མདོ་ཁམས་ལི་ཐང་གི་དམངས་སྲོལ་སྒྱུ་རྩལ།
སྤྱི་ལོ༢༠༡༩ལོའི་ཟླ༢པའི་ཚེས༡༠ནས་བཟུང་མདོ་ཁམས་ལི་ཐང་ནས་ལོ་སར་དང་འབྲེལ་ཏེ་ཁམས་ལི་ཐང་གི་དམངས་ཁྲོད་སྲོལ་རྒྱུན་རིག་གནས་ཏེ་གནའ་བྲོ་དར་སྤེལ་གྱི་དགོང་ཚོགས་མང་བོ་འཚོགས་བཞིན་འདུག
གནའ་བོའི་བྲོ་གར་དེ་དག་ནི་གཙོ་བོ་ཆོས་བྲོ་དང་སྲིད་པའི་གཞུང་བྲོ། ཨ་སྔོན་དང་གངས་བསྟོད། རྐྱང་བྲོ་ཞེས་བྲོ་གཞས་ཀྱི་ཚིག་རིགས་མི་འདྲ་བ་འགའ་བརྗོད་གཞིར་བྱས་ཏེ་བྲོ་བ་སྐོར་གཉིས་སུ་བྱས་ཏེ་ཕན་ཚུན་ཤགས་འགྱེད་རྩོད་པ་བྱེད་པའི་དམངས་ཁྲོད་ཀྱི་རིག་གནས་སྒྱུ་རྩལ་ཞིག་རེད། དེ་ཡང་ཆོས་བྲོ་ཞེས་པ་ནི་གཞུང་བཀའ་པོད་ལྔ་སོགས་ཀྱི་ནང་ནས་ཕན་ཚུན་ལ་དྲི་བ་དྲིས་ལན་གྱི་ཚུལ་དུ་འགྲིག་མིན་ལ་དཔྱད་པའམ་ཆོས་དང་འབྲེལ་བའི་སྐོར་བརྗོད་གཞིར་བྱས་ཏེ་སྡེབ་ལེགས་ཀྱི་སྙན་ཚིག་ངག་གི་དབྱངས་རྟ་ལ་དྲངས་ནས་འཆམ་བཞིན་པའི་བྲོ་གཞས་ཤིག་ཡིན། དཔེར་ན།
མ་བརྩིགས་བརྩིགས་པ་ཡག་མོ་ལྷ་ས་ཡུལ་གྱི་བརྩིགས་པ།།
བརྩིགས་ལ་འགྱུར་བ་མེད་ནོ་བཀའ་འགྱུར་ཆོས་ཀྱི་བརྩིགས་པ།།
དེ་ལ་སྨོན་ལམ་འདེབས་མཁན་ཆོས་གྲོགས་ཁྱེད་དང་ངེད་གཉིས།།
དབུ་ཐོག་ཞྭ་གསར་ལོ་ཡག་སྨོན་ལམ་དེ་ལ་འདེབས་འགྲོ།། ཞེས་པ་དང་ཡང་།
མགོ་ཞྭ་གསེར་རྒྱལ་ཁ་སུ་ཨེ་དབང་།།
དགའ་དེ་རིང་ཆོས་རྭ་འགྲིམས་ནས་བལྟ།། ཡང་ན།
ས་བཅུ་ལམ་ལྔའི་གྲངས་འདྲེན།།
གང་འདྲ་འདྲ་ཞིག་འདྲེན་དགོས།།
ཞྭ་གསེར་རྒྱལ་ཁ་འདོད་ན།།
དྲིས་ལན་མྱུར་དུ་འཁྱེར་ཤོག།
ཅེས་པ་ལྟ་བུ་དང་། ཡང་སྲིད་པའི་གཞུང་བྲོ་ཞེས་པ་ནི་སྲིད་པ་ཆགས་པའི་ཆགས་རིམ་སོགས་བྲོ་གཞས་ཀྱི་ཚིག་ལ་སྦྱར་ཏེ་འཆམ་པ་ཞིག་ཡིན་ཞིང་།
དཔེར་ན།
ས་སྲིད་པ་ཆགས་པའི་ཡར་ནང་ན།།
དགོན་ཁྲ་ཁྲ་གསེར་ཏོག་ཅན་ཞིག་ཆགས།།
དེའི་ནང་གི་ཆོས་ཀྱི་བརྩིགས་པ་ཡག།
འདི་སྲིད་པ་ཆགས་ནས་བྱུང་ནི་རེད།། ལྟ་བུའོ།།
ཨ་སྔོན་དགུང་ལ་བསྟོད་པ་དང་གངས་བསྟོད་ཅེས་པ་ནི་གངས་རི་སོགས་མདོར་ན་རང་བྱུང་རི་ཆུའི་མཛེས་སྡུག་མཐའ་དག་བརྗོད་གཞིར་བྱས་པ་ཞིག་དང་རྐྱང་བྲོ་ཞེས་པ་ནི་རྟ་དང་རྐྱང་སོགས་བརྗོད་གཞིར་བྱས་ཏེ་འཆམ་བཞིན་པའི་རིག་རྩལ་བློ་སྐྱེད་ཅན་ཞིག་རེད། དེ་བཞིན་དུ་བྲོ་གཞས་འཆམ་མཁན་ནམ་སྐྱེས་ཕོ་མོ་ཀུན་གྱིས་ལི་ཐང་རང་གི་ས་གནས་སྲོལ་རྒྱུན་གྱི་རྒྱན་ཆས་ལེགས་པར་བཀླུབས་ཏེ་བསྐོར་བ་བྱས་ཤིང་ཉིན་ལྔ་དྲུག་གི་རིང་ལ་འཆམ་པ་རེད། དེ་ཡང་ཨ་མདོའི་གླུ་ཤགས་དང་ལི་ཐང་གནའ་བྲོ་འདི་གཉིས་སྤྱིའི་ཆ་ནས་ཅུང་འདྲ་བར་སེམས།
ཨ་སྔོན་དང་གངས་བསྟོད། ད་དུང་རྐྱང་བྲོ་སོགས་ལ་དཔེ་རེ་བཀོད་ན།
ཨ་སྔོན་ལ་བསྟོད་པ།
དགུང་ཨ་སྔོན་མུ་མེད་སྔོ་བསང་མ།།
གསེར་ཉི་ཟླ་འུ་གཉིས་ཕ་ཡུལ་རེད།།
སྤྲིན་ནག་པོས་བར་ཆད་མ་བྱས་ན།།
འོད་ཁྲ་ཁྲའི་སྐར་སྤྲིན་ཡག་མོ་རྒྱས།།
གངས་བསྟོད།
སྐྱིད་གངས་རི་གངས་སེང་ཕ་ཡུལ་རེད།།
དེའི་མི་ཚད་གངས་རི་མཐོན་པོ་རེད།།
སེང་ང་གཉིས་གངས་རིའི་འདབས་ལ་འཛོམས།།
མགོ་གཡུ་རལ་ངོ་མཚར་ཅན་ཞིག་རྒྱས།།
རྐྱང་བྲོ།
ས་བཀྲ་ཤིས་ཐང་གི་ཐང་མགོ་ལ།།
རྐྱང་ཨ་མདོ་ཤོག་དང་རྩྭ་ཟ་འགྲོ།།
མ་གཅིག་གི་རྐྱང་ཕྲུག་མ་རེད་དང།།
རྩྭ་སྔོན་མོ་མཉམ་ཟ་བྱེད་དུ་འགྲོ།།ལྟ་བུའོ།།
གསར་འགོད་པ། ལི་ཐང་ཕུན་ཚོགས།
|