རེ་བའི་དཔུང་རྒྱན་ཚང་གི་སྙན་ངག་གྱེར་འདོན་འགྲན་བསྡུར་གྱི་གནས་ཚུལ་རགས་བསྡུས།
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉི་ཤུ་བའི་མཐར་ཕྱིན་འཛིན་གྲྭ་གཉིས་པའི་སློབ་བུ་འབུམ་སྐྱབས་ཀྱིས་བསམ་པ་ཡར་སེམས་དང་སྐུད་པ་ཡར་འཁེལ་གྱིས་ཉིས་སྟོང་བཅུ་དགུ་ལོར་ཕ་ཡུལ་དུ་རེ་བའི་དཔུང་རྒྱན་ཞེས་པའི་སྤྱི་ཕན་ཚོགས་པ་ཞིག་བསྒྲུབས་ཏེ་ལོ་རེ་བཞིན་དགེ་ལས་ཀྱི་བྱེད་སྒོ་སྣ་མང་སྤེལ་བཞིན་ཡོད།
༢༠༡༩ལོའི་སྤྱི་ཟླ༢པའི་ཚེས་༢༢ཉིན་ཕ་ཡུལ་གྱི་སློབ་གཉེར་བ་དག་ལ་ཆེད་དུ་དམིགས་ནས།
སྙན་ངག་གྱེར་འདོན་བྱེད་སའི་སྟེགས་བུ་ཞིག་བསྐྲུན་པར་མ་ཟད། རྫ་སྟོད་སློབ་གླིང་གི་དགེ་རྒན་ཆེན་མོ་བློ་བཟང་ཚུལ་ཁྲིམས་མཆོག་དང་། གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་གི་གདན་ཞུའི་དགེ་རྒན་འཕྲིན་ལས་རྣམ་རྒྱལ་མཆོག
ཁམས་ཉ་འཚོ་སྟོད་མའི་ལོ་རྒྱུས་སྨྲ་བ་ཆེན་མོ་རྒན་བསྟན་འཛིན་ཆོས་དར་སོགས་གདན་ཞུ་བྱས་ཏེ་སྙན་ངག་གྱེར་འདོན་ལ་དཔྱད་འདེམས་གནང་ཞིང་།
ཞོར་དུ་སྙན་ངག་གྱེར་འདོན་བྱེད་སྟངས་སྐོར་ལ་ཐུན་མིན་གྱི་ལམ་སྟོན་མང་དུ་གནང་། སྒོས་སུ་ཡུལ་མི་རྣམས་ལ་ཕན་རེ་ཨེ་ཐོགས་སྙམ་པའི་ཀུན་སློང་གིས་སྐུལ་ཏེ་ཉ་འཚོའི་ཟིལ་དཀར་དགོན་པའི་མཁན་རིན་པོ་ཆེ་དམ་ཆོས་བསོད་ནམས་མཆོག་དང་། རང་ས་གནས་ཀྱི་ཁེ་ལས་པ་གྲགས་ཅན་སྐུ་ཞབས་བློ་བཟང་བརྩོན་འགྲུས་མཆོག རེ་བའི་ཚོང་ཁྲོམ་ཚད་ཡོད་མཐུན་གཉེར་ཁང་གི་སྤྱིའི་འགན་འཛིན་པ་འཇམ་དབྱངས་དཔལ་བཟང་ལགས་བཅས་ཀྱིས་སློབ་གསོའི་སྐོར་དང་། རང་རེའི་འཚོ་བ་དང་ཁ་ཐག་ཉེ་བའི་དཔལ་འབྱོར་སྒྲུབ་སྟངས་སོགས་ཀྱི་ཐད་བུམ་པ་གང་བྱོའི་ཚུལ་གྱིས་ལེགས་བཤད་ཀྱི་གདམས་པ་མང་དུ་བསྩལ། མཇུག་མཐར་གཟེངས་སུ་ཐོན་པའི་འགྲན་ཞུགས་པ་དག་ལ་བྱ་དགའ་ཕུལ་བ་དང་། གདན་ཞུའི་དགེ་རྒན་རྣམས་དང་དྲན་རྟེན་གྱི་པར་རིས་བསྒྲོན་ཏེ་རྒྱལ་ཁ་དང་གཟི་བརྗིད་ངང་ནས་མཇུག་བསྡུས་སོ།
།
༢༠༡༩.༢.༢༣ཉིན་རེ་བའི་དཔུང་རྒྱན་ཚང་གིས་ཕུལ།
གསར་འགོད་པ་སངས་རྒྱས་རྒྱལ།
|