《ཤ་བོ་སྒང་བའི་གྲོས་འདེབས་བདག་མཆོག་མ་》བཀླགས་པའི་མྱོང་ཟིན།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 21 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» འབོལ་རྩོམ། »《ཤ་བོ་སྒང་བའི་གྲོས་འདེབས་བདག་མཆོག་མ་》བཀླགས་པའི་མྱོང་ཟིན།
《ཤ་བོ་སྒང་བའི་གྲོས་འདེབས་བདག་མཆོག་མ་》བཀླགས་པའི་མྱོང་ཟིན།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2019-02-04ལྟ་ཀློག (1110)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


《ཤ་བོ་སྒང་བའི་གྲོས་འདེབས་བདག་མཆོག་མ་》བཀླགས་པའི་མྱོང་ཟིན།


ལྡོང་སྣང་བུ།(ཤེས་རིག་གླིང་།)

༡.གླེང་གཞི།
དེ་རིང་བཀའ་གདམས་པའི་བཤེས་གཉེན་གླང་རི་ཐང་བ་ཡབ་སྲས། ཤ་ར་བ། དོལ་བ། རིམ་སྡིངས་པ། ལྕེ་སྒོམ་པ་སོགས་«ལེགས་པར་བཤད་པ་བཀའ་གདམས་གཅེས་བཏུས་»ཀྱི་ལེའུ་དྲུག་པར་ཡོད་པའི་གསུང་མང་བོ་ཞིག་ལ་མཇལ་བ་ཡིན། དེ་ལས་གླང་རི་ཐང་བའི་སློབ་མ་ཤ་བོ་སྒང་བའི་གྲོས་འདེབས་བདག་མཆོག་མ་འདི་ནི་རྗོད་བྱེད་ཀྱི་ཚིག་ཉུང་ལ་བརྗོད་བྱའི་དོན་འདུས་པ། ངོ་མ་“རྗོད་བྱེད་ཉུང་ལ་དོན་གྱིས་རབ་ཕྱུག་པ༎”ཟེར་བ་འདི་རེད་སྙམ་སོང་། རྩོམ་ལུས་ལྷུག་མར་བྲིས་པའི་ཞལ་གདམས་འདི་ནི་ཚིག་རྐང་༣༣གྱིས་གྲུབ་ཅིང་བཀའ་གདམས་གཅེས་བཏུས་ཀྱི་ཤོག་ངོས་༣༣༤ཐིག་ཕྲེང་༧ནས་ཤོག་ངོས་༣༣༥ཐིག་ཕྲེང་༡༧བར་དུ་བཞུགས།

༢.མཛད་པ་བོའི་རྣམ་ཐར་མདོར་བསྡུས།
ཤ་བོ་སྒང་བ་པདྨ་བྱང་ཆུབ་སྟེ་(ཤྭ་ཕོ་ཞེས་ཀྱང་གསོལ་)ཡོངས་གྲགས་སུ་ཤ་བོ་སྒང་བར་གྲགས་པའི་བཀའ་གདམས་པའི་དགེ་བའི་བཤེས་གཉེན་འདི་ནི་(1067—1131)མེ་མོ་ལུག་ལ་རྒྱལ་དུ་སྐུ་འཁྲུངས། གླང་རི་ཐང་བ་འཁྲུངས་ནས་ལོ་བཅུ་གསུམ་སོང་བ་དེ་ཡིན། ཤ་བོ་སྒང་བ་བཏབ་ནས་གྲྭ་བ་སྟོང་ཕྲག་ཏུ་ཚང་བ་བསྡུས་པ་ལ་བློ་སྦྱོང་དང་ཆོས་བཞིའི་གདམས་པས་སྨིན་པར་མཛད་དེ། དགོང་ལོ་རེ་ལྔ་བཞེས་པའི་ལྕགས་མོ་ཕག་གི་དབྱར་རའི་ཚེས་བཅུ་དགུ་ལ་ཤ་བོ་སྒང་དུ་གཤེགས། གྲོས་འདེབས་བདག་མཆོག་མ། བེའུ་བུམ་ཁྲ་བོའི་གཅེས་བཏུས་སོགས་མཛད། བླ་མ་གླང་རི་ཐང་བ། ཨནནྟ་སོགས་བསྟེན། རྒྱུན་དུ་བཤད་པའི་ཆོས་བཞི་ནི། ཆང་ཉོན་མོངས་པའི་རྩ་བ་ཡིན་པས་ཤི་ཡང་མ་འཐུང་། བུད་མེད་ཉོན་མོངས་པའི་རྩ་བ་ཡིན་པས་མིག་མ་བལྟ། འཛིན་ཆགས་ཉོན་མོངས་པའི་རྩ་བ་ཡིན་པས་གསོག་འཇོག་མ་བྱེད། འགྲོ་འདུག་ཉོན་མོངས་པའི་རྩ་བ་ཡིན་པས་རྒྱུ་འགྲུལ་མ་མང་། ཞེས་པ་བཞིའོ།། འབན་སྒོམ་འདི་ཡང་། ཚེ་འདི་བློས་བཏང་བའི་སྐྱེས་བུ་དམ་པ་ཞིག་སྟེ། ཉིན་རེ་བཞིན་དགེ་བའི་བློ་སྐྱེས་པ་ན་རྡེའུ་དཀར་བོ་རེ་དང་། མི་དགེ་བའི་བློ་སྐྱེས་པ་ན་རྡེའུ་ནག་པོ་རེ་འཇོག དགོངས་ཁར་དེ་གཉིས་སོ་སོར་བགྲངས་པའི་ཚེ་དཀར་བོ་མང་བ་ན། བདག་ཉིད་ལ་བསྔགས་པ་བརྗོད་ཅིང་། ནག་པོ་མང་བ་ན་བདག་ཉིད་ལ་རྔན་བགྲང་①བ་ཡིན་སྐད།

༣.ཚིག་དོན་དང་འབྲེལ་བའི་དྲན་འཆར།
དེ་ཡང་ཞལ་གདམས་འདིའི་ཆེས་ཐོག་མའི་ཚིག་སྟེ་“རང་རྒྱུད་དམའ་མོ་ལ་ཆོས་མཐོན་པོ་འདོད་པའི་གོ་ནོར་བོ་འདི།”ཞེས་པར་མཇལ་མ་ཐག་ངའི་ཡིད་ལ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་བོད་ལ་སྐྱབས་འགྲོ་ལས་འབྲས་ཁོ་ན་གསུངས་པ་ལ་བོད་རྣམས་ཀྱིས་དེ་ལས་མཐོ་བ་ཞིག་འདོད་ནས་བླ་མ་སྐྱབས་འགྲོ་བ་ཞེས་བཏགས་པའི་བཤད་ཚུལ་དེ་དྲན་བྱུང་། གཞན་ཡང་དགེ་བཤེས་༸འཇམ་དཔལ་བློ་ཤེས་ཚང་གི་དམིགས་བརྩེ་མ་ཁྲིད་པའི་སྒྲ་ཞིག་ཏུ། དད་ལྡན་མང་ཚོགས་དག་གིས་བླ་མ་ཞིག་ལ་ང་ཚོར་ཆོས་ཆུང་ཆུང་ཞིག་གི་ལུང་གནང་བར་ཞུ་སྟེ་དམིགས་བརྩེ་མའི་ལུང་ཞིག་ཞུས་པས། བླ་མ་ཐུགས་ཁྲོས་ཏེ་ང་ལ་མཚོན་ན་དམིགས་མ་ལས་ཆོས་ཆེ་བ་ཞིག་མེད། ཁྱེད་ཚོས་དེ་ཆུང་ཆུང་དུ་སྣང་འདུག་ཚུལ་གྱི་གཏམ་རྒྱུད་དྲན་འོང་།
“ཡོན་ཏན་གཞན་གྱིས་མཐོང་དུ་རེ། སྐྱོན་གཞན་གྱིས་མཐོང་གིས་དོགས་པའི་རེ་དོགས་ཅན་འདི། གཞན་ལ་གནོད་པ་བྱས་པ་དེ་རང་ལ་གནོད་པ་བྱས་པར་མ་གོ་བ་འདི། གཞན་ལ་ཕན་བཏགས་པ་དེ་རང་ལ་ཕན་བཏགས་པར་མ་གོ་བ་འདི།”ཞལ་གསུང་འདི་དག་ལ་མཇལ་དུས་རང་དབང་མེད་པར་ཡིད་སེམས་སྐྱོ་བས་ཁེངས་འོང་ལ་འདི་དག་ནི་འགྲོ་བ་རིགས་དྲུག་ལས་མི་ལ་དམིགས་སུ་ཆགས་ཡོད་པའི་གཤིས་ཀ་ཞིག་རེད། མཐར་གཏུགས་ན་མ་རིག་པའི་དབང་དུ་སོང་བ་ལས་གཞན་དུ་ཅི། ད་ལྟའི་སྤྱི་ཚོགས་གནས་བབས་ཀྱི་སྐྱོན་ཆ་མང་བོ་ཞིག་ལོ་ངོ་སྟོང་གི་སྔོན་ནས་ལུང་བསྟན་པ་འདིར་ཡང་ངོ་མཚར་སྐྱེ་འོང་།
“གནོད་པ་དང་སྡུག་བསྔལ་ཆོས་ཀྱི་མཐུན་རྐྱེན་དུ་མ་གོ་བ་འདི།”སྐབས་འདིིར་རྐྱེན་ངན་གྲོགས་སུ་སོང་བ། ཐབས་ཤེས་ཟུངས་འབྲེལ་བྱེད་པ་སོགས་ང་ཚོའི་ནང་བ་བར་ཐུན་མོང་མ་ཡིན་པའི་བསམ་བློ་ཞིག་ཡོད་ལ་དྲན།
“འདོད་པ་དང་བདེ་བ་ཆོས་ཀྱི་འགལ་རྐྱེན་དུ་མ་གོ་བ་འདི།”བྱ་བ་གང་ཞིག་ལའང་གནས་སྐབས་དང་མཐར་ཐུག་ཅིག་ཡོད་ལ། དོན་དུ་གཉེར་བ་ནི་མཐར་ཐུག་ཡིན་ཡང་གནས་སྐབས་ལ་ཆགས་ཏེ་མཐར་ཐུག་གི་དོན་བོར་བ་འདི་ལ་༸བསྟན་པའི་སྒྲོན་མེས། རྩ་བ་བོར་ནས་ཡལ་ག་མ་འཛིན་ཨང་༎ ཞེས་པའི་གསུང་དྲན་དུ་བཅུག
“ཆོས་གཞན་ལ་གལ་ཆེ་བ་སྐད་ཟེར་ཞིང་རང་ཆོས་བཞིན་མི་བྱེད་པ་འདི། གཞན་སྡིག་པ་བྱེད་པ་ལ་འཕྱ་ཞིང་རང་བྱེད་འཕྲོ་མི་གཅོད་པ་འདི། རང་སྐྱོན་ཆེན་པོ་མ་ཚོར་བར་མིའི་སྐྱོན་ཕྲ་མོ་ཙམ་ཡང་ཚོར་བ་འདི། ལན་མེད་ན་ཕན་འདོགས་འཕྲོ་གཅོད་པ་འདི། ཆོས་པ་གཞན་ལ་བསྙེན་བཀུར་བྱེད་པ་མཐོང་ན་ཁོས་མི་བཟོད་པ་འདི། མཐོན་པོ་ལ་བྱམས་ལ་དམའ་བོ་ལ་སྡང་བ་འདི།”འདི་དག་ནི་རང་རྒྱུད་མ་ཐུལ་བར་གཞན་རྒྱུད་འདུལ་བར་འདོད་པའི་དགེ་རྒན་དང་། བྱམས་སྙིང་རྗེ་ཁ་ནས་བརྗོད་ཤེས་པ་ལས་ལག་ལེན་མེད་པའི་མི། རང་སྐྱོན་རི་ལྟར་སྤུངས་ནས་གཞན་སྐྱོན་གླེང་རྒྱུར་དགའ་བ། ཕན་ཅུང་ཟད་བཏགས་ཀྱང་ལ་ལུང་ལ་སྒྲོག་རྒྱུར་དགའ་བའི་ཁྱབ་སྒྲོག་པ། གཞན་གྱི་ཕུན་ཚོགས་ལ་མི་བཟོད་པའི་ཕྲག་དོག་ཅན། གོང་ལ་འཛུམ་གྱི་ལྟ་ཞིང་དམངས་ལ་སྡང་མིག་བགྲད་མཁན་གྱི་ལས་བྱེད་པ་སོགས་ཀྱི་སེམས་སུ་མི་བདེ་བ་སྤྲོད་ཅིང་། ངོ་ཚའི་ཁ་མདོག་བསྒྱུར་བའི་ཚིག་ཏུ་མཐོང་ངོ་།།
“གཞན་གྱིས་སྐྱོན་བཅོས་ན་ཀོ་ལོང་②སྡོམ་པ་འདི། སྡིག་པ་གཞན་གྱིས་མ་ཚོར་བས་ཆོག དགེ་བ་གཞན་གྱིས་ཚོར་དགོས་པ་འདི། ཕྱིའི་སྤྱོད་ལམ་ལེགས་ན་ནང་གི་སེམས་རྒྱུད་མ་ལེགས་ཀྱང་ཆོག་པ་འདི།”འདི་ནས་ཀྱང་རང་སྐྱོན་ངོ་སྤྲད་ན་ཁོང་ཁྲོ་ལངས་མཁན། རང་གིས་བསགས་པའི་སྡིག་པ་གསང་ཞིང་དགེ་བ་ཆུང་ཆུང་བྱས་ཀྱང་གསར་འགྱུར་ལྟར་སྒྲོག་པའི་ཆོས་བརྒྱད་བྱེད་མཁན། ནང་བསམ་བློ་དོར་ཏེ་ཕྱིའི་སྤྱོད་ལམ་ཙམ་མཆོག་ཏུ་ལྟ་མཁན་དག་གིས་རང་སེམས་བྱ་ར་བྱེད་ཆེད་གདམས་པར་བདག་གིས་འདོད།
“བདེ་བ་ནང་ནས་མི་འཚོལ་བར་ཕྱི་ནས་འཚོལ་བ་འདི།”འདི་ཡང་ད་ལྟའི་སྤྱི་ཚོགས་ལ་གལ་ཆེ་བའི་ཞལ་གདམས་སུ་འདོད་དེ། སེམས་ལ་ཆོག་ཤེས་མེད་པར་ཕྱིའི་དངོས་པོའི་འཕེལ་རྒྱས་ཀྱིས་འདོད་སྲེད་མ་གང་བར་སྡུག་བསྔལ་མྱོང་བ་དག་གིས་ནི་གདམས་པའི་བདུད་རྩི་འདི་ལ་ཧུབ་གང་བྱས་ན་སྨན་དུ་འགྲོ་ཨང་།
“དགེ་བའི་གྲོགས་པོ་སྡང་བ་ཕན་འདོགས་པར་མ་གོ་བ་འདི།”དགེ་བའི་གྲོགས་པོ་དང་། ཕ་མ་དགེ་རྒན་དག་ནི་རང་ལ་ཕན་གདགས་པའི་ཆེད་དུ་སྐབས་རེར་སྡང་བའི་རྣམ་པ་བྱེད་དུས་ཀྱང་ཡོད་ལ། འདི་ཕན་པར་གོ་བའི་བློ་ལྡན་ནི་ཤིན་ཏུ་དཀོན་པས་ཞལ་གདམས་འདིར་གཟིགས་ན་ཕན་པར་ངེས།

༤.ཐ་སྙད་འགའི་མཆན་འགྲེལ།
①རྔན་བགྲང་།—བརྡ་རྙིང་ཚིག་མཛོད་དུ་མངན་བགྲང་བ་དང་འདྲའོ།། ཞེས་འགྲེལ་ལ་དོན་ནི་སྐྱོན་བརྗོད་པའོ།།
②ཀོ་ལོང་།—འཁྲུག་ལོང་གི་མིང་སྟེ། ཀོ་ལོང་དང་ཕྲག་དོག་མ་བྱེད་ལྟ་བུ།
③བླ་བོ།—བརྡ་རྙིང་ཚིག་མཛོད་དུ་སྨྲ་བ་དང་ཤ་ཚ་བའི་བསླབ་བྱ། ཞེས་བྱུང་།

 ༥.མཇུག་བསྡུ་བ།
   སྤྱིར་བཀའ་གདམས་པའི་གསུང་ནི་ནང་སེམས་ལ་ཕན་པ་བླ་མེད་སྦྱིན་པའི་གསོས་སྨན་ལྟ་བུ་ཡིན་ལ། ལྷག་པར་ཤ་བོ་སྒང་བའི་གྲོས་འདེབས་བདག་མཆོག་མ་ནི་ཉམས་སུ་ལེན་མཁན་ཞིག་ལ་མཚོན་ན་ཉམས་ལེན་ལེགས་འགྲུབ་ཡོང་བའི་གྲོགས་ལྟ་བུ་ཡིན་པ་མ་ཟད། ཆོས་འཇིག་རྟེན་གང་སྒྲུབ་མཁན་ཞིག་ཡིན་ཡང་ཡར་རྒྱས་ཀྱི་ལམ་ཁ་ལྟ་བུར་འགྱུར། མཇུག་ཏུ་“ཡིན་མིན་ལ་དུས་མང་བོ་འདའ་ཡིས་མི་དང་བླ་བོ་③མ་བྱེད། སྲེད་པ་མང་བོ་འཕེལ་གྱི་ཡིད་ཀྱིས་རྒྱལ་སྲིད་མ་སྐྱོངས། ཁེ་བས་ཉེན་ཆེ་བའི་ཁས་ལེན་ལ་མ་དགའ། དོན་མེད་དགེ་སྦྱོར་ཆག་གི་བྱ་བ་མ་མང་།”ཞེས་པ་འདི་ནི་ཕ་མས་བུ་ཕྲུག་ལ་ཁ་ཏ་བྱེད་པ་དང་མཚུངས་པས་ཡིད་ལ་འགོག་མེད་དུ་དྲིན་ཆེན་ཕ་མ་དྲན་དུ་འཇུག དེ་བས་ཞལ་གདམས་འདི་ནི་བུ་ན་བ་ལ་མའི་ཚིག་ཏུ་གོ་བྱུང་།

ཟུར་ལྟས་དཔེ་ཆ།
བཀའ་གདམས་ཆོས་འབྱུང་། པཎ་ཆེན་བསོད་ནམས་གྲགས་པས་མཛད། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་ནས་བསྒྲིགས།
བོད་ཡིག་བརྡ་རྙིང་ཚིག་མཛོད། རྣམ་རྒྱལ་ཚེ་རིང་གིས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།

༢༠༡༩/༡/༣༠ཉིན་མཚོ་སྔོན་པོ་རྐང་ཚའི་རུ་མང་དགོན་ནས་བྲིས་པ་བཀྲ་ཤིས་པར་གྱུར་ཅིག

དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 1xq4 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5865443
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号