ཨེ་ཙིའི་ནད་དུག་ཅན་འཇོ་མདའ་དཔལ་འབྱོར་གྱི་སྙིང་གཏམ་དང་འབྲེལ་ནས་སེམས་ཚོར་གླེང་བ།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 19 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྒྱུན་ཤེས།» འཕྲོད་བསྟེན་རྒྱུན་ཤེས། »ཨེ་ཙིའི་ནད་དུག་ཅན་འཇོ་མདའ་དཔལ་འབྱོར་གྱི་སྙིང་གཏམ་དང་འབྲེལ་ནས
ཨེ་ཙིའི་ནད་དུག་ཅན་འཇོ་མདའ་དཔལ་འབྱོར་གྱི་སྙིང་གཏམ་དང་འབྲེལ་ནས་སེམས་ཚོར་གླེང་བ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2018-12-06ལྟ་ཀློག (2950)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

 མངོན་བུད་ཨེ་ཙིའི་ནད་དུག་ཅན་འཇོ་མདའ་དཔལ་འབྱོར་གྱི་སྙིང་གཏམ་ཞེས་པར་ཉན་པ་དང་འབྲེལ་ནས་རང་གི་སེམས་ཚོར་ཙམ་གླེང་བ།

སྨན་པ་འབུམ་རམས་གཞོན་པ།  ཧྲོང་བོ་ཚེ་བརྟན་རྒྱལ།

དེ་རིང་ནི་སྤྱི་ལོ་2018ལོའི་ཟླ་12པའི་ཚེས་1རེད།དེ་རིང་ནི་འཛམ་གླིང་གི་ཨེ་ཙི་ནད་ངན་གྱི་ཉིན་མོ་རེད།མི་མང་གིས་ཨེ་ཙིའི་ནད་ལ་ངོས་ཟིན་ཐོབ་པའི་བསམ་བློའི་གོ་རྟོགས་མཐོ་རུ་འདེགས་ཆེད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སྤྱི་ལོ་1988ལོའི་ཟླ་1པོར།ལོ་རེའི་ཟླ་12པའི་ཚེས་1ཉིན་ནི་འཛམ་གླིང་གོ་ལ་ཧྲིལ་པོའི་ཨེ་ཙིའི་ནད་ཀྱི་ཉིན་མོ་ལ་གཏན་འཁེལ་མཛད་པ་དང་། གོ་ལ་ཡོངས་ཀྱི་རྒྱལ་ཁབ་སོ་སོ་དང་།རྒྱལ་སྤྱིའི་རྩ་འཛུགས་སྣ་ཚོགས་ཀྱིས་ཉིན་མོ་འདིར།ཨེ་ཙིའི་ནད་སྔོན་འགོག་གི་ཤེས་བྱ་དྲིལ་སྒྲོགས་སོགས་ཀྱི་བྱ་འགུལ་དར་སྤེལ་ལ་ཧུར་ཐག་གནང་དགོས་པའི་འབོད་སྐུལ་བྱ་དང་བྱེད་བཞིན་ཡོད་པ་རེད།དེས་ན་རང་ཉིད་ཀྱང་སྨན་པ་ཞིག་ཡིན་པའི་ཆ་ནས་འདི་ལ་དོ་སྣང་ཙམ་མི་བྱེད་ག་མེད་རེད། རྒྱུ་མཚན་ནི།ཨེ་ཙི་ཞེས་པ་ནི་མིའི་ལུས་སེམས་བདེ་ཐང་ལ་གནོད་ཅིང་ཚེ་སྲོག་འཕྲོག་པར་བྱེད་པའི་ནད་ངན་ཞིག་ཡིན་པ་དང་།སྨན་པས་གསོ་བྱ་དང་སྔོན་འགོག་བྱ་རྒྱུའང་འགྲོ་བའི་ན་ཚ་ཡིན་པས།སྨན་པ་ཞིག་ཡིན་ན་འདི་འདྲའི་ནད་ངན་གདུག་པ་ཅན་ཞིག་གི་གནས་ཚུལ་སྣང་མེད་དུ་བཞག་ན་ག་ལ་རུང་སྙམ་བྱུང་།དེ་ཡང་ཕྱིར་འདང་ཞིག་བརྒྱབ་ན།ན་ནིང་གི་དུས་སུ་འདས་པོ་ཨེ་ཙིའི་མངོན་བུད་ནད་པ་སྐུ་ཞབས་ཧྲེ་རྒྱའི་དྲི་མེད་ལགས་ཀྱིས།ལྷག་བསམ་ཟོལ་མེད་དང་བཟོད་པ་ཚད་མེད་ངང་།ཨེ་ཙིའི་རང་འདུན་པ་སྐུ་ཞབས་ཆོས་དཔལ་བཟང་པོ་དང་། གསེར་རྟའི་མཁན་པོ་ཚུལ་ཁྲིམས་བློ་གྲོས་སོགས་ཀྱི་བཅར་འདྲི་དང་ལེན་བྱས་པ་མ་ཟད།རང་ཉིད་དམར་དཔེ་མངོན་བུད་ཀྱིས་སྒྲ་བརྙན་དུ་བུད་དེ་གཞན་ཕན་གྱི་བསླབ་བྱ་མང་པོ་གནང་རྗེས་འདས།རང་ཉིད་ཀྱང་དེ་ལ་ཡིད་འགུལ་ཐེབས་ནས།

སྤྱི་ལོ་2016ལོའི་ཟླ་12པའི་ཚེས་25ཡི་མཚན་མོར། ཧྲེ་རྒྱའི་དྲི་མེད་ལ་སྤྲིངས་པའི་འཕྲིན།  ཞེས་པའི་བསམ་ཚུལ་ཞིག་ཀྱང་འབྲི་ཁུལ་བྱས་པ་ཡིན།བྲིས་པ་ལེགས་རྒྱུ་མེད་ཀྱང་རང་ཉིད་ཀྱིས་འདས་པོ་ལྷག་བསམ་ཅན་དེ་ལ་བཅངས་པའི་གུས་བཀུར་ཞིག་ཡིན། དེ་རིང་གི་ཉིན་མོ་ཁྱད་པར་ཅན་འདི་ལ་ཡང་ཨེ་ཙི་དང་འབྲེལ་བའི་གསར་འགྱུར་དང་གནས་ཚུལ་ཅི་འདྲ་མཆིས་སམ་སྙམ་སྟེ་ཞོགས་སྔ་མོ་ནས་བཟུང་སྐར་འཕྲིན་གྱི་དྲྭ་ལ་བལྟས་པ་ཡིན།བལྟས་པ་ཙམ་གྱིས་ལྷག་བསམ་ཅན་མང་པོས་བརྒྱུད་སྐུར་བསྟུད་མར་བྱེད་བཞིན་པའི་གནས་ཚུལ་ཁྱད་པར་ཅན་ཞིག་མཐོང་བྱུང་། དེ་ནི་གཞན་གང་ཡང་མ་ཡིན་པར།མངོན་བུད་ཨེ་ཛིའི་ནད་དུག་ཅན་འཇོ་མདའ་དཔལ་འབྱོར་གྱི་སྙིང་གཏམ།ཞེས་པ་དེ་རེད།བརྙན་སྒམ་དེའི་ཁ་ཕྱེས་པ་ན་ཨེ་ཙིའི་རང་འདུན་པ་སྐུ་ཞབས་ཆོས་དཔལ་བཟང་པོས་གསར་རྒོད་ཅིག་ལ་ཁོ་རང་ལ་ཕོག་པའི་ཨེ་ཙིའི་ན་ཚའི་སྐོར་ནས་བཅར་འདྲི་བྱེད་བཞིན་མཆིས། ཕོ་གསར་དེ་ནི་གཞན་མ་ཡིན་ཏེ་ཨེ་ཙིའི་ནད་དུག་ཅན་གྱི་འཇོ་མདའི་དཔལ་འབྱོར་ལགས་རེད།དེ་ཡང་མདོ་སྟོད་མི་ཡི་ཆོལ་ཁ་ཞེས་པའི་བོད་མདོ་དབུས་ཁམས་གསུམ་གྱི་ཁམས་ཁུལ་ལ་མཚོན་ན། ཕོ་སྐྱེས་སྐྱེས་ཐམས་ཅད་གེ་སར་དང་། མོ་སྐྱེས་སྐྱེས་ཚང་མ་འབྲུག་མོ་ཡིན། ཞེས་པའི་དཔེ་ལྟར།བུ་ཡག་ཕོ་རྒོད་དང་། མོ་ཡག་མཛེས་མ་མང་བའི་བོད་པའི་མི་རྒྱུད་ཆེས་སྟོབས་ས་ཞིག་ཡིན་པ་བཞིན། ཕོ་གསར་འཇོ་མདའི་དཔལ་འབྱོར་གྱི་གཟུགས་སྐྱེས་ལུས་ལ་མཚོན་ན་ཡང་དེ་ལས་མ་འདས།ཡིན་ན་ཡང་།ཕོ་ལོ་སུམ་ཅུ་སོ་གཅིག་ལས་མ་འདས་པའི་གསར་རྒོད་འདི་འདྲ་ཞིག་ལ་ཨེ་ཙིའི་ནད་ངན་འགོས་པ་ནི་ཅི་འདྲའི་འཇིགས་ཡེར་བ་ཞིག་རེད་ཨང་།ཤ་དར་ཁྲག་དར་གྱི་ཕོ་གཞོན་ཁྲ་འདྲ་བ་འདི་ལ་ནད་ངན་འདི་བྱུང་བ་ནི་ཅི་འདྲའི་ཕངས་སེམས་ཤིག་རེད་ཨང་།སེམས་པ་དུང་ལས་དཀར་ཞིང་སྤོབས་པ་རི་ལས་མཐོ་བའི་གསར་བུ་འདིར་ཨེ་ཙི་འགོས་པ་ནི་ཅི་འདྲའི་བསམ་གཞིགས་བྱེད་མི་ཕོད་པ་ཞིག་རེད་ཨང་།གཞན་ཕན་གྱི་བསམ་བློ་རྒྱ་མཚོའི་གཏིང་ལྟར་ཟབ་ཅིང་ངོ་ཚ་དང་མི་ཁའི་བཟོད་པའི་ཕ་རོལ་སོན་པའི་ཕོ་རྒོད་གླག་འདྲ་བ་འདི་ལ་ནད་ངན་འདི་ཕོག་པ་ལ་ཞེ་སྐྱོ་ཨང་། འདི་ལྟར་བསམ་བློ་བཏང་ཚེ་ཕངས་སེམས་ལས་མ་འདས་མོད།ཡིན་ན་ཡང་། མི་རིགས་ལ་རེ་བ་ཆེ་ཞིང་།གདུང་རྒྱུད་ལ་ཤ་ཞེན་ཟབ་པ།ཕ་ཡུལ་ལ་དུང་ཞེན་རྒོད་ཅིང་། ཕུ་ནུ་ལ་ལྷག་བསམ་དཀར་བའི་གསར་བུ་འཇོ་མདའི་དཔལ་འབྱོར་ལགས་ནི།ངས་ཤེས་ཚོད་ལྟར་ན། ཧྲེ་རྒྱའི་དྲི་མེད་ཀྱི་འཕྲོ་ནས་མངོན་བུད་ཨེ་ཙིའི་ནད་དུག་ཅན་གྱི་མི་བུ་བྱང་སེམས་ཅན་གཉིས་པ་རེད།འདི་ནི་ཁོང་ལ་གཞན་ལས་ལྷག་པའི་བྱམས་སྙིང་རྗེ་ལྡན་པས་རེད།ཀུན་དང་མི་མཚུངས་པའི་ཁྲེལ་དང་ངོ་ཚ་མཆིས་པས་རེད། དེ་ལས་ཀྱང་ཧ་ལས་པ་ནི་ཁོང་གིས་རང་ཉིད་དམར་དཔེ་གསོན་པོར་བརྙན་འཕྲིན་དུ་བསྟན་ནས། སེམས་གཏམ་དྲོན་མོས་གཞན་ལ་ཨེ་ཙིའི་ན་ཚ་ཞེས་པ་ཞིག་ཡོད་པ་ཁོ་ལ་འགོས་ཡོད་ཅེས།དེ་ལ་དོགས་ཟོན་དང་མཉམ་འཇོག་བྱ་བར་བླ་ལྷག་གིས་ནུས་པ་འདོན་པ་དང་འཇོན་བཞིན་པ་དེ་རེད།ཐམས་ཅད་ཀྱིས་འདང་ཞིག་རྒྱོབས་དང་། བསམ་བློ་འདི་འདྲ་ཞིག་མི་གང་ཡིན་ལ་ཡོད་སྲིད་དམ། བྱ་གཞག་འདི་འདྲ་ཞིག་མི་གང་ཡིན་གྱིས་སྒྲུབ་ཕོད་དམ།དངོས་གནས་ཧ་ལས་ཤིང་ཧང་སངས་བྱུང་། ཁ་བཤད་ཆུ་ཡི་ལྦུ་བ་མ་ཡིན་པར་ལག་ལེན་གསེར་གྱི་ཐིགས་པ་འདི་འདྲ་དོན་དུ་ཧ་ཅང་དཀོན་པོ་ཡིན་པ་ང་ཚོ་སུས་མི་ཤེས། སངས་རྒྱས་ཀྱི་སྟག་མོ་ལུས་སྦྱིན་གྱི་རྣམ་ཐར་ཞེས་ན་ཡང་འདི་ལྟ་བུའི་ལྷག་བསམ་ཞིག་མིན་ནམ།དམ་པ་ལྷ་ཆོས་ཞེས་ནའང་གཙོ་བོ་བསམ་པ་བཟང་དགོས་པ་མིན་ནམ།དེ་བས་འཇོ་མདའི་དཔལ་འབྱོར་ལགས་ནི་སྙིང་རྗེའི་ཕ་རོལ་དུ་ཕྱིན་དང་།བྱམས་པའི་ཕ་རོལ་དུ་ཕྱིན་པ།བཟོད་པའི་ཕ་རོལ་དུ་ཕྱིན་ཟིན་ཞེས་ནའང་ཐལ་ག་ལ་ཆེ།ཆོས་འཇིག་རྟེན་གཉིས་ཀྱི་ཕྱོགས་ནས་བཤད་ནའང་། ཁོ་ནི་གཞན་དོན་ལ་ལྷག་བསམ་དཀར་བའི་མི་བུ་རླབས་ཆེན་ཞིག་མ་རེད་ཅེས་སུ་ཞིག་གིས་སྨྲ་སྲིད་དམ།མི་ཞིག་གི་རིན་ཐང་ཞེས་པ་ནི། མི་དེ་ལ་རྒྱུ་ནོར་ཅི་ཙམ་ཡོད་པ་དང་གོ་ས་ཅི་འདྲ་ཐོབ་པ་སོགས་ལ་ལྟོས་དགོས་པ་མ་ཡིན་པར། མི་དེས་མི་ཡུལ་ལ་བཞག་པའི་བྱས་རྗེས་ལ་བསམ་དགོས་པ་ཡིན། ཞེས་པའི་དོན་དང་འཚམས་པོར་མི་འདུག་གམ། དེ་བས་འཚམས་འདི་ནས་གསར་བུ་ལྷག་བསམ་ཅན་འཇོ་མདའི་དཔལ་འབྱོར་ལགས་ལ།སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ་དགོས་བྱུང་། རྒྱུ་མཚན་ནི། ཁྱེད་ཀྱིས་རང་དོན་ལས་གཞན་དོན་གཙིགས་སུ་བཟུང་པས་ཡིན།  རང་ཉིད་ཀྱི་སྡུག་བསྔལ་བསྟན་ནས་གཞན་ལ་བདེ་ཐང་སྐྲུན་དང་བསྐྲུན་བཞིན་པས་ཡིན།རང་ཉིད་དམར་དཔེ་མཛད་ནས་གཞན་དག་ཨེ་ཙིའི་ནད་ངན་ལས་རིང་དུ་གྱེས་པར་སྐུལ་མ་གཏོང་བཞིན་པས་ཡིན།རང་གི་ཉམས་མྱོང་བཤད་ནས་གཞན་གྱིས་ཨེ་ཙི་ལ་རྒྱུས་ལོན་དང་སྔོན་འགོག་བྱ་དགོས་པ་བསླབས་པས་ཡིན།རང་གི་སྨྲེང་བ་གཏམ་དུ་གྱེར་ནས་གཞན་གྱི་འཚོ་བ་ལ་བདེ་སྐྱིད་སྐྲུན་བཞིན་པས་ཡིན།མདོར་ན། ཁྱེད་ཀྱི་བདག་བས་གཞན་གྱི་བསམ་བློ་རླབས་ཆེ་བས་ཡིན།  ཐུགས་རྗེ་ཆེ།

  འདི་ལྟར་བོད་ཁམས་སུ་ཡང་སྔར་མཐོང་ཐོས་སུ་མ་གྱུར་བའི་ནད་ངན་གདུག་པ་ཅན་ཨེ་ཙི་ཞེས་པ་འདི་བྱུང་དང་འགོས་བཞིན་པའི་གནས་ཚུལ་འདི་ལ་བསམ་གཞིགས་རེ་གནོངས་དང་། དེ་ནི་གཞན་གང་ཡང་མ་ཡིན་ཏེ།དེ་ནི་ཨེ་ཙི་འགོས་ནད་ཡིན་པ་སྔོན་འགོག་བྱེད་མ་ཤེས་པས་མཇུག་འབྲས་འདི་བྱུང་པ་རེད། ཨེ་ཙི་ཞེས་པའི་འགོས་རིམས་ཤིག་མཆིས་པ་རེད་ཅེས་བོད་ཡུལ་གྱི་ག་ས་ག་རུ་དྲིལ་སྒྲོག་བྱས་པ་མ་འདང་བའི་སྐྱོན་རེད། ཨེ་ཙི་ཞེས་པའི་ན་ཚ་ལ་སྔོན་འགོག་མ་བྱས་ན་འགོས་འགྲོ་བ་རེད་ཅེས་འབྲེལ་ཡོད་ཤེས་བྱ་མ་བསླབས་པའི་རྐྱེན་རེད།དེ་ནི་ས་གནས་འཕྲོད་སྟེན་ཁང་དང་ནད་རིམས་ཚོད་འཛིན་ལྟེ་གནས་གྱི་སྨན་པ་ཚོས་ཀྱང་གོང་རིམ་གྱི་འཕྲོད་བསྟེན་བདེ་ཐང་གི་སྲིད་ཇུས་ལྟར་མི་མང་ལ་ཨེ་ཙི་སྔོན་འགོག་གི་ཤེས་བྱ་བསླབས་པ་མ་འདང་པས་རེད། གཞན་ཡང་བླ་མ། དགེ་བཤེས།མཁན་པོ།གྲྭ་བཙུན།བོན་སྔགས།དགེ་རྒན།ལས་བྱེད་པ།སློབ་གྲྭ་ཆེན་མོ་བ་སོགས།མདོར་ན་བོད་ཁུལ་གྱི་ཤེས་ཡོན་ཅན་རྣམས་ཀྱིས་ཀྱང་།མི་མང་ལ་ཨེ་ཙིའི་དོགས་ཟོན་གྱི་སློབ་གསོ་བཏང་བ་ཉུང་སོང་པས་རེད། འཇོ་མདའི་དཔལ་འབྱོར་ལགས་ཀྱིས་གསུངས་པ་ལྟར།ཁོ་ལ་ཨེ་ཙི་བྱུང་བའི་བར་དུ་ཁོས་ཨེ་ཙི་ཞེས་པའི་ནད་ངན་ཞིག་མཆིས་པ་ཐོས་མ་མྱོང་ཟེར་བ་ནང་བཞིན།ང་ཚོ་བོད་ཡུལ་མདོ་དབུས་ཁམས་གསུམ་དུ་ད་དུང་ཨེ་ཙི་ཞེས་པ་གོ་མ་མྱོང་བའི་གསར་བུ་ས་ཁའི་རྩི་ཏོག་བཞིན་དུ་བགྲངས་ལས་འདས་པ་ཞིག་ནག་འཐོམ་མེར་ཡོད་དམ་སྙམ་ན་སེམས་ཕམ་པ་ཞིག་མིན་ནམ། ད་དུང་ཨེ་ཙི་ཞེས་པ་འགོས་རིམས་ཤིག་ཡིན་པ་དང་། དེ་ལ་སྔ་མོ་ནས་སྔོན་འགོག་མ་བྱས་ན་ཚེ་སྲོག་དང་བདེ་ཐང་ལ་གནོད་པ་ཚབས་ཆེ་བ།དེ་ལ་ཅི་ལྟར་དོགས་ཟོན་བྱ་དགོས་པ་སོགས་ཀྱི་འབྲེལ་ཡོད་ཤེས་བྱ་ཏིལ་ཙམ་ཡང་དབེན་པའི་གསར་མོ་མེ་ཏོག་འདྲ་བ་བརྗོད་ཀྱིས་མི་ལངས་པར་ཞེ་སྐྱོ་ཨང་།ད་དུང་དེ་ལས་ཀྱང་འཇིགས་ཡེར་བ་ནི་རང་ལ་ཨེ་ཙིའི་ནད་དུག་འགོས་ཡོད་པ་ངོས་མ་ཟིན་པར།ལུས་བདེ་ཐང་ཡིན་པར་རློམ་ཏེ་སྣང་བ་སྐྱིད་པ་ལ་བྱས་ནས་བསྡད་ཡོད་པའི་མི་མང་པོ་ལོས་ཡོད་སྙམ་ན་སྙིང་ལ་ཙག་ཤད་རྒྱག་པ་ཞིག་མིན་ནམ། སེམས་ལ་མཆི་མ་འཁོར་བ་ཞིག་མིན་ནམ། ཞེ་ལ་སྨྲེང་རྒྱུ་འོང་པ་ཞིག་མ་ཡིན་ནམ། དེ་བས་ངའི་སྙིང་ཉེ་བའི་སྐྱ་སེར་རིས་མེད་ཀྱི་ཤེས་ལྡན་པ་ཚོ། ཕ་ཡུལ་དང་ཕུ་ནུ་ཚོའི་བདེ་ཐང་གི་ཆེད་དུ།ད་ནས་བཟུང་ད་དུང་ཡང་སྒྲ་བརྙན་ཡི་གེ་ཅི་རིགས་ཀྱི་ལམ་ནས་འགོས་ནད་ཨེ་ཙིའི་ཤེས་བྱ་ངོ་སྤྲོད་དང་།སྔོན་འགོག་གི་ཐབས་ཤེས་བསླབས་རྒྱུ་ནི་ཅི་ལས་ཀྱང་གལ་ཆེ་ཞིང་།གང་ལས་ཀྱང་གཙོ་བོ་ཡིན་པ་ཐུགས་ལ་འཇགས་པར་འཚལ། དེ་ཡང་འཇོ་མདའི་དཔལ་འབྱོར་ལགས་ཀྱི་ཁ་བརྡ་ལས།ཁོ་ལ་ཨེ་ཙིའི་ནད་བྱུང་འདུག་པ་སྨན་ཁང་ལས་ངོས་ཟིན་རྗེས་གཞན་ལ་འདྲི་ཅི་ཐུབ་བྱས་པར། ལ་ལས་ཨེ་ཙི་བྱུང་བ་ན་རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བ་སོགས་ཀྱི་ཤེས་མེད་ཀྱི་རྨོངས་བཤད་བྱས་ཚུལ་དང་། དེ་ལ་གནས་སྐབས་སུ་ནད་དུག་གི་མགོ་གནོན་བྱེད་ཀྱི་བསྟེན་བྱའི་སྨན་མེད་པར་སྙམ་ཚུལ།ཐ་ན་ཅི་བྱ་གཏོལ་མེད་དུ་གྱུར་ནས་ཕ་ཡུལ་གྱི་གཡང་རོང་གི་ཆུ་རུ་སྐྱེབས་སེམས་བྱུང་བ་སོགས་ལ་ཉན་རྗེས།དེའི་ཐད་ཀྱི་སྐད་ཆ་འགའ་གླེང་དགོས་བྱུང་སོང་། ཨེ་ཙིའི་ནད་དུག་ཅན་ཡིན་ན་འདྲ།ཨེ་ཙིའི་ནད་པ་ཡིན་ན་འདྲ། རང་ལ་ཨེ་ཙི་ཕོག་པ་སྨན་ཁང་ལས་ངོས་ཟིན་པ་ནས་བཟུང་རྒྱལ་ཁྲིམས་དང་འགལ་ནས་ཉེས་ཅན་བཞིན་འཛིན་བཟུང་བྱེད་པ་སོགས་ཕར་ཞོག 

   དེ་ལས་ལྡོག་སྟེ་ཁྲིམས་ལུགས་ཀྱིས་ཁྱེད་ལ་སྲུང་སྐྱོབ་བྱེད་པ་རེད། ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པ་རེད། དེ་བས་འབྲེལ་ཡོད་ཁྲིམས་ལུགས་སྲིད་ཇུས་འདི་ངོ་སྤྲོད་རགས་རིམ་ཙམ་བྱ། ཀྲུང་དཔའ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོས་རིམས་འགོག་བཅོས་ཀྱི་ཁྲིམས་ལུགས་དོན་ཚན་ཉེར་གསུམ་པ་ནི། རྒྱལ་ཁབ་ལ་ཨེ་ཙི་ནད་ཀྱི་མི་དགོས་པ་བཞི་དང་ཐུགས་ཁུར་གཅིག་ཅེས་པའི་སྲིད་ཇུས་མཆིས་ཞེས་པ་དེ་རེད། དེ་ལས་མི་དགོས་པ་བཞི་ཞེས་པ་ནི། ཞིང་ཕྱུགས་ལས་ཀྱི་སྡོད་དམངས་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་དམངས་གཞི་རྩའི་སྨན་བཅོས་ཁག་ཐེག་སོགས། སྨན་བཅོས་འགན་ལེན་ལམ་ལུགས་སུ་ཞུགས་མེད་པའི་དཔལ་འབྱོར་དཀའ་ངལ་ཅན་གྱི་ཨེ་ཙིའི་ནད་པ་ཉིད། ས་གནས་འཕྲོད་བསྟེན་སྡེ་ཁག་གིས་གཏན་འཁེལ་མཛད་པའི་སྨན་བཅོས་ལས་ཁུངས་རྫོང་ནད་རིམས་ཚོད་འཛིན་ལྟེ་གནས་སོགས་སུ་སོང་ནས། ཨེ་ཙིའི་ནད་དུག་གསོ་བའི་བཏུང་སྨན་དགོས་ཚུལ་ཡར་ཞུ་བྱས་ཆོག་ལ། ད་དུང་རིན་མི་དགོས་པར་ནད་དུག་ལ་གསོ་བཅོས་ཀྱང་བྱ་རུང་། གཞན་ཡང་རང་འགུལ་གྱིས་ཨེ་ཙིའི་ནད་ཀྱི་རྒྱུ་མཚན་བློ་འདོན་བྱེད་པ་དང་། ཨེ་ཙིའི་ནད་དུག་བརྟག་བཤེར་བྱེད་མཁན་རྣམས་ས་གནས་ཀྱི་ནད་རིམས་ཚོད་འཛིན་ལྟེ་གནས་དང་། འབྲེལ་ཡོད་གཏན་འཁེལ་གྱི་སྨན་བཅོས་ལས་ཁུངས་སུ་སོང་ན་རིན་མེད་ངང་བྱ་བ་བསྒྲུབས་པ་ཡིན། ཨེ་ཙིའི་ནད་དུག་ཅན་གྱི་སྦྲུམ་མ་ལ་བདེ་ཐང་བློ་འདོན་དང་། བཙས་སྔོན་གྱི་བསླབ་སྟོན་དང་བྱིས་པ་བཙའ་དུས་ཀྱི་ཞབས་ཞུ་སྒྲུབ།

   དེ་དང་འབྲེལ་ནས་ལམ་སང་མ་བུ་ཁ་བྲལ་གྱི་བཏུང་སྨན་དང་བྱིས་པ་ནུ་རློན་ལ་ཨེ་ཙི་བརྟག་ཆོས་ཀྱང་མཁོ་སྤྲོད་བྱེད་པ་ཡིན། ས་གནས་སོ་སོའི་སློབ་གསོ་སྡེ་ཁག་གིས་ཀྱང་ཨེ་ཙི་ནད་པའི་བྱིས་པ་དྭ་ཕྲུག་ལ་རིན་མེད་ཀྱིས་འོས་འགན་སློབ་གསོའི་བྱ་བ་སྒྲུབ་དགོས་པ་ཡིན། དེས་ན་ཐུགས་ཁུར་གཅིག་ཅེས་པའི་སྲིད་ཇུས་ཅི་འདྲ་ཞིག་རེད་ཟེར་ན། དེ་ནི་རྒྱལ་ཁབ་ཀྱིས་ཨེ་ཙིའི་ནད་དུག་ཅན་དང་ཨེ་ཙིའི་ནད་པར་རོགས་སྐྱོབ་དང་གསོ་བཅོས་མཁོ་འདོན་གྱི་ཐུགས་ཁུར་མཛད་པ་ཡིན། སྲིད་གཞུང་རིམ་པས་དཔལ་འབྱོར་དཀའ་ཁག་ཅན་གྱི་ཨེ་ཙིའི་ནད་པ་དང་དེ་གའི་ཁྱིམ་མི་རོགས་རམ་ཁ་གསབ་བྱེད་པའི་ཁྱབ་ཁུངས་སུ་བསྡུ་ལེན་བྱེད་པ་དང་། སྤྱི་ཚོགས་སུ་འབྲེལ་ཡོད་དབུལ་སྐྱོབ་ཀྱི་སྲིད་ཇུས་གཏན་འབེབས་ལྟར་འཚོ་བར་ཁ་སྣོན་གྱིས་རོགས་རམ་བྱེད་པ་རེད། ཐོན་སྐྱེད་ལས་ཀ་སྒྲུབ་ནུས་པའི་ཨེ་ཙིའི་ནད་དུག་ཅན་ནམ་ཨེ་ཙིའི་ནད་པར་ཡང་ཅི་ཐུབ་གང་ལྕོགས་ཀྱིས་འབྲེལ་ཡོད་རམ་འདེགས་མཛད་དེ་ཡོང་འབབ་འཕར་སྣོན་བྱེད་པར་ཤུགས་རྒྱག་པ་རེད། དེ་བས་རྒྱལ་ཁབ་ལ་ཨེ་ཙིའི་ནད་དུག་ཅན་དང་ཨེ་ཙིའི་ནད་པར་ཐུགས་ཁུར་དང་རོགས་རམ་ཀྱི་སྲིད་ཇུས་བཟང་པོ་འདི་འདྲ་ཡོད་པ་ཧ་གོ་རྒྱུ་གལ་ཆེན་པོ་རེད། ཨེ་ཙིའི་ནད་པའམ་ཨེ་ཙིའི་ནད་དུག་ཅན་གྱི་སྐྱེས་ཕོ་མོ་སུ་ལ་མཚོན་ན་ཡང་། འབྲེལ་ཡོད་སྲིད་ཇུས་ཀྱི་དོན་རྟོགས་ན་ཁྲིམས་ལ་འགལ་སོང་སྙམ་པའི་དགོས་མེད་ཀྱི་སྐྲག་སྣང་དང་དོགས་པ་ཟ་མི་དགོས་པ་རེད།ད་དུང་སྲིད་ཇུས་ནང་བཞིན་རང་རང་ལ་ཕན་པའི་བྱ་བ་མང་པོ་སྒྲུབ་ཆོག་པ་རེད།ཡང་འཇོ་མདའ་དཔལ་འབྱོར་ལགས་ཀྱིས། དང་ཐོག་ཨེ་ཙིའི་ནད་དུག་ལ་ཕན་པའི་སྨན་མེད་པར་འདོད་པ་ཡིན་ཞེས་པ་ལྟར། བོད་ཁུལ་གྱི་ཨེ་ཙིའི་ནད་དུག་ཅན་མང་པོ་ཞིག་གིས་གནས་སྐབས་སུ་ཨེ་ཙིའི་ནད་དུག་གི་མགོ་གནོན་བྱེད་ཀྱི་སྨན་ཡོད་པ་རྟོགས་ཡོད་རྒྱུ་མ་རེད་སྙམ།དེ་ཡང་འབྲེལ་ཡོད་ཡིག་ཆ་ལྟར་ན།ནད་དུག་HIVའགོས་པའི་མི་སྐོར་ཞིག་ལ་ནད་རྟགས་ཅི་ཡང་མི་མངོན་པར་དུས་ཡུན་ལོ་ངོ་བཅུ་ཙམ་འགོར་ཡང་སྲིད།སྐབས་འདིར་གཉེན་པོས་ནད་དུག་ལ་གསོ་བཅོས་བྱས་པ་ཡིན་ན། ནད་པ་འགའ་ཤས་ཤིག་ནད་རྟགས་མེད་པའི་རེད་པའམ་PGLཡི་གོ་རིམ་གྱི་སོ་ན་གནས་པ་ལས་AIDSཡི་གོ་རིམ་དུ་བརྒལ་མི་སྲིད།ཨེ་ཙིའི་ན་ཚའི་ཚབས་AIDSལ་སླེབས་ཟིན་པ་རྣམས་ཀྱི་རྗེས་འབྲས་སྔོན་དཔག་གི་འགལ་རྐྱེན་བར་ཆད་ནི། གལ་ཏེ་ཨེ་ཙིའི་ནད་དུག་ལ་དུས་ལྟར་གསོ་བཅོས་མ་བྱས་ཚེ་ཚེ་སྲོག་འཆོར་བའི་ཉེན་ཁ་ནི་དེ་ལྟར་ཆེ་སྲིད་པ་དང་།དེ་ཡང་ཚེ་ལས་འདས་པའི་རྒྱུ་རྐྱེན་གཙོ་བོ་ནི་སྐབས་འཚོལ་རང་བཞིན་གྱི་རེད་ནད་ཡིན་པ་དང་།གསོན་པའི་དུས་ཡུན་ནི་ཟླ་6-18ཙམ་ཡིན།ཡིན་ན་ཡང་།ནད་དུག་སོགས་ལ་སྣ་འཛོམས་ངང་གསོ་བཅོས་བསྟེན་པ་ཡིན་ན་མངོན་གསལ་གྱིས་ཨེ་ཙི་ནད་པའི་ཚེ་སྲོག་འཚོ་ཡུན་ཇེ་རིང་དུ་གཏོང་ཐུབ་པ་ཡིན།ཞེས་པ་ལྟར་རོ།།

   དེ་བས་ཨེ་ཙིའི་ནད་དུག་འགོས་ཡོད་པ་ཤེས་རྟོགས་བྱུང་བ་ན། ལྟས་ངན་རང་གསང་མི་བྱེད་པར་ཚད་ལྡན་སྨན་ཁང་གི་ཆེད་མཁས་སྨན་པ་བསྟེན་ནས་ནད་དུག་གི་མགོ་གནོན་བྱེད་ཀྱི་གཉེན་པོའི་སྨན་བསྟེན་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་རེད། དེ་ནི་ང་ཚོས་འཇོ་མདའི་དཔལ་འབྱོར་ལགས་ཀྱི་ཁ་བརྡ་ལས་ཀྱང་ཤེས་མི་ཐུབ་བམ།ཁོང་གིས་ཐོག་དང་པོར་ལུས་ཟུངས་ཀྱི་CT4+རྨེན་བུའི་ཕྲ་ཕུང་གི་ཚད་480ཡིན་དུས་སྨན་མ་བསྟེན་པས།ལོ་གཉིས་ཀྱི་རྗེས་སུ་བརྟག་དཔྱད་བྱེད་དུས་CT4+རྨེན་བུའི་ཕྲ་ཕུང་གི་ཚད་360ལ་མར་ལྷུང་ཡོད་པ་དང་།དེ་ནས་ནད་དུག་གི་མགོ་གནོན་བྱེད་ཀྱི་སྨན་དུས་ལྟར་བསྟེན་པས་རྗེས་སུ་CT4+རྨེན་བུའི་ཕྲ་ཕུང་གི་ཚད་567ལ་ཕྱིར་ཐོན་ཡོད་པ་མ་ཟད། ཁོ་ཡི་ལུས་ལ་ན་ཚ་དང་གཟེར་ཟུག་ཅི་ཡང་མེད་པར་རྒྱུན་ལྡན་བདེ་ཐང་གི་མི་ལྟར་གནས་འདུག་པ་མ་ཡིན་ནམ།དེས་ན་དེས་ཀྱང་གཉེན་པོའི་ནད་དུག་གི་སྨན་བསྟེན་ན་ཨེ་ཙིའི་ན་ཚར་ཕན་ཅུང་ཐོགས་པ་ར་སྤྲོད་བྱུང་བ་མ་ཡིན་ནམ།དེ་བས་སྟབས་མ་ལེགས་པར་ཨེ་ཙིའི་ནད་དུག་འགོས་ཡོད་པ་ཅན་ཡིན་ན་འདྲ། ཨེ་ཙིའི་ནད་པ་ཡིན་ན་ཡང་འདྲ།གང་ལྟར་དེ་ལ་སྤོབས་པ་དང་སེམས་ཤུགས་བསྐྱེད་ནས་ནད་དུག་གི་གཉེན་པོའི་སྨན་བསྟེན་དང་།དེ་ཡིས་ཁྱེད་ཀྱི་ཚེ་ཐག་རིང་དུ་གཏོང་སྲིད།དེ་ཡིས་ཁྱེད་ལ་སླར་ཡང་གསོན་ཤུགས་སྤྲོད་སྲིད།ད་ནི་ཁོ་བོས་དྲན་ཚོར་འདི་བྲིས་ནས་མཇུག་སྒྲིལ་ལ་ཉེ།མཇུག་བསྡུ་བའི་ཉིན་མོ་ནི་དེ་རིང་རེད།དེ་རིང་སྤྱི་ལོ་2018ལོའི་ཟླ་12པའི་ཚེས་2ཀྱི་དགོང་མོ་རེད།སྤྱི་རྩིས་ལྟར་ན་དུས་ཆེན་ཞིག་མ་རེད་མོད།ཡིན་ན་ཡང་བོད་རྩིས་ས་ཁྱི་ལོའི་ཟླ་10པའི་ཚེས་25རེད།དགེ་ལྡན་བསྟན་པའི་སྲོལ་འབྱེད་ཀྱི་ཤིང་རྟ་ཆེན་མོ་རྗེ་ཙོང་ཁ་པ་མྱ་ངན་ལས་འདས་པའི་ཉིན་མོ་རེད།དཔལ་རི་བོ་དགའ་ལྡན་པའི་བཅུ་བའི་ལྔ་མཆོད་རེད།དེ་རིང་བོད་པ་དད་ལྡན་མང་པོས་ཤ་མི་ཟ་བའི་དུས་ཆེན་རེད།དགེ་བ་སྒྲུབ་པའི་ཉིན་མོ་རེད།ཚོགས་བསགས་པའི་ཉིན་མོ་རེད། སྨྱུང་གནས་སྲུང་བའི་ཉིན་མོ་རེད། མར་མེ་སྒྲོན་པའི་ཉིན་མོ་རེད། འདི་འདྲ་བའི་དུས་ཆེན་ཁྱད་པར་ཅན་ཞིག་རེད།ངའི་ཉེ་འཁོར་ན་ཡང་དེ་རིང་ཤ་མི་ཟ་མཁན་མང་པོ་འདུག     དུས་ཆེན་ཁྱད་པར་ཅན་འདི་འདྲ་ཞིག་ལ་མངོན་བུད་ཨེ་ཛིའི་ནད་དུག་ཅན་འཇོ་མདའ་དཔལ་འབྱོར་གྱི་སྙིང་གཏམ་ཞེས་པར་ཉན་པ་དང་འབྲེལ་ནས་རང་གི་སེམས་ཚོར་ཙམ་གླེང་བ་ཞེས་པ་འདི་བྲིས་ཚར་བ་ཡིན།འདི་ནི་གཞན་ཕན་གྱི་དྲི་བསུང་ཀུན་ཏུ་ཁྱབ་པའི་འཇོ་མདའ་དཔལ་འབྱོར་གྱི་སེམས་གཏམ་རེད།འདི་ནི་ཁོང་གིས་ངོ་ཚ་ལས་ཤ་ཚ་བ་གཙོ་བོར་བསྒྲགས་པའི་འབོད་སྐུལ་རེད། འདི་ནི་ཆོལ་གསུམ་སྤུན་ཟླའི་བདེ་ཐང་གི་ཕྱིར་དུ་བསྔོས་པའི་ལྷག་བསམ་གྱི་མེ་ཏོག་རྐང་གཅིག་རེད།འདི་ནི་ནད་ངན་ཨེ་ཙིའི་དགྲ་བོ་འགོག་བྱེད་ཀྱི་རྡོ་རྗེའི་ལྕགས་རི་རེད།འ དི་ནི་ཨེ་ཙིའི་ནད་དུག་འཇོམས་བྱེད་ཀྱི་གནམ་ལྕགས་ཐོག་མདའ་རེད།འདི་ནི་གཞན་གྱི་བདེ་ཐང་གི་ལྗང་མྱུག་འབུས་བྱེད་ཀྱི་སྦྲང་ཆར་གྱི་ཐིགས་པ་རེད། འདི་ནི་ཀུན་ལ་བདེ་སྐྱིད་ཀྱི་འཚོ་བ་སྐྲུན་བྱེད་ཀྱི་བྱང་སེམས་ཀྱི་ཉིང་ཁུ་རེད། འདི་ནི་དེ་རིང་གི་བཅུ་བའི་ལྔ་མཆོད་ལ་ཕུལ་བའི་མཆོད་མེ་ཚེ་འབར་ཞིག་རེད།འདི་ནི་སྟག་ཤ་ར་ཞིག་གི་དཔའ་རྟགས་རེད།འདི་ནི་ཕོ་རྒོད་པོ་ཞིག་གི་བྱས་རྗེས་རེད། འདི་ནི་ཕུ་ནུ་ཡི་བརྩེ་སེམས་རེད། འདི་ནི་གྲོགས་པོ་ཡི་དུང་བ་རེད། འདི་ནི་ཕ་མ་ཡི་དྲིན་ལན་རེད།འདི་ནི་ཆུང་འགྲོགས་ཀྱི་ཁྲེལ་གཞུང་རེད།འདི་ནི་དོན་དངོས་ཀྱི་ཚོགས་གསོག་རེད། འདི་ནི་ངེས་དོན་གྱི་དགེ་བ་རེད།འདི་ནི་ཚེ་འདི་ཕྱིའི་གཟི་བརྗིད་རེད།འདི་ནི་འཇོ་མདའི་དཔལ་འབྱོར་གྱི་རང་གཤིས་རེད། ལྷག་བསམ་རེད།བྱམས་སེམས་རེད། སྙིང་རྗེ་རེད།དེ་བས་དགེ་བ་འདི་འདྲ་བསྒྲུབས་པའི་ཕན་ཡོན་གྱིས།འཇོ་མདའི་དཔལ་འབྱོར་གྱི་ཨེ་ཙིའི་ནད་དུག་རྨེག་མེད་དུ་ཞི་ནས། བདེ་ཐང་ཡར་ངོའི་ཟླ་བཞིན་རྒྱས་པ་དང་། ཚེ་དཔལ་ཉི་ཟླ་གཉིས་དང་མཉམ་པར་སྨོན།   བཀའ་དྲིན་ཆེ།

སྤྱི་ལོ་2018ལོའི་ཟླ་12པའི་ཚེས་2ཡི་དགོང་མོ་ཆུ་ཚོད་8དང་སྐར་མ་28་སྟེང་མཇུག་བསྡུས་པའོ།།      དགེའོ།།

གསར་འགོད་པ།  ཆོས་སྐྱོང་རྒྱལ།


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། xum1 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ཨེ་ཙིའི་ནད་དུག་ཅན་འཇོ་མདའ་དཔལ་འབྱོར་གྱི་སྙིང་གཏམ་དང་འབྲེལ་ནས་སེམས་ཚོར་གླེང་བ།   སྤེལ་མཁན།: འབུམ་བྱམས་རྒྱལ། སྤེལ་དུས:2018/12/8
བོད་མི་རིགས་ལ་ཤ་ཚ་སྙིང་ཉེ་བའི་སེམས་གཏམ་གསོན་པོ་ཞིག
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
5861512
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号