ལོ་ཆེན་བེེ་རོ་ཙ་ནའི་རྣམ་ཐར་ལས་བརྒྱད་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» མི་སྣ།» བོད་ཀྱི་གནའ་རབས་མི་སྣ། »ལོ་ཆེན་བེེ་རོ་ཙ་ནའི་རྣམ་ཐར་ལས་བརྒྱད་པ།
ལོ་ཆེན་བེེ་རོ་ཙ་ནའི་རྣམ་ཐར་ལས་བརྒྱད་པ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2018-12-16ལྟ་ཀློག (7568)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

ལོ་ཆེན་བེེ་རོ་ཙ་ནའི་རྣམ་ཐར་ལས་བརྒྱད་པ།

བརྒྱད་པ། རྒྱ་ནག་ཏུ་བྱོན་ནས་རྒྱ་ནག་གི་མཁས་པ་རྣམས་ལས་གདམས་པ་ཞུས་པའི་སྐོར།

     བཻ་རོ་ཙ་ན་ཚ་བ་རོང་ནས་རྒྱ་ནག་པོར་བྱོན་ནས་དགོངས་ཏེ། ཨེ་མ་བདག་འདྲ་འཁྱམས་པོ་བཻ་རོ་ཙ་ན་ཡིས།།སྔོན་གྱི་ལས་དབང་དྲག་པོས་ཚ་བའི་རོང་དུ་འོངས།། ཚ་བའི་རྒྱལ་ཁམས་ཆོས་ཀྱིས་བཀང་ནས་ནི།།རྒྱ་ནག་མཁས་པ་རྣམས་དང་དགོངས་པ་བསྡུར་དུ་འགྲོ།། ཞེས་གསུངས་ནས་རྒྱ་ནག་ཏུ་ཕེབས།རྒྱ་ནག་གི་ཀུ་སུ་ལུ་བྷི་ཏི་ག་རྦས་དང་མཇལ་ཏེ་དེས་དོན་སྐོར་ལྔ་གསུངས།ཡེ་ཤེས་སྤྱི་བླུགས་སུ་འཆར་བ་ཉི་མ་ལྟ་བུ།ཆོས་ཉིད་ཐུག་ཕྲད་དུ་འཆར་བ་རྒྱལ་པོ་ལྟ་བུ།རྣམ་རྟོག་ཡེ་ཤེས་སུ་འཆར་བ་ནགས་ལ་མེ་མཆེད་པ་ལྟ་བུ། མཚན་མ་རང་ཤར་རང་གྲོལ་ནམ་མཁའི་ཀློང་ལྟ་བུ། ཏིང་ངེ་འཛིན་འབྱུང་འཇུག་མེད་པ་གསེར་གླིང་དུ་ཕྱིན་པ་ལྟ་བུ་ཞེས་དོན་སྐོར་ལྔ་བསྟན།

རྒྱ་ནག་ཀུ་སུ་ལུ་བྷོ་ཏི་གརྦ་དང་མཇལ་ཡང་དགོངས་པ་དེ་དཔག་ཏུ་མེད་པ་ཡིན།ཀུན་གྱིས་གོ་བ་མ་ཡིན་ནོ།། རྒྱ་ནག་གི་མཁས་པ་ཀུ་སུ་ཧརྨ་བྷོ་ངྷེས། དགེ་སློང་བེེ་རོ་ཙ་ན་ལ་རྩོལ་སྒྲུབ་ལས་འདས་པའི་དེ་ཁོ་ན་ཉིད་ཀྱི་རྡོ་རྗེའི་ཚིག་དྲུག་པ་གསུངས་ཏེ།ལྟ་བ་ལ་ཟློས་ན་མུན་པའི་སྨག་ལས་འདས།བསྒོམ་པའི་ལ་ཟློས་ན་རང་སྲོག་ཆོད། སྤྱོད་པའི་ལ་ཟློས་ནས་གཏད་མེད་འཆལ་པ་བུ་ཆུང་འདྲ། སྐྱེ་ཤིའི་ལ་ཟློས་ན་སེམས་ཅན་གྱི་སྲོག་ཆོད། འབྲས་བུའི་ལ་ཟློས་པ་རེ་དོགས་ཀྱི་ཐག་པ་ཆོད།རྒྱུ་རྐྱེན་ཕྱགས་མས་བཏབས་པས་ཡེ་ཤེས་ཀྱི་ལ་ཟློས་སོ།།ཞེས་དགེ་སློང་བཻ་རོ་ཙ་ན་ལ་གདམས།  རྒྱ་ནག་མཁས་པ་ངྷརྨ་བྷོ་ངྷེ་ཉིད་དང་མཇལ་ཡང་དགོངས་པ་དེ་ལས་དཔག་ཏུ་མེད་པ་ཡིན་ནོ།།

  རྒྱ་ནག་གི་མཁས་པ་ཀུ་སུ་ལུ་བཛྲ་སུ་ཀ་ངྷེ་བས་སྐུ་གསུམ་འདུ་འབྲལ་མེད་པའི་གདམས་པ་འདི་གསུངས་སོ།། ཤར་བ་སྤྲུལ་སྐུ།ཟད་པ་ཆོས་སྐུ། གཉིས་མེད་ལོངས་སྐུ། སྒོ་ལྔའི་ཡུལ་དུ་སེམས་ཀྱི་དྲན་རྟོག་གང་བྱུང་ཡང་སྤྲུལ་པའི་སྐུ་ཉིད་ཤར་བ་ཡིན།གང་ཤར་ཅིར་སྣང་ཡང་རང་བཞིན་མེད་དོ།།   ཆོས་སྐུར་ཟད་པ་དང་།ཤར་བ་དབྱེར་མེད་དེ།  ལོངས་སྐུར་ཡེ་ནས་གནས་པ་ཡིན།རང་ཤར་རང་སྣང་རང་ཟད་གསུམ།དུས་གསུམ་འདུ་འབྲལ་མེད་པ་ཡིན།སྐྱེ་མེད་འདུས་མ་བྱས་སུ་འདུག་པས་སྒོམ་པའི་བློ་དང་བྲལ། ཅི་ཤར་སྐུ་གསུམ་ཅོག་བཞག་ཏུ་འདུག་པས་སྤྱོད་པའི་བློ་དང་བྲལ།སྐུ་གསུམ་ལྷུན་གྲུབ་ཡེ་ནས་སངས་རྒྱས་པས་འབྲས་བུའི་བློ་དང་བྲལ་ལོ་ཞེས་གདམས་སོ།།

བཛྲ་སུ་ཀ་ངྷེ་ཝ་ཉིད་དང་མཇལ་ཡང་དགོངས་པ་དེ་ལས་ལྷག་ཏུ་མེད་པའོ།།  ཀུ་སུ་ལུ་པཎྜི་ཏ་བར་མ་ལ་ཞུས་པས།རིག་པ་གཅེར་འཛིན་གྱི་གདམས་པ་གསུངས་པ།  རང་གི་སེམས་ལ་ལྟོས་དང་།  རྒྱུ་རྐྱེན་ཁ་དོག་དངོས་པོ་གདའ་ལགས་སམ།སྐྱེ་ཤི་དང་འཇིག་བྲལ་མ་མཐོང་ངོ་།།  ནམ་མཁའ་ལྟ་བུའི་དོན་ལ་གཟིགས་དང་།ཕྱིའི་ཡུལ་ཕར་བལྟས་པས།  སྣང་ཚད་རང་གི་སེམས་སུ་འདུག ནང་དུ་བལྟས་པས་ང་དང་བདག་མ་རྙེད། ཉམས་སུ་བླང་བྱ་མི་གདའོ།།ཅིར་སྣང་རང་ཤར་དེ་ལ་དགག་བསྒྲུབ་མེད། ཐོབ་བྱ་ཐོབ་བྱེད་མེད་པས་འབྲས་བུའོ།།  གཟའ་གཏད་ཕྱོགས་རིས་མེད་པས་ལྟ་བའི་ལ་ཆོད་པ་ཡིན།   ཞེན་འཛིན་དམིགས་གཏད་མེད་པས་སྒོམ་པའི་ལ་ཆོད་པ་ཡིན།  ཅིར་སྣང་རང་ཤར་ཆོས་སྐུར་ཤེས་ན། སྤྱོད་པའི་ལ་ཆོད་པ་ཡིན།  འཁོར་འདས་རྒྱུ་འབྲས་རེ་དོགས་དང་བྲལ་ན་འབྲས་བུའི་ལ་ཆོད་པ་ཡིན་ཞེས་གསུངས་སོ།།

པཎྜི་ཏ་བར་མ་ཉིད་དང་མཇལ་ཡང་དགོངས་པ་དེ་ལས་དཔག་ཏུ་མེད་པ་ཡིན་ནོ།།མཁས་པ་ཙན་ངྷ་རི་ཁྲོད་པ་ལ་གདམས་པ་ཞུས་པས།ལན་གསུངས་པ།རྟོགས་པ་ཁོང་དུ་ཆུད་པར་བྱ། སྣང་དབང་དུ་འདུས་པར་བྱ།རང་དབང་ཐོབ།རང་ས་ཟིན། འཁོར་བའི་རྒྱུན་ཆོད་དེ་དྲན་པ་ལགས།ཞེས་གསུངས་སོ།།

མཁས་པ་ཙན་ངྷི་རི་ཁྲོད་པ་དངོས་དང་མཇལ་ཡང་དགོངས་པ་དེ་ལས་དཔག་ཏུ་མེད་དོ།།  མཁས་པ་ཀུ་སུ་ལུ་མ་ཧཱ་བྷོ་ངྷིས།འགྱུ་བ་དང་སངས་ཀྱི་གདམས་པ་གསུངས་པ། འགྱུ་བ་དེ་དག་འགྱུར་པ་དང་། བལྟས་པས་དྭངས་པ་ཤར་པ་དང་། སངས་པ་གྲོལ་བ་དུས་མཉམ་མོ།། དུས་ཇི་ལྟར་སྙམ་ན། འགྱུ་བ་ནི་ཐོལ་གྱིས་བྱུང་པའི་ཚེ།འགྱུས་པ་ནི་རིག་པ་རང་ཤར་ཡུལ་ལ་ཁྱུག་གིས་ཤར་བའི་དུས།བལྟས་པས་སྐྱེ་མེད་ཟང་ཐལ་ལེ། བཞག་པས་འཛིན་པ་རང་སར་གྲོལ། ཤར་དང་སྣང་པ་སངས་པ་གསུམ།གྲོལ་བས་མ་སྐྱེས་ཟང་ཐལ་ལེ།དེ་ལྟར་ཐམས་ཅད་ངོ་བོ་ཉིད་དུ་གྲོལ་ཏེ།ཆོས་སྐུ་བློ་ཡུལ་དུ་བྱར་མེད།བློ་འདས་ཆེན་པོར་སངས་རྒྱས་ཞེས་གསུངས་སོ།། མཁས་པ་མ་ཧཱ་བྷོ་ངྷི་ཉིད་དང་མཇལ་ཡང་དགོངས་པ་དེ་ལས་དཔག་ཏུ་མེད་དོ།། མཁས་པ་ཀུ་སུ་ལུ་ཤྲི་ཨ་ནི་ལ་ཞུས་པས། རླུང་གསུམ་རང་སར་དྭངས་པའི་གདམས་པ་གསུངས་པ། ཕྱི་འཚུབ་བྱེད་ཀྱི་རླུང་སྣང་བ་འགྱུ་བ།འཛིན་མཁན་རང་སར་དྭངས་པའོ།། ནང་འཚུབ་བྱེད་ཀྱི་རླུང་གསལ་ལ་འགྱུ་བ།འཛིན་མཁན་རང་སར་དྭངས་པའོ།། གསང་བ་འཚུབ་བྱེད་ཀྱི་རླུང་། སྟོང་པ་འགྱུ་བ། འཛིན་མཁན་རང་སར་དྭངས་པའོ།། དེ་ལྟར་མ་ཤེས་ན་ནང་ནས་ཕྱི་རུ་རླུང་འཚུབས་པས་འགྱུས་པ། འཛིན་པ། ཆགས་པ། རླུང་རང་དྭངས་སུ་མ་ཤེས་ན་ཁམས་གསུམ་དུ་འཁོར་རོ་ཞེས་གསུངས་སོ།།

མཁས་པ་ཤྲི་ཨ་ནི་ཉིད་དང་མཇལ་ཡང་། དགོངས་པ་དེ་ལས་དཔག་ཏུ་མེད་དོ།། མཁས་པ་ཀུ་སུ་ལུ་ཧ་ཤང་བྷི་ཏི་ལ་གདམས་པ་ཞུས་པས།ཐག་ཆོད་རྡོ་རྗེའི་ཚིག་དྲུག་གསུངས་པ་སྣང་སྲིད་ཐམས་ཅད་ནམ་མཁའི་ངང་དུ་འདུག་པས།དངོས་པོ་ལ་རང་བཞིན་མེད་པར་ཐག་ཆོད་འཁོར་འདས་ཀྱི་སྙིང་པོ་སེམས་སུ་འདུག་བས། སངས་རྒྱས་གཞན་ནས་མེད་པར་ཐག་ཆོད།བདེ་བ་སྒྱུ་མར་སྣང་བས། སྡུག་བསྔལ་ལ་རང་བཞིན་མེད་པར་ཐག་ཆོད། སྟོང་པའི་འོད་ལ་བསམ་དུ་མེད་པས།  ཡེ་ཤེས་རང་བྱུང་དུ་འབར་བར་ཐག་ཆོད། ཡེ་ཤེས་ལ་སྐྱེ་འགགས་མེད་པས། འཆི་འཕོ་ལ་འཇིགས་པ་མེད་པར་ཐག་ཆོད། འཁོར་བའི་སྙིང་པོ་སེམས་སུ་འདུག་ཅིང་རྒྱུ་རྐྱེན་ཟད་པས། སྐྱེ་བ་མི་ལེན་པར་ཐག་ཆོད་དོ་ཅེས་གསུངས་སོ།།

མཁས་པ་ཀུ་སུ་ལུ་ངྷརྨ་བྷོ་ངྷི་ལ་གདམས་པ་ཞུས་པས། དགེ་སློང་རང་ནམ་མཁའ་ལ་ལྟོས་དང་། སྤྲིན་གློག་འབྲུག་ཆར་རང་བྱུང་རང་དྭངས་སུ་འདུག་པས། དེ་རིང་གི་སྤྲིན་འདི་ཁ་སང་གི་སྤྲིན་མིན་ནང་པར་དེ་རིང་སྤྲིན་འདི་མི་འོངས།དགེ་སློང་རང་གི་སེམ་ས་ལ་ལྟོས་དང་། དྲན་རྟོག་རང་གི་སེམས་རང་བྱུང་རང་དྭངས་སུ་འདུག་པ། ཁ་སང་གི་དྲན་རྟོག་དེ་དེ་རིང་གི་མིན། དེ་རིང་དྲན་རྟོག་ནང་པར་མི་སྡོད།ནང་པར་གྱི་དྲན་རྟོག་ནི་དེ་རིང་མི་སྡོད། དྲན་རྟོག་རང་བྱུང་རང་དྭངས་སུ་འདུག་པ། བློ་རེ་དོགས་སུ་མི་འཛིན།ཉོན་མོངས་དང་ཡེ་ཤེས་རང་བྱུང་རང་དྭངས་ཡིན། ནམ་མཁའ་སྟོང་པ་ལ་རི་མོ་བྲི་བའི་ས་མེད།རིག་པ་སྟོང་པ་ལ་སྡིག་པ་བསོགས་པའི་གནས་མེད། ཆུ་བྲན་ཆུ་བོ་ཇི་སྙེད་ཀུན།རྒྱ་མཚོ་རོ་གཅིག་བྱེ་བྲག་མེད་ཅེས་གསུངས་སོ།།

ཀུ་སུ་ལུ་སུ་རྱ་བྷི་ཏི་ལ་གདམས་པ་ཞུས་པས་གསུངས་པ། རིག་པ་ཐུག་ཕྲད།རིག་པ་ཅོག་བཞགས། རིག་པ་རང་རྡོལ། རིག་པ་ཆིག་ཆོད། མན་ངག་བཞི་དང་ལྡན་པར་བྱ། ཐུག་ཕྲད་རྒྱལ་བོ་ལྟ་བུར།དྲན་རྟོག་ཡེ་ཤེས་སུ་ངོས་བཟུང་ཅོག་བཞག་མེ་ལོང་ལྟ་བུས་རྣམ་རྟོག་ཡེ་ཤེས་སུ་ངོས་བཟུང་། རང་རྡོལ་ཀོ་མོའི་ཆུ་ལྟ་བུས་འཁོར་འདས་ཀྱི་བདེ་སྡུག་མཉམ་པར་རྟོགས། རང་གྲོལ་གྱི་དགོངས་པ་རྙེད་པ་ཡིན། ཆིག་ཆོད་ལ་དར་སྟུབས་པ་ལྟ་བུས་ཐམས་ཅད་ངོ་བོ་ཉིད་དུ་རྟོགས་སོ་ཞེས་གསུངས་སོ།།

མཁས་པ་ཀུ་སུ་ལུ་ཤ་ཏ་ས་ཏིས།དངོས་པོ་ཡིན་ལུགས་ཀྱི་དེ་ཁོ་ན་ཉིད་གསུངས་པ། ཐམས་ཅད་སངས་རྒྱས་ཉག་ཅིག་བསམ་དུ་མེད་པའི་འོད་གསལ། འགྱུ་བ་ཆད་པའི་བརྡལ་བ། ཕྱི་ནང་མེད་པའི་ཟང་ཐལ། ཐམས་ཅད་རང་བྱུང་ཡེ་ཤེས།གཅིག་རྟོགས་ཟང་ཐལ་ཆེན་པོ།  ཞེས་གསུངས་སོ།།

  ཀུ་སུ་ལུ་གོ་ནི་དུར་ཁྲོད་པས་གདམས་པ་གསུངས་པ། སྙིང་པོ་བྱང་ཆུབ་ཀྱི་སེམས་ཇི་བཞིན་པར་རྟོགས་པར་བྱ། རྟོགས་པས་ཆོག་གམ་སྙམ་ན། རྟོག་སྙམ་པ་དེ་ཡིད་ཀྱིས་རྟོགས་པ་ཡིན། ཡིད་ཆེས་ཀྱི་གདེང་རྙེད་ན་རེ་དོགས་ཀྱི་ཐག་པ་ཆོད་དགོས།དེ་ཙ་ན་གཉིས་མེད་བརྗོད་འདས་བསམ་མེད། བགྲོད་དུ་མེད་པ། ངོས་བཟུང་དང་བྲལ་བ།ཆོས་ཉིད་བློ་ཡུལ་དུ་མ་གྱུར་པའོ།།
ཀུ་སུ་ལུ་པ་ཏི་པས། དེ་ཁོ་ན་ཉིད་ཀྱི་རྩད་གཅོད་གསུངས་པ། དང་པོ་སེམས་ཀྱི་བྱུང་ས་ཚོལ།། བར་དུ་སེམས་ཀྱི་གནས་ས་ཚོལ།ཐ་མར་སེམས་ཀྱི་འགྲོ་ས་ཚོལ།། དང་པོ་སེམས་ཀྱི་བྱུང་ས་མེད་པས་རྒྱུ་རྐྱེན་མེད་པ་ཞིག་ཡིན། བར་དུ་སེམས་ལ་གནས་ས་མེད་པས་ལམ་མེད་གཅིག་ཡིན། ཐ་མ་སེམས་ཀྱི་འགྲོ་ས་མེད་པས་འབྲས་བུ་གྲུབ་མེད་གཅིག་ཡིན། དེ་ལྟར་རྟོགས་པ་ལྟ་བ།དེ་ན་གནས་པ་བསྒོམ་པ། དེ་ལ་ཡིད་ཆེས་པ་སྤྱོད་པ། དེ་ཐོབ་བྱ་ཐོབ་བྱེད་མེད་པས་འབྲས་བུའོ།།དེ་ནས་ཡེ་དག་ཆེན་པོ།ཡེ་གྲོལ་ཆེན་པོ།ཁྱབ་གདལ་ཆེན་པོ། སྐྱེ་མེད་ཆེན་པོ། ཡན་པ་ཆེན་པོ། གཞི་ནས་སངས་རྒྱས་པ་ཡིན། ཞེས་གདམས་སོ།།
མཁས་པ་ཀུ་སུ་ལུ་ཡོ་གི་བར་མས་འདི་སྐད་གསུངས་སོ།། ལྟ་བ་ཡིན་པ་མེད་པར་ཐག་ཆོད།དེ་ལ་བསྒོམ་དུ་ཅི་ཡང་མེད་པར་ཐག་ཆོད། སྤྱོད་པ་སྤོང་ལེན་མེད་པར་ཐག་ཆོད། འབྲས་བུ་ལ་ཐོབ་བྱ་ཐོབ་རྒྱུ་མེད་པར་ཐག་ཆོད། རྣལ་འབྱོར་རབ་ཀྱི་དགོངས་པ་ཡིན་ནོ།། ཡང་ཡོ་གི་བར་པས་བློ་གསར་བུ་ལ་གདམས་པ། སྐྱེས་བུ་བལྟ་བྱེད་ལ་རྟེན་ནས་བལྟ་མཁན་ངོས་ཟུངས། བརྗོད་འདས་ཡིན་གྱིས་བསྒོམས་བྱ་སྒོམ་བྱེད་ལ་རྟེན་ནས། བསྒོམས་བྱེད་མཁན་ངོས་ཟུངས།བསྒོམ་སྣང་ལ་རྟེན་ནས། བསྒོམ་མཁན་མ་མཐོང་གིས་དངོས་པོའི་འདུག་ཚུལ་ལ་ལྟོས་དང་བློ་ཡུལ་ལས་འདས་སོ།། སྤྱད་བྱ་ལ་རྟེན་ནས་སྤྱོད་མཁན་ངོས་ཟུངས་དང་བྲལ་ལོ་ཞེས་གསུངས་སོ།།
མཁས་པ་ཀུ་སུ་ལུ་ཡོ་གི་གྲོང་ཁྱེར་བ་ལ་གདམས་པ་ཞུས་པས་འཇུག་སྒོ་གསུམ་གྱི་མན་ངག་གསུངས་ཏེ། སྣང་ལུགས།ཤར་ལུགས།ཡིན་ལུགས། སྣང་བ་རང་ཤར་དུ་ཤེས་པས་ཕྱིའི་འཇུག་སྒོ་གཏན་ལ་ཕེབས།ཤར་བ་དང་ཤར་དུ་ཤེས་པས་ནང་གི་འཇུག་སྒོ་གཏན་ལ་ཕེབས།ཡིན་ལུགས་མ་སྐྱེས་སྐྱེ་མེད་དུ་ཤེས་པས་གསང་བའི་འཇུག་སྒོ་གཏན་ལ་ཕེབས། ལུས་རང་གིས་བཙལ་དུ་མེད་པས།ལུས་སེམས་གཉིས་འབྲེལ་མཁན་མེད། འགྲོ་ས་སངས་རྒྱས་ལས་མེད་པ་ཡིན། སྣང་བ་རང་ཤར་དུ་ཤེས་པས། རྐྱེན་རང་ལས་བྱུང་བའི་མ་རིག་པ་སངས། རླུང་རང་གི་རྩལ་དུ་ནོན་པས།གཉིས་ཅན་ལས་བྱུང་བའི་མ་རིག་པ་སངས། ལུས་སེམས་གཉིས་ཀྱི་འབྲེལ་ཐག་ཆད་པས།སྒྲིབ་པ་གསུམ་ལས་གྲོལ་ཏེ། འགྲོ་ས་སངས་རྒྱས་ལས་མེད་དོ་ཞེས་གསུངས་སོ།།
མཁས་པ་ཀུ་སུ་ལུ་ཧེ་སན་ངྷིས་སྐྱེ་འགག་གཉིས་མེད་ཀྱི་གདམས་པ་གསུངས་པ། འགགས་པ་མེད་པའི་རྟག་མགོ་དགུ་པ་དེའི་ཕ་རོལ་དུ་ལྟོས་ཤིག སྐྱེ་མེད་དུ་ཐག་ཆད་ནས་གདའོ།། དེ་གཉིས་ཀྱི་བར་དུ་ལྟོས་དང་། དེ་ལས་བརྗོད་དུ་གདའ་ཡེ། བློ་ལས་འདས་པ་ཡིན། འཛིན་མེད། འགགས་མེད། ཁུངས་མེད། བརྗོད་མེད། བློ་འདས། ཨ་ཧ་ནི་ལ་རྩག་ཅེས་གསུངས་སོ།།
 ཀུ་སུ་ལུ་ཡོ་ཀི་ནི་ལ་གདམས་པ་ཞུས་པས་གསུངས་པ། སངས་རྒྱས་པར་འདོད་ན་རྩོལ་བ་ཞོག སེམས་བལྟ་བར་འདོད་ན་རང་གི་དབུགས་ལ་ལྟོས། ཡེ་ཤེས་འདོད་ན་དྲན་པ་རྟག་ཏུ་བརྟེན། བདེ་བ་འདོད་ན་དྲན་པ་དུག་ལྔའི་ངོ་བོ་རྙེད་དམ་ལྟོས། སངས་རྒྱ་བར་འདོད་པས་ཕུང་བ་ཡིན་ཞེས་མཁའ་འགྲོ་མས་གདམས་སོ།། ཀུ་སུ་ལུ་པྲ་གྷིརྟི་ལ་གདམས་པ་ཞུས་པས་གསུངས་པ། གནས་ལུགས་ཤེས་པ། མ་འདྲེས་པར་ཤེས་པ། ཡན་པར་ཤེས་པ། མ་བྱུང་བར་ཤེས་པ།མ་སྐྱེས་པར་ཤེས་པ། མི་དམིགས་པར་ཤེས་པ། དངོས་པོ་མེད་པར་ཤེས་པ།མ་གཡོས་པར་ཤེས་པ། རང་དག་ཤེས་པ།། ཞེས་དགུ་དང་ལྡན་ན་གྲོལ་ནས་གདའོ་གསུངས་སོ།།
རི་ཁྲོད་མ་ཆུ་དུན་ལ་ངེས་པའི་དོན་ཇི་ལྟར་ལགས་ཞེས་དྲིས་པས།རྣལ་འབྱོར་མས་གསུངས་པ།མཁའ་ལྟར་དག་པར་རྟོགས་པས་ན། དགེ་སྡིག་གཉིས་ཀ་ཐ་དད་ཙམ།སྡུག་བསྔལ་འཁོར་བ་གདོད་ནས་མེད། སྐྱེ་མེད་ཆོས་ལ་རྩོལ་བ་མེད།རྣམ་གྲོལ་མེད་དེ་བཅིངས་པ་མེད།བྱང་ཆུབ་སྙིང་པོར་བྱ་བ་གདོད་ནས་མེད། གང་ཞིག་བྱིས་པས་དེ་ལྟར་མ་རིག་སྟེ། དོན་མེད་པར་སྒྲ་ཕྱིར་འབྲངས་པ་རྣམས་ནི་དགེ་བའི་ཆོས་ཀུན་རྣམ་པར་སྤང་ནས། འཁོར་བའི་ཆོས་ལ་ཆགས་ཤིང་འཛིན་པ་ཆེ།དེས་ན་དེ་རྣམས་འཐོམས་ཏེ་ངན་འགྲོར་འགྲོ་ཞེས་གསུངས་སོ།།
དེ་ལྟར་མཁས་པ་རྣམས་དང་།གྲུབ་ཐོབ་རྣམས་དང་། མཁའ་འགྲོ་མ་རྣམས་དང་། རྟོགས་ལྡན་རྣམས་ཀྱིས་གདམས་པའོ།། འདི་ནི་ཚེ་ཟད་སྒྲིབ་པ་ཟད་པ་རྣམས་དང་འཕྲད་པར་སྨོན། དེ་ནས་བཻ་རོ་ཉིད་སླར་ཚ་བ་རོང་དུ་ཕེབས་ཏེ་གཡུ་སྒྲ་སྙིང་པོར། རྒྱ་ནག་གི་མཁས་པ་རྣམས་ནས་ཞུས་པའི་གདམས་པ་རྣམས་གནང་བའོ།།

གསར་འགོད་པ། སེར་སྐོར་འཇམ་ཚེ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། spiv བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23530126
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།