བོད་ཀྱི་སྤྱི་ཚོགས་དང་ཐོན་མིའི་སློབ་ཚོགས།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 9 ཚེས 19 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བྱ་འགུལ་ངོ་སྤྲོད། »བོད་ཀྱི་སྤྱི་ཚོགས་དང་ཐོན་མིའི་སློབ་ཚོགས།
བོད་ཀྱི་སྤྱི་ཚོགས་དང་ཐོན་མིའི་སློབ་ཚོགས།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2019-02-04ལྟ་ཀློག (3873)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

བོད་ཀྱི་སྤྱི་ཚོགས་དང་ཐོན་མིའི་སློབ་ཚོགས།

    2019.1.9 ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་རྣམ་པའི་ཐུགས་སྐྱེད་དང་རྔ་བའི་འབྲེལ་ཡོད་འགོ་ཁྲིད་དང་ཚོང་བ་རྒན་པ་དག་གི་རེ་བ་བཞིན་རྔ་བའི་ཐོན་མིའི་སློབ་ཚོགས་ཀྱིས་ས་གནས་སློབ་གསོའི་ཞབས་ཞུར་དམིགས་ཏེ་དགུན་གནང་སྐབས་ཀྱི་རིན་མེད་ཟབ་སྦྱོང་འཛིན་གྲྭ་ཉིན་བཅོ་ལྔའི་རིང་བསྒྲུབས།  ཐེངས་འདིར་ཡང་མཆོག་སྤྲུལ་༧མཁར་བཀྲ་ཤིས་དོན་ཁོས་མ་དངུལ་ཡོངས་རྫོགས་བཏང་བར་བརྟེན་སྐབས་བཞི་བའི་ཟབ་སྦྱོང་འཛིན་གྲྭ་བདེ་བླག་ངང་མཇུག་བསྡུས་ཤིང་མཇུག་མཐའི་སྤྱི་སྡོམ་གྱི་སྐབས་སུ་སློབ་དཔོན་བཀའ་དྲིན་ཅན་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་ཆེད་ཕེབས་ཀྱིས་དགེ་སློབ་ཚང་མར་ལམ་སྟོན་བསླབ་བྱ་ཟབ་རྒྱས་གནང་བ་དང་། ཐེངས་འདིའི་དང་བླངས་དགེ་རྒན་དང་དྲུང་ཡིག་པ་གཉིས་ལ་བཀའ་དྲིན་མཚོན་བྱེད་ཀྱི་གཟི་བརྗིད་དཔང་ཡིག་གནང་།  མཐར་དྲན་རྟེན་འདྲ་པར་བསྐྱོན་ཏེ་ཚོགས་འདུ་མཇུག་ལེགས་པར་གྲུབ།

 དགེ་རྒན་རིན་པོ་ཆེ་དང་རྔ་བའི་ཚོང་བ་མགར་དོན་གྲུབ་གཉིས་གཙོས་རྔ་བའི་ཐོན་མིའི་སློབ་ཚོགས་ཀྱི་སློབ་མ་རྣམས་གོང་ཟས་ལ་རོལ་བའི་སྐབས་དང་བསྟུན་དགེ་རྒན་རིན་པོ་ཆེས་སློབ་མ་རྣམས་ལ་ལེགས་སྐྱེས་གནང་ཞིང་ཚོང་དཔོན་དོན་གྲུབ་ཀྱིས་ཀྱང་ལེགས་སྐྱེས་གནང་སྟེ་མི་ཚེའི་ཉམས་མྱོངས་དང་འབྲེལ་བའི་བསམ་བཟང་ལམ་སྟོན་མང་དུ་གནང་།

དགེ་སློབ་ལྷན་འཛོམས།

རྔ་བའི་ཐོན་མིའི་སློབ་ཚོགས་ཀྱི་གསོ་སྦྱོང་འཛིན་གྲྭ།


   2019.1.15ཉིན་མགོ་ལོག་ཁུལ་རྨ་ཆེན་རྫོང་གངས་རི་ཡུལ་ཚོ་རུ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སློབ་བུ་འགའ་གཙོ་བྱས་ཏེ་ཕ་ཡུལ་གྱི་ན་གཞོན་འགས་སྣེ་ཁྲིད་འོག་གངས་རི་ཡུལ་ཚོའི་མི་དམངས་སྲིད་གཞུང་དང་འབྲོག་དམངས་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་རྒྱབ་སྐྱོར་བླ་མེད་འོག་༼ རྨ་ཆེན་རྫོང་གངས་རི་ཡུལ་ཚོའི་སྐབས་གཉིས་པའི་ཕ་སྐད་འགྲན་སྡུར༽་བདེ་ལེགས་ངང་སྤེལ་ཐུབ་པ་བྱུང་། འདིས་ཀྱང་རང་རིགས་མེས་པོས་བཞག་པའི་སྐད་ཡིག་ནི་མི་རིགས་འདིའི་སྲོག་རྩ་ཡིན་པར་ངོ་ཤེས་པ་དང་ས་ཕྱོགས་ཀུན་ཏུ་ཕ་སྐད་གཙང་མའི་ཁྱབ་གྱུར་ཅིག་ཅེས་སྨོན་ཚིག་བརྗོད།

ཐེངས་འདིར་རྨ་ཆེན་རྫོང་གངས་རི་ཡུལ་ཚོའི་འགོ་ཁྲིད་རྣམ་པས་ཐུགས་ཁུར་འོག་ཚན་ཆུང་འདི་ཉིད་ཀྱི་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ་ཚོགས་མི་ཇེ་མང་དང་ཚན་གཙོ་བཅས་སྐོ་བཞག་བཅས་བྱས་ཏེ་ཚོགས་འདུ་མཇུག་བསྡུས།

ཅེས་རྨ་ཆེན་རྫོང་གངས་རི་ཡུལ་ཚོའི་དར་ལུང་ཚན་ཆུང་གིས།

ཚོགས་རའི་ཡུལ་དངོས།

དྲན་རྟེན་མཉམ་པར།


༢༠༡༩ལོའི་ཟླ་༡ཚེས་༣༠ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས་མཐར་ཕྱིན་པའི་དཔའ་ལུང་ཡུལ་གྱི་སློབ་གྲོགས་ལྷན་འཛོམས་སྐབས་གསུམ་པ་ཟི་ལིང་ནས་འབྲུ་སྔོན་མོ་བོད་ཟས་གསོལ་ཁང་དུ་འཚོགས་ཤིང་། ཚོགས་ཐོག་ཏུ་སློབ་དཔོན་ཆེན་མོ་འཇིགས་མེད་རྒྱལ་མཚན་མཆོག་གིས་སློབ་གྲོགས་སུ་དང་གང་ཡིན་ཡང་རང་གཞན་གཉིས་ཕན་གྱི་བྱ་བ་ཞིག་བསྒྲུབ་རྒྱུ་དང་། རང་རེའི་སྐད་ཡིག་དང་ཆོས་རིག་དར་སྤེལ་གཏོང་བའི་ཐད་ནས་བཀའ་སློབ་དང་ལམ་སྟོན་གྱི་གསུང་བཤད་གལ་ཆེན་གནང་བ་དང་། སློབ་གྲོགས་རྒན་པ་དཔའ་ལུང་བ་ཤེས་རབ་རྒྱ་མཚོ་ལགས་ཀྱིས་དཔའ་ལུང་ས་ཁུལ་གྱི་མི་རིགས་སློབ་གསོའི་གནས་བབ་དང་སློབ་གསོ་འཕེལ་རྒྱས་ཐད་ནས་བསམ་ཚུལ་ལྷུག་པོར་བརྗོད་པ་མ་ཟད། མ་འོངས་པའི་ལས་དོན་ཐད་ལའང་བསམ་ཚུལ་བཏོན།

མཇུག་མཐར་སློབ་མ་འཇམ་དབྱངས་བསོད་ནམས་དང་རྡོ་རྗེ་དོན་འགྲུབ་གཉིས་ཀྱིས་ཀྲུང་དབྱངས་མི་རིགས་སློབ་ཆེན་དང་བོད་ལྗོངས་སློབ་ཆེན་གྱི་ཞིབ་འཇུག་སློབ་མར་རྒྱུགས་ལེགས་པར་འཕྲོད་དེ་སློབ་མཐར་ཕྱིན་པར་དམིགས་བསལ་གྱིས་བྱ་དགའ་གནང་བ་དང་།

༢༠༡༨ལོའི་དཔའ་ལུང་ས་ཁུལ་གྱི་མཐོ་རྒྱུགས་ཁྲོད་རྒྱུགས་འབྲས་ལེགས་པའི་སློབ་མ་བཅུ་ཕྲག་ལྷག་ལ་ཡར་སྐུལ་གྱི་ཚུལ་དུ་བྱ་དགའ་གནང་བ་བཅས་བྱས་ཐེངས་འདིའི་སློབ་གྲོགས་མཉམ་འཛོམས་དགའ་སྤྲོའི་ངང་ནས་གྲོལ།

དགེ་རྒན་རིན་པོ་མཆོག་གིས་ལམ་སྟོན་བསླབ་བྱ་གནང་བ།

མཉམ་འཛོམས་འདྲ་པར།


    ༢༠༡༦ ལོར་ཟླ་༡ ཚེས་༡ ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས་མཐར་ཕྱིན་སློབ་བུ་ཆོས་དབྱིངས་རྒྱ་མཚོ་སོགས་ཀྱི་སྣེ་ཁྲིད་འོག་ཡུལ་ཤུལ་ཆུ་དམར་ལེབ་རྨ་སྟོད་ཡུལ་ཚོ་རུ་དགུན་དུས་ཀྱི་རིན་མེད་གསབ་སྦྱོང་སྒྲུབ་འགོ་བརྩམས། ཐེངས་འདིར་ཡང་ཁུལ་དང་རྫོང་ཡུལ་ཚོ་བཅས་ཀྱི་ས་གནས་སོ་སོའི་སློབ་མ་སུམ་བཅུ་ལྷག་ཟབ་ཞུགས་བྱས་ཡོད།  ཁྲིད་བྱ་གཙོ་བོ་སུམ་རྟགས་དག་གསུམ་གཙོར་བྱས་ཏེ་སློབ་ཁྲིད་བྱས་པ་ཡིན། ཟབ་སྦྱོང་སྔ་ཕྱིའི་ཐད་མ་དངུལ་གྱི་མཐུན་རྐྱེན་སྦྱོར་མཁན་ཡོངས་ལ་འདིར་ཆེད་དུ་ཐུགས་རྗེ་ཆེ་ཞུ་བ་ཡིན།


གསོ་སྦྱོང་ཡུལ་དངོས།

མཉམ་པར།


    ༢༠༡༩ལོའི་ཟླ༡བོའི་ཚེས༢༡ཉིན་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་བྲག་དཀར་རྫོང་གསེར་གཞོངས་དམངས་ཕན་ཚང་གིས་དགུན་ཁའི་འཆར་གཞི་ལག་བསྟར་བྱས་ཏེ་ཕ་ཡུལ་ནས་ཁོར་སྲུང་བྱ་འགུལ་བྱ་ཕྱོགས་སྡོམ་བྱས། ཚན་ཆུང་འདིའི་འགན་འཛིན་པ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སློབ་མ་འཇམ་དབྱངས་བདེ་ལེགས་ཀྱིས་ཚན་ཆུང་འདིའི་བྱ་བའི་གནས་ཚུལ་ལ་གཞིག་ན་གད་སྙིགས་ཀྱིས་འབག་བཙོག་བཟོས་པ་ལོ་སྔོན་མ་དང་བསྡུར་ན་ཇེ་ཉུང་དུ་སོང་ཡོད་པར་མ་ཟད་མང་ཚོགས་ཀྱིས་ང་ཚོར་དགའ་བསུ་དང་བཀའ་དྲིན་ཚད་མེད་ཞུ་བཞིན་འདུག་ཅེས་གཏམ་བཤད་གནང་བར་མ་ཟད།

གསེར་གཞུང་དམངས་ཕན་ཚང་གི་ཁོར་སྲུང་བྱ་འགུལ་ལ་ཕྱོགས་ཡོངས་སུ་སྦྱི་བསྡོམས་བྱས་ཚོགས་འདུ་རྒྱལ་ཁའི་ངང་མཇུག་བསྡུས།

 

ཚོགས་རའི་ཡུལ་དངོས།

སྔོན་ཐོན་མི་སྣར་བྱ་དགའ་གནང་བ།


 མགོ་ལོག་རྭ་རྒྱ་ནས་བོད་ཀྱི་ཡིག་རྒྱུན་སྤེལ་བ།  2019.1.4 ཉིན་ནས་ཉིན་བཅོ་ལྔའི་རིང་རྭ་རྒྱ་ཉི་མ་ཚེ་རིང་གིས་བོད་ཀྱི་ཡིག་གཟུགས་བྲིས་རྒྱུན་དང་སློབ་གསོའི་གནས་བབས་ལ་དམིགས་ནས།   ཆེད་དུ་ཡིག་མཁན་རིག་སྨོན་བསམ་དང་དགེ་རྒན་འཇམ་དབྱངས་བཀྲ་ཤིས།   དགེ་རྒན་རྟ་མགྲིན་སྐྱིད་བཅས་གདན་དྲངས་ནས་བོད་ཀྱི་ཡིག་རྒྱུན་དྷཱིཿཚའི་སྨྱུག་རིལ་གྱི་འབྲི་སྟངས་དང་སྨོན་ལམ་ཡིག་གཟུགས།   དབུས་བྲིས་འཁྱུག་ཡིག་སོགས་ཟབ་ཁྲིད་བྱས་པར་མ་ཟད།   བོད་ཡིག་སྦྱོར་ཀློག་དང་ལེགས་བཤད་ལྗོན་དབང་བཅས་ཀྱི་སློབ་ཁྲིད་གནང་།    ཐེངས་འདིར་ཆེད་ཞུགས་སློབ་གྲྭ་སོ་སོའི་དགེ་རྒན་དང་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་མ་དང་སློབ་མའི་ཁྱིམ་བདག   ས་གནས་ཀྱི་མང་ཚོགས་དང་ཡུལ་མི་ལྷག་བསམ་ཅན་མང་པོས་རྒྱབ་སྐྱོར་དང་གདེངས་འཇོག་ཚད་མཐོ་བྱས་པ་ཡིན་ནོ།

 

ཟབ་ཞུགས་སློབ་མ།

ཕུལ་བྱུང་སློབ་མར་བྱ་དགའ་གནང་བ།


 2019.1.17 ཉིན་ནས་བཟུང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་གཉིས་པའི་མཐར་ཕྱིན་སློབ་མ་དཀོན་མཆོག་འབངས་ཀྱིས་སྣེ་ཁྲིད་འོག་མཚོ་ལྷོ་ཁུལ་འབའ་རྫོང་ཞོལ་མ་ས་གནས་སུ་དགུན་གནང་སྐབས་ཀྱི་དུས་ཐུང་ཟབ་སྦྱོང་འཛིན་གྲྭ་སྐབས་གཉིས་པ་འཚོགས་པ། ཐེངས་འདིར་ཆེད་ཞུས་དགེ་རྒན་དང་ཟབ་ཞུགས་སློབ་མ་སུམ་བཅུ་ལྷག་ཡོད་ལ། ཁྲིད་བྱ་སུམ་རྟགས་དག་གསུམ་གཙོར་བཟུང་ནས་སློབ་ཁྲིད་བྱས་པ་རེད།       ཚེས་ཉེར་བརྒྱད་ཉིན་ཕུལ་བྱུང་སློབ་མ་དང་གསུམ་བཟང་སློབ་མ་བཅས་ལ་བྱ་དགའ་གནང་སྟེ་ཟབ་སྦྱོང་གི་མཇུག་བདེ་བླག་ངང་གྲུབ་པར་བྱས་པ་ཡིན།

ཚོགས་རའི་ཡུལ་དངོས།

སྔོན་ཐོན་སློབ་མར་བྱ་དགའ་གནང་བ།


༢༠༡༩ལོའི་དགུན་གནང་སྐབས་སུ་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཨེར་སྟི་ཡུལ་ཚོ་ཆོས་ཚ་སྡེ་བ་ནས་ལོ་སྔོན་མ་ནང་བཞིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སྐབས་ཉི་ཤུ་བའི་འཛིན་གྲྭ་གཉིས་པའི་སློབ་བུ་གདུགས་དཀར་རྒྱལ་དང་རྡོ་རྗེ་ཚེ་རིང་གཉིས་ཀྱིས་སྣེ་ཁྲིད་བྱས་ཏེ་ས་གནས་ཀྱི་སློབ་ཆེན་སློབ་མ་སྐོར་ཞིག་དང་ལྷན་དུ་ས་ཁུལ་གཉིས་སུ་ཉིན་བཅོ་ལྔའི་དུས་ཡུན་ནང་ཐོན་མིའི་དུས་ཐུང་གསབ་སྦྱོང་སྐབས་གཉིས་པའི་ཟབ་ཁྲིད་འཛིན་གྲྭ་བསྒྲུབས། སློབ་ཁྲིད་ཀྱི་ཞོར་དུ་མི་གཤིས་ཀུན་སྤྱོད་དང་ཕ་སྐད་སྲུང་སྐྱོབ་སྐོར་གྱི་ལམ་སྟོན་བྱ་བསླབ་གནང་སྟེ་སྐུལ་འདེད་བྱས།

ཕུལ་བྱུང་སློབ་མར་བྱ་དགའ་གནང་བ།

མཉམ་པར།


  2019.1.15ཉིན་ནས་བཟུང་བྲག་དཀར་རྫོང་ལྷ་སྡེའི་སློབ་གསོ་ཡར་སྐུལ་ཚོགས་པའི་བཀོད་སྒྲིག་འོག་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སྐབས་ཉི་ཤུ་བའི་འཛིན་གྲྭ་གཉིས་པའི་སློབ་བུ་སངས་རྒྱས་རྒྱལ་གྱིས་ཕ་ཡུལ་གྱི་སློབ་ཆེན་སློབ་མ་སྐོར་ཞིག་དང་མཉམ་འབྲེལ་སྒོས་དགུན་གནང་གི་དུས་ཚོད་བེད་སྤྱད་དེ་ཕ་ཡུལ་གྱི་སློབ་མ་སྐོར་ཞིག་ལ་རིན་མེད་གསབ་སྦྱོང་འཛིན་གྲྭ་སྒྲུབ་ཏེ་ཉིན་ཉི་ཤུ་ལྷག་གི་དུས་ཡུན་ནང་ཟབ་ཁྲིད་བྱས། མཇུག་ཏུ་སྤྱི་བསྡོམས་ཀྱི་ཚུལ་དུ་ཕུལ་བྱུང་སློབ་མ་དག་ལ་བྱ་དགའ་གནང་སྟེ་ཐེངས་འདིའི་གསབ་སྦྱོང་འགོ་བཀྲ་ཤིས་ཤིང་མཇུག་ཕུན་སུམ་ཚོགས་པའི་ངང་གྲུབ་པར་བྱས་སོ ། །

ལས་བྱ་འབྲི་བཞིན་པ།

འཛིན་གྲྭའི་མཉམ་པར།


  2018.12.11ཉིན་རང་སློབ་གྲྭའི་སྐབས་དགུ་བའི་མཐར་ཕྱིན་སློབ་མ་ཁྲི་ཀའི་དཔལ་ལྡན་གྱིས་སྣེ་ཁྲིད་འོག་སྒྲོམ་དགོན་ཐོས་བསམ་དར་རྒྱས་གླིང་དུ་ས་གནས་ཁྱིམ་བདག་དང་སློབ་མའི་དགོས་མཁོ་ལྟར་བོད་རྒྱ་དབྱིན་གསུམ་གྱི་གསབ་སྦྱོང་འཛིན་གྲྭ་བསྡུས།  ཐེངས་འདིའི་གསབ་སྦྱོང་ཁྲོད་སྔ་ཕྱིར་གྲྭ་བཙུན་དང་སློབ་མ་བརྒྱད་ཅུ་ལྷག་ཟབ་ཞུགས་བྱས་ཡོད།  ཟླ་འདིའི་ཚེས་ཉེར་ལྔ་༼དཔལ་ལྡན་ཡིག་གཟུགས་འཛིན་གྲྭའི་ལོ་གཅིག་གི་སྤྱི་བསྡོམས་བྱ་འགུལ་༽དང་༼ཟླ་འོད་གསབ་སྦྱོང་འཛིན་གྲྭའི་རྒྱུགས་འབྲས་གཟེངས་རྟགས་ཚོགས་འདུ་༽གཉིས་མཉམ་དུ་འཚོགས་ནས་ལོ་མཇུག་བྱ་བར་སྤྱི་བསྡོམས་བྱས། ཚོགས་ཐོག་ཏུ་ཁ་བ་རུ་བ་ལས་སྒྲུབ་ཁང་གིས་རོགས་འདེགས་འོག་གཟེངས་ཐོན་སློབ་མར་བྱ་དགའ་གནང་སྟེ་སྐུལ་འདེད་དང་བཅས་ཐེངས་འདིའི་གསབ་སྦྱོང་བདེ་བླག་ངང་མཇུག་བསྡུས་སོ།།

རྒྱུག་ལེན་བཞིན་པ།

མཉམ་པར།

བྱ་འགུལ་སྤེལ་ཡུལ།


 2019.1.19ཉིན་རང་སློབ་གླིང་གི་སྐབས་ཉེར་གཅིག་པའི་མཐར་ཕྱིན་འཛིན་གྲྭ་གཉིས་པའི་སློབ་མའི་མིང་ཙམ་འཛིན་པ་ཀླུ་སྒྲུབ་རྒྱ་མཚོས་སྣེ་ཁྲིད་འོག་སེར་བརྒྱའི་དགོན་བཀྲ་ཤིས་དགེ་འཕེལ་གླིང་དུ་ལོ་རེར་འཆར་ཅན་དུ་འཚོགས་བཞིན་པའི་སྤྱི་ཕན་མཐུན་སྒྲིལ་ཤེས་རིག་གསབ་སྦྱོང་འཛིན་གྲྭ་སྐབས་གཉིས་པ་དངོས་སུ་འཚོགས་འགོ་བརྩམས།  ཐེངས་འདིའི་གསབ་སྦྱོང་ལ་ཁྱོན་སློན་མ་སོ་ལྔ་དང་དགེ་རྒན་ལྔ་བཅས་ཡོད།  སློབ་ཆུང་ལོ་རིམ་གསུམ་པ་ནས་དྲུག་པའི་བར་འཛིན་གྲྭ་གཅིག་དང་དམའ་འབྲིང་ལོ་རིམ་དང་བོ་ནས་གསུམ་པའི་བར་འཛིན་གྲྭ་གཅིག   མཐོ་འབྲིང་འཛིན་གྲྭ་གཅིག་བཅས་བཀར་ཡོད།  འཁྲིད་བྱའི་སྐོར་ལ་བོད་ཡིག་གི་སྙན་ངག་སྤྱི་དོན་དང་རྟགས་འཇུག་གི་སློབ་དེབ་བློ་གསལ་མགུལ་རྒྱན།  ལོ་རྒྱུས་རྒྱུན་ཤེས།  ལེགས་བཤད་ལྗོན་དབང་།  རྒྱ་ཡིག་གི་རྒྱུགས་གཞི་བསླབ་དེབ་MHKདང་དབྱིན་ཡིག་གི་རྨང་གཞིའི་ཤེས་བྱ།  དམའ་འབྲིང་གྲངས་རིག་སོགས་བཀོད་སྒྲིག་བྱས།  ཟླ་དང་བོའི་ཚེས་སུམ་ཅུ་ཉིན་བདེ་ལེགས་ངང་མཇུག་བསྡུས། 

 

 བྱ་འགུལ་སྤེལ་ཡུལ།

མཉམ་པར།


  2019.1.13ཉིན་རང་སློབ་གླིང་གི་སྐབས་ཉེར་གཉིས་པའི་མཐར་ཕྱིན་འཛིན་གྲྭ་དང་བོའི་སློབ་མ་བདུད་འདུལ་གྱི་སྣེ་ཁྲིད་འོག་སི་ཁྲོན་གསེར་རྟ་རྫོང་བརྡ་ཚང་ཡུལ་ཚོའི་བརྡ་ཚང་གནས་ལུང་དུ་ས་གནས་སོ་སོའི་སློབ་མ་བརྒྱ་ལྷག་ལ་ཟབ་ཁྲིད་གནང་།  ཁྲིད་བྱ་གཙོ་བོ་ནི་དག་པར་བྱེད་པའི་སྡེབ་སྦྱོར་རྒྱ་མཚོ་དང་ལེགས་བཤད་ལྗོན་པའི་དབང་བོ་གཉིས་གཙོར་བཟུང་སྟེ་ཉིན་བཅོ་ལྔའི་རིང་ཟབ་ཁྲིད་བྱས་པ་ཡིན།

ཐེངས་འདིའི་གསབ་སྦྱོང་སྐབས་ཀྱི་སྦྱིན་བདག་གཙོ་བོ་ནི་མཆོག་སྤྲུལ་འགྱུར་མེད་རྡོ་རྗེ་དང་ལས་རོགས་པ་སྤྲུལ་འབྲོང་རྫོང་དང་ཁྲག་འཐུང་བདུད་འཇོམས་སོགས་ཀྱི་མཐུན་རྐྱེན་སྦྱར་འོག་གསབ་སྦྱོང་བདེ་ལེགས་ངང་མཇུག་གྲུབ་པར་བྱས།

བྱ་འགུལ་སྤེལ་ཡུལ།

མཉམ་དུ་བསྐྱོན་པའི་འདྲ་པར།


  2019.1.10ཉིན་སྐད་ཡིག་ཡར་སྐུལ་ཚོགས་པའི་སྐབས་ལྔ་བའི་ཟབ་སྦྱོང་དངོས་སུ་འགོ་བརྩམས། ཐེངས་འདིའི་གསབ་སྦྱོང་ཁྲོད་སློབ་གྲྭ་ཆུང་འབྲིང་གི་སློབ་མ་བརྒྱ་ལྷག་ཟབ་ཞུགས་བྱས་ཡོད། སློབ་མའི་ཤེས་ཡོན་གྱི་ཚད་རིམ་ལྟར་འཛིན་གྲྭ་བཞི་རུ་བགོས་ཏེ་ཟབ་ཁྲིད་བྱས་ཤིང་།  ཚེས་ཉེར་བརྒྱད་ཉིན་དགའ་བདེ་རྫོང་ཁོངས་ཀྱི་ཞིབ་འཇུག་སློབ་མར་རྟེན་འབྲེལ་ཞུ་ཡིག་ཕུལ་བ་དང་གསབ་སྦྱོང་ལ་ཞུགས་པའི་སློབ་མར་སྐུལ་འདེད་བཅས་བྱས་ཏེ་བདེ་བླག་ངང་མཇུག་གྲུབ་པར་བྱས་པ་ཡིན་ནོ།།

བྱ་འགུལ་སྤེལ་ཡུལ།

མཉམ་པར།


   2019.1.14 ཉིན་རང་སློབ་གྲྭའི་མཐར་ཕྱིན་སློབ་མ་རྒྱལ་ཚང་ཀརྨ་ཚུལ་ཁྲིམས་རྣམ་རྒྱལ་གྱིས་སྣེ་ཁྲིད་འོག་ཁོ་རང་གི་གསོ་སྦྱོང་མཐུན་གཉེར་ཁང་དང་རིགས་འཛིན་རྡོ་རྗེའི་མྱུ་གུ་ཚོགས་པ་གཉིས་མཉམ་འབྲེལ་སྒོས་ན་གོར་མོའི་གནས་སྤོར་གྲོང་དུ་བུམ་བཟང་གསབ་སྦྱོང་འཛིན་གྲྭཞེས་པའི་དུས་ཐང་གསབ་སྦྱོང་འཛིན་གྲྭ་སྒྲུབ་པ། ཐེངས་འདིར་ཡང་སྔར་བཞིན་སློབ་ཆུང་ལ་རིམ་གཉིས་(ལོ་རིམ་གཉིས་པ་དང་གསུམ་པ་སྦྱོར་ཀློག་འཛིན་གྲྭ་དང་བཞི་པ་ནས་དྲུག་པའི་བར་དག་ཡིག་འཛིན་གྲྭ)དང་མཐོ་འབྲིང་དང་དམའ་འབྲིང་ལ་ལོ་རིམ་གཉིས(བརྡ་སྤྲོད་དམ་སུམ་རྟགས་འཛིན་གྲྭ་ཞིག་དང་ལྗོངས་ཞིང་ལྔའི་བསླབ་གཞིའི་འཛིན་གྲྭ་ཞིག)བཅས་བསྡོམ་པའི་འཛིན་གྲྭ་བཞི་རུ་བགོས་ཏེ་སློབ་ཁྲིད་བྱས་ཤིང་།  ཡུལ་མི་དག་གི་རེ་བ་ལྟར་ཞོར་དུ་ཡི་གེའི་སྦྱོར་ཀློག་འཛིན་གྲྭ་དང་ཁྱིམ་བདག་བསླབ་བྱའི་འཛིན་གྲྭ་གཉིས་ཆེད་དུ་བཙུགས་ཏེ་ཁྱིམ་བདག་དག་ལ་བོད་སྐད་ཡིག་གི་དགེ་མཚན་དང་མི་གཤིས་ཀུན་སྦྱོད་སྐོར་གྱི་བསླབ་བྱ་གནང་བ་དང་ཡི་གེ་སྦྱོར་ཀློག་བསླབས་པ་བཅས་ཐེངས་འདིའི་གསབ་སྦྱོང་བདེ་བླག་ངང་མཇུག་བསྡུས་པ་ཡིན།

མཇུག་མཐར་ངེད་གསབ་སྦྱོང་འཛིན་གྲྭར་རིན་མེད་དེང་བླངས་སྒོས་ཆེད་ཕེབས་ཀྱི་དགེ་རྒན་བསོད་ནམས་ཡེ་ཤེས་དང་རྟ་མགྲིན་རྡོ་རྗེ་གཉིས་ལ་བཀའ་དྲིན་ལན་བརྒྱར་ཞུ།

གསོ་སྦྱོང་ཡུལ་དངོས།

 སློབ་ཁྲིད་ལ་ཉན་བཞིན་པ།

སློབ་དེབ།


  2018.12.19ཉིན་ནས་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་གི་ཟམ་ཚའི་ཡུལ་གྱི་སློབ་མའི་ལྷན་ཚོགས་༼ཟམ་ཚའི་ཀུན་ཕན་སློབ་བུ་ལྷན་ཚོགས༽་ཀྱིས་ལོ་རེའི་འཆར་རྐྱེན་ལྟར་གཙོ་སྒྲུབ་བྱས་པའི་འབྲོག་ལས་རྒྱུན་ཤེས་གསབ་སྦྱོང་འཛིན་གྲྭ་སྐབས་གསུམ་པ་ཉིན་བཅོ་ལྔ་ལྷག་ལ་བསྒྲུབས་ཤིང་། སྤྱི་ཟླ1ཚེས7ནས་སློབ་མའི་གསབ་སྦྱོང་འཛིན་གྲྭ་སྐབས་གསུམ་པ་ཡང་ཉིན་བཅོ་ལྔ་ལྷག་ལ་བསྒྲུབས། དགུན་གནང་སྐབས་ཀྱི་རིན་མེད་གསབ་སྦྱོང་འཛིན་གྲྭ་འདི་ལ་རྣམ་པ་མི་འདྲ་བ་གཉིས་ཡོད། གཅིག འབྲོག་ལས་རྒྱུན་ཤེས་གསབ་སྦྱོང་འཛིན་གྲྭ་ལ་ཡི་གེ་སྦྱོར་ཀློག་ནས་ཁྲིད་བཞིན་ཡོད།  གཉིས། ས་གནས་སོ་སོའི་སློབ་མ་ཚོར་ཁ་གཏད་དེ་སུམ་རྟགས་དག་གསུམ་དང་རྒྱ་ཡིག་སོགས་ཁྲིད་ཀྱིན་ཡོད། སློབ་དེབ་ཕལ་ཆེ་བ་མ་ཡུམ་སློབ་གྲྭ་སྟེ་གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་གི་ཆེད་བསྒྲིགས་སློབ་དེབ་དག་ཡིན། གསབ་སྦྱོང་འདིར་དངོས་སུ་ཞུགས་པའི་སློབ་མ་བདུན་བཅུ་ལྷག་འདུག      གསབ་སྦྱོང་འདི་ནི་ལོ་རེ་བཞིན་རང་སློབ་གྲྭའི་སློབ་མ་སྒྲོལ་མ་སྐྱབས་དང་སྐལ་བཟང་སྨོན་ལམ། བློ་བཟང་རྒྱ་མཚོ། འཇིགས་མེད་གྲགས་པ་བཅས་ཀྱི་སྣེ་ཁྲིད་འོག་ལོ་རེ་བཞིན་སྒྲུབ་བཞིན་ཡོད་དོ།།

ས་གནས་རིམ་པ་དང་བོ།

ས་གནས་རིམ་པ་གཉིས་པ།

ས་གནས་རིམ་པ་གསུམ་པ།

དྲན་རྟེན་མཉམ་པར།

ལས་གྲོགས་ཡོངས་ཀྱི་མཉམ་པར།


ཀན་ལྷོའི་སློབ་ཚོགས་སང་གི༢༠༡༨ལོའི་སྤྱི་ཕན་བྱ་བ།

   མཛོད་དགེ་རྫོང་ཨ་སྐྱིད་རོང་ཡུལ་ཚོའི་སློབ་གསོ་རོགས་སྐྱོར་ཚོགས་པས་གཙོ་སྒྲུབ་མཛད་པའི༼ལྔ་རིག་པད་དཀར་གྲོལ་གླིང་༽གི་རིག་གནས་གསབ་སྦྱོང་འཛིན་གྲྭ་ཐེངས་དྲུག་པའི་སྟེང་ཀན་ལྷོའི་སློབ་ཚོགས་ཀྱི་ཚབ་བྱེད་མི་སྣ་རྫ་ཤུལ་བློ་བཟང་རྒྱ་མཚོས། སྙན་ངག་སྤྱི་དོན། ལེགས་བཤད་ལྗོན་དབང་། དཀའ་གནད་གསལ་བའི་མེ་ལོང་། ལོ་རྒྱུས་སྤྱི་བཤད། སློབ་ཆུང་དག་ཡིག ཐོབ་ཐང་ངོས་འཛིན། ལོ་རིམ་སོ་སོའི་སློབ་དེབ། བོད་ཡིག་ངོས་འཛིན་སློབ་དེབ་བཅས་ཁྲིད། གཞན་དགོན་པ་རང་གི་ཨར་མའི་སྨོན་ལམ་དང་། ཧྲེང་ཧེ་སློབ་གྲྭ་ཆེན་མོ་སོགས་ནས་ཕེབས་པའི་རྒྱ་རིགས་དགེ་རྒན་རྣམ་པས་རྒྱ་ཡིག དབྱིན་ཡིག རྩིས་རིག་བཅས་ཉིན་ཉི་ཤུའི་རིང་ཁྲིད།
གདན་ཞུས་དགེ་རྒན། ལྔ་རིག་སྨྲ་བ་དགེན་རྫ་ཤུལ་བློ་བཟང་རྒྱ་མཚོ་ཚང་གཙོས། ༸སྐྱབས་རྗེ་བླ་མ་གནས་བཞི་གྲུབ་ཆེན་རིན་པོ་ཆེའི་སློབ་མ་ནང་ལོག་ནས་རྒྱ་ཡིག་དང་དབྱིན་ཡིག་རྩིས་རིག་སོགས་ལ་བྱང་ཆ་ལྡན་པའི་སློབ་ཆེན་དགེ་རྒན་འགའ་ཞིག་ལོ་རེ་བཞིན་ཕེབས་ནས་དགུན་གནང་སྐབས་ཀྱི་སློབ་ཁྲིད་ལ་གྲུབ་འབྲས་གཡུར་དུ་ཟ་བ་སྨིན་དང་སྨིན་བཞིན་ཡོད་པ་ནི་ལོ་རེ་རེའི་སློབ་མའི་གྲངས་དང་ཀུན་སྤྱོད། སློབ་འབྲས་བཅས་ལ་དཔག་ན་བཤད་མ་དགོས་པའི་གཏམ་མོ། །   མཚོ་སྔོན། ཀན་སུའུ། སི་ཁྲོན་བཅས་ཞིང་ཆེན་གསུམ་ནས་ཡོང་བའི་སློབ་ཞུགས་སློབ་མ༢༦༧ཡོད། རྒྱུགས་ལ་ཞུགས་པ༢༣༠ཡོད། སློབ་རིམ་ལྔ་ལ་བགོས། སློབ་ཆུང་ལོ་རིམ༡-༢གཉིས་ལ་སློབ་མ༢༥ཡོད། སློབ་ཆུང་ལོ་རིམ༣-༤གཉིས་ལ་སློབ༥༡ཡོད། སློབ་ཆུང་ལོ་རིམ༥-༦གཉིས་ལ་སློབ་མ༥༢ཡོད། དམའ་འབྲིང་ལ་སློབ་མ༦༧ཡོད། མཐོ་འབྲིང་དང་སློབ་ཆེན་སློབ་མ༣༥ཡོད།
གཙོ་སྒྲུབ་པ། མཛོད་དགེ་རྫོང་ཨ་སྐྱིད་རོང་ཡུལ་ཚོའི་སློབ་གསོ་རོགས་སྐྱོར་ཚོགས་པ།   ཚོགས་གཙོ་སྤྲུལ་སྐུ་དཀོན་དཀོན། ཚོགས་གཙོ་གཞོན་པ་ནང་ཆེན་སྤྲུལ་སྐུ་བཅས་ཚོགས་པ་འདི་བླ་སྤྲུལ་དང་སྐྱ་སེར་ཞེ་གཉིས་ཡོད། ༢༠༡༣ལོ་ནས༢༠༡༨ལོའི་བར་ལོ་ངོ་དྲུག་གི་རིང་སློབ་མ་ཆིག་སྟོང་ལ་ཉེ་བ་ཞིག་ལ་སློབ་དངུལ་མ་བསྡུས་པར་མ་ཟད། སློབ་མ་རེ་རེ་ལ་སློབ་དེབ། འབྲི་ཤོག སྨྱུ་གུ་སོགས་གང་མཁོ་གནང་སྦྱིན། རྒྱུགས་འབྲས་དང་། ཀུན་སྤྱོད་བཟང་བ་བདམས་ནས་གཟི་བརྗིད་དཔང་ཡིག་དང་བྱ་དགའ་གང་འོས་རེ་འབུལ་བཞིན་མ་འོངས་བོད་ཀྱི་བུ་བུ་མོ་དག་ལ་ཤེས་རིག་གི་ལམ་བུ་འདི་ལྟར་བསྐྲུན་པའི་སྐབས་ལགས་སོ། །

གསབ་སྦྱོང་ཡུལ་དངོས།

མཉམ་པར།

གསར་འགོད་པ།  འཛིན་གྲྭ་སོ་སོའི་འཐུས་ཚབ་གསར་འགོད་པ།


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། sphv བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5784740
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号