ལོ་ཆེན་བེེ་རོ་ཙ་ནའི་རྣམ་ཐར་ལས་བཅུ་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» མི་སྣ།» བོད་ཀྱི་གནའ་རབས་མི་སྣ། »ལོ་ཆེན་བེེ་རོ་ཙ་ནའི་རྣམ་ཐར་ལས་བཅུ་བ།
ལོ་ཆེན་བེེ་རོ་ཙ་ནའི་རྣམ་ཐར་ལས་བཅུ་བ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2018-12-23ལྟ་ཀློག (5237)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

ལོ་ཆེན་བེེ་རོ་ཙ་ནའི་རྣམ་ཐར་ལས་བཅུ་བ།

བོད་ཡུལ་རྗེ་འབངས་ཀུན་འཆམས་ནས་ཕྱིར་བོད་དུ་གདན་དྲངས་པའི་སྐོར།

    དུས་དེ་ཙམ་ན་བོད་རྗེ་འབངས་ཀུན་གྱིས་བཻ་རོ་ཙ་ན་ཚ་བ་རོང་ནས་སྤྱན་དྲངས་ཏེ་བཤགས་པ་བྱ་བ་དང་། ཆོས་གྲྭ་ཆེན་པོ་གཟུང་བར་གྲོས་འཆམས། རྗེ་བི་མ་ལའི་ཞལ་ནས་ཀྱང་བཻ་རོ་ཙ་ན་སྤྱན་དྲོངས་ཤིག་ཅེས་གསུངས། རྗེ་བློན་འབངས་རྣམས་མཐུན་པས། རྗེ་ཨུ་པ་དེ་ཤ་དང་། ཐང་བཟང་དཔལ་གྱི་རྡོ་རྗེ་དང་། གང་དཔལ་སྙིང་པོ་གསུམ་བཻ་རོ་ཙ་ན་སྤྱན་འདྲེན་དུ་བཏང་། བཻ་རོ་ཙ་ནས་ཀྱང་ཞལ་བཞེས་གནང་། རྒྱལ་མོ་ཚ་བ་རོང་གི་རྒྱལ་བློན་རྣམས་དང་ཆོས་ཀྱི་འབངས་སུ་གཏོགས་པ་རྣམས་བསགས་ནས། ང་བོད་དུ་འགྲོ་བས་ཁྱེད་རྣམས་རང་རང་གི་ཆོས་གང་དགོས་པ་དང་ཐེ་ཚོམ་མ་ཆོད་པ་རྣམས་དྲིས་ཤིག་གསུངས་ནས་ཆོས་ཀྱི་འཕྲོ་ཀུན་རྫོགས་སོ།།

  བཻ་རོ་ཙ་ན་བོད་དུ་ཆས་པ་ལ་རྒྱལ་མོའི་མི་རྣམས་ཀྱིས་རིན་པོ་ཆེ་གསེར་གཡུ་དང་དར་ཟབ་དང་བཟང་སྐྱེམས་ལ་སོགས་པ་ཕུལ། ཕྱག་འཚཞ་མཆི་མ་ཕྱུང་ནས། སློབ་དཔོན་ཆེན་མོ་བོད་དུ་མི་འབྱོན་པར་ཞུས་ཀྱང་། བཻ་རོས་བོད་དུ་འབྱོན་དགོས་ལུགས་གསུངས་པ་ལ། ཡང་བདག་ཅག་རྣམས་ལ་ཐུགས་རྗེས་འཛིན་པར་ཞུ་ཞེས་ཞུས། ཡང་ཡང་གསོལ་བ་དྲག་ཏུ་བཏབ་པས། བཻ་རོས་དུས་ལ་བབས་པས་བོད་དུ་ཅིས་ཀྱང་འགྲོ་འཚལ་གསུངས། རྒྱལ་མོའི་མི་རྣམས་ཀྱིས་རྗེ་ཡར་གཤེགས་པ་ལ་རིན་པོ་ཆེ་གསེར་དངུལ་དང་དར་ཟབ་དང་། ཆིབས་རྟ་ལ་སོགས་པ་མང་པོ་ཕུལ་ནས། བདག་ཅག་རྣམས་ལ་གདམས་ངག་ཞལ་བཀོད་དུ་བཅུག་པ་ཉུང་ལ་འདུས་པ་ཞིག་ཀྱང་ཞུ་འཚལ། བོད་ཀྱི་བནྷེ་སངས་རྒྱས་མགོན་པོ་བདག་ཅག་རྣམས་ཀྱི་ཚོགས་དཔོན་དང་མཆོད་གནས་སུ་འཇོག་པར་ཞུ་འཚལ། རྗེ་སླར་ཡང་འདིར་ལན་གཅིག་འབྱོན་པར་ཞུ་བ་ཕུལ་བས། རྗེ་བཻ་རོའི་ཞལ་ནས། བཀའ་དང་གདམས་ངག་སྔར་གསུངས་པ་དེ་ཚོ་ལས་ལྷག་པ་མེད་དོ། །འོན་ཀྱང་འདི་ལྟར་མཛོད་ཅིག་གསུངས་ནས། ཚེ་འདིའི་ལོངས་སྤྱོད་གཉེན་འདུན་བདེ་སྡུག་རྣམས། །མི་རྟག་སྒྱུ་མ་ལགས་པས་ཞེན་པ་ཐོངས། །ཀུན་གྱི་སྐྱབས་གནས་དཀོན་མཆོག་གསུམ་པོ་དང་། །འགྲོ་བ་བླ་མ་མ་བརྗེད་དྲན་པར་གྱིས། །སྙིང་རྗེ་ཆེན་པོས་ཀུན་ལ་བུ་བཞིན་སྐྱོངས། །རྒྱུ་འབྲས་ཆོས་ལ་རང་སེམས་དཔང་དུ་ཚུགས། །གང་ཤར་རང་སྣང་རིག་པའི་འཆར་ལུགས་ལས། །ཕྱོགས་རིས་མེད་པར་རང་གསལ་ངང་ལ་ལྟོས། །འབྱུང་འཇུག་མེད་པ་དྲན་པ་རྒྱུན་དུ་བསྟེན། །རང་བྱུང་ཐུགས་རྗེ་སྤྱོད་པ་གང་བདེར་མཛོད། །སངས་རྒྱས་གཞན་ན་མེད་དེ་རེ་དོགས་ཆོད། །ཅེས་གདམས་ངག་ཞལ་བཀོད་དུ་བཅུག་པའོ། །

  སྤམ་སངས་རྒྱས་མགོན་པོ་ཆོས་དཔོན་དང་མཆོད་གནས་སུ་བཞག བཻ་རོ་ཙ་ན་ལན་གཅིག་འབྱོན་པར་ཞལ་གྱིས་བཞེས་སོ།།དེ་ནས་ཡར་བྱོན་པ་ལ། རྒྱལ་མོའི་མི་རྣམས་ཀྱི་གསེར་དངུལ་ལ་སོགས་པ་འབུལ་བ་སྐྱེམས་སུ་བསྐུར་བས། ང་གསེར་ལ་སོགས་པའི་ནོར་གྱི་དགོས་པ་མེད་ཀྱིས་གསུངས་ནས་ཐམས་ཅད་ཕྱིར་གཏད། ཡང་ཡང་ཞུ་བ་ཕུལ་བས། དངུལ་གྱི་དོང་ཙེ་གསུམ་དང་། གསེར་ཕྱེ་བྲེ་དོ། རྗེའི་བླ་གཡུ་འོད་འབར་བསྣམས་ནས་བྱོན་ནོ།། རྒྱལ་མོའི་མི་རྣམས་ཀྱིས་ལ་ལ་ཐོག་ཏུ་སྐྱེལ་ཐུང་མཛད་དེ། ཐམས་ཅད་ཀྱིས་ཕྱག་དང་བསྐོར་བ་མང་བོ་བྱས། ཞབས་སྤྱི་བོར་བླངས་ནས་བྱིན་རླབས་ཞུས། གཡུ་སྒྲ་དང་བཻ་རོ་གཉིས་བོད་དུ་གློག་འཁྱུག་པ་ལྟར་གཤེགས་སོ།། རྒྱལ་མོའི་མི་རྣམས་བོད་ཡུལ་ལ་ཁ་གཏད་ནས་གདོང་དག་དག་ཏུ་ངུས་ནས་ཕྱག་གྱང་འགྱེལ་བ་བཞིན་མཛད། ཞག་གསུམ་ལ་བོད་ཡུལ་དུ་ཁ་གཏད་ནས་གསོལ་བ་བཏབ། ཕྱག་འཚལ་ནས། སླར་རྒྱལ་མོ་ཚ་བ་རོང་དུ་ལོག རྗེ་ཉིད་བོད་ཡར་བྱོན་པའི་ལམ་ཀར་ལོ་བརྒྱ་ལོན་པའི་མི་རྒན་མགོ་དཀར་སྤམ་མི་ཕམ་མགོན་པོ་བྱ་བའི་སར་ཞག་ས་ཕོག་པས། རྒད་པོ་ན་རེ། བན་དྷེ་ཁྱེད་གཉིས་གང་ནས་གར་འགྲོ་ཟེར་བས། གཡུ་སྒྲས་རྒྱལ་མོ་རོང་ནས་འོང་། ད་བོད་དུ་འགྲོ་ཞེས་པས། རྒན་པོས་འགྲོན་པོ་ཁྱེད་གཉིས་རེ་འཁྲུལ། ཚ་བ་རོང་ན་མཁས་པ་བཻ་རོ་ཙ་ན་བཞུགས་ནས་ཆོས་ཀྱི་ཉི་མ་ཤར་འདུག་ཐོས་པས་ཆོས་ཉན་ནས་མི་སྡོད་པར་ཁྱེད་གཉིས་འདྲ་བ་ཟེར་བས། བཻ་རོ་ཙ་ནས་དེ་ཉིད་ང་ཡིན་གསུངས་པས། རྒད་པོས་མིག་ལ་འཁར་བ་བཙུགས་ནས་བལྟས་ཏེ་བཻ་རོའི་མགུལ་ལ་འཁྱུད། ཡུན་ཅིག་དུས་ནས་ཁོ་ན་རེ། ང་རྒས་ཤིང་འཁོགས་པར་ཆོས་མེད་སྟོང་ལོག་བྱས་ནས་འཆི་མ་བཏུབ་པའི་ཉོན་མོངས་སྡུག་བསྔལ་རྒན་པོ་ང་འདྲ་སྙམ་སྟེ། རྗེ་ཁྱེད་དང་མཇལ་བ་སྐྱིད་རྒན་ཨ་རེ་དགའ། འཆི་ཁ་ཕན་པའི་ཆོས་ཤིག་ཞུ་ཟེར་བས། བཻ་རོས་ལས་ཅན་དུ་གཟིགས་ཏེ་ཕྱག་སྤྱི་བོར་བཞག བརྡ་བརྗོད་པས་མ་གྲོལ་བས་འདི་ལས་ཅན་གྱི་སློབ་བུར་འདུག་སྟེ། བོད་ས་དམན་པས་ལན་དགོངས་ཏེ་སྒོམ་རྟེན་འཁར་བ་ལུས་ལ་བཙུགས་སྒོམ་ཐག་རྐེད་ལ་བསྡམས་ནས་གདམས་ངག་ཏུ་བཏབ་པས། དེ་མ་ཐག་རྟོགས་གྲོལ་དུས་མཉམ་དུ་གྱུར། སངས་རྒྱས་ཏེ་ལོ་བཅུ་དྲུག་གི་ན་ཚོད་དུ་གྱུར། བསྟན་པ་དང་འགྲོ་བ་ལ་ཕན་ཐོགས་ཉི་ཟླ་ལྟ་བུར་མཛད་པ་ཞིག་བྱུང་ངོ་།།

   བཻ་རོ་དཔོན་སློབ་གཉིས་བསམ་ཡས་མཆིམས་ཕུའི་ཡངས་དབེན་དུ་ཕེབས། དེས་དེ་ཙ་ན་རྗེ་མུ་ནེ་བཙན་པོའི་ཤིད་ཀྱི་དུས་སུ་ཐུག བི་མ་ལ་དང་། གཉགས་ཛྙ་ནས་ལས་མཁན་མཛད་ནས་ཤིད་ཀྱི་མི་མང་བོ་འཚོགས་གིན་ཡོད་ཙ་ན། བན་དྷེ་གཉིས་བྱོན་ཏེ་ཁྲོ་ཆུའི་མེ་སྟག་འཕྲོ་འཕྲོ་བྱུང་། འདི་ལྟ་བུའི་བན་དྷེ་སུ་ཡིན་ཟེར། ཀུ་མ་ར་ཛྙཱ་ན་ཡར་ལངས་ནས་ལྟས་ཙ་ན། རྗེ་བཻ་རོ་དང་གཡུ་སྒྲ་ཡིན་པར་ཤེས་ཏེ་ཕྱག་འཚལ། རྗེ་བློན་རྣམས་ལ་བཻ་རོ་བྱོན་ནོ་ཞེས་བསྒྲགས་སོ།། སློབ་དཔོན་བི་མ་ལ་མི་ཊ་དང་། བཻ་རོ་ཙ་ན་གཉིས་ཞེས་ཧབ་ཐོབ་བྱས། བོད་ཀྱི་ཛྙཱ་ན་ལ་སོགས་པ་མཁས་བཙུན་རྣམས་དང་དགེ་འདུན་སྡེ་གཉིས་དང་རྒྱལ་བློན་རྣམས་ཀྱིས་ཀྱང་ཕྱག་གྱང་འགྱེལ་བ་བཞིན་དུ་འཚལ། ཐམས་ཅད་རང་རང་གི་རྒྱན་དང་རིན་པོ་ཆེ་གསེར་གཡུ་རྟ་གོས་ལ་སོགས་པ་ཧབ་ཐོབ་ཏུ་ཕུལ་ཏེ་བཻ་རོའི་མདུན་དུ་རི་སྤུངས་པ་ལྟ་བུ་བྱུང་། གོས་ལ་སོགས་པ་དེ་རྣམས་ལ་ཁྲི་ཆེན་པོ་བཤམས་ནས་སློབ་དཔོན་བཻ་རོ་བཞུགས། གཡས་གཡོན་གཉིས་སུ་ཁྲི་ཆུང་རེ་བྱས་ནས་བི་མ་དང་གཡུ་སྒྲ་གཉིས་བཞུགས། མཁས་བཙུན་རྣམས་དང་དགེ་འདུན་སྡེ་གཉིས་ལ། རྗེ་བློན་འབངས་དང་བཅས་པ་ཐམས་ཅད། ལ་ལ་ནི་མདུན་དུ་མཆི་མ་ཕྱུང་ནས་ཕྱག་འཚལ། ལ་ལས་བསྐོར་བ་བྱེད། ལ་ལ་ནི་གདུགས་ཕུབ། ལ་ལ་ནི་འཕན་འཕྱར། ལ་ལ་ནི་དུང་འབུད། ལ་ལ་ནི་རྔ་ལ་སོགས་པའི་རོལ་མོ་དཀྲོལ། ལ་ལ་ནི་གླུ་ལེན་བྲོ་བརྡུང་། ལ་ལ་ནི་ཤོམ་བྱེད། ཐམས་ཅད་ཀྱིས་དགའ་ཞིང་བསྟོད་པའི་ཚིགས་སུ་བཅད་པ་མང་དུ་བྱས་སོ།།བཻ་རོ་ཙ་ན་དང་། བི་མ་ལ་མི་ཊ་དགོངས་པ་མཛད། གཡུ་སྒྲ་དང་། ཛྙཱ་ན་དང་། བང་ཆེན་མི་གསུམ་ལ་སོགས་པས་ལས་མཁན་མཛད་ནས་རྗེ་མུ་ནེའི་ཤིད་རྒྱས་པར་བྱས་ཤིང་། བཻ་རོ་ཙ་ན་ཞེ་བློ་བདེ་བའི་མགུར་གསུངས། ཆོས་གྲྭ་བཙུགས་ཏེ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར།  བཻ་རོས་ཆོས་གསུངས་པའི་དུས་སུ་ནམ་མཁའ་ལ་འཇའ་ཚོན་གྱི་དྲ་བ་དྲ་ཕྱེད་དང་འོད་ཟེར་སྣ་ཚོགས་འཕྲོ་བ་དང་།  ནམ་མཁའ་ལ་ལྷ་མང་བོ་བྱོན་ནས་ལྷའི་མེ་ཏོག་སྣ་ཚོགས་འཐོར་བ་དང་།  ས་ཆེན་པོ་གཡོ་བ་ལ་སོགས་པ་ངོ་མཚར་བའི་ལྟས་དང་ཆོ་འཕྲུལ་མང་བོ་བྱུང་།   དེ་ཐམས་ཅད་ལ་ངོ་མཚར་སྐྱེས་སོ།།  སྔར་བཻ་རོ་སྤྱུགས་པར་འགྱོད་པ་སྐྱེས་ནས་ལ་ལ་ནི་མཆི་མ་ཕྱུང་།  ལ་ལ་ནི་ཕྱག་འཚལ།  ལ་ལ་ནི་ངུ་།   ལ་ལ་ནོ་རྒྱ་འགྲེས་བྱེད་དེ།  བཻ་རོ་ཙ་ནར་ལོངས་སྤྱོད་སྣ་ཚོགས་པར་ཕུལ་ཞིང་བཤགས་པ་བྱས།   རྗེ་ཚ་བ་རོང་དུ་སྤྱུགས་པ་འོ་མ་བརྒྱལ་ལམ།  ཚ་བ་རོང་གི་མི་རྣམས་རྗེས་དམ་པའི་ཆོས་ལ་ཆུད་ལགས་སམ།   རྗེ་ཁྱེད་ལྟ་བུ་སྤྱུགས་པ་འོང་བ་ཅི་ལྟར་ལགས་ཟེར་ཞིང་ཐམས་ཅད་ངུས་སོ།།  སློབ་དཔོན་བཻ་རོ་ཙ་ནས་ད་ཁྱེད་རྣམས་ཀྱི་སྒྲིབ་པ་དག་པས་མ་ངུ་ཞིག་གསུངས་ནས་མགུར་བཞེངས་ཤིང་། ཨོ་རྒྱན་ཡུལ་ནས་སྤྱན་དྲངས་པདྨ་འབྱུང་གནས་དང་།   ཟ་ཧོར་མཁན་པོ་བོ་དྷི་ས་ཏྭ་དང་།  ཁ་ཆེའི་མཁན་ཆེན་བི་མ་མི་ཊ་དང་།  དབུ་ཡི་མཆོད་གནས་ལོ་པཎ་བརྒྱད་རྩ་བརྒྱད།།  བདག་ནི་ཆོས་སྐྱོང་རྒྱལ་བོར་ཞལ་བཞེས་པས།། རྒྱ་གར་ཡུལ་ན་བཞུགས་པའི་དམ་པའི་ཆོས།།

བཀའ་དང་བསྟན་ཅོས་རྒྱུད་ལུང་མན་ངག་རྣམས།།  གཅིག་ཀྱང་མ་ལུས་བོད་དུ་བསྒྱུར་ཏུ་གསོལ།། ཞེས་ཞུས་སོ།།

གསར་འགོད་པ། ཐེབ་རྒྱ་རྟ་མགྲིན།  


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། jg9m བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23500277
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།