རྒྱལ་ཁབ60ལྷག་གི་ཉམ་ཐག་ལ་རོགས་སྐྱོར་བྱས་པའི་ནང་བའི་དགེ་མ་ཞིག
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »རྒྱལ་ཁབ60ལྷག་གི་ཉམ་ཐག་ལ་རོགས་སྐྱོར་བྱས་པའི་ནང་བའི་དགེ་མ་ཞིག
རྒྱལ་ཁབ60ལྷག་གི་ཉམ་ཐག་ལ་རོགས་སྐྱོར་བྱས་པའི་ནང་བའི་དགེ་མ་ཞིག
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2018-12-11ལྟ་ཀློག (9353)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རྒྱལ་ཁབ60ལྷག་གི་ཉམ་ཐག་ལ་རོགས་སྐྱོར་བྱས་པའི་ནང་བའི་དགེ་མ་ཞིག

           གསེར་ལག་འཇམ་དབྱངས་ཚུལ་ཁྲིམས་ཀྱིས་བསྒྱུར།

     འཛམ་གླིང་གི་ཡུལ་གྲུ་གང་ཞིག་ཏུ་ཤུགས་རྐྱེན་ཅུང་ཆེ་བའི་གནོད་འཚེ་ཐེབས་པ་ཡིན་ན། ནམ་རྒྱུན་ཆེས་ཐོག་མར་གནོད་ཁུལ་དུ་འབྱོར་ཏེ་རོགས་སྐྱོར་བྱེད་མཁན་ནི་སྲིད་གཞུང་ག་གེ་མོ་དང་ཡང་ན་གཞུང་ཕྱོགས་ཀྱི་སྒྲིག་འཛུགས་གང་ཡང་མ་ཡིན་པར། དེ་ནི་ཐེ་བན་གྱི་དམངས་ཁྲོད་ཀྱི་རོགས་སྐྱོར་རྩ་འཛུགས་ཤིག་ཡིན་པ་དང་། ཁོང་ཚོས་ནམ་རྒྱུནབཀའ་དྲིན་ཆེ་ཞེས་ཞུ་དགོས་མཁན་ནི་ང་ཚོ་ཡིན་ཏེ། ཁྱེད་ཅག་གིས་ང་ཚོ་ལ་ཚོགས་བསགས་དགེ་སྒྲུབ་ཀྱི་གོ་སྐབས་གནང་ཡོད།ཟེར།

     རྩ་འཛུགས་འདི་ནི་འཛམ་གླིང་གི་ཡུལ་གྲུ་གང་སར་སྙན་པ་འཕུར་བའི་ཚོགས་པ་ཞིག་ཡིན་ལ། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་དག་གིས་བརྩི་མཐོང་ཞུ་ས་དང་ནང་བ་དང་ནང་བ་མ་ཡིན་པའི་ཚོགས་པ་དག་གིས་གོང་བཀུར་ཞུ་ས་སྟེ། ཧྲི་ཀྲིན་ཡན་ནང་བསྟན་བྱམས་སྐྱོབ་དགེ་ལས་ཚོགས་པ༼慈济基金会༽ཡིན། དེ་ཡང་དགེ་ལས་ཚོགས་པ་འདི་གསར་འཛུགས་བྱེད་མཁན་ནི་ཤཱཀྱའི་བསྟན་ལ་རབ་ཏུ་བྱུང་བའི་དགེ་མ་ཞིག་ཡིན་ལ་ཐམས་ཅད་ཀྱིས་ཁོང་ལཤར་ཕྱོགས་ཀྱི་ཏི་ལེ་ཧྲཞེས་གསོལ་བ་དང་ཁོ་མོའི་མཚན་ངོ་མར་སློབ་དཔོན་ཀྲིན་ཡན་ཞེས་འབོད།

    སློབ་དཔོན་ཀྲིན་ཡན་རབ་ཏུ་མ་བྱུང་བའི་སྔོན་མིང་ལ་བང་ཅིན་ཡོན་ཞེས་འབོད་པ་དང་ཁོ་མོ་ནི1937ལོར་ནོར་གླིང་ཐེ་བན་གྱི་ཐེ་ཀྲུང་རྫོང་ཆིན་ཧྲེའུ་གྲོང་རྡལ་དུ་འཁྲུངས། ཁོ་མོའི་ཨ་ཁུ་ལ་བུ་ཕྲུག་མེད་པས་མོ་རང་ལོ་ན་ཆུང་དུས་ནས་ཨ་ཁུར་བུ་སྐལ་དུ་བྱིན་པ་རེད། སྤྱི་ལོ1943ལོའི་ལོ་མཇུག་སྟེ་འཇར་འགོག་དམག་འཁྲུག་མཇུག་སྒྲིལ་བའི་སྔ་ནུབ་ཙམ་ལ། མནའ་འབྲེལ་དམག་དཔུང་གིས་ཉི་ཧོང་དམག་གིས་བཙན་བཟུང་བྱས་ཡོད་པའི་ཐེ་བན་གླིང་ཕྲན་ལ་གཏོར་རྒོལ་ཐེངས་མང་བཏང་། བང་ཅིན་ཡོན་སྲོག་ཉེན་ལས་ཐར་ཆེད་ཕ་མ་དང་མཉམ་དུ་ཉེན་གཡོལ་དོང་དུ་འཛུལ་ནས་གནམ་གྲུའི་གཏོར་རྒོལ་ལ་གཡོལ་ཐབས་བྱས། ལམ་བར་དུ། ཁང་བ་མེ་རུ་བསྲེགས་ཤིང་ཤི་རྨས་ཐེབས་པའི་ཡུལ་མི་མང་བོ་ཞིག་ཁོ་མོས་དངོས་སུ་མཐོང་། དམག་འཁྲུག་གི་ལོ་ཟླའི་ནང་མིའི་ཚེ་སྲོག་ནི་རྟ་རྔ་ལས་ཀྱང་ཉག་ཕྲ། རང་ལོ8ཙམ་ཡིན་པའི་བང་ཅིན་ཡོན་གྱིས་འཁོར་བའི་བྱ་བཞག་གི་སྡུག་བསྔལ་ལ་ངེས་འབྱུང་སྐྱེས་ཤིང་རིམ་གྱིས་ནང་བསྟན་ལ་འབྲེལ་འདྲིས་བྱེད་འགོ་བརྩམས།

 

  ཁོ་མོ་ལོ15ལ་སླེབས་སྐབས། ཨ་མ་ནད་གཞིའི་དབང་གིས་གཤགས་བཅོས་བྱེད་དགོས་བྱུང་། ཡིན་ནའང་སྐབས་དེར་སྨན་བཅོས་ལག་རྩལ་ཧ་ཅང་ཞན་པས་གཤགས་བཅོས་བྱ་དགོས་པའི་ནད་པ་དག་ནི་རྐང་བ་ཡ་གཅིག་ཕྱི་མའི་ཡུལ་ལ་སྤོ་དགོས་པ་འབའ་ཞིག་ཡིན། ཁོ་མོའི་སེམས་སུ་སྡུག་བསྔལ་དང་བྲེལ་འཚུབ་དཔག་མེད་སྐྱེས་ནས། གཤགས་བཅོས་བྱེད་མི་དགོས་པར་ཨ་མར་དྲག་བསྐྱེད་བྱུང་བ་ཡིན་ན་རང་ཉིད་ལོ12ཀྱིས་ཚེ་ཇེ་ཐུང་ལ་སོང་ཡང་སྐྱོན་མེད་ཅེས་གསོལ་འདེབས་བྱས། དེ་ནས་བཟུང་དཀར་ཟས་དང་གོས་ངན་ངོན་བསྟེན་པ་དང་མཐར་མའི་ནད་གཞིའང་ངོ་མཚར་བར་དྲག་བསྐྱེད་བྱུང་རྗེས། ཁོ་མོས་ཚེ་གང་བོར་དཀར་ཟས་བསྟེན་པའི་དམ་བཅའ་བཞག  ལོ5རྗེས་སུ། ཡབ་ལ་ཀླད་ཁྲག་བརྡོལ་ནས་ཚེ་ལས་འདས་པའི་སྡུག་བསྔལ་དེས་ཁོ་མོའི་ཡིད་སེམས་ཀློང་དུ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་དེ་རྒྱུད་མུར་མངོན་པ་དང་ནང་བའི་གསུང་རབ་ལསདཀར་ནག་གི་ལས་འབྲས་ཁོ་ན་རང་དང་གྲིབ་གཟུགས་བཞིན་བསྡོངས་ནས་འགྲོ་བ་ལས། འཆི་བའི་ནངས་མོར་ཅི་ཡང་ཁྱེར་དབང་མེད་པརགསུངས་པའི་ཚུལ་ལ་ངེས་པ་བརྟན་པོ་སྐྱེས་པ་དང་། དུས་དེ་ནས་བཟུང་རྒྱལ་བའི་གསུང་གི་དགོངས་དོན་འཚོལ་འདོད་ཀྱི་བློ་སྒོ་ཕྱེས་པ་རེད།

   སྔོན་བསགས་བསོད་ནམས་བཟང་བོའི་མཐུ་ལ་བརྟེན་ནས་ཅུང་མ་འགོར་བར་ཁོ་མོ་ནང་བསྟན་རིག་པའི་སློབ་དཔོན་ཆེན་མོ་ཡུན་ཧྲུན༼印顺长老༽དང་མཇལ་བའི་སྐལ་བཟང་བྱུང་བ་དང་། རང་ལོ26ཡིན་པའི་བང་ཅིན་ཡོན་གྱིས་དམ་པ་གང་གི་ཞབས་རྡུལ་སྤྱི་བོར་བླངས་ཤིང་རབ་ཏུ་བྱུང་ནས་ནང་བའི་ཆོས་སྒོར་ཞུགས་ཏེ་མཚན་ལ་ཀྲིན་ཡན་ཞེས་བཏགས། དམ་པ་གང་གིས་ཁོ་མོར། ཁྱེད་ཀྱིས་དུས་དང་རྣམ་པ་ཀུན་ཏུ་རྒྱལ་བསྟན་རིན་པོ་ཆེ་དང་འགྲོ་བ་སེམས་ཅན་ཡོངས་ལ་བསམ་བློ་གཏོང་དགོསགསུངས། ཁོ་མོ་དམ་པ་གང་གི་བླ་ན་མེད་པའི་ཐུགས་རྒྱུད་དང་གཤིས་སྤྱོད་ཀྱིས་ཡིད་ཀྱི་དང་བ་དབང་མེད་དུ་དྲངས་པ་དང་དེས་ཀྱང་ཁོ་མོརང་ཉིད་ཁོ་ན་མི་བསམ་པར། འགྲོ་བ་སེམས་ཅན་ཡོངས་ཀྱི་བདེ་སྐྱིད་ལ་འབད་པའིབྱམས་བརྩེའི་བཞུད་ལམ་དུ་སྙེག་པར་བྱས།

   ཡིན་ནའང་ཁོ་མོས་སེམས་སུ་ཉམས་ལེན་ཞེས་པ་ནི་ཁ་འདོན་དགེ་སྦྱོར་བྱེད་པ་དང་སྒོམ་ལ་ཞུགས་པ་ཁོ་ན་ཙམ་རེད་སྙམ་པ་དང་ཁེར་རྐྱང་ངང་རྩྭའི་སྤྱིལ་བུ་རུ་དཀྱིལ་ཀྲུང་དུ་བཞུགས་པ་དང<<མདོ་སྡེ་པད་དཀར>>གྱི་པོ་ཏི་ཞིག་མདུན་དུ་བཞག་ཅིང་། མགོན་པོ་སྣང་མཐའ་ཡས་པའི་སྐུ་པར་ཞིག་གྱང་ལྡེབས་སུ་མཆོད་བཤམས་བྱས་ནས་ཉིན་ལྟར་ནམ་མ་གསལ་སྔོན་ནས་ཡར་ལངས་ཏེ་སྒྲུབ་པར་བརྩོན། ཡང་ཉིན་དཀར་ཁོམ་ལོང་དང་བསྟུན་ནས་ཤིང་འབྲས་འདེབས་འཛུགས་གནང་བ་དང་སྐྱ་ཆད་རྔོ་རྡུགས་ཀྱི་དུས་སུ་རི་ལུང་གི་རྩྭ་ལྡུམ་བཏུས་ནས་འཚོ་ཐབས་བྱས། གཞན་ཡང་ཁོ་མོ་ནི་དགེ་བསྙེན་གཞན་གྱིས་ཕུལ་བའི་དངོས་པོ་མི་ལེན་པ་དང་གྲོང་ཆོག་ལ་མི་འགྲོ་བ། བསོད་སྙོམས་ལ་མི་འགྲོ་བའི་ལྟ་བ་རྒྱུན་འཁྱོངས་བྱས་ཏེ་དཀའ་བ་སྤྱད་པ་དང་ཡང་དག་པའི་ཉམས་ལེན་ནི་འདིའོ་སྙམ་པ་རེད།

   1966ལོའི་ཟླ3པར། དད་ལྡན་པ་ཞིག་གི་ཕོ་བར་ཁྲག་བརྡོལ་ནས་སྨན་ཁང་དུ་ཞག་སྡོད་བྱས་པར། སློབ་དཔོན་ཀྲིན་ཡན་རྐང་ཐང་ལ་བལྟ་བར་ཕྱིན་པ་དང་ཁོང་ཉིད་སྨན་ཁང་ནས་ཕྱིར་ལོག་དུས། སྒོ་དྲུང་དུ་ཁྲག་མང་བོ་ཞིག་སར་འཁྱིལ་བ་གཟིགས་པ་དང་རྐྱེན་དེས་ཁོ་མོའི་སྒོམ་སྒྲུབ་ཉམས་ལེན་ཐད་རྦད་དེ་འགྱུར་བ་ཐེབས་པ་རེད། མ་གཞི་དེ་ནི་རི་ཁུལ་གྱི་ཞིང་གྲོང་གང་ཞིག་གི་སྦྲུམ་མ་ཞིག་གི་ཁྲག་ཡིན་པ་དང་ཁྱིམ་ནས་ནང་མིས་ཡར་བཏེགས་ནས་རྐང་ཐང་ངང་ཆུ་ཚོད8རིང་གི་ལམ་ཐག་བརྒྱུད་དེ་གཞི་ནས་སྨན་ཁང་དུ་འབྱོར་མོད། ཡིན་ནའང་སྒོར་མོ8000ཀྱི་སྨན་བཅོས་འགན་སྲུང་གི་དངུལ་མེད་པས་སྦྲུམ་མ་དེ་ཕྱིར་བཏེགས་ནས་མི་ལོག་ག་མེད་བྱུང་བ་རེད། མདུན་གྱི་གནས་ཚུལ་དེ་མཐོང་རྗེས་ཁོང་ཉིད་ཀྱི་མིག་ཟུང་མཆི་མས་བཀུ་བཞིན་དགོངས་དོན། ད་དུང་འཇིག་རྟེན་དུ་མཁོ་བ་ཧ་ཅང་མང་བོ་འདུག  འདི་དག་ནི་དབུལ་ཞིང་ཕོངས་པའི་དགེ་མ་ཞིག་གིས་བསྒྲུབ་པར་བྱའོ་སྙམ། ཁོ་མོ་གཅིག་པུའི་ནུས་པ་ལ་ཚད་བཀག་ཡོད་པས་ཇི་ལྟར་ཉམ་ཐག་གི་ཚོགས་ལ་རོགས་རམ་བྱའམ། ཡུན་རིང་མ་འགོར་བར། གནམ་བདག་ཆོས་ལུགས་ཀྱི་དགེ་སྒྲུབ་མ་གསུམ་གནས་དེར་འོངས་ནས་ཆོས་སྤེལ་བ་དང་ཕྱིར་ལོག་ཁར་དྲི་བ་ཞིག་བཏོན་པ་ནི། གནམ་བདག་གི་བརྩེ་བ་ནི་འགྲོ་བ་མིའི་རིགས་ཡོངས་ལ་ཁྱབ་ཡོད་དེ། ང་ཚོས་སྤྱི་ཚོགས་སུ་ཆོས་ཁང་བཞེངས་པ་དང་སྨན་ཁང་འཛུགས་པ། རྒན་བཀུར་ཁང་སྒྲུབ་པ་སོགས་བྱེད་བཞིན་ཡོད། ཁྱེད་ཅག་ནང་བསྟན་པ་དག་ལ་ཡོད་དམ།ཞེས་པ་དེ་རེད། དྲི་བ་རྣོན་པོ་འདིས་ཀྲིན་ཡན་ལ་བློ་འབྱེད་ཆེན་པོ་བྱིན་པ་དང་། གལ་སྲིད་མི་མང་བོ་ཞིག་གིས་བྱམས་བརྩེ་དང་ནུས་ཤུགས་གཅིག་ཏུ་འདོན་ཐུབ་པ་ཡིན་ན་དབུལ་སྐྱོར་ཉེན་སྐྱོབ་ནི་དཀའ་ལས་ཁག་པོ་མ་རེད་བསམ་པ་དང་སྐད་ཅིག་མའི་བསམ་བློ་དེསབྱམས་སྐྱོབ་དགེ་ལས་ཚོགས་པའཛུགས་པའི་ས་བོན་བསྐྲུན་པ་རེད།

    ལོ་དེར། ཁོ་མོས་དགེ་ཕྲུག5དང་དད་ལྡན30ཙམ་བསྡུ་རུབ་བྱས་ཏེནང་བསྟན་དབུལ་སྐྱོར་བྱམས་སྐྱོབ་དགེ་ལས་ཚོགས་པཞེས་པ་དབུ་བརྙེས། དགེ་སློབ་དག་གིས་ཞིང་འདེབས་པ་དང་ལྭ་བ་འཚེམ་བཟོ་བྱས་ཏེ་ཉིན་རེའི་འགྲོ་གྲོན་ཕུད་ཐབས་བྱས་པ་དང་། ད་དུང་ཡང་སློབ་དཔོན་ཀྲིན་ཡན་གྱིསཉིན་གཅིག་ལ་ཅི་ཡང་མ་སྒྲུབ་ན། ཉིན་གཅིག་ལ་ཟ་མ་མི་བཟའ་བའིསྒྲིག་ལམ་གཏན་འབེབས་བྱས། ཡང་ཁོ་ཚོ་རྒྱུན་སྡོད་དགེ་ཕྲུག་ཚོས་ཉི་མ་རེར་བྱིས་པའི་ལྷམ་ཆ6རེ་བཟོ་དགོས་པའི་ཆ་རྐྱེན་བཏོན་པ་དང་ཉིན་རེར་སྒོར24དང་། ཟླ་རེར་སྒོར720བསགས་ནས་དབུལ་སྐྱོབ་མ་དངུལ་བསྒྲུབས།

    ཐོག་མའི་ཟླ་བ་དེའི་ནང་། ཁོང་ཚོས་རོགས་སྐྱོར་བྱ་ཡུལ་ནི་ཧྥུ་ཅེན་གྱི་ཨ་མ་རྒན་མོ་ཞིག་ཡིན་ལ། དམག་འཁྲུག་གི་དབང་གིས་མོ་དང་ཁྱོ་ག་གཉིས་མཚོ་འགག་ཕར་ཚུར་དུ་ལུས་པ་དང་། འཁྲུག་ཆེན་གཉིས་པ་མཇུག་སྒྲིལ་རྗེས། ཁོ་མོས་ཉེན་ཁ་ལ་མ་འཛེམ་པར་མཚོ་འགག་བརྒལ་ནས་ཁྱོ་ག་འཚོལ་དུ་འོངས། ཡིན་ནའང་ཁོ་མོར་སྒུག་ཡོད་པ་ནི་འཁྱགས་ནས་རེངས་པར་གྱུར་བའི་ཁྱོ་གའི་ཕུང་བོ་རེད། དེ་རྗེས་རྒན་མོ་དེ་འདི་ལྟར་ཐེ་བན་དུ་ལུས་པ་དང་གནས་འདིར་གཉེན་ཉེ་གང་ཡང་མེད་པ་དང་། ཕྱིས་སུ་ལོ་ཡི་ཁོར་མོ་ཀུན་ཏུ་གཅིག་པུར་མལ་སར་ལུས་ཤིང་བཀྲེས་ལྟོགས་དང་ན་ཚས་ཀུན་ནས་གཙེས། བྱམས་སྐྱོབ་དགེ་ལས་ཚོགས་པ་ནས་ཁོ་མོར་ཟླ་རེར་སྒོར300རེ་འཚོ་བའི་འགྲོ་སོང་ལ་སྤྲད་པ་དང་ཡང་སྒོར300སྤྲད་དེ་ཁོ་མོར་ནད་གཡོག་ཅིག་གླས་པ་དང་ལོ་ངོ་བཞིའི་རྗེས་སུ་ཁོ་མོ་འདས་རག་བར་དུ་འདི་ལྟར་སྲི་ཞུ་བསྒྲུབས་པ་རེད།  སྒོར720ནང་ནས་ཟླ་རེར་སྒོར600རེ་བཀོལ་རྗེས་སྒོར120ལས་ལྷག་མེད་པ་མཐོང་ནས། དངུལ་དེ་ཙམ་ནི་དགེ་ལས་ཚོགས་པར་མིག་རྡེབ་དབང་ཙམ་གྱི་ཡུན་ལས་མི་འདང་། དེ་བས་དགེ་ལས་ཚོགས་པའི་སྐྱོབ་དངུལ་ཁ་སྣོན་ཆེད་དུ་སློབ་དཔོན་ཀྲིན་ཡན་གྱིས་སྨྱུག་དོང30ཙམ་བཟོས་ཏེ་ཁྱིམ་ཚང30ཡི་བདག་མོ་ལ་སྤྲད་དེ་ཁོ་མོ་ཚོར་ཉིན་རེར་སྔོ་ཚལ་ཉོ་བའི་སྐབས་ཟུར5རེ་གྲོན་ཆུང་བྱས་ཏེ་སྨྱུག་དོང་དུ་བསགས་དགོས་པའི་སྙིང་རྗེའི་ལས་འགུལ་སྤེལ་དུ་བཅུག  འདི་ལྟར་བྱམས་སྐྱོབ་དགེ་ལས་ཚོགས་པའི་མིང་རིམ་གྱིས་ཇེ་ཆེར་སོང་བ་དང་བསྟུན་ནས་ཞལ་འདེབས་འབུལ་མཁན་ཡང་ཇེ་མང་དུ་སོང་བ་དང་། ཁོང་ཚོས་རོགས་སྐྱོར་གྱི་ལས་འགུལ་ཡང་ཇེ་མང་དུ་བཏང་ནས་སྤེལ།

  སློབ་དཔོན་ཀྲིན་ཡན་གྱིས། མི་ཡོད་པའི་དབང་གིས་ལམ་སྒྲུབ་ཐུབ་པ་དང་ལམ་མེད་པ་ལ་བརྟེན་ནས་མི་བསྐྱེད་བསྲིང་བྱ་ཐུབ་ཅེས་གསུངས། རིམ་གྱིས་མི་མང་བོ་ཞིག་གིས་བྱ་བཞག་ཅིག་ལ་འདུན་མའི་བྱ་བཞག་ཞེས་པ་དང་དགེ་ལས་ཤིག་ལབྱམས་སྐྱོབ་དགེ་ལསཞེས་པ་ཤེས་ཡོད། ཡུན་གྱིས་ཉམས་ཞིབ་ཟབ་མོ་བྱས་པ་བརྒྱུད་དེ། སློབ་དཔོན་ཀྲིན་ཡན་གྱིས་དབུལ་བོར་ནད་བྱུང་ཚེ་ཡང་མིན་ན་ལས་དབང་གནམ་ལ་བཅོལ་བ་དང་། དེ་མིན་ན་ཁྱིམ་ཚང་དེ་ལ་ཆག་སྒོ་འབྱུང་བའི་ངང་ཚུལ་ལས་མ་འདས་པ་རྟོགས་ཤིང་། ཡང་ཁོང་གིས་ནད་རིགས་ནི་དབུལ་ཕོངས་ཀྱི་གཞི་རྩ་ཡིན་པ་དང་དབུལ་སྐྱོབ་བྱེད་དགོས་ན་སྔོན་ལ་ངེས་པར་དུ་ནད་ལས་སྐྱོབ་དགོས་པ་རྟོགས། 1972ལོ་ནས་བཟུང་། བྱམས་སྐྱོབ་དགེ་ཚོགས་ཀྱིས་སྨན་པ་གདན་ཞུ་བྱེད་པའི་འགོ་བརྩམས་པ་དང་སྨན་བཅོས་བརྟག་དཔྱད་ཁང་བཙུགས་ནས་ཐེ་བན་ཡོངས་ལ་སྐོར་སྐྱོད་བྱས་ཏེ་བརྟག་དཔྱད་དང་སྨན་སྦྱིན་བཏང་བ་དང་། དེ་ནི་བདུན་ཕྲག་གཅིག་གི་ནང་བརྟག་དཔྱད་ཐེངས་གཉིས་ཙམ་ཡིན། ནད་པ་མང་བོ་ཞིག་སྨན་ཁང་དུ་ཞག་སྡོད་བྱ་དགོས་པ་དང་ནད་པ་ཁ་ཤས་ཤིག་ད་དུང་ལོགས་སུ་བཀར་ནས་ཞག་སྡོད་བྱ་དགོས་པས་དཀའ་ཁག་མང་བོ་ཞིག་རྩ་བ་ནས་སེལ་ཐབས་བྲལ། སྐབས་དེར་སློབ་དཔོན་ཁོང་ལའང་སྙིང་གཟེར་གྱི་ནད་བྱུང་ཡོད་པ་དང་དུས་ངེས་མེད་དུ་འཆི་བའི་ཉེན་ཁ་ཡོད། ཡིན་ནའང་ཁོང་གིས་རང་ཉིད་ཀྱི་ན་ཚ་སྣང་མེད་དུ་བཞག་ནས་དད་ལྡན་བུ་སློབ་ཚོས་ཕུལ་བའི་དགེ་རྩའི་མ་དངུལ་དག་ནམ་ཉི་མ་ཞིག་ལ་རྫོགས་ཉེན་ཆེ་བའི་ཚུལ་ལ་ཐུགས་ཁྲལ་བྱས་པ་དང་། གལ་ཏེ་རང་ཉིད་ཀྱི་ཚེ་ཡིས་མ་ལྕོགས་ཚེ་དགེ་ལས་ཀྱི་བྱ་བཞག་ཀྱང་མཚམས་ཆད་འགྲོ་བས། བརྩེ་བ་ཆེན་པོ་འདིའི་རྒྱུན་ཇི་ལྟར་བསྲིང་ངམ་སྙམ།

    བསམ་གཞིག་ཡང་ཡང་བཏང་རྗེས། ཁོང་གིསནང་བསྟན་བྱམས་སྐྱོབ་ཕྱོགས་བསྡུས་སྨན་ཁངཞིག་གཟུག་པར་སེམས་ཐག་བཅད་པ་དང་ཉམ་ཐག་ནད་པའི་ཚོགས་ཀྱི་ན་བའི་སྡུག་བསྔལ་སེལ་ཐུབ་པ་དང་བྱམས་བརྩེའི་དགེ་སེམས་མང་བོའང་ཕྱོགས་གཅིག་ཏུ་སྤུངས་ནས་རྒྱུན་བསྲིང་བྱས་ཆོག་ལ།  འདིའང་འབྱོར་ལྡན་བསོད་ནམས་བསགས་པའི་ཞིང་ས་དམ་པ་དང་སྙིང་རྗེའི་སེམས་མཆོག་བསྐྱེད་སའི་དགེ་ལས་ཆེན་པོ་ཞིག་ཡིན་པར་དགོངས། ཡིན་ནའང་དཀར་ཐིགས་ཀྱི་གོ་རིམ་ནི་ཧ་ཅང་དཀའ་ཁག་ཆེ་བ་ཞིག་སྟེ་ཁ་བཤད་ལག་ལེན་དུ་འབབ་དགོས། སྐབས་དེར་ཐེ་བན་དུ་སྨན་ཁང་ཞིག་འཛུགས་དགོས་ན་མ་མཐའ་ཡང་ཐེ་སྒོར་དུང་ཕྱུར8དགོས་པ་དང་དེ་ནི་གྲངས་ཀ་ཆུང་ཆུང་ཞིག་གཏན་ནས་མ་རེད། རྗེས་སུ་བཟོ་སྐྲུན་སྐབས་དཀར་ཐིགས་མ་དངུལ་ལ་དཀའ་ཁག་འཕྲད་པས་ལས་མཚམས་འཇོག་དགོས་བྱུང་། སྐབས་དེར། རུས་ཧོང་ཅན་གྱི་བཟོ་སྐྲུན་མཁས་པ་དེས་རིན་མེད་སྒོ་ནས་བྱམས་སྐྱོབ་དགེ་ལས་ཚོགས་པར་ཇུས་འགོད་བྱས་པ་དང་། ཧོང་སྐུ་ཞབས་ཉི་ཧོང་ནས་ཕྱིར་ལོག་དུས་དོན་བཟང་ཞིག་ཁྱེར་འོངས་པ་ནི་ཉི་ཧོང་བ་ཞིག་གིས་ཨ་སྒོར་དུང་ཕྱུར2སྨན་ཁང་གཟུག་པར་ཕུལ་འདོད་ཡོད་པ་དང་དེ་ནི་ཧ་ལམ་ཐེ་སྒོར་དུང་ཕྱུར18ཡིན། གཏམ་བཟང་དེ་བསྒྲགས་པའི་ཚེ་ཐམས་ཅད་ཀྱིས་དགའ་སྤྲོའི་ཐལ་མོ་བརྡབས། ཡིན་ནའང་སློབ་དཔོན་ཀྲིན་ཡན་གྱིསངས་དེ་དང་ལེན་བྱ་མི་ཐུབགསུངས།

    ངང་ཚུལ་དེས་ཐམས་ཅད་ཧང་སངས་པར་བྱས། སློབ་དཔོན་ཀྲིན་ཡན་གྱིས་གསུངས་དོན། ངས་སྨན་ཁང་འཛུགས་དོན་ནི་དོན་ངོ་མས་ནད་ཀྱི་སྡུག་བསྔལ་ལས་སྐྱོབ་པའི་འགན་འཁྲི་དེ་ལ་དམིགས་པ་ཡིན། ངས་ད་ལྟ་གལ་སྲིད་ཨ་སྒོར་དུང་ཕྱུར་གཉིས་འདི་དང་ལེན་བྱས་ཏེ་སྨན་ཁང་འཛུགས་ཐུབ་སོང་བ་ཡིན་ནའང་། སྒོར་མོ་ནི་ཉི་ཧོང་བས་བཏང་བ་ཡིན་པས་ཁོ་རང་སྦྱིན་བདག་ཡིན།  ང་ཚོ་རང་ཉིད་ལ་བདག་པོ་བྱེད་པའི་དབང་ཆ་ཡོད་དམ། ནད་ཀྱིས་མནར་བའི་སེམས་ཅན་སྐྱོབ་སླད་སྨན་ཁང་སྒྲུབ་པ་ནི་དོན་དངོས་ཀྱི་ལྷད་མེད་པའི་མི་རེ་རེའི་བློས་གཏོང་གི་སེམས་ཤུགས་ཉག་གཅིག་ལ་རག་ལས། ཆུ་ཐིགས་བསགས་པའི་རྒྱ་མཚོ་བཞིན་དཀར་ཐིགས་ཇི་ཙམ་འཛོམས་ན་དེ་ཙམ་གྱིས་སྒྲུབ་ཆོག  ཆེས་གལ་ཆེ་བ་ནི་དུས་དང་མཉམ་དུ་ལྷག་བསམ་དང་སྙིང་རྗེ་ཁྲི་སྟོང་མང་བོ་མཉམ་རུབ་བྱ་རྒྱུ་དེ་ཡིན། གལ་སྲིད་དཀའ་ལས་ཅི་ཡང་མ་བརྒྱབ་པར་ཨ་སྒོར་དུང་ཕྱུར་གཉིས་ལག་ཏུ་འབྱོར་ནའང་ང་ཚོས་ཇི་ལྟར་ས་རྡུལ་རེ་རེས་མཆོད་རྟེན་བཞེངས་པའི་སྙིང་སྟོབས་དེ་གང་ལས་འཚོལ། ཡང་ཇི་ལྟར་རང་གི་བདག་པོ་རང་ཉིད་ཀྱིས་བྱེད་ནུས་པའི་བག་ཕེབས་ཀྱི་བསམ་བློ་དེའང་ཇི་ལྟར་འཚོལ། སྨན་ཁང་ཞིག་སྒྲུབ་ནས་རང་གི་སྤུན་ཟླ་སྐྱོབ་པ་ནི་རང་སྟེང་ལ་བབས་པའི་འགན་འཁྲི་ཡིན། དེ་ནི་གཞན་རིགས་ཕྱི་རྒྱལ་གྱི་མིས་ང་ཚོ་ལ་རོགས་རམ་བྱེད་དགོས་སམ་ཞེས་བསམ་གཞིགས་ཀྱི་དྲི་བ་མང་བོ་ཞིག་གསུངས་པ་དང་། སྐབས་དེར་སྐམ་ཞིང་རིད་པའི་ཁོང་གི་ཕྲག་སྟེང་དུ་ཞུམ་པ་མེད་པའི་འགན་འཁྲིའི་སྙིང་སྟོབས་ཤིག་མངོན་བྱུང་། དེ་རྗེས་སྨན་ཁང་སྒྲུབ་པའི་གནས་ཚུལ་དེ་གང་སར་ཁྱབ་རྗེས། ཕྱུག་པོ་འབྱོར་ལྡན་མང་བོ་འོངས་ནས་ནུས་ཤུགས་ཡོད་ཚད་ཀྱིས་བྱམས་སྐྱོབ་དགེ་ཚོགས་ཀྱི་ལས་གཞི་འདི་ལ་རྒྱབ་སྐྱོར་བྱས་པ་དང་། སྡུག་ལས་ལ་འབད་པའི་ལས་ཀ་བ་ཞིག་གིས་ཀྱང་ཧ་ལམ་རང་གི་ཤ་ཁྲག་ཀྱང་འཚོང་བའི་སྙིང་སྟོབས་ཀྱིས་ཁྲག་དང་རྔུལ་ཆུས་བསགས་པའི་ལོ་གཅིག་གི་ཡོང་འབབ་ཡོད་དོ་ཅོག་སློབ་དཔོན་མདུན་དུ་ཁྱེར་ནས་སྨན་ཁང་ལ་ཞལ་འདེབས་སུ་ཕུལ་བ་རེད།

        འདི་ལྟར་ལོ་ངོ7རིང་གི་སྔ་ལངས་འཕྱི་ཉལ་གྱི་དཀའ་སྡུག་བརྒྱུད་ནས1986ལོའི་ཟླ8པའི་ཚེས17ཉིན་སྨན་ཁང་ཆེན་མོ་དེ་གཞི་ནས་རྩྭ་ལྡུམ་གྱིས་ཁེབས་པའི་ས་སྟོང་ཞིག་ནས་ལེགས་པར་གྲུབ། དེའི་རྗེས་སུ་བྱམས་སྐྱོབ་དགེ་ལས་སྨན་ཁང་གིས་སྨན་པ་དང་ནད་གཡོག་གདན་ཞུ་བྱེད་དཀའ་བའི་གནད་དོན་དང་། སློབ་དཔོན་ཁོང་གིས་བསམ་པའི་དོན་དང་དམངས་ཀྱིས་ཁས་ལེན་པའི་བར་ཆད་ཧེ་བག་དེ་ལག་ལེན་དུ་འཁྱོལ་དཀའ་བ་བྱུང་བའི་དཀའ་སྡུག་སྣ་ཚོགས་ཀྱང་རེ་རེ་བཞིན་ཐག་གཅོད་བྱུང་ཞིང་། རིམ་གྱིས་ཕུལ་དུ་བྱུང་བའི་ལོ་གཞོན་སྨན་པ་ཚོས་ཁས་ལེན་བྱས་ཏེ་རང་འདུན་པའི་དཔུང་སྡེ་ཆེན་པོ་ཞིག་ཀྱང་མཉམ་ཞུགས་བྱས་པ་རེད། ཅང་མ་འགོར་བར། སྔ་གཞུག་ཏུ་བྱམས་སྐྱོབ་ནད་གཡོག་ཆེད་ལས་སློབ་ཆེན་དང་བྱམས་སྐྱོབ་གསོ་རིག་སློབ་གླིང་ཡང་དབུ་བརྙེས་པ་རེད།

    “བྱམས་སྐྱོབཅེས་པའི་ཡིག་འབྲུ་འདི་གཉིས་སྐོར་ལ་སློབ་དཔོན་ཁོང་གིས་གསུང་དོན། བྱམས་ཀྱིས་འགྲོ་བ་ཡོངས་ལ་བདེ་སྐྱིད་འཇོ་བ་དང་སྤྱི་ཚོགས་ཡོངས་ལ་འཆམ་མཐུན་འོངས་པར་བྱེད་པ་དང་། ཡང་སྐྱོབ་ཀྱིས་འཇིག་རྟེན་གྱི་མ་འདང་བར་ཁ་གསབ་བྱས་ནས་མི་རྣམས་ལ་ཕྱི་དངོས་པོའི་དབུལ་ཕོངས་དང་ནང་བསམ་པའི་དབུལ་ཕོངས་སེལ་ནས་དེ་གཉིས་ཀ་འབྱོར་བས་རབ་ཏུ་ཕྱུག་པར་བྱེད་པ་དེ་ཡིན་གསུངས། ཁོང་གིས་སྲོལ་རྒྱུན་གྱི་དཀའ་སྤྱད་སྡུག་རུས་བྱེད་པའི་སྙིང་སྟོབས་དར་སྤེལ་བྱས་པ་དང་སྔར་བཞིན་ཉིན་གཅིག་ལ་ཅི་ཡང་མ་སྒྲུབ་ན། ཉིན་གཅིག་ལ་ཟ་མ་མི་བཟའ་བའི་རང་ལུགས་ཁྱབ་སྤེལ་བྱས། གཞོན་དུས་དཀའ་བ་སྤྱོད་པའི་དུས་སུ་ཁོང་གི་ལུས་ལ་རྒྱུན་དུ་ནད་ཀྱིས་གཙེས་པ་དང་སྐབས་རེར་སྙིང་གཟེར་གྱིས་དྲན་པའང་འཐོར་འགྲོ། ཡིན་ནའང་ཁོ་མོས་རང་སྲོག་ལ་མི་འཛེམ་པར་ཕྱག་ལས་གནང་བཞིན་ཡོད་པ་དང་ཉིན་རེར་ཆུ་ཚོད་བཞི་ལྔ་ཙམ་ལས་གཉིད་མི་ཉལ་བ་རེད།

     ཁོང་ལོ་རེ་བཞིན་ཐེ་བན་གྱི་ས་ཆ་སོ་སོར་སོང་ནས་གནོད་འཚེ་ཐེབས་པའི་མི་དམངས་དང་བདག་མེད་ནད་པ། གཞན་བྱམས་སྐྱོབ་དགེ་ཚོགས་ཀྱི་ལས་བྱེད་དང་ཚོགས་མི་བཅས་ལ་བལྟ་བར་ཕེབས་བཞིན་ཡོད། ཡང་ལོ་རེར་མི་གྲངས་ཁྲི་ཕྲག་ལས་བརྒལ་བའི་ནང་བའི་ཉམས་ལེན་པ་དང་དེ་མ་ཡིན་པའི་དྲུང་དུ་བཅར་མཁན་ལས་རིགས་ཁག་གི་མི་སྣ་ལ་སྣེ་ལེན་བྱེད་བཞིན་ཡོད་པ་དང་། དུས་མཚུངས་སུ་ད་དུང་བྱམས་སྐྱོབ་ཀྱི་འདུན་མ་ཆེན་མོ་བཞི་དང་། མིག་གིས་རྒྱང་རིང་ལ་བལྟས་ནས་བསམ་བློ་ཟབ་སར་གཏོང་བ་དང་སེམས་ཅན་རེ་རེའི་ཕྱིར་དུ་གང་སར་འདུར་བ། དགེ་ལས་ཚོགས་པས་གཞུང་དྲང་ཡིད་རྟོན་རྒྱུན་འཁྱོངས་བྱེད་པ། ཆེད་དངུལ་ཆེད་སྤྱོད་ཀྱི་རྩ་དོན་གཙིགས་སུ་འཛིན་པ་བཅས་འཆར་འགོད་བྱས། ཞལ་འདེབས་སུ་ཕུལ་བ་མཐའ་དག་དབུལ་སྐྱོབ་ཀྱི་ཆེད་དུ་བཀོལ་བ་དང་རྒྱུན་གཏན་གྱི་འཚོ་བ་ནི་ཚོགས་མི་རེ་རེས་རང་ཉིད་ཀྱི་ལག་ཟུང་གི་ངལ་རྩོལ་ལ་བརྟེན་ནས་རྒྱུན་འཁྱོངས་བྱེད་དགོས། སློབ་དཔོན་ཁོང་གི་རང་ཉིད་མིག་དཔེར་བཟུང་ནས་ཤོག་ལེབ་ཅིག་ཀྱང་ཐེངས་བཞི་ལ་བཀོལ་སྤྱོད་བྱེད་པ་ཡིན་ཏེ། སྔོན་ལ་ཞ་སྨྱུག་གིས་ཐེངས་ཤིག་འབྲི་བ་དང་ཡང་དེ་ནས་སྨྱུ་གུ་སྔོན་པོས་ཐེངས་གཅིག་འབྲི་བ་དང་ཡང་དེའི་རྗེས་སུ་སྨྱུ་གུ་དམར་བོས་ཐེངས་ཤིག་བྲིས་རྗེས། མཇུག་མཐར་སྤུ་སྨྱུག་གིས་འབྲི་བ་རེད། བྱམས་སྐྱོབ་དགེ་ཚོགས་ཀྱི་ཚོགས་མི་ཚང་མས་རང་ཉིད་ཀྱིས་ལྭ་བ་འཚེམ་བཟོ་དང་སྔོ་ཚལ་འདེབས་པ། ཞག་སྒྲོན་བཟོ་བ་དང་། ཡང་ད་དུང་སྲན་ཕྱེ་འཐག་པ་དང་མ་རྨོས་ལོ་ཏོག་བསྲེག་མ་འཚོང་ནས་གྲོན་ཆུང་གི་ལས་ལ་འབད།

     ཐོག་མའི་བློས་གཏོང་གི་ཀུན་སློང་གཙང་མ་དེའི་དབང་གིས་བྱམས་སྐྱོབ་ཀྱི་བྱ་བཞག་ཀྱང་དབྱར་མཚོ་རྒྱས་པ་བཞིན་དར་རྒྱས་ཕུན་སུམ་ཚོགས་པ་བྱུང་བ་དང་སྤྱི་ཚོགས་ལ་ཤུགས་རྐྱེན་མི་ཉུང་བ་བཞག 1980ལོར་ཐེ་བན་གྱི་གཙོ་འཛིན་ཡང་བསྙེན་སྒྲུབ་སྤྱིལ་བུ་དགོན་གྱི་སློབ་དཔོན་ཀྲིན་ཡན་གྱི་དྲུང་དུ་འཚམས་འདྲིར་ཕེབས་ཤིང་དགེ་ལས་ཚོགས་པའི་བྱ་བཞག་དང་ལོ་རྒྱུས་ལ་རྒྱུས་ལོན་བྱས་ཏེ། ང་རང་ས་གནས་མང་བོར་སོང་ནའང་དགོན་པ་འདི་ལས་ཆུང་བ་ཞིག་དང་དགེ་ལས་འདི་ལས་ཆེ་བ་ཞིག་གཏན་ནས་མཐོང་མ་མྱོང་ཞེས་བསྔགས་བརྗོད་དཔག་མེད་བྱས།

       འདི་ལྟར་ལོ་ངོ་བཅུ་ཕྲག་རིང་གི་དཀའ་སྡུག་སྣ་ཚོགས་བརྒྱུད་ནས་སློབ་དཔོན་ཁོང་གིས་བྱམས་སྐྱོབ་དགེ་ལས་ཚོགས་པའི་ཚོགས་མི་དག་གི་སྣེ་ཁྲིད་དེ་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་དུ་བླངས་ཤིང་། བརྩོན་འགྲུས་ལྷོད་པ་མེད་པའི་སྒོ་ནས་རྔམ་ཞིང་བརྗིད་པའི་བྱམས་སྐྱོབ་ཀྱི་བཟོ་སྐྲུན་རེ་རེ་བཞེངས། ཁོང་གི་བླ་ན་མེད་པའི་ཀུན་སྤྱོད་དེས་ཉེ་འགྲམ་གྱི་མི་རྣམས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་པ་དང་ད་དུང་ཡང་མུ་མཐུད་དུ་སེམས་ཅན་གྱི་ཆེད་དུདགེ་ལས་རྒྱལ་ཁབཅིག་བསྐྲུན་པར་འབད་བཞིན་ཡོད། 1991ལོའི་དབྱར་ཁར། ཀྲུང་གོ་སྐམ་ས་ཆེན་མོའི་འབྲི་ཆུའི་འབབ་རྒྱུད་དུ་ཆུ་ལོག་རྒྱུགས་ནས་མི་གྲངས་དུང་ཕྱུར་ལས་བརྒལ་བ་ཁྱིམ་སྟོངས་ཡུལ་གྱར་བྱེད་དགོས་བྱུང་། སྐབས་དེར་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་ལམ་ཅུང་བཟང་བར་ཕྱིན་མ་ཐག་ཡིན་པས་སློབ་དཔོན་ཀྲིན་ཡན་ནས་ཐེ་བན་དུ་རོགས་སྐྱོར་ལས་འགུལ་བསླངས་པར་མི་མང་བོ་ཞིག་གིས་སྐྱོན་བརྗོད་བྱས་པར་མ་ཟད། འབྲེལ་ཡོད་སྡེ་ཁག་ནས་ཀྱང་བཙན་སྡོམ་བྱས་ནའང་། ཁོང་གིས་གསུང་དོན། བྱམས་སྐྱོབ་དགེ་ཚོགས་གཏོར་ནའང་ངས་སྒྲུབ་ངེས་ཡིན། མི་ཆོས་རིང་ལུགས་ནི་ཆབ་སྲིད་དང་རིགས་རྒྱུད། ཆོས་ལུགས་ཀྱི་གྲུབ་མཐའི་ཁྱབ་ཁོངས་ལས་ངེས་པར་རིང་དུ་བརྒལ་དགོས་ཞེས་གསུངས།

     ཅང་སུའུ་རུ་ཡོད་པའི་བྱམས་སྐྱོབ་ཐེབས་རྩ་ཚོགས་པས་དབུལ་སྐྱོབ་སྣ་ཚོགས་བྱེད་པ་དང་གཞན་ཡང་བྱམས་སྐྱོབ་ཀྱིས་ཡ་གླིང་གི་ཆེས་ཆེ་ཤོས་དང་འཛམ་གླིང་གི་ཨང་གསུམ་པར་སླེབས་པའི་རུས་པའི་རྐང་མར༼骨髓༽གཞི་མཛོད་ཆེན་མོ་བཙུགས་པ་རེད། ཡང1997ལོ་ནས་བཟུང་བྱམས་སྐྱོབ་དགེ་ཚོགས་ཀྱིས་སྐམ་ས་ཆེན་མོརརིན་མེད་རྐང་འབུལགྱིས་རྐང་མར་མཁོ་བའི་ནད་པར་གསོ་བཅོས་བྱས་པ་དང་། 2007ལོར་སྐམ་ས་ཆེན་མོས་ཀྱང་གཅིག་མཚུངས་ཀྱི་བརྩེ་བས་རྐང་མར་ཆ་སྒྲིག་མཁོ་སྤྲོད་དང་ཞལ་འདེབས་ཕུལ། མིང་གྲགས་ཆེ་བའི་མདོ་འཛིན་པ་པེ་ཡན་སུང༼白岩松༽ཐེ་བན་དུ་ཕྱིན་ནས་སློབ་དཔོན་ཀྲིན་ཡན་ལ་བཅར་འདྲི་བྱེད་དུས་བཤད་དོན། འདི་ལྟ་བུའི་ཚེ་སྲོག་གི་རྒྱུན་མཐུད་པའི་བྱ་བཞག་འདིས་ཐེ་བན་དང་སྐམ་ས་ཆེན་མོའི་བར་ཐེངས900ལྷག་ལ་རོགས་སྐྱོར་བྱས་ཡོད།

     འབྲི་ཆུའི་འབབ་རྒྱུད་ཀྱི་ཆུ་ལོག་གནོད་འཚེ་ནས་ཁྲི་ཚང་ས་ཡོམ་གྱི་གྱང་ཆག་བར་དང་། རེ་བའི་སློབ་ཆུང་ནས་རྐང་མར་ཞལ་འདེབས་བར་གྱི་ལོ་ངོ50ལྷག་གི་རིང་། སློབ་དཔོན་ཀྲིན་ཡན་མཆོག་གིས་མཚོ་འགག་འགྲམ་གཉིས་ཀྱི་མི་དམངས་བར་ཟུངས་ཁྲག་གིས་སྦྲེལ་བའི་ཟམ་ཆེན་ཞིག་བཞེངས་བསྐྲུན་བྱས་ཡོད།

     བྱམས་སྐྱོབ་ཀྱིས་རྒྱལ་སྤྱིའི་སྟེང་རོགས་སྐྱོར་བྱས་པ་ནི་དེ་བས་ཀྱང་བརྗོད་ཀྱིས་མི་ལངས་པ་ཞིག་ཡིན། 1991ལོར་མང་ཅཱ་ལ་རྒྱལ་ཁབ་ཏུ་ཆུ་ལོག་གི་གནོད་འཚེ་ཐེབས་ནས་མི་གྲངས་ཁྲི14ཙམ་ཤི་བ་དང་བྱམས་སྐྱོབ་དགེ་ཚོགས་ཀྱིས་ཞལ་འདེབས་བསྡུས་ཏེ་མང་ཅཱ་ལ་བསྐྱར་འཛུགས་ཐད་རོགས་སྐྱོར་བྱས།

9·11དོན་རྐྱེན་བྱུང་རྗེས། ཉིའུ་ཡོག་ཉེན་རྟོག་ཕྱོགས་ནས་དེ་མ་ཐག་ཉེ་འགྲམ་གྱི་ས་ཁུལ་ཡོངས་བཀག་སྡོམ་བྱས་པ་དང་། ཚོགས་པ་གསུམ་ཡུལ་དངོས་ལ་སོང་ནས་གནོད་སྐྱོབ་བྱེད་པར་ཆོག་མཆན་ཐོབ་ཡོད་ལ་བྱམས་སྐྱོབ་དགེ་ཚོགས་ནི་དེ་གསུམ་གྲས་ཀྱི་གཅིག་ཡིན། གཞན་ཡང་དགེ་ལས་ཚོགས་པ་འདིས་རྒྱལ་ཁབ69ཙམ་ལ་རོགས་སྐྱོར་བྱས་མྱོང་བ་དང་། ཚོགས་མི30ནས་གོམ་པ་དང་བོ་སྤོས་ཏེ་ད་ལྟའི་བར་དུ་ས་སྒང་འདིའི་ཡུལ་གྲུ་ཁག་ཏུ་ཡན་ལག་ཚོགས་པ47དང་། ཚོགས་མི་ཁྲི1000ལྷག  རང་འདུན་ཚོགས་མི་ཁྲི200ལྷག་ལ་སླེབས་ཡོད། ཁོང་ཚོའི་ཁྲོད་དུ་འབངས་མི་ཕལ་བ་ཡོད་ལ། མིང་དུ་གྲགས་པའི་སྐར་ཆེན་ཡང་ཡོད། ཡང་འབྱོར་བས་ཕྱུག་པའི་ཚོང་ལས་སྦྱིན་བདག་ཡོད་ལ། དབང་གིས་ཕྱུག་པའི་འགོ་ཁྲིད་མི་སྣའང་ཡོད། སློབ་དཔོན་ཀྲིན་ཡན་གྱིས་གསུང་དོན། ང་ཚོ་ཚོགས་མི་ཐུན་མོང་ལ་གཅིག་མཐུན་གྱི་དམ་བཅའ་གཞན་ཞིག་ཡོད་པ་ནི།  གཞན་ལ་རོགས་རམ་བྱས་རྗེས་ཕ་རོལ་བོརཐུགས་རྗེ་ཆེཞེས་ཞུ་དགོས། འདི་ལྟར་སྒྲུབ་ན་ཁྱེད་ཀྱིས་རང་ཉིད་ཀྱི་རིན་ཐང་ཚོར་འོང་བ་དང་བདེ་སྐྱིད་ཀྱི་ཚོར་བ་ངོ་མའང་རྟོགས་ཐུབ། དེ་བས་ཕ་རོལ་བོར་བཀའ་དྲིན་ཞུ་དགོས། དེ་འདྲ་ཞིག་མ་རེད་དམ་ཞེས་གསུངས།

    བློས་གཏོང་ལ་རེ་བ་གང་ཡང་མི་འཛིན་པར་མ་ཟད་ད་དུང་བཀའ་དྲིན་ཞུ་དགོས། འདི་ནི་བྱམས་སྐྱོབ་རང་འདུན་པའི་བསྲུང་བྱའི་གདམས་ངག་ཡིན། བཀའ་དྲིན་ཆེཞེས་པའི་ཚིག་འདིས་མིའི་གཤིས་ཀ་མཐོར་འདེགས་བྱ་ཐུབ། དངོས་ཡོད་འཚོ་བ་ནི་སྒྲུབ་པ་ཉམས་ལེན་བྱེད་ས་ཡིན་ལ་བློ་སྦྱོང་བ་ནི་ཉམས་ལེན་གྱི་གནད་དམ་པ་ཡིན། རྔ་བདུང་དུང་འབུད་ཀྱི་ཆོ་ག་མེད་ལ། བསང་དང་བདུག་སྤོས་ཀྱི་དྲི་བཟང་ཡང་མེད་པའི་སྒྲུབ་སྡེ་འདིར། རང་ལོ81ལ་སོན་པའི་སློབ་དཔོན་ཁོང་གིས་སྔར་བཞིན་ཉི་མ་རེ་རེར་སྔ་མོ་ནས་དགེ་ལས་ཚོགས་པའི་ཚོགས་འདུ་བསྐོང་བ་དང་ཆུ་ཚོད4རིང་ས་སྒང་རིལ་མོ་འདིའི་གླིང་ཆེན5ཡི་དགེ་ལས་བྱ་བའི་གནས་ཚུལ་ལ་མཉན་རྗེས། བརྙན་མིག་བརྒྱུད་དེ་འཛམ་གླིང་གི་ཕྱོགས་སོ་སོའི་བྱམས་སྐྱོབ་བྱ་བཞག་ལ་རེ་རེ་བཞིན་བལྟ་ཞིབ་བྱེད་པ་ཡིན། འདི་ལྟ་བུའི་ཚད་མེད་པའི་ནུས་ཤུགས་མངའ་བའི་སློབ་དཔོན་ཀྲིན་ཡན་རང་ཉིད་ནི་ཐེ་བན་དང་ཁ་འབྲལ་མྱོང་མེད་ལ། ལོ་ངོ50ལྷག་གི་རིང་དུ་ཚོགས་པའི་རྩ་འཛུགས་དང་མཉམ་དུ་འཚར་ལོངས་བྱུང་ཞིང་། སྐྱོན་བརྗོད་སྣ་ཚོགས་དང་ཁས་མི་ལེན་པའི་ངན་སྨྲས་ཀྱི་མི་ཁ་སྣ་ཚོགས་ནི་རྦ་རླབས་བཞིན་གདུག་རྩུབ་ཀྱིས་འཕྱོ་འོངས། འོན་ཀྱང་དཀའ་སྡུག་ཇི་འདྲ་ཞིག་ལ་གདོང་ལེན་བྱ་དགོས་ནའང་སློབ་དཔོན་ཁོང་གིས་སྔར་བཞིན་ངུར་སྨྲིག་རས་རྐྱང་གི་ན་བཟའ་གསོལ་ཞིང་ཟས་གོས་ངན་ངོན་ཙམ་བསྟེན་ཏེ། བགྲང་བྱ་བཅུ་ཕྲག་ལྷག་ནི་ཉི་མ་གཅིག་དང་འདྲ་བར་ཁ་ལོ་བསྒྱུར་ནས་འཇིག་རྟེན་ལ་སྙིང་རྗེའི་དྲོད་ཁོལ་གྱིས་ཁྱབ་པར་བྱས་ཡོད།

    མི་ཁ་ཤས་ཀྱིས་འཇིག་རྟེན་འདིར་མཐའ་མཇུག་སུ་རྒྱལ་ཞེས་དྲིས་པར། སློབ་དཔོན་ཀྲིན་ཡན་གྱིས་གསུང་དོན། མི་མང་རྒྱལ་ངེས་ཞེས་དྲིས་ལན་བསྐྱོན། ཁོང་གི་རྗེས་སུ་ད་དུང་ཡང་དགེ་ལས་ལ་མོས་མཁན་ཆུ་མིག་བརྡོལ་བ་ལྟར་ལྷོག་ལྷོག་ངང་རིམ་པ་དང་རིམ་པར་འཕྱུར་འོང་བཞིན་ཡོད་ལ། དགེ་སྡིག་གཉིས་ལས་ནམ་ཡང་དགེ་བ་བྱེད་མཁན་མང་བ་ཡིན་ན་མི་ཡུལ་འདིའང་དག་ཞིང་ཞིག་ག་ལ་མིན་ཨང་། ལོ་ངོ་ལྔ་བཅུ་ལྷག་གི་རིང་དཀའ་སྤྱད་འབད་བརྩོན་བྱས་པས་སློབ་དཔོན་ཁོང་འདི་ལྟར་ཞིང་གྲོང་གི་བུ་མོ་ཞིག་ནས་ནང་བའི་རླབས་ཆེན་གྱི་དགེ་སྦྱོང་ཞིག་ཏུ་གྱུར་བ་དང་འདིའང་སྔོན་བྱོན་དམ་པའི་རྣམ་ཐར་དེ་རྗེས་འཇུག་སློབ་མའི་ཉམས་ལེན་ཡིན་ཞིང་། ཁོང་ནི་ཆོས་ལུགས་པ་ཞིག་ཏུ་མ་ཟད་མི་སེམས་ཀྱི་མཚོ་འཇིངས་སུ་སྙིང་རྗེའི་གྲུ་གཟིངས་ཀྱི་ཁ་ལོ་སྒྱུར་བའི་དེད་དཔོན་ཞིག་ཀྱང་ངོ་།།

    མི་བགྲང་གིས་མི་ལོངས་པ་ཞིག་ལ་ངོ་མཚར་བསྐྱེད་པ་ནི་ཁོང་ལ་ཉམ་ང་བའི་ལུས་པོ་ཞིག་ལས་གཞན་ད་དུང་སྐད་ཆ་གཅིག་གིས་མི་ལ་སེམས་འགུལ་ཐེབས་པའི་ནུས་པ་ལྡན་ཞིང་། དེ་ནི་ཚེ་སྲོག་གིས་བློས་གཏོང་བར་སྤོབས་པའི་ལྷག་བསམ་དང་ཤེས་རབ་ཀྱིས་བཞེངས་བསྐྲུན་བྱས་པའི་སྤྱི་ཚོགས་ཀྱི་བླ་ན་མེད་པའི་ནུས་ཤུགས་རེད། ཁོང་གི་སྙིང་རྗེ་ཆེན་པོ་དེ་འཛམ་གླིང་ཡོངས་ལ་ཁྱབ་ཡོད། འདི་ལྟར་སློབ་དཔོན་ཀྲིན་ཡན་གྱིས་རུའུ་ལུགས་ཀྱི་སྤྱོད་པ་དང་ནང་བསྟན་གྱི་བྱམས་དང་སྙིང་རྗེའི་ལྟ་བ་དེ་ཕྱོགས་ཀུན་ཁྱབ་པར་བྱས་པ་དང་། ཁོ་མོ་ནི་དུས་རབས21པའི་ཆེས་རླབས་ཆེ་བའི་བྱང་ཆུབ་སེམས་དཔའ་ཞིག་ཅི་ལ་མིན་ཨང་།

གསར་འགོད་པ།  གསེར་ལག་འཇམ་དབྱངས་ཚུལ་ཁྲིམས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 74va བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  རྒྱལ་ཁབ60ལྷག་གི་ཉམ་ཐག་ལ་རོགས་སྐྱོར་བྱས་པའི་ནང་བའི་དགེ་མ་ཞིག   སྤེལ་མཁན།: ཚོར་དབྱངས། སྤེལ་དུས:2019/1/14
བཀའ དྲིན་ཆེ།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23533602
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།