ངོ་མཚར་བའི་དད་སྟོབས་དང་དགེ་མ་ཚུལ་ཁྲིམས་ལྷ་མོ་གླེང་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 18 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »ངོ་མཚར་བའི་དད་སྟོབས་དང་དགེ་མ་ཚུལ་ཁྲིམས་ལྷ་མོ་གླེང་བ།
ངོ་མཚར་བའི་དད་སྟོབས་དང་དགེ་མ་ཚུལ་ཁྲིམས་ལྷ་མོ་གླེང་བ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2019-01-26ལྟ་ཀློག (16385)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

དགེ་མ་ཚུལ་ཁྲིམས་ལྷ་མོའི་སྙིང་སྟོབས།

(འདིར་དངོས་བྱུང་ལོ་རྒྱུས་བོད་ཀྱི་བུད་མེད་ཅིག་གི་ངོ་མཚར་བའི་མི་ཚེའི་བརྒྱུད་རིམ་ཞིབ་འབྲི་བྱས་ཡོད)

གསར་འགོད་པ།  ཨ་སྐྱོང་འཇིགས་རྣམ།

གཅིག   ཁོ་མོས་མི་ཚེ་གང་བོར་བྱ་བ་འདི་བསྒྲུབ་དགོས་པའི་རྒྱུ་རྐྱེན་དང་འགོ་ཇི་ལྟར་བརྩམས་ཚུལ།

      དགེ་མ་ཚུལ་ཁྲིམས་ལྷ་མོའམ་ཁྱ་ལོ་ནི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་འཛམ་ཐང་རྫོང་ཀ་ཐོག་ཡུལ་ཤོག་ཀ་ཐོག་སྡེ་བའི་སྡེ་མི་ཡིན།  ཁོ་མོ་རང་ལོ་སོ་བརྒྱད་ཐོག་ཡུལ་ཁམས་གཞན་ཞིག་ཏུ་འགྲོ་བསམས་ནས་ཧོར་བྲག་མགོ་རུ་ཐོན་ཏེ་དེར་འཁོར་གདོང་སྤྲུལ་སྐུ་འགྱུར་མེད་རྡོ་རྗེར་མཇལ་བ་ན་ཁོང་གིས་བུད་མེད་འདི་ལ་ཟླ་བ་གཅིག་གི་ཚེ་ཚད་ལས་མེད་ཀི་ཤི་རྗེས་བདེ་བ་ཅན་དུ་སྐྱེ་ངེས་རེད་ཁྱོད་ལ་རྨི་ལམ་འདྲ་ཨེ་ཡོང་ཐ་གསུངས།  དེར་མོས་བསམ་བློ་བཏང་བ་ན་ལམ་དུ་དཀའ་ཁ་ཟེར་ས་དེར་ཞག་གཅིག་བསྡད་པའི་རྨི་ལམ་དུ་ཁྱོད་འཆི་རུ་འགྲོ་བ་ཨེ་ཡིན་ཟེར་བ་ཞིག་རྨིས་ཡོད།


འཁོར་གདོང་སྤྲུལ་སྐུ་འགྱུར་མེད་རྡོ་རྗེ།

     དེའི་རྐྱེན་གྱིས་མོ་རང་ཡུལ་གཞན་དུ་མ་སོང་བར་ཕྱིར་ཕ་ཡུལ་དུ་འོང་ནས་དོ་སྣང་དེ་ཙམ་མ་བྱས་པར་བསྡད། ཉིན་ཞིག་འཛམ་ཐང་གཙང་བའི་བླ་མ་ཡོན་ཏན་བཟང་གི་མདུན་དུ་སོང་ནས་དེ་ལུགས་ཞུས་ཤིང་མོ་རང་ཞོར་ལས་སུ་འགྲོ་རྒྱུ་གྲ་སྒྲིག་བྱས་པ་ན།  བླ་མས་སྔོན་ནས་སྡེ་དགེའི་བླུག་པ་བ་ཨ་སྣང་ལ་བཤད་དེ་རིན་ཆེན་སྣ་ལྔ་བསྲེས་ནས་ཆེད་དུ་བླུག་ཡོད་པའི་ཚ་སྐོང་མཆོད་བརྒྱད་མ་དེ་མོའི་ལག་ཏུ་གཏད་ནས་ཁྱོད་རང་མི་འཆི་ཁྱོད་ཀྱིས་ད་ནས་བཟུང་ཚ་ཚ་དཔར་དགོས་པ་དུས་ལ་བབས་ཡོད་གསུངས།  དེ་ནས་མོས་བསམ་བློ་ཅུང་ཙམ་བཏང་ནས་ལགས་སོ་དེ་རིང་ནས་བཟུང་ངས་ཞོར་ལས་ཀྱི་ཆེད་དུ་ས་འཇོར་ཁམ་གང་མི་བརྐོ།  ཚ་འབུམ་བཅུ་གསུམ་དཔར་རྒྱུ་དང་ཕྱག་འབུམ་ཞིག་འཚལ་རྒྱུ་ཁྱེད་ཀྱི་མདུན་ནས་ཁས་བླངས་པ་ཡིན་ཞུས།


ཇོ་ནང་འཛམ་ཐང་གཙང་བའི་བླ་མ་ཡོན་ཏན་བཟང་།

     དེ་ནས་མོས་བླ་མའི་མདུན་ནས་འབུམ་ལྔ་བསགས་སྦྱང་དང་སེམས་ཁྲིད་སོགས་ཞུས་རྗེས་བླ་མས་གནང་བའི་ཚ་སྐོང་དེ་བཟུང་ནས་རང་ཡུལ་དང་རྔ་བའི་རྩི་ནང་དགོན། བསེ་དགོན་པ་སོགས་སུ་སོང་ནས་ཉིན་རྒྱུན་ཚ་ཚ་ཁོ་ན་གདབ་སྟེ་ལོ་འགའ་སོང་།  ལྷག་པར་དུ་ད་ལྟའི་ཇོ་ནང་སྐྱབས་མགོན་སྒས་སྤྲུལ་འཇིགས་མེད་རྡོ་རྗེས་རྩི་ནང་དགོན་དུ་ས་གནད་ལ་གཟིགས་ཏེ་དེར་ཚ་ཚ་གདབ་ན་ལེགས་ཚུལ་གསུངས་པ་བཞིན་དེ་རུ་མོས་ཡུན་རིང་བོར་ཚ་ཚ་བཏབ་ནས་བསྡད།



བླ་མས་གནང་བའི་ཚ་སྐོང་འདི་ཁོ་མོས་མི་ཚེ་གང་བོར་བཟུང་ཡོད།

      བར་སྐབས་ཤིག་ལ་མོ་རང་གཅིག་པུ་ལམ་ལ་ཆས་ཏེ་གནས་རྩ་ཆེན་དང་རི་ཁྲོད།  སྒྲུབ་སྡེ་སོགས་སུ་ཚ་ཚ་གདབ་པ་དང་ཕྱག་འཚལ་བ།  མཆོད་མེ་ཕུལ་བ་སོགས་བྱས་ཏེ་རིམ་བཞིན་གཙང་ལྷ་རྩེ་རྫོང་ཇོ་ནང་དུ་ཐོན།

      དེར་ཇོ་ནང་རི་ཁྲོད་དང་རྟག་བརྟན་དགོན་པ་གཉིས་ཀྱི་ཕྱོགས་སོ་སོར་རེབ་ཐེངས་འདིར་ལོ་ལྔའི་རིང་ཁོ་མོ་གཅིག་པུས་ས་ཚ་གདབ་པ་དང་ཕྱག་འབུམ་འཚལ་བ།  ཚེ་ཐར་སློང་བ་མཆོད་མེ་འཇོག་པ་སོགས་དགེ་ལས་ཁོ་ན་བསྒྲུབས།  དེར་ཐག་ཉེར་ས་ལེན་ས་མེད་པས་མོས་རང་གིས་སྤྲང་ཟས་སུ་ལོན་པའི་རྩམ་པ་དང་མར་ནག་སོགས་གཞན་ལ་བཙོང་སྟེ་དེའི་རིན་གྱིས་ས་འདྲུད་འཁོར་ལོའི་གླ་ཆ་བྱས་ཏེ་ས་བསྐྱལ་ནས་ཚ་ཚ་བཏབ་པ་ཡིན།


རྗེ་བཙུན་ཀུན་དགའ་སྙིང་བོས་ཕྱག་བཏབ་པའི་རྟག་བརྟན་ཕུན་ཚོགས་གླིང་།

     མོས་གཞན་ལས་བསླངས་པ་དང་གཞན་གྱིས་རང་རྟོགས་ཀྱིས་ཕུལ་བ་བཅས་ཀྱིས་གནས་དེར་ཡོད་པའི་ཇོ་ནང་སྐུ་འབུམ་མཐོང་གྲོལ་ཆེན་མོའི་ཉེ་ཟུར་དུ་ས་རྡོ་བསྐྱལ་ཏེ་མཆོད་རྟེན་ཆུང་ཆུང་འགའ་ཞིག་གསོ་བྱས།  སྐུ་འབུམ་མཐོང་གྲོལ་གྱི་སྐུ་ཁང་ནང་དུ་མོས་སྐུ་ཚ་མང་བོ་དཔར་ཏེ་བཞག  དེ་མ་ཡིན་པ་རྟག་བརྟན་དགོན་པ་ཡོད་སའི་ཐག་ཉེ་ཞིག་ཏུ་མཆོད་རྟེན་ཆེ་ཞིག་ཡོད་པ་དེའི་ནང་མོས་ཚ་འབུམ་མང་བོ་པར་བ་ལེགས་པར་གྲུབ་རྗེས་ཇོ་ནང་བླ་མ་སྐལ་ལྡན་གྱི་དངོས་སློབ་བླ་མ་མཁས་གྲུབ་རྒྱ་མཚོས་རོགས་བྱས་ཏེ་མར་ཁུ་ཟངས་སྣོད་གང་མཆོད་རྟེན་ནང་དུ་བཞག་སྐབས་ནང་དུ་ངོ་མཚར་བའི་རི་མོ་བཀྲ་ཞིང་ཕྱི་རུ་འཇའ་སྤྲིན་ཤར་བའི་རྟགས་མཚན་ལ་དེར་ཡོད་ཀུན་གྱིས་དོ་སྣང་བྱེད་དགོས་པའི་ལོ་རྒྱུས་ཆགས་ཡོད།


ཇོ་ནང་རི་ཁྲོད་དང་ཀུན་མཁྱེན་སྐུ་འབུམ་མཐོང་གྲོལ་ཆེན་མོ།

     མོ་རང་སྔ་ཕྱིར་ཐེངས་ལྔ་ལ་གནས་འདིར་འོང་ནས་མི་ལོ་མང་བོར་སྐུ་ཚ་གདབ་པ་སོགས་དགེ་ལས་ལ་བརྩོན་པས་ད་ལྟའང་ས་དེར་ཨ་མདོའི་ཇོ་མོའི་སྙིང་སྟོབས་འདྲ་འདྲ་ཟེར་ནས་གླིང་སྲོལ་ཡོད་རབས་ཐོས་ཞེས་ཀ་ཐོག་གྲྭ་བ་བསོད་སྟོབས་སོགས་མང་བོས་བཤད་འདུག

      རིམ་གྱིས་གངས་ཏི་སེ་དང་མཚོ་མ་ཕམ་སོགས་སུ་སོང་ནས་གནས་འབྲེལ་དང་ཚ་ཚ་གདབ་པ་སོགས་བྱས།  ཕྱིར་ལམ་ཁམ་པ་རྫོང་གི་མཆོད་རྟེན་ཉི་མ་ཟེར་ས་ཞིག་ཏུའང་མོས་ཚ་འབུམ་བཞག་སྟེ་ཕ་མའི་དྲིན་ལན་སོད་པར་སྨོན་ལམ་བཏབ་རྗེས་གཙང་ས་སྐྱར་འབྱོར་ནས་སྐུ་ཚ་མང་བོས་ཆོས་འབྲེལ་བཞག

    དེ་བཞིན་བསམ་ཡས་གཙོས་ལྷོ་ཁ་དང་དབུས་གཙང་ཕྱོགས་སུ་ཚ་ཚ་དང་ཕྱག་སྐོར་སྒྲིབ་སྦྱོང་བཅས་ཀྱིས་གནས་འབྲེལ་མང་ཙམ་བཞག  ལྷག་པར་དུ་བསམ་ཡས་སུ་ཡུན་རིང་བོར་བསྡད་ནས་སྒྲིབ་སྦྱོང་བྱས་ཤིང་ཡུལ་དེའི་སྒྲུབ་གནས་ཤིག་ཏུ་འཁོར་ཆུང་འགའ་ཡང་སྦྱངས་ཡོད་ཟེར།

      དེ་ནས་ཕྱིར་རང་ཡུལ་ཕྱོགས་སུ་འོང་ནས་འབའ་ལྷ་སྒང་དང་ཁྲོ་སྐྱབས་ཐུགས་ཆེན།  མི་ལའི་སྲས་མཁར།  མགོ་ལོག་ལུང་སྐྱ་དགོན།  མདོ་ལིའི་རྡོ་ཁ་དགོན་སོགས་མདོ་སྨད་ཕྱོགས་ཀྱི་སྒྲུབ་སྡེ་མང་བོ་ཞིག་ཏུ་སོང་ནས་ཕྱག་སྐོར་དང་ཚ་ཚ་གདབ་པ་སོགས་ཀྱི་ཆོས་འབྲེལ་བཞག  མགོ་ལོག་བྱ་བྲལ་བླ་མ་ཆོས་དབྱིངས་ཚང་གིས་ཁྱོས་མཆོད་རྟེན་ནང་སྐུ་ཚ་ཞོག་གསུངས་པ་བཞིན་མཆོད་རྟེན་མང་བོའི་ནང་དུ་མོས་སྐུ་ཚ་བཞག  གསེར་རྟ་བླ་རུང་སྒར་དུ་མཁན་པོ་འཇིགས་མེད་ཕུན་ཚོགས་མདུན་དུ་ཆོས་ཞུས་ནས་ཟླ་གཉིས་ལ་བསྡད་ཡོད།  ༢༠༠༢ལོར་བླ་མ་ཡོན་ཏན་བཟང་སྐུ་ཞི་བར་གཟིམས་སྐབས་མོས་སྐུ་འབུམ་བརྒྱ་པར་རྒྱུ་ཁས་ལེན་བྱས་པ་ལེགས་པར་གྲུབ།

     མོ་རང་འཇིག་རྟེན་གསར་རྙིང་གཉིས་ལ་སྟོད་ཉི་མ་ལྷ་སར་རེབ་ཐེངས་ལྔ་དང་ཇོ་ནང་རྟག་བརྟན་དུ་ཐེངས་ལྔ་ལ་སོང་ཡོད་པ་དང་འཇིག་རྙིང་བོད་ཀྱི་བླ་མའི་མདུན་ནས་ཆོས་འབྲེལ་ཐོབ་ཡོད་པ་སོགས་མོས་བཤད་འདུག

གཉིས།  ངོ་མཚར་སྐྱེ་འོས་པའི་ཁྱད་ཆོས་གཞན་ཞིག་ནི་མོས་མི་རྟག་པ་བསྒོམས་ཏེ་དུས་ཚོད་ཆུད་ཟོས་སུ་མི་གཏོང་བ་འདི་རེད།

     དེ་ཡང་ཉིན་རེའི་ནངས་སྔ་མོ་ནམ་ཅུང་མ་གསལ་གོང་ཡར་ལ་ལངས་ནས་མོའི་ཁྱིམ་ཚང་གི་ཐག་ཉེར་ཡོད་པའི་སྐུ་ཚ་གདབ་སར་སོང་སྟེ་སྐུ་དང་ཚ་ཚ་དཔར་རྗེས་ཉི་མ་ཤར་ཙམ་ལ་དེ་རུ་མོ་རང་གིས་ཇ་སྐོལ་བ་མགྱོགས་འཐུང་བྱས་ནས་སྔར་བཞིན་སྐུ་ཚ་གདབ་པའི་ལས་ཀར་ཞུགས།  མུན་རུབ་རྗེས་ད་གཟོད་ཕྱིར་རང་ཁྱིམ་དུ་འོང་བ་ལས་དེའི་སྔོན་ལ་ཁྱིམ་དུ་འོང་ནས་ཇ་འཐུང་བ་དང་ངལ་གསོ་བ་སོགས་བྱེད་ནི་མ་རེད་ཟེར།  ཉིན་ཞིག་ཁྱིམ་མིས་ཁྱོས་མར་ཕྱུར་སོ་མ་རེ་ཡོད་ནོ་མ་ཟོས་པ་ཅི་ཡིན་ཞེས་དྲིས་པ་ན་ངས་ཚ་ཚ་གདབ་དགོས་ནི་རེད་ཟ་ཁོམ་ཞིག་གང་ན་ཡོད་ཅེས་ལན་བཏབ་ཀི་ཟེར།


དགེ་མ་ཚུལ་ཁྲིམས་ལྷ་མོའི་ཕྱག་ཚ་གདབ་སའི་ཚ་ཁང་།

     མོའི་ལག་པ་གཡས་པའི་རུས་ཚིགས་ཕྱིར་བུད་དེ་བསྐྱང་སྐུམ་མི་ནུས་པས་རམ་འདེགས་ཙམ་ལས་ལས་ཀ་ཆེན་པོ་ལས་མི་ཐུབ།  དེ་བས་མོས་ས་རྫི་བ་དང་ཆུ་ལེན་པ་སྐུ་ཚ་གདབ་པ་སོགས་ལས་ཀ་ཡོད་ཚད་ལག་པ་གཡོན་པས་གཙོ་བོ་ལས་དགོས།

     ཡིན་ནའང་མོས་སྡུག་རུས་ཁོ་ན་བྱས་ཏེ་དུས་རྒྱུན་གྱི་ལས་རོགས་ཨ་སྒྲོན་དང་ཀོས་སྐྱིད་གཉིས་དང་མཉམ་དུ་དབྱར་དགུན་སྟོན་དཔྱིད་ཀྱི་དུས་ཚིགས་བཞི་བོར་རྒྱུན་མི་ཆད་པར་ཉིན་བརྒྱ་ཉིན་གཅིག་ལྟར་སྐུ་དང་ཚ་ཚ་དཔར་ཏེ་ད་ལྟའི་ཀ་ཐོག་ཚ་འབུམ་ཡོད་ས་འདི་གཅིག་པུར་མོས་སྐུ་ཚ་དཔར་ནས་མི་ལོ་ཉེར་བཞི་སོང་ཡོད་ལ་ས་འབྲད་བྱེད་ལྕགས་ཀྱི་སྦྱར་ཁེམ་དྲུག་ཟད་ཡོད། དགུན་ཁ་ཇི་འདྲའི་ཙག་སེར་ཆེ་ཡང་ཁོ་མོས་ཚ་ཚ་གདབ་སའི་ས་དང་འཇིམ་པ་ཙག་གིས་འཁྱེར་མི་སྲིད་ཀི་ཅེས་ཀ་ཐོག་བླ་མ་བསོད་ནམས་བཟང་དང་བསོད་སྟོབས་གཉིས་ཀྱིས་ངོ་མཚར་དུ་གླེང་འདུག



མོའི་ཚེ་གང་བོར་ས་འབྲད་སྦྱར་ཁེམ་དྲུག་ཟད་སོང་བ་ལས་འགའ་ཞིག

     མདོར་ན་མོས༡༩༧༢རང་ལོ༣༨ཐོག་བླ་མ་ཡོན་ཏན་བཟང་གི་ཐུགས་བཀོད་ལྟར་མོས་བླ་མའི་སྐུ་མདུན་དུ་ཁས་བླངས་པ་ནས་བཟུང་རང་ལུས་ལ་ན་ཚ་རེ་མ་བྱུང་ཕྱིན་ཉིན་གཅིག་ལ་མ་བསྡད་པར༢༠༡༨ལོའི་ཟླ༡༠བའི་ཚེས་འགོ་བར་ཏེ་ཁྱོན་མི་ལོ༤༦རིང་སྐུ་དང་ཚ་ཚ་རྒྱུན་མི་ཆད་པར་དཔར་ནས་བོད་ཀྱི་བུ་མོ་ཞིག་གི་ཧང་སང་བའི་སྙིང་སྟོབས་དེ་མཚོན་པར་བྱས་ནས་བསམ་མི་ཕོད་པའི་ངོ་མཚར་ཞིག་བསྐྲུན་ཡོད་པ་རེད།


ཀ་ཐོག་ཚ་འབུམ་འདིར་ཁོ་མོས་མི་ལོ་ཉེར་བཞིའི་རིང་ཚ་ཚ་དཔར་ཡོད།

གསུམ།   མོས་གཞན་ལས་ཐོབ་པའི་རྒྱུ་རྫས་ཁོང་དུ་མི་གཏོང་བར་འདོད་ཆུང་ཆོག་ཤེས་ཁོ་ན་བྱེད་པ་ནི་ཡིད་འགུལ་ཐེབས་པ་ཞིག་རེད།

     མོས་རང་གི་ཁྱིམ་མི་ལ་བཤད་ཡོད་པ་ལྟར་མོ་རང་ཇོ་ནང་རི་ཁྲོད་དུ་ལོ་མང་བོར་འདུག་རིང་ཁ་ཟས་རྩམ་པ་ཙམ་ལས་ཟ་རྒྱུ་མེད་རུང་ཡུལ་དེར་སློང་མོ་ལས་རྙེད་པའི་མར་ནག་ལོན་ཚད་ཀྱིས་མཆོད་མེ་འཇོག་པ་དང་ཡང་ན་དངུལ་ལ་བརྗེས་ཏེ་ས་འདྲུད་བྱེད་ཀྱི་གླ་ཆ་བྱེད་པ་དང་སྲོག་བླུ་སོགས་བྱས་པ་ཡིན།   དེ་མིན་ཚ་སྐོང་ངོས་སུ་བཀུ་བ་དང་ལག་པར་སེར་ཁ་གས་ཚེ་ཅུང་རེ་བྱུག་ཡོད་པ་མ་གཏོགས་མར་ནག་དེ་རང་གི་ཁ་རུ་སོང་མྱོང་མེད་ཅེས་བཤད་ཡོད།

     རྗེས་མར་མོ་རང་གི་དགེ་ལས་སྙིང་སྟོབས་ལ་ཡུལ་མི་ཚོ་ཡི་རང་དང་ངོ་མཚར་སྐྱེས་ཏེ་དངུལ་དང་ཟས་གོས་མང་བོ་ཕུལ་ཡོང་རུང་མོས་ཤི་བོ་ཟེར་རྒྱུ་དེ་མུ་ཟི་སྒམ་གང་གི་རྗེས་ལ་ཡང་འོང་ནི་རེད།  ང་ཚོས་འདི་དག་ཁོང་ལ་འགྲོ་མི་ཉན་ཞེས་ཡོད་ཚད་མཆོད་མེ་སོགས་དགེ་ལས་ཀྱི་ཕྱོགས་ལ་ཕུལ་འཇོག་ནི་རེད་ཅེས་མོའི་ཁྱིམ་མི་དག་གིས་ཡང་ཡང་བཤད་འདུག


དགེ་མ་ཚུལ་ཁྲིམས་ལྷ་མོས་ཚ་ཚ་གདབ་བཞིན་པའི་རྣམ་པ།

བཞི།   དད་པས་དྲངས་པའི་མཐོང་སྣང་།

    ཀ་ཐོག་བླ་མ་ཚོགས་གཉིས་ནི་གདོང་ཡོན་བླ་མ་མཚམས་པ་སྨོན་ལམ་བཟང་བོའི་སློབ་མ་ཡིན་ལ་མི་གཞི་བཟང་ཞིང་དམ་སྡོམ་གཙང་བས་ཡུལ་དེར་བརྩི་བཀུར་ཆེན་པོ་ཡོད་ས་ཞིག་རེད།  ཁོང་ད་ལྟ་དགུང་ལོ༨༧ཡིན་ཞིང་ཁོང་གིས་འདིའི་སྐོར་གསུང་རྒྱུར།  ཉིན་ཞིག་ཁྱ་ལོ་ལ་ངས་བླ་མ་ཡོན་ཏན་བཟང་གིས་ཁྱོད་ལ་ཞལ་ཇི་ལྟར་གཟིགས་པ་རེད་ཅེས་དྲིས་ནི་ཡིན།  མོས་ང་ལ་བཤད་རྒྱུར། སྔ་དྲོ་ཞིག་ལ་ཚ་ཚ་པར་ཞོར་མར་གསང་ལུང་དགོན་པའི་ཕྱོགས་ལ་བལྟས་པ་ན་བླ་མ་ཡོན་ཏན་བཟང་གི་སྐུ་པར་ཧ་ཅང་ཆེན་པོ་ཞིག་དངོས་སུ་བར་སྣང་ན་མཐོང་འདུག་གི  དེ་ནས་ངའི་བླ་མ་ནི་འདི་ན་ཡོད་ཀི་ཟེར་ཞོར་ང་རང་ངུས་བཞག་པ་ཡིན།  ཉིན་དེར་ངའི་སེམས་སྐྱོ་ནས་ཚ་ཚ་པར་འཕྲོ་བཞག་སྟེ་ཡར་ཁྱིམ་དུ་འོང་ནས་ཉལ་བསྡད་པ་ཡིན་ཟེར་གི་ཞེས་གསུངས་འདུག

     ན་ནིང་སྟེ༢༠༡༧ལོའི་ཟླ༡༠བའི་ནང་བླ་མ་འོད་ལྡན་སོགས་ཀྱིས་རོགས་བྱས་ཏེ་གཟུངས་ཆེན་སྡེ་ལྔ་གཟུངས་གཞུག་ཏུ་ཕུལ་ཏེ་ས་ཚ་པར་བ་ན་ཕྱིའི་ཉིན་ཚ་ཚའི་ངོས་སུ་མེ་ཏོག་དཀར་བོ་མང་བོ་ཁྲ་སྤུངས་སེ་ཡོད་འདུག་པ་དེར་ཡོད་ཚང་མས་མཐོང་ཡོད་འདུག དེ་དུས་མོས་ཇོ་ནང་ཚང་གིས་འདི་ལ་བདུད་རྩི་བབས་ཟེར་ནི་རེད་ཅེས་བཤད་ཀི་ཟེར།   དོན་གྱིས་འགྲུབ་རྟགས་ཐོན་པ་ཡིན་རྒྱུ་རེད་ཅེས་ད་ལྟ་ཚང་མས་བཤད་འདུག་སྟེ་གང་ལྟར་སྐབས་དེར་བླངས་པའི་མེ་ཏོག་དཀར་བོའི་པར་དེ་འདིར་དངོས་སུ་མཐོང་རྒྱུ་ཡོད་པ་འདི་རེད།


༢༠༡༧ལོར་ཁོ་མོའི་ཕྱག་ཚ་ལས་བདུད་རྩི་བབས་པ།

ལྔ།  དགེ་མ་ཚུལ་ཁྲིམས་ལྷ་མོ་འདས་གྲོངས་སུ་གྱུར་པའི་གནས་ཚུལ་ངོ་སྤྲོད།

      ད་ལོ་སྟེ༢༠༡༨ལོའི་ཟླ༡༠བའི་ཟླ་མཇུག་བར་དུ་མོས་དགེ་ལས་ཀྱི་བྱ་བ་མཚམས་འཇོག་མྱོང་མེད་ནའང་དུས་ཚོད་འདི་ཙམ་ནས་ལུས་ཕུང་གིས་མི་ལྕོག་པར་ཉིན་རེར་ཉུང་ཙམ་ལས་དཔར་མི་ཐུབ་པ་དང་རིམ་བཞིན་ཉིན་ཤས་ཀྱི་འཕྲོ་ནས་ཐེངས་རེར་ཚ་ཚ་འགའ་དཔར་རྗེས་ངལ་གསོ་དགོས་བྱུང་ཡོད།  ད་ལོ་ཁོ་མོ་རང་ལོ༨༤ཡིན་འདུག

     ཟླ་བ་འདིའི་སྔ་གཞུག་ལ་མོས་ཁ་བརྡ་བྱས་པའི་སྐོར་ཀ་ཐོག་བླ་མ་ཚོགས་གཉིས་ཚང་གིས་འདི་ལྟར་གསུངས་ཀི  ངས་འོད་ལྡན་ལ་དྲིས་པ་ཡིན་ཏེ་ད་ལོ་དབྱར་ཁ་ཞིག་ནས་ངའི་མས་འདི་འདྲ་ཟེར་གི  ལྷོ་ཕྱོགས་ནས་སྐུ་མདོག་སེར་བོ་ཅན་མང་བོ་འོང་ནས་བྱང་ཕྱོགས་སུ་བུད་འགྲོ་བ་དང་།  བྱང་ཕྱོགས་ས་ནས་སྐུ་མདོག་ལྗང་གུ་ཅན་མང་བོ་འོང་ནས་ལྷོ་ཕྱོགས་སུ་བུད་འགྲོ་བ།  ནུབ་ཕྱོགས་ས་ནས་དར་ཁ་བཟུང་ཡོད་པ་མང་བོ་འོང་འདུག་པ་མིག་ལམ་ལ་འཆར་གི་ཟེར་འདུག

     མཚམས་རེར་རྣ་ལམ་དུ་བླ་མའི་སྐད་འདྲ་བ་ཞིག་གིས་ང་ལ་ཁྱོས་སྐུ་དང་ཚ་ཚ་དཔར་བ་མཐར་ཕྱིན་ནི་རེད་ཟེར་བ་དང་།  ལན་རེར་དེ་ལས་ཕྲ་བའི་སྐད་ཅིག་རྣ་ལམ་ལ་གྲགས་འདུག་གི་དེ་ནི་བླ་མ་ཡེ་ཤེས་དེ་ཡིན་ཁུང་ཡོད་ཀི་ཟེར་གི་གསུངས།

     ཉིན་ཤས་སྔོན་མོས་ཁ་མི་གྲགས་པར་འདུག་ཚེ་ཁྱོས་ཇ་འཐུང་ཞེས་འབོད་པ་ན་མོས་ང་ལ་མ་འབོད་ན་སྐྱིད་ཀི  ངས་བླ་མ་ཡོན་ཏན་བཟང་དང་འོད་དཔག་མེད་གཉིས་ཀ་རིག་འདུག་གི་ཟེར་གི་འདི་སྒྲོན་དཀར་གྱིས་ང་ལ་བཤད་ཐ་གསུངས།  ངས་རོ་ཐོ་འདི་བསྐྱུར་ཐུབ་ན་དགའ་དགའ་འབུམ་མིན་ན་ང་རང་བླ་མའི་མདུན་དུ་ཐོན་བཞག་ཐུབ་ཀི་ཟེར་ནི་རེད།  བླ་མར་མི་ཐུག་ཆག་གཏན་ནས་མི་བྱེད་ཀི  ཁར་ཉིན་འཇའ་སྤྲིན་ཤར་བར་ལྟོས་དང་མོ་རང་བཟང་བོ་ཞིག་ཡིན་གསུངས།

     སྤྱི་ཟླ༡༠བའི་ཚེས༢༥ཉིན་ང་རང་ལ་ལྷ་བཟོ་འགྲོ་ཕན་དང་དཀོན་མཆོག་སྒྲོན་མ་གཉིས་ཀྱིས་རོགས་བྱས་ཏེ་དགེ་མའི་ཁྱིམ་དུ་རྒྱུས་ལོན་བྱེད་དུསོང་མོད།  དེ་དུས་མོས་སྐད་ཆ་མང་བོ་བཤད་མི་ཐུབ་པས་ང་ཚོ་མོ་ལ་ངོ་མ་ཐུག་སྟེ་ཁྱིམ་མི་བླ་མ་འོད་ལྡན་སོགས་ཀྱིས་ཀྱང་གོང་གསལ་ལྟར་ངེད་ཅག་ལ་བཤད་པ་དང་།  ད་དུང་མོས་མིག་བཙུམ་ནས་འདུག་ཚེ་ཨོ་འདི་དག་ཅི་འདྲའི་ཡག་པོ་རེད་ཁྱོད་ཅག་གི་ཉན་བྱེད་པོས་འདི་དག་པར་ཐུབ་ནི་ཨེ་རེད་ཟེར་བ་དང་།  ཁྱིམ་དུ་འོང་ཚེ་དེ་ན་སློབ་དཔོན་གྱི་སྐུ་མང་བོ་ཡོད་ཀི་དེ་དག་ཡར་ལ་ཞོག་ཅེས་བཤད་ཀི་ཟེར།

     དེ་མིན་ང་རང་ཤི་མི་ཐུབ་པ་བྱུང་ན་སེང་གེ་ཉལ་སྟབས་སུ་འཇོག་རྒྱུ་དང་།  ང་ཇོ་ནང་དུ་འདུག་སྐབས་རྨི་ལམ་ཞིག་ཡོད་པས་ང་ཤི་རྗེས་ངའི་རུས་པ་དེ་བཙོག་ཏུ་འཇུག་མི་ཉན་ཞེས་ཁ་ཆེམས་འདི་གཉིས་སྔོན་ནས་ཐེངས་མང་བོར་བཤད་དཔེ་ཟེར་བ་སོགས་མོའི་མི་ཚེའི་བརྒྱུད་རིམ་ཁ་ཚང་ཞིག་ང་ཚོར་བཤད་པ་ངེད་ཅག་གིས་ཀྱང་ཟིན་བྲིས་བགྱིས་པ་ཡིན།

      སྤྱི་ཟླ༡༡པའི་ཚེས༡༧ཉིན་གནམ་གཤིས་ཧ་ཅང་ངན་པས་ཙག་རླུང་ཁ་འཚུབ་ཁོ་ན་བྱེད་འདུག  ཉིན་འདིར་མོས་བླ་མ་འོད་ལྡན་ལ་འདི་ལྟར་བཤད།  ལྷོ་ཕྱོགས་ཀྱི་ལུང་བ་ཆེན་པོ་ཞིག་གི་ནང་དུ་རིགས་མི་འདྲ་བའི་སྲོག་ཆགས་རབ་ཏུ་མང་བོ་ཡོད་པ་དེ་དག་ངས་འོད་དཔག་མེད་ཀྱི་ཞིང་དུ་ཁྲིད་ཐུབ་ཀི་ཡོད་སྣང་ཤར་གི་ཟེར་འདུག

     ཕྱི་དྲོ་ཙམ་ལ་ང་རང་ནུབ་ཕྱོགས་སུ་འཁོར་ནས་རྡོ་རྗེ་དཀྱིལ་ཀྲུང་དུ་འདུག་དགོས་ཟེར།  དེ་ནས་ཁ་ནུབ་ཕྱོགས་སུ་བསྐོར་ནས་བཞག་པ་ན་མོས་འགྲོ་བ་སེམས་ཅན་ཐམས་ཅད་ཕྱིར་མི་ལྡོག་པའི་ཞིང་དུ་སྐྱེ་བར་ཤོག་ཟེར།  ཉིན་དེའི་མཚན་མོར་མོས་ཀུན་མཁྱེན་རིན་པོ་ཆེ་ཞེས་ལན་གསུམ་དང་།  ཏཱ་ར་ན་ཐ་ཞེས་ལན་གསུམ་འབོད་པ་བྱས་རྗེས་མོས་ཀུན་མཁྱེན་བྱོན་ནོ་ཁྱེད་ཅག་གིས་ཨེ་གོ་ཟེར།  མཚན་མོའི་དུས་ཚོད ༤:༣༠ཙམ་ནས་ང་རང་སེང་གེ་ཉལ་སྟབས་སུ་ཞོག་ཟེར།  དེ་ལྟར་མོའི་སྣང་བ་དགའ་ཡལ་ལེ་རིག་པ་སྤྲོ་སངས་སེ་ལུས་སེམས་ལ་མི་བདེ་བའི་ན་ཚ་དང་ཟུག་ངུ་ཅུང་ཙམ་ཡང་མེད་པར་རིམ་གྱིས་མར་མེ་གཟིམས་པ་ཇི་བཞིན་སྤྱི་ཚེས༡༨ཉིན་གྱི་དུས་ཚོད༨དང་སྐར༥ཡི་ཐོག་མོའི་འདི་སྣང་གཏན་དུ་འགག་པར་གྱུར་ཡོད།

      དེ་ནས་ཇོ་ནང་བསྟན་པ་སྤྱིའི་སྐྱབས་མགོན་རྡོ་རྗེ་འཆང་ངག་དབང་འཇིགས་མེད་རྡོ་རྗེའི་མདུན་དུ་བླ་མ་འོད་ལྡན་སོང་ནས་རྒན་རྒོན་ཞིག་ཤི་བའི་གནས་ཚུལ་ཐད་ཁྱེད་ལ་ཇི་ལྟར་བྱེད་ཅེས་དྲི་བ་ནི་མི་འོས་མོད་ཅེས་ཞུས་པ་ན་ཁོང་གིས་རྒན་རྒོན་ཡིན་མིན་མི་ཁྱད་བྱང་ཆུབ་སེམས་དཔའ་ཟེར་བ་དེ་གར་ཡོད་ཤེས་ནི་མ་རེད།  ཉིན་གསུམ་གྱི་རིང་མགོ་ནག་མི་ཞིག་ལ་མ་བཤད་དེ་ནས་ང་རང་འོང་ནས་ཇི་ལྟར་བྱེད་དགོས་ལྟ་གསུངས།

     ཉིན་གསུམ་གྱི་རྗེས་སྔ་མོའི་དུས་ཚོད༦ཐོག་ཇོ་ནང་སྐྱབས་མགོན་དངོས་སུ་བྱོན་ནས་གཟིགས་རྗེས་ད་དུང་ཉིན་གསུམ་ལ་མ་སྒུལ་བར་ཞོག་གསུངས།

     སྤྱིར་འདི་སྐོར་གནམ་གཤིས་གྲང་ངར་ཆེ་བས་མཚོ་སྔོན་པོ་རྟ་ནག་མ་རུ་ཁ་ཐན་གྱིས་ནོར་ལུག་ཤི་བའི་གནས་ཚུལ་གསར་ལམ་ཁག་ཏུ་ཐོན་པ་སོགས་ཕྱོགས་སོ་སོར་ཁ་བ་བབས་ཤིང་ཙག་རླུང་ཆེ་བ་ནི་ལོ་སྔོན་མ་དག་དང་མི་འདྲ་བ་ཞིག་རེད།  ཡིན་ཡང་ཚེས༡༨ཉིན་ནས་བཟུང་ཡུལ་འདིར་གློ་བུར་དུ་གནམ་གཤིས་ལ་འགྱུར་ལྡོག་བྱུང་སྟེ་གནམ་ངོ་རབ་ཏུ་དྭངས་ཤིང་ཉིན་རེ་བཞིན་ཇེ་དྲོར་སོང་སྟེ་ཚེས༢༩ཉིན་ཞུགས་འབུལ་བྱས་ཡོད་པའི་བར་གྱི་ཉིན༡༢གྱི་རིང་ལ་ཚང་མས་གནམ་གཤིས་ཀྱི་ལྟ་ཚུལ་ཐད་ཡ་མཚན་དུ་གླེང་དགོས་པ་ཞིག་བྱུང་ཡོད།  འདས་རྗེས་ཀྱི་ལོ་རྒྱུས་འདི་དག་སྤྱི་ཟླ༡༢པའི་ཚེས༥ཉིན་ཕུར་རྩ་བླ་མ་ལུང་རིག་དང་ངེད་གཉིས་ཆེད་དུ་ཡང་བསྐྱར་ཁོང་ཚང་ལ་སོང་ནས་རྒྱུས་ལོན་བྱེད་ཐུབ་པ་བྱུང་།

དྲུག  དགེ་མ་ཚུལ་ཁྲིམས་ལྷ་མོའི་སྐུ་ཕུང་ཞུགས་འབུལ་བྱེད་སྐབས་དང་དེའི་རྗེས་ཀྱི་གནས་ཚུལ།

      སྤྱི་ཟླ༡༡པའི་ཚེས༢༩ཉིན་མོའི་འདས་ཕུང་གདུང་ཁང་དུ་ཞུགས་འབུལ་བྱས་ཚེ་ལག་རོགས་བྱེད་མཁན་ཆོས་དཔལ་ཟེར་བ་ཞིག་གིས་ཐོག་མར་ཧ་གོ་ནས་ཞུགས་འབུལ་བྱེད་མཁན་གྲྭ་བ་ཐབས་མཁས་ལ་བཤད་དེ་ཁོང་གཉིས་ཀྱིས་བལྟས་པ་ན་གཞན་དང་མི་འདྲ་བར་འོ་མའི་རྒྱུན་ལྟ་བུ་ཞིག་གདུང་ཁང་དུ་འབབ་པ་མཐོང་ཞིང་བསྲེག་ཟིན་རྗེས་མགོ་རུས་འཐོར་མེད་པ་དང་མགོ་ལྟག་ཕྱོགས་ཀྱི་རུས་མདོག་ལྗང་གུར་གྱུར་ཡོད་པ་ནི་གཞན་དང་མི་འདྲ་བ་ཞིག་རེད་ཅེས་གྲྭ་བ་ཐབས་མཁས་ཀྱིས་དངོས་སུ་གསུངས་འདུག  སྦྱིན་སྲེག་བྱེད་སྐབས་འཇའ་སྤྲིན་ཡ་མཚན་པ་ཞིག་གདུང་ཁང་ཕྱོགས་སུ་ཤར་འདུག་པ་ནི་དེར་ཡོད་ཚང་མས་མཐོང་ཞིང་བརྙན་ལམ་དུའང་དད་ལྡན་འགས་ཨེ་ལྟོས་དང་འདི་འདྲའི་ཡ་མཚན་ཞིག་འདི་ཅི་ཞིག་ཡིན་ནམ་ཞེས་གླེང་ཞིང་ལྟ་བཞིན་པ་ནི་ངོ་མ་མཐོང་དཀོན་པ་ཞིག་རེད།


གདུང་ཞུགས་འབུལ་སྐབས་ཤར་བའི་འཇའ་སྤྲིན་གྱི་རི་མོ་ངོ་མཚར་ཅན།

     སྦྱིན་སྲེག་ཚར་ནས་ཕྱིར་ཐོན་སྐབས་ཚ་ཁང་གི་ཉེ་ཟུར་དུ་མེ་ཏོག་སེར་ཆེན་ཞིག་སྐྱེས་འདུག་པ་དཔལ་ལྡན་ལྷ་མོ་ཟེར་བས་ཐོག་མར་མཐོང་བ་ཚང་མ་སོང་ནས་བལྟས་ཡོད་པར་མ་ཟད།  ཉིན་འདི་དག་གི་རིང་ལ་མོའི་ཚ་ཁང་གི་ཉེ་ཟུར་དུ་མེ་ཏོག་ཡག་པོ་རེ་སྐྱེས་ཡོད་པའི་གནས་ཚུལ་གྲྭ་བ་ཐབས་མཁས་ཀྱིས་གསུངས་འདུག་པ་དང་མི་མང་བོས་པར་བླངས་ཏེ་དྲ་ལམ་དུ་བཀྲམ་ཡོད།


རྟགས་མཚན་བྱུང་བའི་པར་སྣ་ཚོགས།

༡ གདུང་ཞུགས་འབུལ་ཉིན་ཚ་ཁང་གི་ཟུར་དུ་བཞད་པའི་མེ་ཏོག་སེར་ཆེན།

     ཁོ་མོ་འདས་ནས་ཉིན་འགའ་སོང་རྗེས་ཚ་ཁང་གི་ལྟག་རྒྱབ་ཏུ་སྔོན་ཆུ་མགོ་ཞིག་ཡོད་པ་རྗེས་སུ་སྐམ་སོང་ཡོད་པ་དེའི་གཤམ་དུ་དྭངས་གཙང་གི་ཆུ་མིག་ཅིག་བརྡོལ་ཏེ་མེར་མེར་དུ་འཕྱུར་བ་དང་དེའི་ཟུར་དུ་སྔོ་ལྡུམ་ཞིག་གི་རྩེ་རུ་མེ་ཏོག་སེར་བོ་ཞིག་བཞད་འདུག་པ་བཅས་ལྷུན་གྲུབ་གྲགས་པ་དང་གྲྭ་བ་ཆོས་རྗེ་གཉིས་ཀྱིས་འདི་དངོས་གནས་ཡ་མཚན་ཞིག་རེད་ཅེས་བཤད་འདུག་པ་དེ་ང་ཚོ་ལ་བརྙན་བསྐུར་འོང་བ་སུས་བལྟས་ན་ཨ་འདི་ཡ་མཚན་ཞིག་རེད་མི་ཟེར་མཁན་མེད་པ་ལྟ་བུ་རེད། 

༢ ཁོ་མོ་འདས་རྗེས་ཚ་ཁངགི་འོག་ཏུ་གློ་བུར་དུ་འཕྱུར་བའི་དྭངས་གཙང་གི་ཆུ་མིག

    སྐུ་གདུང་ཞུགས་འབུལ་ཚར་རྗེས་ཀྱི་ཉིན་འགའི་འཕྲོ་ནས་ཚ་ཁང་དུ་ཕར་བལྟས་ཚོད་ལ་ཤིང་སྐམ་ལྟ་བུ་ཞིག་གི་ངོས་སུ་མེ་ཏོག་མང་བོ་སྐྱེས་འདུག་པ་ནི་ངོ་མ་མཚར་བོ་ཞིག་རེད་ཅེས་སྤྲུལ་སྐུ་འོད་ལྡན་ཁོང་གིས་དངོས་སུ་པར་བླངས་ཡོད་པ་ནི་གཤམ་གྱི་པར་འདི་དག་རེད། 

༣ཁོ་མོ་འདས་ནས་ཉིན་འགའི་རྗེས་ཚ་ཁང་དུ་བཞད་འདུག་པའི་མེ་ཏོག་དང་ཤིང་ལོ།

     དེ་ལྟར་ཉིན་བཅུ་བཞི་སོང་རྗེས་གདུང་ཁང་གི་སྒོ་ཕྱེས་ནས་བླ་མ་འོད་ལྡན་ཁོང་དང་འབར་ཝ་བླ་མ་ཀརྨ་དོན་དམ་གཉིས་ཀྱིས་གདུང་རུས་བླངས་པ་ན་རུས་པའི་ནང་དུ་རིལ་བུ་མང་བོ་ཡོད་འདུག་ཅིང་།  མགོ་རུས་དེ་མ་འཐོར་བར་ཡོད་པ་དང་དེ་དང་མཉམ་དུ་ད་དུང་མེས་མ་ཚིག་པ་ཞིག་ཀྱང་ཡོད་འདུག  དེ་ཉིད་ད་ལྟ་དཀྱིལ་འཁོར་དུ་ཀུན་གྱིས་མཐོང་སར་བཞག་ཡོད་པ་རྗེས་ཕྱོགས་ཇོ་ནང་སྐྱབས་མགོན་རིན་པོ་ཆེས་ཐུགས་བཀོད་བཞིན་བྱེད་རྒྱུ་ཡིན་ལུགས་སོགས་བླ་མ་འོད་ལྡན་ཚང་གིས་གསུངས་སོང་།


གདུང་རུས་ལས་བབས་པའི་རིལ་བུ།

བདུན།  བཤད་འདོད་པ་གཞན་ཞིག

     གལ་ཏེ་ཁོ་མོ་མ་ཡིན་པར་ག་གེ་མོའི་སྤྲུལ་སྐུ་ཞིག་དང་བླ་ཆེན་ཞིག་ཡིན་ན་འུ་ཚོས་མཇལ་ཕྱག་ལ་བརྩོན་ཏེ་འདས་རྟགས་མེད་རུང་སྒྲོ་འདོགས་མང་བོ་བྱས་ནས་ངའི་ལུས་ངག་ཡིད་གསུམ་ཁྱེད་ལ་འབུལ་ཟེར་སྲོལ་ཡོད་ནི་རེད།   ཨ་ཕྱི་རྒས་ཁོག་འདི་ལྟ་བུ་ཞིག་གིས་དད་པ་དང་ཡིད་ཆེས་སྙིང་རྗེ་གསུམ་རང་རྒྱུད་དང་མ་བྲལ་བར་མི་ཚེ་ཧྲིལ་བོར་དམ་ཆོས་ཉམས་ལེན་ལ་བརྩོན་ནས་མཐར་འདས་རྟགས་ངོ་མཚར་བ་རེ་བཞག་སྟེ་སོང་རུང་འུ་ཅག་གིས་ཐ་ན་དེ་ལ་ཞེ་ས་ཡག་པོ་ཙམ་ཡང་འཇོག་སྲོལ་མེད་པ་འདི་རེད།

      སྔོན་ལྕགས་ཁུང་བླ་མ་སྒས་གཏེར་ཚང་གི་སློབ་རྒྱུན་གྱི་ནང་དུ་ཤི་ཚེ་བེམ་པོ་ཇེ་ཆུང་ལ་སོང་ནས་བྱིས་པ་ལོ་བདུན་བརྒྱད་ཙམ་པ་རེའི་ཚད་དུ་གྱུར་སོང་བ་འདི་འདྲ་ཡུལ་མགོ་ལོག་ཁོ་ནར་ཡོངས་གྲགས་སུ་མི་བཅུ་གསུམ་རེ་ཡོད་མྱོང་མོད་དེ་ལས་ཕལ་ཆེ་བ་ཁྱིམ་པ་རྒན་རྒོན་དག་དག་ཡིན་འདུག་པ་དེས་ཅི་ཞིག་བདེན་དཔང་བྱེད་ཀི་ཡོད་པ་འདི་འདྲའི་ཕྱོགས་ལ་ང་ཚོར་ངོས་ཟིན་གསར་བ་རེ་ཡོད་དགོས་པ་འདྲའོ། །

གསལ་བཤད་དང་བོ།

    སྤྱིར་ནམ་མཁར་འཇའ་སྤྲིན་དང་དགུན་དུས་ཡིན་ཀྱང་ས་དྲོད་ས་མ་ཟད་རྫ་མཐོ་སར་ཡང་མེ་ཏོག་བཞད་སྲིད་པ་རེད། དེས་ན་འདི་ནི་རང་བྱུང་གི་ཆོས་ཉིད་དུ་གྲུབ་ཕྱིར་རྒྱུ་རྐྱེན་འཛོམས་ན་མི་སྲིད་པ་ཞིག་ཀྱང་མ་ཡིན་པས་འདིར་དེའི་སྐོར་བཀོད་པ་ནི་གཞན་གྱི་ཡིད་ཆེས་ལྡོག་བྱེད་ཀྱི་རྫུན་བཟོ་རེད་མི་ཡག་གི་བསམ་ནའང་ཐང་།  ཡིན་ཡང་ཐེངས་འདིར་དགེ་མ་ཁོང་སྐུ་འདས་གྲོངས་སུ་གྱུར་བ་དང་ལྷན་གློ་བུར་དུ་གནམ་གཤིས་ལ་འགྱུར་ལྡོག་བྱུང་བ་དང་།  གདུང་ཞུགས་འབུལ་བྱེད་སྐབས་ཁ་དོག་མི་འདྲ་བའི་འཇའ་སྤྲིན་གྱི་འོད་མདངས་དེ་མ་ཐག་གདུང་ཁང་སྟེང་ཕྱོགས་སུ་འཕྲོས་ཡོད་པ།  ཚ་ཁང་གི་ཕྱི་ནང་དུ་སྔོན་མེད་པའི་མེ་ཏོག་མདངས་དང་ལྡན་པ་རེ་གློ་བུར་དུ་བཞད་འདུག་པ་སོགས་ནི་མི་སུས་བལྟས་ཤིང་མཐོང་ན་ངོ་མ་ཡ་མཚན་ཞིག་རེད་སྙམ་དུ་ཡིད་ལ་འགྱུར་བ་མི་ཐེབས་རང་དབང་མེད་པ་ཞིག་ཏུ་འདུག་པས་འདིར་བཀོད་པ་རེད།  འོན་ཀྱང་སུ་ཞིག་གིས་དེ་ནི་སྟབས་ལེགས་དང་ལྟས་དབང་ཡིན་སྲིད་པས་དོན་མེད་རང་རེད་བསམ་ན་དོན་མེད་ཉིད་དུ་བཞག་ན་ཆོག་འདུག   འགའ་རེས་ཡག་པོ་རེད་སྙམ་དུ་ཡི་རང་དང་དྭངས་པ་རེ་སྐྱེས་ན་ནི་དོན་གྱིས་ཀྱང་ཡག་པོ་རེད་འདུག་པས་ཤིན་ཏུ་མཛེས་སོ༎

གསལ་བཤད་གཉིས་པ།

      དངོས་བྱུང་ལོ་རྒྱུས་འདི་འབྲི་བའི་གོ་རིམ་ཁྲོད་ངེད་ཅག་གིས་གཙོ་བོ་དགེ་མ་ཁོང་གི་བུ་ཚེས་བཅུ་རིན་ཆེན་གྲགས་པའི་ཡང་སྤྲུལ་བླ་མ་འོད་ལྡན་གཙོས་ཁོང་གི་ཁྱིམ་མིའི་སྐད་ཆ་གཞིར་བཟུང་ཐོག  གཙང་བ་དགོན་པའི་བླ་མ་མདོ་སྔགས་རྒྱ་མཚོས་དགེ་མ་ཁོ་མོ་རང་ལ༢༠༡༦ལོར་དངོས་སུ་བཅར་འདྲི་བྱས་ཏེ་སྒྲ་བླངས་བའི་སྐད་ཆར་ཉན་ཏེ་ཟིན་བྲིས་བྱས་པ་དང་།  དེ་མིན་ཀ་ཐོག་བླ་མ་བྱམས་པ་དང་ཆོས་ཐང་སྨན་པ་ཀུན་བརྩོན་སོགས་དགེ་མ་ཁོང་དང་མཉམ་དུ་བྲག་མགོ་རུ་ཡོད་སྐབས་ཀྱི་ལོ་རྒྱུས་ཀ་བྱམས་ཀྱིས་བཤད་པ་མདོ་སྔགས་རྒྱ་མཚོས་སྒྲ་བླངས་པར་གཞི་བྱས་པ་དང་། དེ་མིན་མཁན་པོ་འོད་རབ་དང་བླ་མ་ཚོགས་གཉིས་གཙོས་དཔྱོད་ལྡན་དག་གི་སྐད་ཆར་ཉན་ཏེ་བྲིས་པ་ལས་འོལ་ཚོད་ཀྱིས་ཡིན་འཇོག་བྱས་པ་གཅིག་ཀྱང་མེད་པས་མི་ཚད་དེ་དག་གིས་ཀྱང་ཟོལ་བསྟོད་དང་སྒྲོ་འདོགས་ཆེ་བརྗོད་སོགས་མ་བྱས་པར་ཇི་བཞིན་བརྗོད་ཡོད།  རྩོམ་འབྲི་བ་རང་ཡང་དད་སེམས་ཙམ་གྱི་དབང་དུ་སོང་ནས་བྲིས་བཞག་པ་གཅིག་ཀྱང་མེད་པས་མི་ཚད་བྱ་བ་དང་གྲངས་ཀ་གང་ཡིན་ཀྱང་གསལ་ཐག་ཆོད་པ་རེ་མིན་ཕྱིན་ཆུང་བརྗོད་དང་ཉུང་འབྲི་ཁོ་ན་བྱས་ཡོད།  གཞན་ལྷུན་གྲུབ་གྲགས་པ་དང་མདོ་སྔགས་རྒྱ་མཚོ་གཉིས་ཀྱི་གཙོས་ཀ་ཐོག་གྲྭ་བ་བསོད་སྟོབས་དང་བསོད་ནམས་བཟང་གཙང་སྦྲང་ཆར་བཅས་ཀྱིས་རྒྱུ་ཆ་འདོན་སྤྲོད་བྱས་པར་ཐུགས་རྗེ་ཆེ་ཞུས་པ་ཡིན།

ཞེས་རྩོམ་སྒྲིག་པས།

༢༠༡༩ལོའི་ཟླ༡པོའི་ཚེས༦ཉིན།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 74wb བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ངོ་མཚར་བའི་དད་སྟོབས་དང་དགེ་མ་ཚུལ་ཁྲིམས་ལྷ་མོ་གླེང་བ།   སྤེལ་མཁན།: སྟོང་སྐོར་དགོན་པའི་གྲྭ་བ་ཚངས་སྲས། སྤེལ་དུས:2019/3/23
དམ་པའི་ཆོས་ནི་ཐོག་མ་དགེ་བ་བར་དུ་དགེ་བ་མཐའ་མ་དགེ་བ་གསུང་པ་བཞིན་འདི་ནི་་ཅི་མ་བདེན་རང་སེམ་དངས་གཙང་གིས་ཕྱུག་ན་རྟག་མཚན་འདི་དག་ནི་ལྷ་དང་བླ་མས་བྱིན་རླབས་ཞིག་མིན་ན་ཅི་ཞིག་ཡིན་ངོ་ཡར་མཚན་རེད། སྐྱེས་བུ་དམ་པ་གང་ན་ཡོད་མི་ཤེས་པས་གཞན་ལ་མཐོང་ཆུང་བྱེད་པ་ཉུང་ངུ་བྱས་ན་མཛེས་སོ་ཞེས་གསུང་པ་དེ་ཡང་ཅི་མ་བདེན།
  ངོ་མཚར་བའི་དད་སྟོབས་དང་དགེ་མ་ཚུལ་ཁྲིམས་ལྷ་མོ་གླེང་བ།   སྤེལ་མཁན།: པདྨ་བོ་དྷི། སྤེལ་དུས:2019/1/27
དམ་པའི་ཆོས་ནི་རིགས་རུས་དང་སྐྱེ་བོ་ཕོ་མོ་སོགས་ལ་མ་ལྟོས་པར་སུ་ཞིག་གིས་དངྭངས་འདོད་ཡིད་ཆེས་ཀྱི་སྒོ་ནས་འབད་པ་ལྷུར་བླངས་བྱས་ན་འབྲས་བུ་བླ་མེད་ཡོད་པ་སྨྲོས་མེད་རེད།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23494643
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།