ལོ་ཆེན་བེེ་རོ་ཙ་ནའི་རྣམ་ཐར་ལས་དགུ་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 23 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» མི་སྣ།» བོད་ཀྱི་གནའ་རབས་མི་སྣ། »ལོ་ཆེན་བེེ་རོ་ཙ་ནའི་རྣམ་ཐར་ལས་དགུ་བ།
ལོ་ཆེན་བེེ་རོ་ཙ་ནའི་རྣམ་ཐར་ལས་དགུ་བ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2018-12-20ལྟ་ཀློག (6869)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

ལོ་ཆེན་བེེ་རོ་ཙ་ནའི་རྣམ་ཐར་ལས་དགུ་བ།དགུ་པ།

གཡུ་སྒྲ་སྙིང་པོ་བོད་དུ་བཏང་ནས་བི་མ་ལ་མི་ཊ་དང་ཆོས་ཀྱི་བགྲོ་གླེང་མཛད་པའི་སྐོར།

དང་པོ་བཻ་རོ་ཙ་ན་ཚ་བ་རོང་དུ་སྤྱུགས་མ་ཐག རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ཐུགས་ལ།རིན་པོ་ཆེའི་མཆོད་སྡོང་ལྟ་བུ་གསང་སྔགས་ཀྱི་སྡོང་བོ་བཻ་རོ་ཙ་ན་ནི་བློན་པོ་གདུག་པ་ཅན་དང་།རྒྱ་གར་གྱི་ཕྲ་མ་མཁན་གྱི་རིང་ལ་ཚ་བ་རོང་དུ་སྤྱུགས་ནས་མེད།ད་ནི་རྗེ་བཻ་རོ་ཆོས་འདི་མ་ནོར་བའི་དཔང་པོ་དང་ཁོང་གི་ཆེ་བ་འདོན་ཕྱིར་དང་།བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་བའི་ཕྱིར་དུ།རྒྱ་གར་ནས་སྤྱིར་རྒྱུ་འབྲས་ཐམས་ཐད་དང་།ཁྱད་པར་དུ་མན་ངག་གི་ཆོས་ལ་མཁས་པའི་པཎྜི་ཏ་སྤྱན་དྲངས་ནས་བླའི་མཆོད་གནས་བྱ་བར་དགོངས་ཏེ།བི་མ་ལ་མི་ཊ་གདན་འདྲེན་རྒྱུ་བྱས། བཻ་རོ་ཙ་ན་སྤྱུགས་ནས་ཞག་ཉི་ཤུ་ཙམ་ན་བློན་པོ་ཀླུ་གོང་ཤི། རྒྱལ་པོ་ཡང་བི་ལ་མ་བྱོན་པར་ཟླ་བ་གསུམ་ནས་འདས་ཤིང་། ཁོང་ལ་སྲས་གསུམ་ཡོད་པ་དེ་རྣམས་ཀྱི་རིང་བི་མ་ལ་བོད་དུ་བྱོན་ནས་དཔལ་གྱི་བསམ་ཡས་ན་ཆོས་གསུངས་བཞིན་པར། བཻ་རོ་ཙ་ནས། གཡུ་སྒྲ་སྙིང་པོ་སྒྲ་བསྒྱུར་སུམ་ཅུ་རྩ་དྲུག་ཤེས་པ། མངོན་པར་ཤེས་པ་དུ་མ་དང་ལྡན་པ། རྫུ་འཕྲུལ་སྣ་ཚོགས་སྟོན་ནུས་པ་དེ་བོད་དུ་བི་མ་ལ་མི་ཊ་དང་ཆོས་ཀྱི་བགྲོ་གླེང་གནང་བར་བཏང་། གཡུ་སྒྲས་རྗེའི་གསུང་ལ་ཉན་ནས་དཔལ་གྱི་བསམ་ཡས་སུ་བྱོན་པ་དང་། སློབ་དཔོན་བི་མ་ལ་མི་ཊ་ཁྱམས་ཀྱི་ནང་ན་པྲ་ཀ་ར་ན་སྡེ་བརྒྱད་འཆད་པའི་དུས་ལ་བབས་པར། གཡུ་སྒྲ་ནང་དུ་ཐལ་གྱིས་བྱོན་ནས།བི་མ་ལར་གདོང་ཚུགས་སུ་ཅེར་གྱིས་གཟིགས་ཏེ། ཀ་ཀ་པ་རི།ཀ་ཀ་པ་རི་ཞེས་གསུངས། ཡང་མངའ་བདག་རྒྱལ་བོ་ལ་སྤྱན་ཅེར་ནས་གཟིགས་ཏེ། ཨ་ཀ་པར་མི་ཐ་ཞེས་བྱ་བའི་སྒྲ་བརྗོད་པས། བི་མ་ལ་དབུ་དམའ་ཞུང་མཛད་ནས་དྷ་ཐིམ་དྷ་ཐིམ.་གསུངས་པས། གཡུ་སྒྲ་ཕྱིར་ཐོན་ནས་སོང་། རྒྱལ་པོས་བི་མ་ལ་མི་ཊ་ལ། མཐའ་མི་དེ་འདྲ་བ་གཅིག་བྱུང་ནས་དེ་འདྲའི་སྒྲ་ཚིག་བརྗོད་པ་དེ་ཇི་སྐད་ཟེར་བ་ལགས། སློབ་དཔོན་གྱིས་ཇི་སྐད་བགྱིས་པ་ལགས་ཞུས་པས། བི་མ་ལའི་ཞལ་ནས། ཁོ་ན་རེ། ཝ་སྤྲེལ་ངག་གུས་སྒྲ་གྲགས་ཀྱང་།སེང་གེའི་གདངས་སུ་ཅང་འགྱུར་རམ། བྱ་རོག་དག་གིས་འགྲོས་སྐྱོད་ཀྱང་། སྟོང་གསུམ་ས་གཞི་ཅང་འཁོར་རམ། ཉན་ཐོས་བྱིས་པས་ཆོས་བཤད་པས།། རྩོལ་མེད་འབྲས་བུ་ཅང་ཐོབ་བམ། ཟེར།བདག་གིས་དེ་ལ། ཆོས་རྣམས་མཉམ་པ་ཉིད་དེ་འདྲ་མོད་བྱས་པ་ལགས། ཨ་ཀ་པར་མི་ཐ་ནི། བོད་ཀྱི་མངའ་བདག་རྒྱལ་པོའི་སྤྱན་ལམ་ལ།། སྐྱེ་མེད་ལྷུན་ཚོགས་བྱང་ཆུབ་ཆེན་པོའི་སྐུ།། རྒྱ་གར་མཁས་པ་ཉི་ཤུ་རྩ་གསུམ་གྱིས།། མན་ངག་བདེ་ཆེན་བཙལ་དུ་མེད་པའི་ཆོས།། ཚེ་འདི་ཉིད་ལ་འབྲས་བུ་སངས་རྒྱས་པའི།། མན་ངག་སྙིང་བོ་ཚལ་བ་རོང་དུ་སྤྱུགས།། མ་རིག་རྨོངས་པའི་རྗེ་བློན་སྙིང་རེ་རྗེ།། ཞེས་བྱ་བ་ཡིན་ཏེ། འོ་ཅག་རྣམས་ལ་ཁྲེལ་ནས་འཕྱ་བའི་ཚིག་ཡིན་གསུངས། ཡང་སྐབས་ཤིག་ན། གཉགས་ཛྙཱ་ན་འཆགས་པའི་ཤུལ་དུ།། ཀ་པ་ལི་རུ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ།། ཀུན་བཟང་ཡངས་པ་ཆོས་ཀྱི་སྐུ།། ཞེས་པ་ལ་སོགས་པའི་ཚིག་བཞི་བྲིས་ནས་འདུག དེ་ཛྙཱ་ནས་མཐོང་སྟེ་ངོ་མཚར་བར་འདུག་དགོངས་ཏེ་འདིར་སུ་བྱུང་ཞེས་པས། འདིར་ཁ་སང་གི་མཐའ་མི་དེ་བྱུང་ནས་ཀ་པ་ལི་སློང་སྟེ། འོ་ཅག་རྣམས་ཆང་མ་ལ་ཆང་སྐོ་ཟེར་ཞིང་ལོག་ནས་སོང་། གཞན་སུ་ཡང་མ་བྱུང་ཟེར། སྒྲ་དེ་ནི་བོད་སྐད་དུ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ཞེས་བྱ་བ་བྱུང་། གཉགས་ཛྙཱ་ནས་ཞལ་ཕྱོགས་བཞིར་གཟིགས་ཏེ་ཕྱག་འཚལ། ཡི་གེར་སྤྱི་བོར་བླངས་ཤིང་། གཡུ་སྒྲ་རྩད་བཅད་པས། ཆང་མ་གཅིག་གིས་ཁྱིམ་ན་ཆང་གསོལ་གྱིན་འདུག དེ་མིན་མ་མཐོང་ཟེར། གཉགས་ཀྱིས་ཆང་མ་ལ་ཆང་རྒྱུ་གཏད་ནས་ཆང་འདིར་སླེབས་པ་ནས། མཐའི་མི་དེ་བྱུང་བ་དང་ང་ལ་སྐད་གྱིས་ཤིག་ཅེས་པས། གཡུ་སྒྲ་བྱུང་བས་སྐད་བཏང་བ་དང་། གཉགས་ཛྙཱ་ནས་གཡུ་སྒྲ་ལ་ཕྱག་འཚལ། ན་བཟའ་ཕུད་ནས་གདན་བཏིངས། གཡུ་སྒྲ་གདན་ཁར་བཞུགས་པ་ལ། གཉགས་ཛྙཱ་ནས་གསེར་གྱི་ཕྲ་ཡོལ་ཆང་གིས་བཀང་ཏེ་དྲངས་ནས་ལོ་རྒྱུས་རྣམས་ཞུས་པས། རྗེ་བཻ་རོ་ཙ་ནའི་ལོ་རྒྱུས་རྣམས་བྱུང་། ཛྙཱ་ན་ཤིན་ཏུ་མོས་ནས་མན་ངག་གི་ཆོས་ཞུ་འཚལ་ཞུས་པས། གཡུ་སྒྲས་ཁྱེད་ལ་བི་མ་ལ་འདུག་པས་ཆོག་མོད་གསུངས། ཛྙཱ་ནས་མཁས་པ་བཻ་རོ་ཙ་ནའི་ཆོས་རྣམས་ལ་བདག་ཤིན་ཏུ་མོས་པས་ཐུགས་ལ་འདོགས་པར་ཞུ་འཚལ། སློབ་དཔོན་བི་མ་ལ་ཡང་ཞུས་པས། གཉིས་ཀ་ལ་སྟབས་གཅིག་ཏུ་ཞུ་འཚལ་ཞུས་པས། བཤད་པར་ཞལ་གྱིས་བཞེས་ནས་སློབ་དཔོན་གཉིས་པོ་བསམ་ཡས་སུ་འཚོགས་པས། སློབ་དཔོན་གཉིས་པོ་ཕྱག་དང་གྲལ་ལ་མ་འཆམ་སྟེ། ཛྙཱ་ན་དང་རྒྱལ་བློན་ཀུན་ན་རེ། མཁས་པ་ཆེན་པོ་བི་མ་ལ་མི་ཏྲ་རྒྱ་གར་གྱི་མཁས་པ་ཆེན་པོ་ཡིན་པས། གཡུ་སྒྲས་ཕྱག་ཚོལ་ཅིག་ཟེར་བར། གཡུ་སྒྲས་ཞལ་ནས། བདག་ནི་རྒྱལ་རིགས་ཡིན་ལ། དགའ་རབ་ལ་སོགས་རྒྱ་གར་གྱི་མཁས་པ་ཆེན་པོ་རྣམས་ཀྱི་མན་ངག་གི་ཆོས་ལྷག་མ་མེད་པར་ཐུགས་ལ་རྫོགས་པའི་སྤྲུལ་བའི་སྐུ་བཻ་རོ་ཙ་ན་ཡིན་ལ། དེའི་ཆོས་ཐམས་ཅད་བདག་ལ་རྫོགས་པ་ཡིན་པས། སྒྲ་བསྒྱུར་དུ་མ་ཤེས་ཤིང་། ཡོན་ཏན་དུ་མ་དང་ལྡན་པས་ཕྱག་འཚལ་དུ་མི་རུང་ཟེར་ནས་ཉན་དུ་མ་འདོད། ཡང་ཛྙཱ་ན་ལ་སོགས་པའི་རྗེ་བློན་ཀུན་ན་རེ། འོ་ན་བི་མ་ལས་གཡུ་སྒྲ་ལ་ཕྱག་ཚོལ་ཅིག་ཟེར་བས། བི་མ་ལས། ང་རྒྱ་གར་གྱི་རྒྱལ་རིགས་རིག་པའི་གནས་ལྔ་ལ་མཁས་པའི་པཎྜི་ཏ་ཆེན་པོ་ཞིག་གིས་རྒྱལ་བོའི་ཕྲུག་གུ་གཅིག་ལ་ཕྱག་འཚལ་བས་མི་འོང་ཟེར་ནས་ཉན་དུ་མ་འདོད། ཛྙཱ་ན་དང་རྒྱལ་བོན་རྣམས་ན་རེ། ད་ཆོས་གང་ནུས་པ་གང་ཆེ་བ་གཅིག་ལ་ཕྱག་འཚལ་ལོ་ཟེར་ནས། སློབ་དཔོན་གཉིས་སྒྲ་ལ་གང་མཁས་བྱས་པས། གཡུ་སྒྲ་མཁས་པ་བྱུང་། དོན་གྱི་ཆོས་རྣམས་ལ་རྩོད་པ་བྱས་པས། གཡུ་སྒྲ་མཁས་པ་བྱུང་། བི་མ་ལའི་ཞལ་ནས། རྫུ་འཕྲུལ་འགྲན་དགོས་ཟེར་ནས་རྫུ་འཕྲུལ་འགྲན་པར་བྱས་པས། གཡུ་སྒྲ་བྱེའུ་ཆུང་ཅིག་ཏུ་བྱས་ནས་ལྕང་མའི་རྩེ་ལ་རྩེན་གྱིས་འཕུར་སོང་། བི་མ་ལ་བྱ་ཁྲ་གཅིག་ཏུ་བྱས་ནས་ནམ་འཕང་བཅད་དེ་བཞུད་དུས་བྱེའུ་ཆུང་ལ་བརྒྱབ་པས། བྱེའུ་གསེར་གྱི་ཐོ་ལུམ་གཅིག་ཏུ་བྱས་ཏེ་ནམ་མཁའ་ལ་བེར་གྱིས་བྱུང་ནས། བི་མ་ལ་སྡོང་བོའི་ཕག་ཏུ་ཡིབ་པས། མི་ཀུན་ན་རེ། ཆོས་དང་རྫུ་འཕྲུལ་གཡུ་སྒྲ་ལྷག་འདུག་པ། ཁུངས་བི་མ་ལ་བཙུན་ཞིང་བགྲེས་པར་འདུག་པས་ཕྱག་རྩེ་སྤྲོད་དུ་གྱིས།གྲལ་གཡས་གྲལ་དང་གཡོན་གྲལ་དུ་གྱིས། ཞེས་ཟེར། ཆོས་ཀྱི་གོ་བ་དང་དགོངས་པའི་ཉམས་བསྡུར་བས། ནམ་མཁའ་དཀར་པོའི་ཕྱོགས་ཀྱི་ཆོས་སྐྱོང་དང་ལྷ་རྣམས་ཀྱིས་མེ་ཏོག་འཐོར་བ་དང་། ས་གཡོ་དང་ནམ་མཁའ་ལ་འོད་ཟེར་གྱི་དྲ་བ་དྲ་ཕྱེད་བྱུང་། དེར་ཐམས་ཅད་མོས་ཏེ། སླར་ཐམས་ཅད་ལ་མ་བཤད་པའི་མན་ངག་གི་ཆོས་ཁྱད་པར་ཡོད་པར་འདུག་པས། དེ་ཞུ་འཚལ་ལོ་ཞུས། སློབ་དཔོན་གཉིས་ཀྱིས་ཆོས་ཁྲི་མཉམ་པོ་རེ་གཡས་གཡོན་དུ་བརྩིགས།དེ་གཉིས་བར་དུ་ཛྙཱ་ནའི་ཁྲི་ཆུང་བརྩིགས་ནས།སློབ་དཔོན་གཉིས་ཀྱི་དུས་གཅིག་ཏུ་ཆོས་གསུངས་པས།ཛྙཱ་ནས་རྣ་བའི་ཤོ་བྲག་གིས་ཉན་པས།དུས་གཅིག་ལ་ཁྲིགས་ཁྲིགས་ཤེས།གཡུ་སྒྲས་ནམ་མཁའ་ཆེ་ལ་སོགས་པ།སྔར་ཁྲི་སྲོང་ལྡེའུ་བཙན་ལ་གསུངས་པའི་ཆོས་ཚོ་གསུངས་ནས་སྔ་འགྱུར་ཞེས་གྲགས་ཤིང་།བི་མ་ལས་རྩེ་མོ་བྱུང་རྒྱལ་ལ་སོགས་བཅུ་གསུམ་གསུངས་པས་ཕྱི་འགྱུར་ཞེས་གྲགས།དེ་གཉིས་ཁྲ་མ་བུ་བསྡེབས་པ་བཞིན་བྱུང་ནས་ཐམས་ཅད་ཡིད་ཆེས།བཻ་རོ་ཙ་ན་སྤྱུགས་པར་འགྱོད་པ་གཏིང་ནས་སྐྱེས་ཏེ་ཐམས་ཅད་ངུས།རྒྱལ་བློན་ཐམས་ཅད་དང་དགེ་འདུན་སྡེ་གཉིས་དང་།མཁས་པ་ཛྙཱ་ན་ལ་སོགས་པ་གཉིས་དང་ཐམས་ཅད་མགྲིན་གཅིག་ཏུ།

སྟོན་པའི་ཞལ་སྐྱིན་བླ་མེད་མཆོག་གི་སྐུ།།

བཻ་རོ་ཙ་ནའི་སྐུ་ལ་ཕྱག་འཚལ་ལོ།།

ཚངས་པའི་གསུང་གིས་བསྟན་པ་རྒྱ་མཚོ་སྒྲོག།

བཻ་རོ་ཙ་ནའི་གསུངལ་ཕྱག་འཚལ་ལོ།།

ཀུན་མཁྱེན་ཡེ་ཤེས་བདེ་ཆེན་རྒྱལ་བའི་ཐུགས།།

བཻ་རོ་ཙ་ནའི་ཐུགས་ལ་ཕྱག་འཚལ་ལོ།།

   ཞེས་བསྟོད་པ་བྱེད་ཅིང་ཡོན་ཏན་བགྲངས་ནས་སྔོན་གྱི་ལོ་རྒྱུས་ཡང་དག་བཅུ་གཅིག་གིས་བསྟོད་པ་བྱས།ཚ་བ་རོང་དུ་ཁ་བལྟས་ནས་ཐམས་ཅད་ངུ་ཞིང་ཕྱག་གྱང་འགྱེལ་བ་བཞིན་དུ་བྱས་སོ།། ཛྙཱ་ནའི་ཐུགས་ལ་།།སློབ་དཔོན་གཉིས་ལས་སེམས་སྡེ་བཅོ་བརྒྱད་ལ་སོགས་པ་མང་དུ་ཉན་པས་།  སློབ་དཔོན་གཉིས་ཀྱི་གདམས་ངག་ང་ལ་ཡོད་། ང་བས་ལྷག་པ་བོད་ན་མེད་དོ་སྙམ།སློབ་དཔོན་གཉིས་ཀས་ཐུགས་ཀྱིས་མཁྱེན་ཏེ། ཛྙཱ་ན་ལ་བུམ་པ་རེ་གཏད་དེ་ཡར་གཙང་གི་ཆུ་ལ་འདི་རེ་རེ་འཆུས་ལ་ཤོག་གཅིག་གསུངས། ཛྙཱ་ནས་ཆུ་བུམ་པ་དོ་བླངས་ནས།  སློབ་དཔོན་གཉིས་ཀྱི་ཕྱགས་དུ་ཕུལ་བས།    སློབ་དཔོན་གཉིས་ཀྱིས་ཛྙཱ་ནའི་ཕྱག་མཐིལ་ལ་ཆུ་ཐིགས་རེ་བླུངས་ནས་།   བི་མ་ལས།  སངས་རྒྱས་ཀྱིས་བསྟན་པ་ཡར་གཙང་གི་ཆུ་ལྟ་བུ་ཡིན་པ་ལ།ངེད་གཉིས་ཀྱིས་བུམ་པ་གང་པོ་འདི་ཙམ་རེ་ཤེས་པ་ཡིན།  ཁྱེད་གཉིས་ལག་མཐིལ་གྱི་ཐིགས་པ་འདི་ཙམ་རེ་ཤེས་བ་ཡིན་གསུངས་པས།  ཛྙཱ་ནའི་རྟོག་པར།  སློབ་དཔོན་གྱིས་མངོན་པར་མཁྱེན་འདུག་སྙམ་སྟེ་ང་རྒྱལ་ཆག   དེ་ནས་ཛྙཱ་ནས་གསང་སྔགས་ནང་གི་ཆོས་དང་ཁྱད་པར་ཨ་ཏིའི་ཆོས་མང་དུ་གསན།   བི་མ་ལ་ལ་གསང་སྔགས་ཀྱི་རྒྱུད་སྡེ་མང་པོ་དང་།  བྱེ་བྲག་ཏུ་རོ་སྲེག་དང་།  དབང་དང་རབ་གནས་དང་།  སྒྱུ་འཕྲུལ་གྱི་རྒྱུད་དང་མན་ངག་དང་བཅས་པ་མང་དུ་གསན་ཞིང་ཞུས།    གཡུ་སྒྲ་ལ་ཛྙཱ་ནས་སྔ་འགྱུར་ལྔ་དང་།  ཕྱི་འགྱུར་བཅུ་གསུམ་ཡང་གསན་ཏེ།  སེམས་སྡེ་བཅོ་བརྒྱད་རྒྱུད་མན་ངག་དང་བཅས་པ་དང་།  ཀུན་བྱེད་རྒྱལ་པོའི་རྒྱུད་སྔ་མ་དང་ཕྱི་མའི་ཕྱི་མ་དང་།    མདོ་རྩ་དང་མདོ་ལུང་།མདོ་འབྲེལ་དང་བཅས་པ་རྣམས་དང་།  ཀློང་སྡེའི་སྐོར་ལ།ཀློང་སྡེ་བཞི་རྒྱུད་དང་མན་ངག་དང་བཅས་པ་རྣམས་ལ་སོགས་པ་མང་དུ་གསན་ཞིང་བཞུགས།ཛྙཱ་ནའི་རྣ་བའི་ཤོ་བྲག་གིས་ཆོས་ཉན་ནུས་ཤིང་སྒྲ་བསྒྱུར་ལ་མཁས། བཀའ་བབས་གོང་མ་རྣམས་ཀྱིས་ཀྱང་ཆོས་ཕལ་ཆེར་ལ་མངའ་བརྙེས་ཤིང་རྒྱུ་འབྲས་ཀྱི་ཆོས་ལ་མཁས། མཆོག་ཏུ་ཡང་བསྟན་པའི་སྙིང་པོ་རྩོལ་མེད་ཨ་ཏིའི་དོན་ལ་མོས་ཤིང་།བློ་ཆེ་བར་འདུག་པས། མན་ངག་བསྟན་པའི་སྣོད་དུ་རུང་སྙམ་ནས་གཡུ་སྒྲས་ཛྙཱ་ན་ལ། སྐལ་ལྡན་ཡང་རབ་ཡེ་ཤེས་མཚན། སྒྲ་ཚིག་དོན་སྤྱི་ཙམ་མིན་པར།།རང་གྲོལ་མངོན་སུམ་བརྡ་སྤྲད་པས།།གུས་པར་ངེས་པའི་གདམས་ངག་ཡོད།།ཅེས་གསུངས།ཛྙཱ་ན་རང་གིས་རིགས་པ་དང་།སྒྲ་དང་མཁྱེན་པའི་ཆོས་ཀྱི་གྲགས་པ་དང་གསུམ་གྱིས་སྒྲིབ་སྟེ།ཆོས་པར་གདམས་ངག་ང་རང་གིས་ཤེས་པ་འདི་རྣམས་ལས་ལྷག་པ་མེད། ད་རུང་གདམས་ངག་ཡོད་པ་སྐད་ཟེར་བ་མཐའི་མི་ནོར་འདོད་པར་འདུག་སྙམ་ནས། ཛྙཱནས།

ཆོས་རྣམས་ཀུན་གྱི་བརྗོད་པའི་གཞི།།

རང་སེམས་སངས་རྒྱས་དངོས་གཞི་ཅན།།

བརྒྱུད་པས་བསྣན་དུ་ཅི་ཞིག་ཡོད།།

སྔར་གསུངས་དོན་ལས་ལྷག་པར་འགལ།།

  ཞེས་ཞུས་པས། གཡུ་སྒྲས་མན་ངག་གི་སྣོལ་མེད་པར་མཁྱེན་ནས་གསུངས་པ། ཆིག་མིན་ཐུགས་ནས་བརྒྱུད་པའི་དོན།རང་གྲོལ་མངོན་སུམ་བར་མ་ཆད། ། གསེར་ལ་ནག་མཚུར་དུག་གི་རྩི།། སྣོད་དང་ལྡན་པ་འགའ་ཙམ་ལ། ། ཞེས་གསུང་ནས་ནམ་མཁའ་ལ་མི་སྣང་བར་གཤེགས། ཛྙཱ་ན་འགྱོད་དེ། མཆི་མ་བྱུང་ནས་ཕྱག་འཚལ་གསོལ་བ་བཏབ་པས། གཡུ་སྒྲ་བྱོན་ནས་ཁྱོད་དེ་ཙམ་བོས་ནས་ཅི་བྱེད་གསུངས་པས།ཛྙཱ་ནས། བདག་ལ་རང་གྲོལ་མངོན་སུམ་འཆར་བའི་གདམས་པ་ཞུས་འཚལ་ཞུས་པས། གཡུ་སྒྲའི་ཞལ་ནས།ང་རྒྱལ་དྲག་པའི་རི་བོ་ཡིས།དངོས་གྲུབ་བདུད་རྩིའི་ཆུ་རྒྱུན་བཀག ། བླ་མས་ལེགས་གསུང་འགལ་མཐོང་བས།།  རང་གྲོལ་མན་ངག་དྲོད་ཚད་འཆུགས།། འདུན་པ་དྲག་དང་མོས་གུས་ཀྱིས།། ནམ་ཞིག་མཇལ་བའི་གསོལ་བ་ཐོབས།།གསུངས་ནས་མར་རྗེ་བཻ་རོའི་དྲུང་དུ་གཤེགས་པ་ལ། ལམ་དུ་སྤམ་སངས་རྒྱས་མགོན་པོ་དང་མཇལ་ཏེ་གཏད་པ་གསུམ་པའི་ལུགས་རྒྱུད་དང་མན་ངག་དང་བཅས་པ་ལུང་ཚང་བ་གཅིག་བྱིན་ནས་སྨིན་པར་བྱས། ཡུ་སྒྲ་མར་བྱོན།  སྤམ་གྱིས་གཡུ་སྒྲར་རྗེ་བཻ་རོ་ཙ་ནའི་ཆེ་བ་དང་ཡོན་ཏན་མང་དུ་ཐོས་པས་ཤིན་ཏུ་དད་དེ།  བཻ་རོའི་དྲུང་ཚ་བ་རང་དུ་བྱོན་པའི་ཞུ་བ་ཕུལ།  གསོལ་བ་བཏབ་ནས།  ཕྱིས་མན་ངག་གི་ཟེར་སྒྲོས།  རྒྱུད་གདམས་ངག་རྣམས་གཏེར་དུ་སྦས་ཏེ།  ཚ་བ་རོང་དུ་རྗེ་བཻ་རོ་ཙ་ནའི་ཞབས་དྲུང་དུ་གཤེགས།གཡུ་སྒྲ་དང་རྒྱ་བློ་གྲོས་གཞོན་ནུ་ཕྲད་དེ།ལས་ཅན་དུ་གཟིགས་ནས་རྒྱུད་སྡེ་ཉི་ཤུ་རྩ་ལྔ་དབང་གདམས་ངག་དང་བཅས་པ་ཡོངས་སུ་རྫོགས་པར་གཏད།དེ་ནས་གཡུ་སྒྲ་མར་གཤེགས་ཤིང་།རྒྱ་བློ་གྲོས་གཞོན་ནུ་སྐལ་བ་དང་ལྡན་པ་ལ་མན་ངག་གི་སྐོར་ཁ་རེ་སྦྱིན་ནས་སྨིན་པར་བྱས།རྒྱུད་མན་ངག་དང་བཅས་པ་གཏེར་དུ་སྦས།ལ་ལ་བསྣམས་ཏེ།རྩ་མིའི་ཡུལ་དུ་དགོངས་པ་ལ་བཞུགས་པས།དགོངས་པ་ཟག་མེད་མངོན་སུམ་དུ་གྱུར་ཏེ། མདོ་ཁམས་སྨད་དུ་སྐལ་བ་དང་ལྡན་འགའ་ལ་སྤེལ།མར་བྱོན་ནས་མདོ་ཁམས་སྨད་དུ་སྦས་རྡོ་རྗེ་རྒྱལ་མཚན་དང་ཕྲད་དེ། སྦས་རྡོ་རྗེ་རྒྱལ་མཚན་གྱིས་རྒྱུ་འབྲས་ཀྱི་ཆོས་ཀྱང་འགའ་ཙམ་ཤེས་པ།ཁྱད་པར་ཕུར་པའི་ཆོས་ལ་སྒྲུབ་པ་བག་ཙམ་བྱས་པ་གཅིག་གིས།ཕྱུགས་ཀྱི་ཞལ་ལྟ་དང་ཕྲུ་སློག་བྱེད་ཀྱིན་འདུག་པ་ལ།གཡུ་སྒྲས། ཇོ་ཇོ་སྔགས་པ་ཁྱོད་ལ་ཕྲུས་ཀྱིས་མ་ལྟོ་བའི་ཉམས་སུ་ལེན་པའི་ཆོས་ཡོད་དམ།ཞེས་གསུངས་པས།སྦས་ཀྱི་ཞལ་ནས།ལས་ཀྱི་མི་ལྟོ་བའི་ཉམས་ལེན་ང་ལ་མེད།དེ་འདྲ་བ་སུ་ལ་བདོག  ཅི་འདྲ་བ་ལགས།ཞུས་པས།གཡུ་སྒྲའི་ཞལ་ནས།སྙན་བརྒྱུད་གདམས་ངག་བདུད་རྩི་ཡིས།རང་སྣང་རིག་པ་ངོ་ཤེས་ནས།དྲན་པ་རང་སྣང་ལྟ་སྒོམ་ཡིན།རང་སར་བཞག་པས་སྙིང་པོ་འཆར། ཞེས་གསུངས་པས།སྦས་ཀྱིས་ངོ་མཚར་ཅན་གྱི་གདམས་ངག་ཏུ་འདུག་སྙམ་ནས།ཕྱག་འཚལ་ཞབས་སྤྱི་བོར་བླངས་ནས་གདམས་ངག་ཞུ་ཞུས་པས།གཡུ་སྒྲས་ལས་ཅན་དུ་གཟུགས་ཏེ།ཁྱོད་འཇིག་རྟེན་འདིའི་གྲགས་པ་དང་འདུན་པ་ཐམས་ཅད་བོར་ནུས་སམ།འབྱོར་བ་ཐམས་ཅད་ཆོས་ཕྱོགས་སུ་གཏོང་ནུས་སམ།ཟབ་མོའི་གདམས་ངག་གི་རྟོགས་པའི་དོན་ཉམས་སུ་ལེན་ནུས་སམ།ཞེས་གསུངས་པས།སྦས་ཀྱི་ཞལ་ནས།བླ་མས་ཅི་ལྟར་གསུངས་པ་ལྟར་ནུས་པས།ཅིས་ཀྱང་མན་ངག་ཞུ། ཐུགས་ལ་འདོགས་པར་ཞུ་འཚལ་ཞུས་པས།གནང་བར་ཞལ་གྱིས་བཞེས་ཏེ། སྤྱིར་ཨ་ཏིའི་རྒྱུད་མན་ངག་དང་བཅས་ཡང་མང་དུ་གནང་།ཁྱད་པར་དུ་རྒྱལ་ཐབས་སྤྱི་བླུགས་་རྫོགས་པའི་དབང་བསྐུར། སྦས་ཀྱིས་ནོར་ཡོངས་སུ་རྫོགས་པར་བླ་མ་ལ་ཕུལ་ཏེ། གསེར་སྦྱངགི་རྡོ་རྗེ་རྩེ་དགུ་པ་གཅིག་གི་མགོ་བྱས་པའི་ནོར་རྫས་སྟོང་ཚོ་གསུམ་དང་ལྔ་བརྒྱ་ཕུལ།དབང་དང་རྒྱུད་གདམས་ངག་དང་བཅས་པ་རྫོགས་པར་གནང་སྟེ།བསྐུལ་བ་རྐྱེན་གྱི་མན་ངག་ནི།རང་སངས་རིག་པའི་ཡེ་ཤེས་ལ།སྒོམ་དང་མི་སྒོམ་ཅི་འདྲ་སེམས།ཐམས་ཅད་བཏང་བས་འཛིན་པ་མེད།དྲན་པ་རྐྱེན་གྱིས་མ་ཤོར་ཙམ།།

   ཞེས་གཏད། སྦས་རྡོ་རྗེ་རྒྱལ་མཚན་གྱིས། རྟོགས་པ་དབང་གི་དུས་སུ་ཤར་ཏེ། ཕྱི་ནང་གི་ཆོས་ཀུན་རང་རིག་པའི་མངོན་སུམ་དུ་མཐོང་། རང་གྲོལ་མངོན་སུམ་དུ་ཤར་ནས། རྗེ་ལ་རྟོགས་པ་ཕུལ་བ། བསྐལ་བར་བསགས་པའི་སྒྲིབ་པ་ནི། བྱིས་པས་ཁང་བུ་བརྩིགས་པ་ཟད། བླ་མའི་དྲིན་གྱིས་རང་སེམས་རྟོགས།།མུན་ཁུང་སྒྲོན་མེ་རང་གསལ་མཛད།། ཅེས་གསུངས། དེ་ནས་སྤམ་སངས་རྒྱས་མགོན་པོ་དང་རྒྱ་བློ་གྲོས་གཞོན་ནུ་གཉིས་ཀྱང་མན་ངག་གི་བདག་པོར་གཏད། སྦས་ཀྱིས་གཡུ་སྒྲས་ཐུགས་ཀྱིབཅུད་མན་ངག་དང་བཅས་པ་རྣམས་ལོན། རྟོགས་པ་མངོན་དུ་ཤར་བའི་ངང་ནས། དན་ཏིག་དགོན་པར་ལོ་གསུམ་བསྐྱངས་བས། དགོངས་པ་ཟག་པ་མེད་པ་བདེ་པ་ཆེན་པོའི་ངང་ལས་འདུ་འབྲལ་མེད་པར་མངོན་དུ་གྱུར་ཏེ། དེས་མདོ་ཁམས་སྨད་དུ་དར་ཞིང་རྒྱས་པར། གཡུ་སྒྲ་རྒྱལ་མོ་ཚ་བ་རོང་དུ་རྗེ་བཻ་རོ་ཙ་ནའི་དྲུང་དུ་བྱོན། སྔོན་ཆད་ལོ་རྒྱུས་ཡང་དག་བཅུ་གཅིག་གིས། རྗེ་བཻ་རོ་ལ་བསྟོད་པ་ལ་སོགས་སྙན་དུ་གསོལ་བས། རྗེ་བཻ་རོ་ཙ་ན་ཡང་ཐུགས་ཤིན་ཏུ་དགྱེས་ནས།

བདག་ནི་དགེ་སློང་བཻ་རོ་ཙ་སྟེ།།

ཡང་སག་བཅུ་གཅིག་དོན་དང་ལྡན།།

ཤེས་བྱའི་སྒྲིབ་པ་བག་ཙམ་མ་འབྱོངས་ཤིང་།།

སྐལ་ལྡན་འདུས་བའི་དུས་ལ་མ་བབས་ཕྱིར།།

ཚ་བའི་རོང་གི་རྒྱལ་ཁམས་དཀར་བོར་བསྒྱུར།།

བྱང་ཆུབ་སེམས་ཀྱི་མྱུ་གུ་ལྗོན་ཤིང་ལ།།

བླ་མེད་བྱང་ཆུབ་འབྲས་བུ་མེ་ཏོག་སྨིན།།

ད་ནི་ལོག་ནས་བོད་ཡུལ་དབུས་སུ་འགྲོ།།

ཞེས་མགུར་གསུངས་ནས་བོད་དུ་གཤེགས་པའི་ཐུགས་དགོངས་སོ།།

གསར་འགོད་པ། དཀོན་མཆོག་བསམ་འགྲུབ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 2yq5 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23522320
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།