང་གི་དད་པའི་གནས།།
མི་རིགས་རིག་གནས་རང་གི་སྙིང་དང་མཚུངས།།
དཀའ་བ་བརྒྱ་ཕྲག་རང་གི་ཞབས་སུ་མནན།།
མི་ཚེ་གང་བོ་རང་གི་ཕ་སར་ཕུལ།།
གཤེས་རྒྱུད་གཞུངས་དྲང་ཉག་ཕྲན་མདའ་དང་འདྲ།།
བློ་སེམས་དཀར་བ་གངས་རིའི་མདངས་ལས་གསལ།།
འབངས་ལ་བྱམས་པ་བརྩེ་ལྡན་མ་དང་མཚུངས།།
ཁྱེད་ཀྱི་མཛད་པ་བསིལ་ལྡན་ལྗོངས་སུ་བཞག།
ཁྱེད་ཀྱིས་གླིང་སྒྲུང་མྱུར་སྐྱོབ་བཞུད་ལམ་དུ།།
བགྲོད་པའི་མི་ཕྱེད་གོམ་སྒྲ་ཐོས་བའི་མོད།།
མཉམ་མེད་མཛད་པ་དབང་མེད་ངག་ལས་ཤོར།།
སྡུག་པའི་མཆི་མ་མིག་ཀོང་མཐའ་རུ་བཀང་།།
        ཞེས་གཅོད་པ་དོན་གྲུབ་ཀྱིས་2019ལོའི་ཟླ4ཚེས་4ཉིན་ལ་གནའ་མཁར་ཟི་ལིང་རང་ཤག་ཏུ་ལེགས་བསྒྲིགས་བགྱིས་ནས་མཇུག་གྲུབ་པ་དགེ་བར་ཤོག

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 74wb བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23493381
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།