བེེ་རོ་ཙ་ནའི་རྣམ་ཐར།
བཅུ་གཅིག་པ། ཚེ་སྤོང་བཟའ་དམར་རྒྱན་གྱིས་སྐུར་བ་བཏབ་པ་དང་བཤགས་པ་ཕུལ་བའི་སྐོར།
རྗེ་བེེ་རོ་ཙ་ན་བྲག་དམར་གཡའ་མ་ལུང་དུ་དགོངས་པར་གཤེགས། ལོ་གསུམ་ལ་གཡའ་མ་ལུང་གི་བྲག་ཕུག་ཏུ་དགོངས་པ་མཛད་ཅིང་སངས་རྒྱས་བསྟན་པ་སྤེལ་ནས་བཞུགས་ཙ་ན། བཙུན་མོ་ཚེ་སྤོང་བཟའ་དམར་རྒྱན་གྱིས་བཻ་རོ་ཙ་ནས་བསྟན་པའི་ཆོས་དང་བདེན་པའི་ཚིག་མི་ཉན་པར། འདོད་ཆགས་ཀྱིས་བསམ་པ་ངན་པ་སེམས་ལ་འགྱུས་ནས་སློབ་དཔོན་ལ་ལན་ཅིག་འགྲོགས་པར་མནོ། སློབ་དཔོན་ནང་པར་དྲོ་ལ་བྱོན་པར། རྒྱལ་པོ་གྲོང་ཁྱེར་དུ་སྐུ་འཆག་བཏང་། བུ་ཚ་མིང་སྲིང་གཉིས་ཀྱང་རྩད་མོར་བཏང་། འཁོར་བ་རྣམས་ཀྱང་ཕར་ལ་བསྐྲད་ནས་མོ་རིང་གཅིག་པུས་སློབ་དཔོན་བསུས་ནས། མཁའ་འབར་མལ་གོང་སྒང་སྔོན་རྩེ་དགུ་ཡི་ཡང་ཐོག་དུ་གདན་དྲངས། ཞལ་ཟས་རོ་མཆོག་ལྡན་པ་སྣ་ཚོགས་དྲངས་པ་བཻ་རོ་ཙ་ནས་གསོལ་ཏེ་ཡར་བཞེངས་ནས་གཡའ་མ་ལུང་དུ་གཤེགས་གྲབས་ལ། བཙུན་མོ་ཚེ་སྤོང་བཟའ་དམར་རྒྱན་གྱིས་གསོལ་བ། སློབ་དཔོན་སྒང་སྔོན་རྩེ་དགུར་བདེན་པ། བདག་ནི་ཆགས་པ་སྐྱེས་སོ་སློབ་དཔོན་དགོངས། སློབ་དཔོན་ཁྱེད་ནི་ཅི་བལྟས་ཅི་རུ་མཛེས་། ཅི་གསུང་ཅི་རུ་བདེན་པས་ཆགས་པ་སྐྱེས། སོགས་ཟེར་བཞིན་བཻ་རོ་ཙ་ནའི་སྐུ་ལ་འཇུས་པས་ཁོང་དངངས་པར་གྱུར། བསམ་མནོས་གཞིགས་པས་བློ་ཞིག་རྙེད་དེ་བཙུན་མོར་བཀའ་བསྩལ་པ། འཁོར་བ་རྣམས་ཀྱིས་མཐོང་ནས་སངས་རྒྱས་བསྟན་པ་ནུབ་འགྲོ་བས། བདག་གིས་བྱ་ར་བྱ་ལ་ཕྱི་སྒོ་བཅད་ནས་ཕྱིར་ལོག་འོང་གསུངས། བཙུན་མོས་བདེན་སྙམ་ནས་བཏང་བས་སློབ་དཔོན་སྒོ་རུ་ཅུར་གྱུར་གྱིས་བྱུང་ནས་བྲོས། བཙུན་མོས་འོང་དུ་རེ་ནས་བསྡད་པ་ལ་མ་བྱུང་བས། སྒོ་ཕྱིར་ཕྱིན་ནས་བལྟས་པ་ན་བཻ་རོ་ཙ་ན་བུ་ཚལ་སྟེང་དུ་སླེབས་ནས་སོང་། བཙུན་མོ་ཤིན་ཏུ་སྙིང་ན་ནས་ང་ཡིས་བསྟན་པ་བསྣུབ་ཀྱི་ཟེར་ནས་ཚིག་ངན་སྨྲས་ཏེ་ཁྱིམ་དུ་ལོག
ལྷ་བབས་འདྲེ་བབས་ཟེར་ནས་སྨྱོ་ཞིང་སྒྲོག་བུ་བཅད། ཤམ་བུ་ཕྲལ་ནས་འཛིངས་པའི་ཚུལ་དུ་ལུས་པོ་སེན་རྗེས་བྱིས་ཤིང་འཕྲིག་ཅིང་ངུས་པས། འཁོར་རྣམས་དྲུང་དུ་བྱུང་ནས་བཙུན་མོར་ཅི་ཉེས་ཞུས་པས། ད་ལྟ་མི་ལ་མ་བྱུང་ང་ལ་བྱུང་། མྱུར་བར་རྒྱལ་པོ་སྤྱན་དྲོངས་ཤོག་གསུངས། རྒྱལ་པོ་མྱུར་བར་ཁབ་ཏུ་བྱོན་ནས་ཅི་བྱུང་གི་གཏམ་དྲིས་ཤིང་ཕྱག་གིས་བཙུན་མོའི་མགོ་བཏེག་པས། བཙུན་མོ་ཡར་ལ་ལྗོག་བྱས་འཕྲིག་ཅིང་ངུསཏེ་གཏམ་ཡང་མི་འབྱིན་པ་བཞིན་བྱས་ནས། ཉིད་ཀྱིས་ཞབས་ནས་འདེགས་རིན་ཆོག་པས་གདའ་སྟེ། ད་ནང་མི་མེད་ས་རུ་གསོལ་དྲངས་པས་སློབ་དཔོན་བདག་ལ་འཆངས་ནས་འཛིན་དུ་བྱུང་། སྒྲོག་བུ་བཅད་ཅིང་ཤམ་བུ་ཕྲལ་ལ་གཟིགས། ལུས་པོ་འཛིངས་པས་སེན་རྗེས་འདི་ལྟར་བཀང་ཞེས་སྨྲས།
བློན་པོ་འཁོར་ཐམས་ཅད་གཅིག་ཏུ་མཐུན་ནས་འདི་གསད་པའི་འོས་ཡིན་གསོལ་པས། རྒྱལ་པོས་ཀྱང་མི་ཡི་མཆོག་གྱུར་སྐྱེས་བུ་དེས་ཀྱང་འཁོར་བ་སེམས་ཀྱིས་མ་སྤོངས་ནས་འདི་འདྲར་འོང་བ་འདི་བསྟན་པ་ནུབ་ཏུ་ཐོ་བ་ཡིན་གསུངས་ནས་དབུ་བཏུམས་ནས་བཞུགས་སོ།།
དྲོ་ལ་བྱོན་པས་བསུ་བ་གཅིག་ཀྱང་མེད། ཕོ་བྲང་དུ་བྱོན་པས་འཁོར་བ་རྣམས་ཀྱང་མྱོས་ནས་སྣང་བ་ལ། སློབ་དཔོན་གྱིས་བཙུན་མོའི་ལྟོ་ལུང་དུ་རིག་པས་སླར་བྲག་དམར་གཡའ་མ་ལུང་དུ་གཤེགས། དེར་ཡང་གནས་སུ་མ་ཚུགས་པར་ཡིད་སེམས་འཁྲུགས་ནས། བསམ་ཡས་འདིར་མི་འདུག་པའི་འགྲོ་སེམས་སྐྱེས་ནས་ཡིག་ཆས་དང་དཔེ་ཆ་ཁུར་ནས་ཕྱིན། ལུང་པའི་ཕུ་ལ་ཞུགས་ཏེ་ཕྱུན་ནས་དགོད་ཤོར་བས། ལ་ཁ་དེ་ལ་དགོད་དཀར་ལ་ཁ་ཐོགས། ལ་ཁར་ཞལ་ཕྱིར་གཟིགས་ནས། བསྟན་པ་བཙུགས་པས་བསྟན་པ་ནུབ་སྟེ་སོང་།། རྒྱལ་པོའི་བཙུན་མོ་དུག་ལྔ་མེ་འབར་མ། ། བེེ་རོ་ཙ་ན་རྒོད་པོ་དཀར་པོ་ཡིན།། བཙུན་མོར་ལས་ཀྱི་རྣམ་སྨིན་ཚེ་འདིར་ཤོག། ང་ལ་འཚང་འཁྲིས་མེད་པས་བསྟན་པ་དར།། བེེ་རོ་ཙ་ན་ཚད་མར་འཛིན་པར་ཤོག། ཅེས་དམོད་བཙུགས་སོ།།
དེ་ནས་ལ་བརྒལ་ལུང་ལ་བབས་ནས་བྱོན། ལམ་ཁ་ཞིག་ན་བ་ཞིག་ཤི་ནས་འདུག ཁང་པ་ཞིག་ན་མགར་བ་ཞིག་གིས་བཟོ་བྱེད་བཞིན་ཡོད་པ་ལ། ཤིན་ཏུ་བཀྲེས་ནས་མགར་བའི་སྒོར་ཕྱིན་ཏེ། རྡོ་ལ་རིན་ཆེན་མཁྱེན་པའི་མགར་བ་ལགས། ནང་དྲོ་མ་མྱོང་གདུགས་ཀྱི་ཕྱེད་ལ་ཐུག་པས་གསུས་ལྟོགས་ང་ལ་ནང་གི་དྲོ་ཞིག་དྲོངས། ཞེས་སྨྲས་པས། མགར་བས་ཐོས་ནས་ཆུང་མ་ལ་སྨྲས་པ། སྒོ་ཕུབ་འདི་ན་ཤིན་ཏུ་ངག་འཇམ་ཞིག་གིས་དྲོ་སློང་བ་སུ་ཡིན་ལྟོས་ཤོག་ཟེར་བར། ཆུང་མས་བལྟས་ནས། གསུང་ངག་འཇམ་པ་བས་ཀྱང་ཞལ་རས་ལེགས་པའི་བནྡེ་སྤྱི་ཟླུམ་ཆོས་ཁུར་བ་ཞིག་གདའ། ཞེས་སྨྲས་པས། བཟོ་འཕྲོ་བཅད་ནས་ཞེ་ས་ལུགས་བཞིན་ཕུལ་ཞིང་ནང་དུ་སྤྱན་དྲངས། མགར་མོས་ཀྱང་སྐྲ་འཁྲུ་རྒྱན་ཆ་རང་འཐག་བཞག་ནས་གསོས་ཟས་དྲངས། མདོ་བསྔོ་སྨོན་ལམ་བཏབ་ནས། ལམ་ཁ་ཡ་ན་བ་ཞིག་ཤི་ནས་འདུག་པ་ཡོན་བདག་ཁྱེད་ཀྱི་མིན་ནམ་ཞེས་གསུངས་ནས་གཤེགས། ལུང་པ་དེ་ལ་བ་ལམ་ཞེས་བཏགས། བེེ་རོ་ཙ་ན་གཤེགས་པའི་རྟིང་ལ་མགར་བ་བ་བཤའ་རུ་སོང་། མགར་མོའི་རྒྱན་ཆས་སྟོར་ནས་མ་རྙེད་པར་མོ་ན་རེ། གཞན་སུ་ཡང་མེད་། ད་ནང་གི་བནྡེ་དེས་བརྐུས་པ་ཡིན། དོ་ནུབ་མི་སླེབས་ལ་འུར་རྒྱུགས་ཟེར་བས་མགར་བ་ཡང་ཤིན་ཏུ་སྙིང་ན་ནས་མདའ་བཞི་ཁྱེར་ཏེ་ཕྱིན་པར་ལུང་པའི་མདའ་རུ་རྗེས་ཟིན་ཙམ་སླེབས་པས། མགར་བའི་སློབ་དཔོན་ལ་ད་ནང་ཕུགས་སུ་ཅིག་ནས་ཞིམ་དགུ་བྱིན་པས་ལན་དུ་ཆུང་མས་ལས་རྒྱན་བརྐས་པས་ཁྲལ་མེད་ཁྱོད་ལིངས་ཀྱིས་གཏང་ངོ་།། ཟེར་ནས་མདའ་ལྟོང་བཅུག་ནས་མེར་གྱིས་བཀང་བྱུང་བས། བཻ་རོ་ཙ་ན་འབྲོ་བའི་ལོང་མེད་པར་འཛིངས་པས། མདའ་དཔེ་ཆ་བཟེད་པའི་སྟེང་དུ་ཕོག་ནས་ཁོང་མ་རྨས། ཡང་བསྐྱར་མདའ་ལྟོང་འཇུག་ལོང་མེད་པར་མགར་བའི་ལག་པ་གཡས་གཡོན་ནས་བཟུང་སྟེ། སྡོམ་གསུམ་རྩ་བ་དམ་མ་ཉམས་ཤིང་ངས་ནི་མ་བྱིན་པར་ཡང་མ་བླངས་སོ།། སེམས་ཅན་ཁྱོད་ཀྱི་འདོད་པ་བསྐང་བའི་ཕྱུར་དུ་བདག་གི་སྲོག་ལ་ཚད་པའི་མདའ་ཉིད་གཡུ་དང་གཞུ་ཉིད་གསེར་ལ་གྱུར། ཅེས་བཻ་རོ་ཙ་ནས་རྒྱན་ཆ་མ་བརྐུས་བས་བདེན་ཚིག་བདར་བས་མགར་བའི་གཞུ་གསེར་གཡུར་གྱུར། བཻ་རོ་ཙ་ན་གཤེགས་ཤིང་མགར་བ་ཕྱིར་ལོག ཡུལ་དེ་ལ་བ་ལང་བརླག་མདའ་རི་གྲགས་སོ།། རྒྱལ་པོ་ཐུགས་ཤིན་ཏུ་མུག་སྟེ་དབུ་གཏུམས་ནས་གཟིམས་པས། ཉིན་མ་ཞིག་ལ་སྙིང་ཕྱུང་བཞིན་བཻ་རོ་ཙ་ན་སྤྱན་འདྲེན་དུ་བྲག་དམར་གཡའ་མ་ལུང་དུ་བྱོན་པས་ཚེ། གནས་ན་བཞུགས་མི་འདུག་པས་སློབ་དཔོན་འཚོལ་དུ་གཤེགས། དགོད་དཀར་ལ་རྩར་ཕྱིན་པ་ན་མགར་བ་དང་འཕྲད་ཅིང་གར་འགྲོ་གང་མཐོང་གི་ལོ་རྒྱས་ཞིབ་པར་གླེང་ནས་སྐྱེ་ཆུའི་རྩ་རུ་སླེབས་ཙ་ན་སློབ་དཔོན་ཆུ་ལ་བརྒལ་ནས་ཕར་ཕྱོགས་ལ་ཐོན་སོང་། རྒྱལ་པོ་ཆུ་ཆེས་པས་བརྒལ་དུ་མ་ཐར་བར་རྟ་ལས་བབས་ཏེ་ལྷ་ཕྱག་འཚལ། ང་ཡི་བླ་མཆོད་བེེ་རོ་ཙ་ན་ལགས། ངན་བུ་བོར་ནས་གང་དུ་གཤེགས། བཙུན་མོ་བཞེད་ན་གཏན་གྱི་གྲོགས་སུ་འབུལ། བདག་གི་མཆོད་གནས་དམ་པར་གཤེགས་པར་ཞུ། ཞུས་པས། བེེ་རོ་ཙ་ནས་བདག་ལྟོ་ལོང་བཏབ་ཚུལ་དང་སླར་མི་ལོག་པས་མཆོད་གནས་གཞན་ནས་འཚོལ་ལ་ལུགས་བཞིན་སྤྱོད་ཅེས་གསུངས་ནས་ཕྱོགས་སུ་ཐོན། རྒྱལ་པོས་མི་ཆད་རྟ་ངལ་ནས་མུན་སྲོལ་པའི་ཡུལ་དེར་ཚ་བ་གྲུ་རུ་གྲགས། རྒྱལ་པོ་དེར་ལུས་ཤིང་མགར་བ་སླར་ལོག་སྟེ། ཉི་མ་དམར་ཐག་ཆོད་ཙམ་ལ་ཁྱིམ་དུ་སླེབས། ཆུང་མས་ཁྱོད་ཀྱིས་བནྡེ་བསད་མ་བྱུང་ངམ། ང་ཡི་རྒྱན་ཆ་ཐོག་ཁའི་ཉལ་ཉིལ་གསེབ་ནས་རྙེད་ཡོད་ཟེར་བར། མགར་བ་ཁྲོས་ནས་ཅི་ཟེར་བརྟགས་ནས་མི་ཟེར་བར་ཟེར་བཞིན། དོན་ཞིབ་ཕྲ་བཤད་པས་མགར་མོ་དགའ་ངུ་ཤིན་དུ་སེམས་གཅོང་ངོ་།། ནང་པར་ནམ་ལངས་ནས་རྒྱལ་པོས་ཆབ་ཀྱི་ཕ་ཁར་སློབ་དཔོན་བཞུགས་སམ་བལྟས་པས་མི་བཞུགས། ཆུ་བསྒྲལ་ནས་བདས་ཀྱང་མ་ཟིན་པར་གར་སོང་མ་ཤིས་ནས་དགོད་དཀར་ལ་ཁར་བྱོན་ཏེ་བསམ་ཡས་སུ་ཕེབས་། བཙུན་མོ་འཁོར་བཅས་ལ་སློབ་དཔོན་གྱིས་ཅི་གསུངས་བཀའ་སྩལ། དེ་དུས་བཻ་རོ་ཙ་ན་ཡེར་པ་བཙུག་རི་སྤུངས་བའི་གནས་ལ་གཤེགས། ཐུགས་དམ་མཛད་ནས་ཀླུ་ནག་པོས་ཚེ་སྤོང་བཟའ་དམར་རྒྱན་ལ་ཙི་ཙི་ཛ་ལའི་ནད་གཏོང་རྒྱུ་དགོངས་སོ།། ཀླུ་ནག་པོར་བཀའ་སྩལ་ནས་། ང་ལ་དགྲ་བྱུང་བར་ར་མདའ་ཁྱོད་གྱིས་བཟློག་ཤོག་གསུངས་བས། ཀླུ་ནག་པོས་ཀྱང་དེ་བཞིན་གྱིས་ཚེ་སྤོང་བཟའ་དམར་རྒྱན་ལ་ཙི་ཙི་ཛ་ལའི་ནད་བཏང་། རྒྱལ་པོ་འཁོར་བཅས་ཀྱིས་ལོ་གཅིག་ལོ་གཉིས་ལ་མོ་བཏབ་མཐུ་བཏབ་བྱོས་མོད་གང་གིས་ཀྱང་མ་ཕན་པར་མཐར་མཛེ་ནད་ཡིན་པར་ངོ་ཤེས། བཻ་རོ་ཙ་ནས་ཡེར་པའི་བྲག་ཕུག་ལ་དཔལ་ལྡན་ལྷ་མོ་བསྒྲུབས་ཏེ། འཕྲུལ་གྱི་མོ་མ་ཀུན་ཤེས་ཐེངས་པོ་ལ་ལྷ་མོ་བབས་བྱས་ནས་བསམ་ཡས་སུ་བཏང་། དེས་བསམ་ཡས་ཕུ་མདའ་མེད་པར་མོ་བཏབ་པས་སྣང་སྲིད་ཐམས་ཅད་འཆར་བས་རྣོ་བར་གྲགས། རྒྱལ་པོས་བཀའ་སྩལ་ནས་མོ་མ་འཁོར་དུ་བཀུག་སྟེ་མེལ་གོང་དགུང་སྔོན་རྩེ་དགུར་བྱོན། བཙུན་མོའི་ནད་ངན་འདི་ཅི་ཞིག་གིས་གནོད་པ་ལགས། རིམ་གྲོ་ཇི་ལྟ་བུས་ཕན་པ་ལགས། ཞུས་པས། མོ་མས་མོ་བཅས་སྣ་དགུ་བཤམས་ནས་མོ་བཏབ་པའི་ཐ་མ་ལ། བཙུན་མོས་བཻ་རོ་ཙ་ན་ལ་ལྟོ་ལོང་སྐུར་བ་ཆེན་པོ་བཏབ་པས་ལན། དེའི་ཆད་པས་ནད་འདི་བྱུང་བ་ཡིན་སྟབས་བཞན་ཅི་བྱས་ཀྱང་མི་ཕན་ཏེ། སློབ་དཔོན་གདན་དྲངས་མཐོལ་བཤེགས་བྱས་ན་ཕན། ཞེས་རྒྱལ་པོ་ཡབ་ཡུམ་ལ་མོ་ཤར་བ་སྨྲས། རྒྱལ་པོས་ཡར་ཀླུང་ཤེལ་བྲག་ནས་ཨོ་རྒྱན་བདྨ་འབྱང་གནས་སྤྱན་དྲངས། ཆུ་བོ་ལོ་ཧི་ཏ་བརྒལ་ནས་བསམ་ཡས་སུ་བྱོན། བཙུན་མོས་ཀྱང་ལྷ་ཕྱག་འཚལ། མཆོད་པ་ཕུལ་ནས་མེད་གོང་སྒང་སྔོན་རྩེ་དགུར་བཤེགས། སློབ་དཔོན་བདྨས་བཻ་རོ་ཙ་ན་གར་ཡོད་དྲིས་ཤིང་། བདག་གི་སྤྱན་ངར་ཁྲིད་ཤོག་ཅེས་གསུངས་པས། རྒྱལ་བོ་ངོ་གནོང་པར་གྱུར་ནས་བཙུན་མོ་ལ་སློབ་དཔོན་བདྨའི་སྤྱན་སྔར་དྲང་པོའི་ཚིག་སྨྲས་ཏེ་མཐོལ་ཕྱག་བྱེད་བཅུག བཙུན་མོས་ཀྱང་ནད་ངན་འདི་སོས་ན་བདག་ནི་ཅི་འདྲ་ན་འང་འདྲ་སྙམ་སྟེ་དྲང་པོར་སྨྲ་བར་ཁས་བླངས་ཤིང་སྨྲས་སོ།། སློབ་དཔོན་བདྨ་འབྱང་གནས་ཀྱིས་བཻ་རོ་ཙ་ན་སྤྱན་དྲངས་ནས་སྐང་མཐོལ་མ་བཤགས་ན་ཙི་ཙི་ཛ་ལའི་ནད་འདི་སོས་མི་འགྱུར་གསུང་ནས། བཻ་རོ་ཙ་ན་གར་ཡོད་མཉམ་བཞག་ལྷ་བསྒོམ་བྱས་ནས་བལྟས་པས། བསམ་ཡས་ཀྱིས་ནུབ་བྱང་གི་མཚམས་ར་ས་མྱང་བྲན་དོར་སྡེ་དྭགས་སྲིབ་ཀྱི་ཡེར་པ་གཙུག་རུམ་འབར་བའི་སྐེད་པ་ན་བྲག་ཕུག་ཏུ་ཐུགས་དམ་ལ་བཞུགས་པ་མཁྱེན། དེ་ནས་རྒྱལ་པོས་ཡེར་པ་གཙུག་རུམ་འབར་བའི་ནགས་ཚུལ་དུ་བཻ་རོ་ཙ་ན་འགུགས་སུ་བྱོན་ནས་ཁོང་དང་འཇལ། ཡུམ་གྱིས་སློབ་དཔོན་པདྨར་སྤྱན་སྔར་མཐོལ་བཤགས་བྱས་པ་དང་། སློབ་དཔོན་པདྨས་དགེ་སློང་བཻ་རོ་ཙ་ན་སྤྱན་དྲོངས་ཤོག་གསུངས།
དེ་ནི་གཤེགས་པར་ཞུ་བའི་གསོལ་བ་བཏབ་པས། བཻ་རོ་ཙ་ནས་སློབ་དཔོན་པདྨ་འབྱུང་གནས་བཞུགས་ཡོད་ན་ཅིས་རེ་མི་འགྲོ་གསུངས་ནས་ཆིབས་རྟ་ནག་པོར་བཞོན་ཏེ་བསམ་ཡས་སུ་ཕེབས། རྒྱལ་པོས་བཻ་རོ་ཙ་ནའི་ཞབས་ལ་གཏུག་ཤིང་གུས་པས་ལྷ་ཕྱག་འཚལ། བོད་འབངས་ཀུན་ཀྱང་སློབ་དཔོན་སྟོར་བ་རྙེད་པས་ཤུན་དུ་དགའ་ནས་སྤྲིན་བཞིན་འདུས། དེ་རྒྱལ་པོས་བཙུན་མོར་སློབ་དཔོན་ལ་འཐོལ་བཤགས་འབུལ་དུ་བཅུག བཙུན་མོར་དམར་རྒྱན་ནི་ལུས་ཀྱི་བཀོད་པ་ཉམས་ནས་ཙེ་བེར་རས་ཀ་ཅིག་སྐེ་རགས་ལ་བཅིངས་ཤིང་། རེ་བའི་ཚུལ་བུ་ཞིག་གཡང་ལུགས་སུ་བྱས། སྐྲ་བྱི་རྣམས་ཤུ་བའི་ཁེངས་པ་བྱས། ཁ་ཡོན་མིག་སླེ་རྐང་ལག་འཐེང་བ་བྱས། མེ་ཏོག་གིས་བཀེང་བའི་བསེ་ཡི་གཞོང་པ་ཞིག་ལག་ཏུ་ཐོགས་ནས་ལྕམ་དྲལ་གཉིས་ཀྱིས་གཡས་གཡོན་ལ་བརྟེན་ནས་སློབ་དཔོན་ལ་བསྐོར་བ་བྱས་མེ་ཏོག་གཏོར། ཞབས་སྤྱི་བོས་གཏུགས་ཏེ་མཐོལ་བཤེགས་བགྱི་བཞིན་ངུས་པ་ཡིས་ལྕམ་དྲལ་གཉིས་དང་རྒྱལ་པོ་ཡང་བཤུམས། དེར་འཚོགས་པའི་མི་རྣམས་ཀྱང་ངུས། ཨྱོན་བདྨ་ཉིད་ཀྱང་སྤྱན་ཆབ་ཕྱུང་ཞིང་སློབ་དཔོན་དགེ་སློང་བཻ་རོ་ཙ་ན་ཡང་སྙིང་རྗེ་སྐྱེས་ནས་ཀླུ་ནག་པོ་ལ་བཙུན་མོ་ནད་ལས་གཏོང་བར་སྐུལ་ཞིང་། དེས་ནད་ལས་བཏང་ནས་བཙུན་མོ་ཁྱིམ་དུ་གཏེགས་སོ།།
གསར་འགོད་པ། ཁྲི་བདེ་གྲོལ།
|