མི་ངན་གྱི་གཡོ་འོག་ཏུ་ཚུད་སླ་པའི་གཤིས་འཇམ་གཞུང་དྲང་གི་བོད་ཀྱི་བུད་མེད་ཚོའི་ལུས་སེམས་བདེ་ཐང་དང་འབྲེལ་བའི་གཏམ།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 16 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »མི་ངན་གྱི་གཡོ་འོག་ཏུ་ཚུད་སླ་པའི་གཤིས་འཇམ་གཞུང་དྲང་གི་བོད་ཀྱི
མི་ངན་གྱི་གཡོ་འོག་ཏུ་ཚུད་སླ་པའི་གཤིས་འཇམ་གཞུང་དྲང་གི་བོད་ཀྱི་བུད་མེད་ཚོའི་ལུས་སེམས་བདེ་ཐང་དང་འབྲེལ་བའི་གཏམ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2018-11-27ལྟ་ཀློག (3683)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

མི་ངན་གྱི་གཡོ་འོག་ཏུ་ཚུད་སླ་པའི་གཤིས་འཇམ་གཞུང་དྲང་གི་བོད་ཀྱི་བུད་མེད་ཚོའི་ལུས་སེམས་བདེ་ཐང་དང་འབྲེལ་བའི་གཏམ།

སྨན་པ་འབུམ་རམས་གཞོན་པ།   ཧྲོང་བོ་ཚེ་བརྟན་རྒྱལ།

    དེང་དུས་བོད་ཁུལ་ནའང་བུད་མེད་ནི་གནམ་གྱི་ཕྱེད་ཀ་ཡིན་ཞེས་བུད་མེད་ལ་བསྟོད་མཁན་གྱི་སྐྱེས་པ་མང་ལ། གནའ་ནས་ད་བར་དུ་འཇིག་རྟེན་འདི་ན་ཨ་མ་མཆོག་ཟེར་བའི་བྱིས་པ་ནི་དེ་བས་ཀྱང་མང་།ཡང་།དུ་ཆང་ནག་སྲེད།ཅེས་པ་དང་།བུད་མེད་བསོད་དམན།ཞེས་པ།ཁྱི་དང་བུད་མེད་ཅེས་བུད་མེད་ལ་སྡིག་སྨོད་དང་དམའ་འབེབས་བྱེད་མཁན་ཡང་གནའ་དེང་གཉིས་ལ་མི་ཉུང་བ་རེད།དེའི་རྒྱུ་མཚན་གྱིས་ཕོ་མཆོག་མོ་དམན་གྱི་བོད་པའི་སྤྱི་ཚོགས་སུ་འཚོ་ཞིང་གཞེས་པའི་རོང་འབྲོག་ཁུལ་གྱི་བུད་མེད་བློ་མཐུན་རྣམས་ལ་མཚོན་ན།ཁོ་མོ་ཚོར་མི་ཚེའི་ཐོབ་ཐང་རྨ་མེད་པ་ཞིག་དང་།མི་ཚེའི་མདུན་ལམ་ཡང་དག་ཅིག     མི་ཚེའི་ཕུགས་བསམ་ཞུམ་མེད་ཅིག      མི་ཚེའི་སྤོབས་པ་བླ་མེད་ཅིག་མངའ་ཟེར་རྒྱུ་ཧ་ཅང་ཁག་པོ་ཡིན།གསལ་བཤད་བྱེད་རྒྱུ་ཞིག་ལ་འདིའི་ནང་དུ་བུད་མེད་ལས་བྱེད་པ་སོགས་དང་བུད་མེད་ཐོབ་ཐང་ཅན།བུད་མེད་ཤེས་ཡོན་ཅན་སོགས་མི་འདུ།ཡིན་ཡང་འདི་ལྟ་བུའི་བུད་མེད་ཁ་དྲག་ཅན་ནི་ཤིན་ཏུ་ཉུང་ཉུང་ཡིན།དེའི་སྟབས་ཀྱིས་རང་ཉིད་འབྲོག་ཁུལ་ནས་འཚར་ལོངས་བྱུང་བའི་མི་ཞིག་ཡིན་པ་དང་།ཡི་གེ་མི་ཤེས་ཤིང་ལས་ཚེགས་ཆེ་བ་དང་།སྙིང་རྗེ་ཆེ་ཞིང་གཞུང་རྒྱུད་དྲང་ཞིང་ལས་འབྲས་བརྩི་བའི་ཨ་ཅེ་དང་ནུ་མོ་སོགས་ཀྱང་འབྲོག་པའི་ཕྱུགས་རྗེས་ན་འཚོ་བ་རོལ་བཞིན་མཆིས་པ་དང་།ད་ལྟའི་རང་ཉིད་ཀྱི་གནས་བབ་ལ་གཞིགས་ནའང་གཞན་ལ་ཕན་འདོགས་མཁན་གྱི་སྨན་པ་ཞིག་ཡིན་པའི་ཆ་ནས་རོང་འབྲོག་ཁུལ་གྱི་བུད་མེད་གཤིས་འཇམ་གཞུང་དྲང་།ཉམ་ཆུང་ནུས་མེད།གཡོ་ཅན་གྱིས་བསླུ་བྲིད་བྱེད་སླ་བ།འབོར་སླ་ལ་རྙེད་དཀའ་བ་འདི་དག་གི་ལུས་སེམས་བདེ་ཐང་གི་ཕྱོགས་སུ་འདང་ཡང་ཡང་བརྒྱབ་རྗེས་དེའི་ཐད་ནས་རང་གི་ལྟ་ཚུལ་ཙམ་བརྗོད་འདོད་ཀྱི་ཀུན་སློང་ཞིག་འགོག་མེད་དུ་སྐྱེས་བྱུང་།


 དང་པོ།    བོད་ཀྱི་བུད་མེད་རྣམས་མི་ངན་གྱི་གཡོ་འོག་ཏུ་ཚུད་སླ་བའི་རྒྱུ།

བོད་རོང་འབྲོག་ས་ཁུལ་སོ་སོའི་ཡི་གེ་མི་རྟོགས་ཤིང་རིག་གནས་མེད་པའི་བུད་མེད་གཞུང་དྲང་རྣམས་སྟོད་ཕྱོགས་ཀྱི་ཁྲམ་པ་དང་སྨད་ཕྱོགས་ཀྱི་ཇག་པའི་གཡོ་འོག་ཏུ་ཚུད་སླ་བའི་སྐོར་ནས་རང་གི་བསམ་ཚུལ་ལྟར་དོན་ཚན་འགའ་ཤས་ཀྱི་སྒོ་ནས་གླེང་བར་བྱའོ།།


གཅིག   གཤིས་འཇམ་གཞུང་དྲང་དང་སྙིང་རྗེ་ལྡན་པས་ཡིན།

བོད་ཁ་བ་གངས་ཅན་གྱི་ལྗོངས་འདི་ནི་འཕགས་མཆོག་ཕྱག་ན་པདྨོའི་ཞིང་ཁམས་ཡིན་ཞེས་པ་དང་།བོད་པ་རྣམས་ནི་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོ་གཉིས་ཀྱི་བུ་ཕྲུག་ཡིན་ཟེར་བ་སོགས་གང་ལྟར།བན་བོན་གྱི་ཆོས་ལུགས་སློབ་གསོ་རུས་རྐང་དུ་སིམ་ཡོད་ཅིང་།ཕ་མེས་ཀྱི་ཡུལ་སྲོལ་གོམས་འདྲིས་ཡ་ཐོད་ཀྱི་མིག་བཞིན་གཅེས་པའི་མི་རིགས་ཤིག་ཡིན་པའི་ཆ་ནས།བོད་མ་ཎི་ཕྲེང་འཛིན་གྱི་ལུང་བ་ཞེས་འབོད་ཅིང་།བོད་ཁ་བ་ཅན།ལག་ཕྲེང་བ་ཅན།གོས་གོང་བ་ཅན།ཞེས་ལབ་པ་རེད།དེའི་སྟབས་ཀྱིས་བོད་པ་ཞིག་ཡིན་ན་ཕལ་ཆེར་ཆོས་ལུགས་ལ་མི་དད་པ་དང་ལས་རྒྱུ་འབྲས་མི་བརྩི་མཁན།བྱམས་སྙིང་རྗེ་མེད་པ།བོད་སྲིད་པའི་འགྲོ་ལུགས་བཟང་པོ་མི་བཀུར་མཁན།གཞན་ལ་གནོད་སྐྱེལ་བའི་བསམ་སྦྱོར་ངན་པ་འཆང་མཁན་ཞིག་ཕལ་ཆེར་དཀོན་ཚོད་རེད།ཁོར་ཡུག་འདི་ལྟ་བུ་དང་ཕ་མེས་ཀྱི་ཡུལ་སྲོལ་འདི་འདྲ་བའི་ཐུ་འོག་ནས་སྐྱེས་པའི་བོད་རོང་འབྲོག་གི་བུ་མོ་ཆུང་ཆུང་དང་བུད་མེད་རྣམས་ལ་མཚོན་ན་བྱམས་སྙིང་རྗེ་ཆེ་བ་ནི་སྨོས་ཅི་དགོས།དེའི་གནས་ཚུལ་ནི་འུ་ཅག་རོང་འབྲོག་པའི་བུ་བུ་མོ་རྣམས་ཀྱིས་རང་རང་གི་དྲིན་ཆེན་ཨ་མ་རྣམས་ལ་དཔེ་བླངས་ནས་འདང་ཞིག་བརྒྱབ་ནའང་རྟོགས་མི་ཐུབ་བམ།འུ་ཅག་ལ་རང་རང་གི་ཨ་མ་རྣམ་པས་ཁ་ལ་སློབ་གསོ་གཏོང་དུས་ཀྱང་།རྐུ་མ་བྱེད།ཇག་མ་བཅའ།རྡུང་རེས་མ་རྒྱག ཆང་མ་འཐུང་།དུ་བ་མ་འཐེན། གཞན་ལ་རྫུན་མ་གཏམ།མགོ་མ་གཡོགས།ལས་རྒྱུ་འབྲས་བརྩི་དགོས།བསམ་པ་བཟང་དགོས།སྤྱོད་པ་ཡག་དགོས།ཞེས་ཞལ་ཏ་བྱས་པ་མིན་ནམ།དེས་ན་དེ་ལ་བསམ་བློ་ཞིག་ཐོངས་དང་།རང་རང་གི་ཨ་མའི་རྒྱུད་ན་སྙིང་རྗེ་མཆིས་པ་དེ་བཞིན་དུ་བོད་སྤྱི་ཚོགས་ཡོངས་ཀྱི་ཨ་མ་རྣམས་ཀྱི་སེམས་ན་ཡང་སྙིང་རྗེ་ལྡན་པ་མིན་ནམ།རང་རང་ལ་ཨ་མས་སློབ་གསོ་གཏོང་བ་ལྟར་དུ་བོད་པའི་ཨ་མ་ཐམས་ཅད་ཀྱིས་བུ་ཕྲུག་རྣམས་ལ་དེ་ལྟར་དུ་ཞལ་ཏ་མཛད་པ་མིན་ནམ།ཨ་མ་ཚོས་རང་རང་གི་བུ་ཕྲུག་རྣམས་ལ་བྱམས་སྙིང་རྗེ་དགོས་ཞེས་གདམས་པ་དེས་ནི་དོན་དུ་བོད་ཀྱི་བུད་མེད་དག་གི་སེམས་ཁོང་ན་གནས་པའི་བྱམས་སྙིང་རྗེའི་རང་གཟུགས་དམར་རྗེན་དུ་བསྟན་པ་མིན་ནམ།དེས་ནི་བོད་ཀྱི་བུད་མེད་རྣམས་གཤིས་འཇམ་གཞུང་དྲང་དང་བྱམས་སྙིང་རྗེ་ཆེ་བ་མཚོན་པ་མིན་ནམ།ཨ་མའི་སློབ་གསོ་གཏོང་ཡུལ་གྱི་བུ་བུ་མོ་རྣམས་ལ་མཚོན་ན་ཡང་།ལྟོས་བཅོས་ཀྱིས་བུ་རྣམས་ལས་བུ་མོ་ཚོས་ཨ་མའི་ཞལ་སློབ་ལ་ཉན་ཅིང་དེ་ལྟར་དུ་བརྩི་བ་ནི་ཀུན་གྱིས་ཤེས་གསལ་ལྟར་མིན་ནམ།བུ་ཕ་ཕྱོགས་དང་བུ་མོ་མ་ཕྱོགས།ཞེས་པའི་དཔེ་ལྟར་དུ།བུ་མོ་འདི་རྣམས་ལ་ཕ་ལས་ཨ་མ་ཤིན་ཏུ་མཁོ་གལ་ཆེ་བས་ན།དམངས་གླུ་རུའང་།མ་བུ་མོ་དགོས་དགོས་མ་ཞིག་དགོས།།མ་གྲུ་མོ་ཚོད་ཅིག་གཞུག་ན་དགོས།།གཡུགས་ལས་ཀ་མེད་ཀྱང་བསམ་པ་ཡིན།།ཞེས་ཀྱང་སྡོམ་ཚིག་བཀོད་ཡོད་པ་མ་ཡིན་ནམ།ད་དུང་བུ་མོ་གནས་སོང་མ་ཚོའང་ཕ་ཁྱིམ་གྱི་ཨ་མ་ཡོད་དུས་ཡུལ་དུ་ཡོང་གྲངས་མང་ཞིང་།ཨ་མ་ཚེ་ལས་འདས་ཚེ་ཕ་ཁྱིམ་དུ་ཡོང་ཐེངས་ཉུང་བ་ཁ་ཐོག་མིག་ཐོག་མིན་ནམ།སྔོན་དུས་ཤིག་ལ་དགེ་སློང་ཞིག་གིས་ང་ལ་འདི་ལྟར་སྨྲ་མྱོང་སྟེ།ཁོ་རང་ཨ་མ་ཚེ་ལས་འདས་རྗེས་ཕ་ཁྱིམ་དུ་ལོག་མ་མྱོང་ཟེར།རྒྱུ་མཚན་ནི་གྲྭ་པ་དང་བུད་མེད་གནས་སོང་མ་ཚོར་ཨ་མ་ཤིན་ཏུ་མཁོ།ཞེས་བཤད་བྱུང་བ་ལྟར་རེད།དེ་ལས་བོད་སྤྱི་ཚོགས་ཀྱི་བུ་མོ་རྣམས་ལ་ཨ་མ་མཁོ་ཆེ་ཞིང་།ཨ་མའི་སྙིང་རྗེའི་ཤན་ཤུགས་ཐེབས་ཡོད་ཅིང་།ཨ་མའི་ལས་རྒྱུ་འབྲས་ཀྱི་སློབ་ཁྲིད་ལ་ཉན་ཡོད་པས་ན།རང་ཉིད་ཀྱི་མི་ཚེའི་ལྟ་ཚུལ་འཛིན་སྟངས་དང་ལས་འབྲས་སྙིང་རྗེ་སོགས་ཨ་མ་ལྟ་བུ་ཞིག་ཆགས་ཡོད་པ་གོར་མ་ཆག་གོ།སྤྱིར་འདི་ནི་མི་རིགས་ལ་མཚོན་ན།མིའི་རིགས་ལ་མཚོན་ན།རྒྱལ་ཁབ་ལ་མཚོན་ན།ཆོས་འཇིག་རྟེན་གཉིས་ལ་མཚོན་ན།ཧ་ཅང་བཀྲ་ཤིས་པ་ཞིག་ཡིན་མོད།ཡིན་ན་ཡང་།ང་ཚོའི་ད་ལྟའི་སྤྱི་ཚོགས་ཀྱི་འགྱུར་ལྡོག་ལ་ལྟོས་དང་།མིའི་བསམ་སྤྱོད་ཇེ་ཞན་དུ་གྱུར་དང་འགྱུར་བཞིན་པའི་གནས་ཚུལ་ལ་ལྟོས་དང་།སྟོད་རྒྱ་གར་དང་སྨད་རྒྱ་ནག་ནས་ནུབ་ཁ་ཆེ།ཐ་ན་ཕྱི་གླིང་གི་མི་དཀར་ནག་གཉིས་ཀ་སོགས་རྒྱལ་ཁབ་མི་འདྲ་བ་རྟ་གྲོ་གྲོའི་སྤུ་དང་མི་རིགས་མི་གཅིག་པ་ལུག་མོག་མོག་གི་བལ་ལྟ་བུ་གནས་ག་ས་གང་ནས་ཚོང་ལས་ཀྱི་ཆེད་དུ་བྱ་རྒོད་ཐེད་ལ་རུབ་རུབ་བྱེད་པ་དང་།གནས་སྐོར་གྱི་དོན་དུ་འདུ་བ་དང་།མཇལ་སྐོར་གྱི་ཕྱིར་དུ་འཕྲད་པ་དང་།ཨར་ལས་ཀྱི་ཞོར་དུ་ངོ་ཤེས་པ་དང་།འཛུགས་སྐྲུན་གྱི་ཐད་ནས་གྲོགས་སྒྲིག་པ་སོགས་གནས་ཚུལ་བསམ་ཡུལ་ལས་འདས་པ་བྱུང་དང་འབྱུང་སྲིད་པ་མངོན་སུམ་ཡིན་པ་རེད།དེས་ན་ཕུ་སྟོད་སྨད་ནས་འདུས་པའི་མི་སྣ་དེ་འདྲའི་མང་པོའི་ནང་ན་བྱམས་སྙིང་རྗེ་ཅན་ཅི་ཙམ་ཡོད་དམ།ལས་རྒྱུ་འབྲས་བརྩི་མཁན་དུ་ཙམ་མཆིས་སམ།ཁྲེལ་རློམས་པ་ཅན་ག་འདྲ་འདུག་གམ།གཞན་ཕན་གྱི་བསམ་བློ་ཅན་ཅི་ཙམ་མཆིས་སམ།ཐ་ན་བོད་རང་གི་ནང་ན་ཡང་མི་གསོད་དང་རྐུན་མ།ཇག་པ།ཁྲེལ་མེད།ཟོག་པོ་སོགས་མང་པོ་མཆིས་པ་ནི་འུ་ཅག་ལ་གསལ་བཞིན་པ་ལྟར་རོ།།མི་སྣ་ཚོགས་འདུས་པའི་ཁོར་ཡུག་དེ་ན་བྱམས་སྙིང་རྗེ་ཅན་དང་ལས་རྒྱུ་འབྲས་ཅན་དུ་ཡོད་དམ།ཕྱོགས་ཡོང་གི་མི་རྒྱུས་མེད་རྣམས་ཀྱང་བོད་དད་ལྡན་གྱི་རང་མི་བཞིན་རློམ་ན་ནོར་སོང་བ་ཨེ་ཤེས་ལགས།དེ་བས་ངའི་སྙིང་གི་གཤིས་འཇམ་གཞུང་དྲང་གི་བོད་པའི་བུ་མོ་ཚོ།རྙོག་འཛིང་དང་ཛ་དྲག་གི་ཁོར་ཡུག་འདི་ལྟ་བུ་ནས་རིག་པ་ལྕགས་སྐུད་ལྟར་དུ་སྒྲིམ་དགོས་པ་ལས།ཡོད་ཚད་ལ་ཡིད་ཆེས་དང་།བཤད་ཚད་ཚད་མ།མཐོང་ཚད་ལ་དག་སྣང་།འདྲིས་ཚད་ལ་བརྩེ་དུང་ཆགས་ན་ག་ལ་འགྲིག   བྱམས་སྙིང་རྗེ་མེད་པ་ཞིག་དང་གཉེན་སྒྲིག་ན་གཡོ་འཚོང་བྱེད་ཉེན་ཆེ་ལ། ལས་རྒྱུ་འབྲས་མེད་པ་ཞིག་དང་དགའ་རོགས་སྒྲིག་ན་ཤ་ཉོག་རུས་ཉོག་ཏུའང་གཏོང་སྲིད།

དེ་བཞིན་དུ་ཁྲེལ་རློམ་པ་མེད་པ་ཞིག་དང་འགྲོགས་ན་རྒྱུ་ནོར་གཡོ་ལེན་མི་བྱེད་པའི་ངེས་པ་མེད།དཔེར་ན།ང་ལ་ན་ནིང་གཞན་གྱིས་ཁ་བརྡ་བྱས་པ་ནི།ཞིན་ཧེ་རྫོང་གི་འབྲོག་ཁུལ་ག་གེ་མོ་ཞིག་གི་ཨ་ཅེ་འབྲོག་མོ་ཞིག་གིས།ས་ཆ་རྒྱུས་མེད་ཅིག་གི་གསར་བུ་ཞིག་དང་དགའ་རོགས་སྒྲིག་མཐར།ངོ་ཚ་མེད་པའི་གསར་བུ་དེས་མཚན་མོ་ཞིག་ལ་དགའ་ལོ་མའི་བྱུ་རུའི་སྐེ་རྒྱན་ཁྱེར་ནས་བྲོས་སོང་བ་རེད།ཟེར་བ་ལྟ་བུའི་མཇུག་འབྲས་ཐ་ཤལ་ཡང་འབྱུང་སྲིད་པ་རེད། དེང་དུས་དྲྭ་ཚོམས་སོགས་སུ་ཐ་ན་བོར་ཟིན་པའི་བུ་མོ་ཚོའི་འདྲ་པར་དང་མི་བདག་གི་ཁ་པར་ཨང་གྲངས་དང་ས་གནས་སོགས་བརྒྱུད་སྐུར་བྱས་དང་བྱེད་བཞིན་པ་ཡང་།རྩ་བ་རང་ཉིད་ཀྱི་ལས་རྒྱུ་འབྲས་བརྩིས་ཀྱང་གཞན་གྱིས་ཁྲེལ་མེད་བྱས་ནས་ལུ་གུ་གླག་གིས་ཁྱེར་ཁྱེར་དང་བྱིའུ་ཁྲ་ཡིས་བཟུང་བཟུང་བྱས་པ་མིན་ནམ།ཕྱེ་མའི་ནང་དུ་ཁབ་ལྷུང་བ་དང་།རྒྱ་མཚོའི་གཏིང་ལ་རྡོ་འཕངས་འཕངས་བྱས་པ་མིན་ནམ།སྙིང་རྗེ་མེད་པའི་སྤྱང་ཀི་ཞིག་གི་སྔུན་ནས་ལུ་གུ་ཞིག་གིས་མ་ཎི་བཏོན་ཡང་ཕན་མི་ཐོགས་པར་མཐར་དེའི་ཁ་ཟས་སུ་འགྱུར་འགྲོ་བ་ལྟར་ཡིན་པས།ཁྲེལ་ཕྱི་ཐག་རིང་ཞིང་ལས་རྒྱུ་འབྲས་བརྩི་བའི་བོད་པའི་བུ་མོ་ཚོ།ལས་ཀ་གཉེར་ས་ཞིག་ཡིན་ན་འདྲ།ཚོང་ལས་སྒྲུབ་ས་ཞིག་ཡིན་ན་འདྲ།ལྗོངས་རྒྱུ་བྱེད་ས་ཞིག་ཡིན་ན་འདྲ།ཆོས་ཐོགས་འཛིན་ས་ཞིག་ཡིན་ན་འདྲ།ཕ་ཡུལ་ཡིན་ན་འདྲ།གཞན་ཡུལ་ཡིན་ན་འདྲ།འབྲོག་ས་ཡིན་ན་འདྲ།གྲོང་ཁྱེར་ཡིན་ན་འདྲ།ཇ་ཁང་ཡིན་ན་འདྲ།ཆང་ཁང་ཡིན་ན་འདྲ།རྒྱུས་མེད་ཁྲམ་པ་ལ་སྙིང་རྗེ་སྒོམ་པ་ལས་རང་ཉིད་ཀྱི་བདེ་འཇགས་ལ་དོ་སྣང་བྱས་ན་བཟང་།ཕྱོགས་ཀྱི་རྐུན་མ་ལ་རྒྱུ་འབྲས་བཤད་པ་ལས་རང་གི་ལུས་སེམས་ལ་བདག་གཅེས་བྱས་ན་བཟང་། གཡོ་འོག་ཏུ་ཚུད་ནས་གཡོ་འཚོང་བྱེད་པ་ལས་རང་གི་ལུས་སེམས་ཀྱི་བདེ་ཐང་སྲུང་ན་ལེགས།བཀའ་དྲིན་ཆེ།


གཉིས།    རིག་གནས་མེད་པའི་སྟབས་ཀྱིས་ཡིན།

ང་ཚོས་ཤེས་གསལ་ལྟར་དུ་བོད་པ་ཚོའི་ནང་ན་ཤེས་ཡོན་ཅན་ཧ་ཅང་ཧ་ཅང་ཉུང་ཉུང་ཡིན་པ་དང་།ཤེས་ཡོན་པ་ཉུང་ཉུང་དེའི་ནང་ནས་ཀྱང་མང་ཆེ་ཤོས་གྲྭ་བཙུན་ཡིན།དེའི་འཕྲོ་རུ་དེང་རབས་ཀྱི་སློབ་གྲྭ་བ་མང་ཡང་དེ་ཚོ་ནི་ད་དུང་ན་ཆུང་ཡིན་པ་རེད།ན་ཆུང་སློབ་མ་ཚོའི་དཔུང་རྔམ་སྟུག་པོ་དེ་ཕལ་ཆེར་མཐོ་འབྲིང་གི་གོ་རིམ་ལྟ་བུ་ན་འདུག་པ་རེད།དེ་ཡང་ཨ་མདོའི་མཚོ་ལྷོའི་ས་ཆ་ལྟ་བུར་མཚོན་ན་ཡང་ན་ནིང་དོ་ཚིགས་ཀྱི་དུས་སུ་བུ་བུ་མོ་ཡོད་ཚད་སློབ་གྲྭར་ཞུགས་ཡོད་པ་ལས་སྔོན་དུས་སློབ་གྲྭར་འགྲོ་བའི་གོམས་གཤིས་ཧ་ཅང་དཀོན།ཁམས་ཁུལ་དུའང་སློབ་གྲྭར་ཞུགས་པའི་གོམས་གཤིས་ཧ་ཅང་དམན་པར་སྣང་།རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་གཏན་འབེབས་བྱས་ཡོད་ཀྱང་རི་ལུང་ཀྱག་ཀྱོག་དང་ལུང་བ་འུ་རུབ་ཏུ་གནས་པའི་རྗེས་ལུས་འབྲོག་ཁུལ་མང་པོར་ད་དུང་བྱིས་པ་སློབ་གྲྭར་སྐྱེལ་བའི་ལུགས་སྲོལ་དམན་པ་དང་།ཁྱད་པར་དུ་བུ་མོ་ཚོ་སློབ་གྲྭར་མངགས་པའི་གོམས་སྲོལ་ནི་དེ་བས་ཀྱང་ཞན་པར་སྣང་།ཏང་དང་རྒྱལ་ཁབ་ཀྱི་སློབ་གསོའི་སྲིད་ཇུས་བཟང་པོའི་འོད་སྣང་ག་ས་ག་རུ་འཕྲོ་བའི་དུས་རབས་འདི་ལྟ་བུ་ལ་ཡང་ད་དུང་བྱིས་པ་སློབ་གྲྭར་མངག་མི་འདོད་པའི་བོད་པ་མཆིས་པས་ན།སྔོན་དུས་སུ་འབྲོག་ཁུལ་སོགས་སུ་བྱིས་པ་སློབ་གྲྭར་ཞུགས་ཚད་ཉུང་ཉུང་ཡིན་པ་སྨོས་ཅི་དགོས།དེ་ལྟར་རོང་འབྲོག་ཁུལ་ནས་སྔོན་དུས་བུ་མོ་ཚོ་སློབ་གྲྭར་སྐྱེལ་སྲིད་དམ།མི་སྐྱེལ་བ་རེད།དེའི་སྟབས་ཀྱིས་ད་ལྟའི་བོད་ཁུལ་ལ་མཚོན་ན།ཁྱད་པར་དུ་འབྲོག་ཁུལ་ལ་མཚོན་ན།ད་ལྟ་ལོ་ན་སུམ་ཅུ་ནས་བཞི་བཅུ་སོགས་ཡར་བཅད་པའི་བུད་མེད་ཚོའི་ནང་ན་རིག་གནས་ཅན་ནི་བརྒྱ་ཡི་ཁྲོད་ན་རེ་གཉིས་ཙམ་ལས་མེད།རང་གི་མིང་འབྲི་ཤེས་མཁན་ནི་ཉིན་མོའི་རྒྱུ་སྐར་གྱི་དཔེ་ལས་མ་འདས་པ་རེད།ང་རང་གི་སྲིང་མོ་ལོ་ན་ད་ལོ་བཞི་བཅུ་ཞེ་བཞི་ཅན་ཞིག་ཡོད་པ་དེས་ཐེངས་ཤིག་ང་ལ་འདི་ལྟར་སྨྲས་བྱུང་།ཡི་གེ་མི་ཤེས་པས་དཀའ་ལས་ཆེན་པོ་འདུག་པ་རེད།སྔོན་དུས་སློབ་གྲྭ་ཞིག་ལ་འགྲོ་མ་ཐུབ་པ་དེ་གྱོང་རེད།སློབ་གྲྭར་སོང་ནས་བྱ་བ་ལས་མ་ཐུབ་ནའང་རིག་གནས་ཅུང་ཙམ་ཡོད་ནི་རེད།དེའི་ཆོག་ནི་རེད།ང་ལྟ་བུ་ཞིག་ལ་མཚོན་ན་ཐ་ན་དངུལ་ཁང་ལས་སྒོར་མོ་ཞིག་བསྐྱི་དུས་རང་གི་མིང་ཙམ་ཡང་འབྲི་མི་ཤེས་པ་འདི་ལས་ཐབས་རྡུགས་ཤིག་གང་ན་ཡོད།ངས་བོད་ཡིག་གི་ཀ་ཁ་ག་ང་ནས་སྦྱོང་ན་འདོད་ཀི་ཞེས་སྡུག་སྨྲེ་འདོན་པ་ལྟར་རེད།ངས་དེ་ལ་ཉན་གྱིན་ཉན་གྱིན་དངོས་གནས་ཁག་མི་འདུག་སྙམ་བྱུང་།ངའི་སྲིང་མོས་ཡི་གེ་མ་ཤེས་པར་ག་ས་ག་རུ་དཀའ་ཚེགས་འོ་བརྒྱལ་མྱང་བཞིན་པ་ལྟར་ཏུ་བོད་ཁུལ་གྱི་ཡི་གེ་མི་ཤེས་པའི་བུད་མེད་ཚོ་དཀའ་ལས་ལ་འཕྲད་ཀྱིན་པ་སུས་མི་ཤེས།རྒྱ་ཡིག་ཕར་ཞོག་བོད་ཡིག་གིས་ཀྱང་ཐ་ན་རང་གི་མིང་ཙམ་ཡང་འབྲི་མི་ཤེས་མཁན་ཇི་འདྲའི་མང་པོ་ཞིག་མཆིས་པ་མིག་བཙུམ་ནས་འདང་ཞིག་བརྒྱབ་ཚེ་སེམས་ངོར་གསལ་ལྷང་ངེར་འཆར་མི་ཐུབ་བམ།ད་ལྟ་ཁ་པར་གྱི་ཨང་གྲངས་བཤད་མ་ཤེས་པར་གཞན་ལ་ཞུ་བ་བྱས་ཏེ་སྦྲགས་གླ་སྤྲོད་དུ་འཇུག་མཁན་ནི་བུད་མེད་ཡིག་རྨོངས་པའི་བརྒྱ་ཆའི་བརྒྱད་ཅུ་ཙམ་ཡིན་པ་སུས་མི་ཤེས།འདི་ལྟ་བུའི་བུད་མེད་རྣམས་ནི་རྒྱལ་ཁབ་འདྲ་མི་འདྲའི་མི་ཡིན་ན་འདྲ།མི་རིགས་གཅིག་མི་གཅིག་གི་མི་སྣ་ཡིན་ན་འདྲ།གང་ལྟར་སྟོད་ཀྱི་ཁྲམ་པ་དང་སྨད་ཀྱི་རྐུན་མ་སོགས་བྱམས་སྙིང་རྗེ་བྲལ་ཞིང་ཁྲེལ་རློམ་པ་མེད་པ།ལས་རྒྱུ་འབྲས་མེད་ཅིང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་མི་བརྩི་བའི་ལུག་པགས་གྱོན་པའི་སྤྱང་ཀི་ལྟ་བུ་དག་དང་འཕྲད་ན་ཅི་བྱ།ཁ་སྦྲང་རྩི་ལས་མངར་ཞིང་ཞེ་ཚེར་མ་ལས་རྩུབ་པ་དེ་ཚོས་གནས་སྐབས་སུ་ལས་འབྲས་བརྩི་ཁུལ་དང་ཁྲེལ་བག་ལྡན་ཁུལ།སྙིང་རྗེ་ཆེ་ཁུལ་གྱི་འཁྲབ་སྟོན་གྱི་གཡོ་འོག་ཏུ་ཚུད་ན་ཅི་བྱ།སྤྱང་ཀི་ལ་བརྩེ་བ་ཆགས་ཤིང་ཇག་པ་ལ་དུང་སེམས་སྐྱེས་ན་ཅི་བྱ།དགའ་རོགས་སྒྲིག་ཁུལ་གྱིས་ས་ཆ་རྒྱུས་མེད་ཅིག་ཏུ་ཁྲིད་སོང་ནས་མནར་གཅོད་བཏང་ན་ཅི་བྱ།ཆུང་མ་ལེན་ཁུལ་གྱིས་ཡུལ་ཁམས་སྐོར་ལོག་ཅིག་ཏུ་ཁྲིད་སོང་ནས་གཞན་ལ་གཡོ་བཙོང་བྱས་ན་ཅི་བྱ།ལས་ངན་ན་མི་གསོད་ལག་དམར་ལ་བཙོང་ནས་ཡ་ཐོད་ཀྱི་མིག་བྲུས་ཤིང་ཡ་ཆུང་གི་སྙིང་བཏོན་སོང་ན་ཅི་བྱ།དེ་བས་བོད་པའི་བུད་མེད་ཡིག་རྨོངས་ཚོས་གཟབ་གཟབ་མ་བྱས་པར་གལ་ཏེ་འདི་ལྟ་བུའི་གནས་ཚུལ་སྐྱོ་པོ་ཞིག་ལ་འཕྲད་པ་ཡིན་ན།ཐབས་ཅི་ཞིག་ཡོད་དམ།ཐབས་ཅི་ཡང་ཡོད་པ་མ་རེད།ཐ་ན་མིང་ཡིག་ཙམ་ཡང་འབྲི་མི་ཤེས་པ་ཞིག་ལ་ཐབས་ཅི་ཡོད།ཁ་པར་ཨང་གྲངས་ཙམ་ཡང་མི་རྟོགས་པ་ཞིག་ལ་ཐབས་ཅི་ཡོད།ཐབས་ཟད་འུ་ཐུག་གི་རྩ་བ་ཡང་ཡི་གེ་མི་ཤེས་ཤིང་རིག་གནས་མེད་པས་ལན་པ་མ་ཡིན་ནམ། དེ་བས་མི་ངན་གྱི་གཡོ་འོག་ཏུ་ཚུད་དང་ཚུད་བཞིན་པའི་བོད་ཀྱི་བུད་མེད་གཤིས་བཟང་ནུས་མེད་རྣམས་ཀྱི་ལུས་སེམས་བདེ་ཐང་གི་ཕྱོགས་སུ་འདང་བརྒྱབ་ཚེ། སེམས་སྐྱོ།  ཞེ་སྨྲེང་།


གསུམ།     ཁྲིམས་ལུགས་མ་ཤེས་པའི་སྟབས་ཀྱིས་ཡིན།

སྤྱིར་བོད་ཀྱི་སྐྱེས་པ་རྣམས་ཀྱིས་ཀྱང་ཁྲིམས་ལུགས་མི་ཤེས་པས།བུད་མེད་ཡིག་རྨོངས་སློབ་གྲྭའི་སྒོ་ཐེམ་ཉིན་གཅིག་ལའང་འགྲིམས་མ་མྱོང་ཚོར་བཅའ་ཁྲིམས་ཀྱི་ཤེས་བྱ་ཞིག་ཅི་ལྟར་མཆིས་སམ།ཁྲིམས་ལུགས་ཀྱི་མདུན་ནས་མི་ཐམས་ཅད་འདྲ་མཉམ་ཡིན་པ་ནི་བསྙོན་དུ་མེད་པས།བཅའ་ཁྲིམས་ཀྱི་ཤེས་བྱ་ཅུང་ཙམ་མཆིས་ཚེ་མི་རང་རང་གི་ཚེ་སྲོག་བདེ་ཐང་དང་།འགྲོ་བ་མིའི་ཐོབ་ཐང་།རང་དབང་།བདེ་འཇགས་བཅས་ལ་སྲུང་སྐྱོབ་དང་ཁག་ཐེག་བྱེད་ཐུབ་པར་གདོན་མི་ཟ་མོད།ཡིན་ན་ཡང་།བོད་རོང་འབྲོག་ཁུལ་གྱི་བུད་མེད་གཉོམ་ཆུང་།གཤིས་དྲང་།གཞུང་བཟང་།བསམ་དཀར།ཟོལ་བྲལ།ནུས་མེད།ཐ་ན་རང་གི་མིང་ཡིག་ཙམ་ཡང་འབྲི་མི་ཤེས་པ་རྣམས་ཀྱིས་ཁྲིམས་ལ་བརྟེན་ནས་རང་ཉིད་སྲུང་སྐྱོབ་བྱེད་ཤེས་སམ།འདི་ནི་དངོས་གནས་ཡིད་སྐྱོ་བའི་སྣང་ཚུལ་ཞིག་ཅི་ལ་མིན།མི་ངན་གྱི་གཡོ་འོག་ཏུ་ཚུད་ཀྱིན་པའི་བུ་མོ་རྣམས་ལ་མཚོན་ན་ཡང་། སྐྱེས་པ་རྒྱུས་མེད་ཅིག་དང་གཉེན་སྒྲིག་དུས་ས་གནས་ཀྱི་མི་དམངས་སྲིད་གཞུང་གི་དམངས་སྲིད་ཅུའུ་རུ་སོང་ནས་གཉེན་སྒྲིག་དཔང་ཡིག་ལེན་ཞེས་པ་ན།སྐྱེས་པ་དེ་མི་ངན་གཡོ་ཅན་ཞིག་ཡིན་ན་མི་འགྲོ་བ་ཁོ་ཐག་ཡིན་པ་དང་།སྐྱེས་པ་དེ་སྲིད་གཞུང་དུ་ཁྲིམས་མཐུན་དཔང་ཡིག་ལེན་པར་མི་འཐད་པ་དེས།ད་གཟོད་སྐྱེས་པ་དེས་བུད་མེད་རང་ལ་རྣམ་འགྱུར་ཅི་ཞིག་བཟུང་ཡོད་པ་རྟོགས་མི་ཐུབ་བམ།གལ་ཏེ་སྐྱེས་པ་དེས་ཀྱང་ཡིད་འཐད་ངང་གཉེན་སྒྲིག་དཔང་ཡིག་ས་གནས་དམངས་སྲིད་ཅུའུ་ནས་བླངས་པ་ཡིན་ན།ད་གཟོད་བུད་མེད་རང་དངོས་གནས་སྐྱེས་པ་དེའི་ཁྲིམས་མཐུན་གྱི་ཆུང་མ་ཡིན་པས།རྒྱལ་ཁྲིམས་ཀྱིས་ནམ་ཡང་སྲུང་སྐྱོབས་ཡོད།ཁྲིམས་ལུགས་ཀྱི་སྲུང་སྐྱོབས་མཆིས་པས་ཆོ་གས་ཀྱང་གང་འདོད་ལྟར་མནར་གཅོད་གཏོང་མི་ཐུབ།གལ་ཏེ་འོས་མིན་གྱི་སྡུག་བསྔལ་བཟོས་ན།ཆོག་དེ་ཡང་ཁྲིམས་ཁང་གི་དྲང་བདེན་དང་ཉེན་རྟོགས་པའི་སྲུང་སྐྱོབ་ཀྱི་འགག་འཕྲང་ལས་ཚེ་རིང་མི་སྲིད།འདི་ལྟར་བུད་མེད་ཉམ་ཐག་འདི་དག་གི་ལས་དབང་ལ་འདང་བརྒྱབ་ཀྱིན་བརྒྱབ་ཀྱིན།སེམས་ཁུར་བྱས་ཀྱིན་བྱས་ཀྱིན།ཁོ་མོ་ཚོ་སྐྱོབས་ཐབས་ཀྱི་སྐྱབས་མགོན་རིན་པོ་ཆེ་ཞིག་མཆིས་པ་ནི་ཁྲིམས་ལུགས་རེད།དེའི་སྟབས་ཀྱིས་བོད་པའི་སྤྱི་ཚོགས་ཀྱི་བུད་མེད་གཤིས་བཟང་གཞུང་དྲང་རྣམས་པར་གཉེན་སྒྲིག་བཅའ་ཁྲིམས་སོགས་ཀྱིས་མཚོན་པའི་ཁྲིམས་ལུགས་ཀྱི་ཤེས་བྱ་དམར་ཁྲིད།དྲིལ་བསྒྲགས་བཅས་གང་ལ་གང་འཚམས་ཀྱི་སློབ་སྦྱོང་བྱེད་དུ་འཇུག་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་ག་ལ་མིན།དེ་ལྟར་ཁྲིམས་ཤེས་པས་མི་ངན་གྱི་གཡོ་འོག་ཏུ་ཚུད་མི་སྲིད་པ་དང་།རང་གི་ཚེ་སྲོག་དང་རང་དབང་ལ་བརྩོན་ལེན་བྱེད་ཐུབ།དེ་དག་ཁག་ཐེག་བྱུང་པས།ལུས་ལ་མི་འདོད་པའི་མནར་གཅོད་མེད་པར་བདེ་ཐང་དང་།སེམས་ལ་མ་རུང་བའི་མྱ་ངན་མེད་པར་བདེ་ཐང་།འཇིག་རྟེན་གྱི་འདུན་མར་མི་འདོད་པའི་སྡུག་བསྔལ་མེད་པར་བདེ་སྐྱིད་བཅས་འབྱུང་ཐུབ་པ་ནི་གོར་མ་ཆག་གོ།


བཞི།  སྤྱི་ཚོགས་དང་མཐུན་པའི་སློབ་གསོ་ཞན་པའི་དབང་གིས་ཡིན།

བོད་ཀྱི་སློབ་གསོ་ལ་མཚོན་ན་སྔོན་དུས་གཙོ་བོ་དགོན་པའི་ཆོས་ལུགས་ཀྱི་སློབ་གསོ་འདི་ཧ་ཅང་དར་ཁྱབ་ཆེ་བ་དང་།དེ་ལས་བན་སྔགས་བོན་གསུམ་གྱི་ཆོས་ལུགས་མི་སྣ་ཆོས་ཀྱི་བསླབ་བྱ་ལ་བརྟེན་ནས་གསོ་སྐྱོང་བྱས་པའང་གནའ་ནས་ད་བར་དུ་མང་པོ་ཡོད།དེ་བཞིན་གྲུབ་མཐའ་སོ་སོའི་བླ་མ་དང་དགེ་བཤེས།མཁན་པོ་སོགས་མཁས་པ་དང་ཤེས་ཡོན་ཅན་རྣམས་ཀྱིས་བཅུ་ཕྲག་རིག་པའི་གནས་ལ་བརྟེན་ནས།བོད་གངས་ཅན་པའི་རིག་གནས་སྣ་ཚོགས་དར་སྤེལ་དང་རྒྱུན་འཛིན་ལ་བྱས་རྗེས་མི་དམན་པ་བཞག་ཡོད།དེ་ལས་ཁོང་ཆོས་པ་རྣམས་ཀྱི་བསླབ་བྱ་ནི་ཆོས་ལུགས་དང་འབྲེལ་བ་ཡིན་པས།གཙོ་བོ་དམ་པ་ལྷ་ཆོས་ཀྱི་སློབ་གསོ་ཡིན་པར་འདོད།སྐབས་དེ་དུས་སུ་བོད་པའི་མི་སེར་གྱི་ཁྲོད་ན་ཡི་གེ་ཤེས་མཁན་ཉུང་པས་ཕལ་ཆེར་མི་སྐྱ་ཕོ་མོ་ཐམས་ཅད་ཡིག་རྨོངས་ཡིན་ཞེས་ན་ཡང་མི་རུང་བ་མེད་པའི་ཚོད་ཙམ་ཡིན།རླབས་ཆེ་བའི་བླ་མ་དང་དགེ་བའི་བཤེས་གཉེན་རྣམས་པས་རྒྱུ་སྦྱོར་ཡོན་གྱི་བདག་པོའམ་གདུལ་བྱ་མི་སེར་རྣམས་ལ་དམ་པ་ལྷ་ཆོས་དང་འབྲེལ་བའི་བསླབ་བྱ་མང་པོ་གསུངས་པ་རེད།དེའི་སྟབས་ཀྱིས་མི་སྐྱ་ཕོ་མོ་མེད་པར་ཆོས་ལ་དད་ཅིང་ལས་འབྲས་བརྩི་བ།ལྟོས་བཅས་ཀྱིས་བྱམས་སྙིང་རྗེའང་རྒྱུད་ལ་སྨིན་པས།ད་གཟོད་བོད་ཆོས་ལྡན་གྱི་ལུང་བ་ཞིག་ཆགས་པ་རེད། གནས་སྟངས་འདི་ནི་བཅིངས་འགྲོལ་བར་ཏེ་ཀྲུང་གོ་གསར་བ་དབུ་བརྙེས་པའི་བར་དུ་རྒྱུན་བསྐྱངས་པ་རེད།ཀྲུང་གོ་གསར་བ་འགོ་ཚུགས་པ་ནས་བཟུང་སྟེ་བོད་ཀྱི་སྤྱི་ཚོགས་ལ་སྔ་ན་མེད་པའི་འཕོ་འགྱུར་བྱུང་།སྔོན་དུས་ཕྱུག་པོ་དང་སྐུ་དྲག་རིགས་ཀྱི་བུ་ཕྲུག་རྣམས་ཀྱིས་མ་གཏོགས་རིག་གནས་སྦྱོང་སྐལ་མེད་པ་ལས་ལྡོག་སྟེ།དབུལ་ཕོངས་འབྱོར་མེད་ཀྱི་བུ་བུ་མོ་སློབ་གྲྭར་ཞུགས་ནས་རིག་གནས་བསླབ་ཆོག་པ་ལས།ཕྱུག་པོ་སྐུ་དྲག་གི་བུ་ཕྲུག་རྣམས་ལ་གྲལ་རིམ་མི་བཟང་བ་ཞེས་སློབ་གྲྭའི་སྒོ་ཐེམ་བརྒལ་མི་ཆོག་པ་བྱས།འདི་ནི་ཕལ་ཆེར་ལོ་རབས་ལྔ་བཅུ་བ་དང་དྲུག་ཅུ་བ།བདུན་ཅུ་བའི་འགོ་སྟོད་ཙམ་གྱི་གནས་ཚུལ་རེད།དེ་ནས་བཟུང་བོད་པའི་སྤྱི་ཚོགས་སུ་བུད་མེད་སྨན་པ།བུད་མེད་ནད་གཡོག་པ།བུད་མེད་དགེ་རྒན།བུད་མེད་ལོ་ཙྰ་བ།བུད་མེད་སྲིད་དོན་པ།བུད་མེད་གླུ་གར་པ།བུད་མེད་སྒྲུང་པ།བུད་མེད་དམག་མི་སོགས་མདོར་ན།བོད་པའི་བུད་མེད་ཤེས་ཡོན་ཅན་མང་པོ་ཞིག་གསོ་སྐྱོང་བྱས་ཡོད་པ་ནི་འུ་ཅག་ལ་གསལ་བཞིན་པ་ལྟར་རེད། ཁོ་བོ་སློབ་གྲྭར་འགྲོ་བའི་དུས་ཏེ་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་བརྒྱད་ཅུ་གྱ་བརྒྱད་ལྟ་བུ་ཞིག་ལ་མཚོན་ན།འབྱོར་བ་ཡོད་མེད་ཀྱི་གྲལ་རིམ་གྱི་དབྱེ་བ་ཞེས་པ་ཞིག་ཀྱང་མི་འདུག་པར་བོད་པའི་བུ་བུ་མོ་ཡོད་ཚད་རང་འདོད་ལྟར་སློབ་གྲྭར་ཞུགས་ཆོག་པར་འདུག    ད་དུང་ཆོས་ལུགས་དད་མོས་ཀྱི་སྲིད་ཇུས་བཟང་པོའང་གཏན་འབེབས་དང་ལག་བསྟར་བྱས་ཡོད་པས།གྲྭ་པ་བྱས་ན་ཡང་ཆོག་ཆོག་རེད། སྐབས་དེར་ང་རང་གི་ཕ་ཡུལ་འབྲོག་སྡེ་དེར་མཚོན་ན་ཡང་བུ་དག་སློབ་གྲྭར་མངག་པ་ལས་དགོན་པར་གྲྭ་པ་བྱེད་དུ་སྐྱེལ་མཁན་མང་པོ་འདུག་པ་རེད།གང་ལྟར་སྐབས་དེ་དུས་སུ་རོང་འབྲོག་ཁུལ་གྱི་བུ་བུ་མོ་མང་པོ་ཞིག་ཁྱིམ་བདག་གི་རེ་བ་དང་རང་རང་གི་འདོད་མོས་ལ་གཞིགས་ཏེ་སློབ་གྲྭར་ཞུགས་པ་རེད།ཡིན་ཡང་།བུ་མོ་རྣམས་སློབ་གྲྭར་སྐྱེལ་མཁན་ནི་ཧ་ཅང་ཧ་ཅང་ཉུང་ཉུང་རེད།བུ་མོ་འགྲོ་ས་གནས་དང་།།བན་དེ་འགྲོ་ས་སྒར།།ཞེས་པའི་ཁ་དཔེ་ལྟ་བུའི་གནས་བབ་ཅིག་ཆགས་ཡོད་པ་ལོས་ཡིན་སྙམ།ངེད་ཚང་ལ་མཚོན་ན་ཡང་།ངའི་ཆུང་ན་སྲིང་མོ་སློབ་ལོ་རན་པ་གཉིས་ཡོད་མོད།དེ་གཉིས་སློབ་གྲྭར་མ་བསྐྱལ་བར་ང་གཅིག་པུ་མངགས་པ་རེད།ད་ལྟ་ངའི་སྲིང་མོ་དེ་གཉིས་ཀའང་ལོ་ན་བཞི་བཅུའི་ནང་རེད།དེ་ལྟར་བུ་མོ་ཚོ་སློབ་གྲྭར་མངགས་པའི་བསམ་བློ་མེད་མཁན་གྱི་ཁྱིམ་བདག་མང་བ།བུ་མོ་རང་རང་ཡང་སློབ་གྲྭར་འགྲོ་འདོད་མེད་པ།སློབ་གྲྭར་ཞུགས་འདོད་ཡོད་ཀྱང་ཕྱུགས་རྫི་མེད་པས་མ་ཁོམ་པ།ཁྱིམ་ཚང་མང་པོར་བྱིས་པ་མང་ཞིང་འབྱོར་བ་ཞན་པས་བུ་མོ་ཚོ་སློབ་གྲྭར་སྐྱེལ་མ་ཐུབ་པ་སོགས།རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་སྐབས་དེ་འདྲ་ཞིག་ལ་ཡང་།འབྲོག་ཁུལ་གྱི་བུ་མོ་ཚོ་སློབ་གྲྭར་ཞུགས་མ་ཐུབ་པ་བརྒྱད་ཅུའི་བརྒྱད་ཅུ་རེད།རོང་ཁུལ་ཡང་འབྲོག་ཁུལ་ལས་བསམ་བློའི་གོ་རྟོགས་ཅུང་མཐོ་ཡང་བུ་མོ་མང་ཆེ་ཤོས་སློབ་གྲྭར་མངགས་མེད་པ་གོར་མ་ཆག   དེའི་སྟབས་ཀྱིས་ད་ལྟའི་ལོ་ན་ཉི་ཤུ་རྩ་སྟོད་དང་།སུམ་སུ་ནས་བཞི་བཅུ།ལྔ་བཅུའི་བར་གྱི་འབྲོག་རོང་ཁུལ་གྱི་བུད་མེད་རྣམས་གྱིས་ཡི་གེ་མི་ཤེས་པ་དང་རིག་གནས་མེད་པའི་རྩ་བ་ཡང་དེར་ཐུག་པ་རེད།འདི་འདྲ་བའི་གྲངས་འབོར་མང་ཞིང་ཁ་ཕྱོགས་མེད་པའི་འབྲོག་རོང་ཁུལ་གྱི་བུད་མེད་རྣམས་ལ་མཚོན་ན།བོད་པའི་སྤྱི་ཚོགས་ལ་ཉན་ནས་སློབ་གསོ་རེ་ཐོབ་ཏུ་འཇུག་པ་ལས་ཐབས་ཅི་ཡོད་དམ།ཁོ་མོ་ཚོར་ཐ་ན་འཇིག་རྟེན་འདུན་མའི་ཕྱོགས་ཀྱི་བསླབ་བྱ་ནི་ཇི་འདྲའི་མཁོ་བ་ལ།དེས་ན་ང་ཚོས་ཞིབ་འདང་ཞིག་རྒྱོབས་དང་།བོད་པའི་ཤེས་ཡོན་ཅན་རྣམས་ཀྱིས་བུད་མེད་ཡིག་རྨོངས་དག་ལ་མཁོ་བའི་སློབ་གསོ་ཅི་ཞིག་གཏོང་གི་ཡོད་དམ།དུས་རབས་དང་མཐུན་པའི་དགའ་རོགས་སྒྲིག་ཚུལ་གྱི་ཤེས་བྱ་ཅི་ཞིག་བསྒྲགས་མྱོང་ངམ།སྤྱི་ཚོགས་དང་བསྟུན་ནས་གཉེན་སྒྲིག་བྱེད་སྟངས་ཀྱི་བསླབ་བྱ་གང་ཞིག་གནང་མྱོང་ངམ།  ཁྲིམས་ལུགས་དང་མཐུན་པའི་བསླབ་བྱ་ཅི་ཞིག་གསུངས་མྱོང་ངམ།བདེ་འཇགས་དང་འབྲེལ་བའི་ཁ་བརྡ་མང་པོ་བྱེད་ཨེ་མྱོང་།བདེ་ཐང་དང་སྦྲགས་ཏེ་གསུངས་བཤད་རྣལ་མ་སྤེལ་ཨེ་མྱོང་།

  སྤྱི་ཚོགས་དང་མཐུན་པའི་མཉམ་འཇོག་བྱེད་ཚུལ་བསླབ་ཨེ་མྱོང་།དུས་རབས་དང་བསྟུན་ནས་བསམ་གཞིགས་བྱ་འོས་ཚུལ་གསུངས་ཨེ་མྱོང་། ཁོ་མོ་ཚོ་ལ་ཕན་པའི་འདི་འདྲའི་བསླབ་སྟོན་ཉུང་སོང་པས་སྟབས་རེད། ཁོ་མོ་ཚོ་ལ་དགོས་པའི་འདི་འདྲའི་ཤེས་བྱ་དབུལ་དྲགས་པས་རེད། དུས་རབས་བསྟུན་པའི་འདུན་མར་ཆ་རྒྱུས་མེད་པས་རེད།སྤྱི་ཚོགས་དང་མཐུན་པའི་བདེ་འཇགས་སྲུང་མ་ཤེས་པས་རེད།རྒྱུས་མེད་དང་འཕྲད་དུས་བསམ་གཞིགས་བྱེད་མ་ནུས་པས་རེད།ལེགས་ཉེས་ཀྱི་བླང་དོར་ལ་རྨོངས་ཐལ་པས་རེད། དེའི་སྟབས་ཀྱིས་མི་ངན་གྱིས་བསླུ་བདེ་བ་རེད། དེའི་སྟབས་ཀྱིས་རྐུན་མ་ཡིས་བརྐུ་སླ་བ་རེད། དེའི་སྟབས་ཀྱིས་ཇག་པ་ཡིས་འཚོང་བདེ་བ་རེད།དེའི་སྟབས་ཀྱིས་གཡོ་འོག་ཏུ་ཚུད་སླ་བ་རེད།དེའི་སྟབས་ཀྱིས་ཁྲེལ་མེད་ཀྱིས་མནར་བདེ་བ་རེད། དེ་བས་ཁོ་མོ་ཚོ་སྙིང་མི་རྗེའམ།ཤ་མི་ཚའམ།སེར་སྣ་མི་ཡོང་ངམ།དེའི་དབང་གིས་ངའི་ཡ་ཐོད་ཀྱི་མིག་བཞིན་བཀུར་བའི་སྐྱ་སེར་རིས་མེད་ཀྱི་མཁས་པ་ཚོ།བསམ་བློ་བ་ཚོ།  སློབ་གསོ་བ་ཚོ།རྐང་ཚེར་མ་ཟུག་ན་སྟོན་ས་ཚོ།། མགོ་རྨི་ལམ་འཁྲུག་ན་ཞུ་ས་ཚོ།།  བུ་རེ་བ་ཅན་ཚོ།། གོས་རི་མོ་ཅན་ཚོ།། བོད་པའི་སྤྱི་ཚོགས་ཀྱི་བུད་མེད་གཤིས་བཟང་ནུས་དམན་ཚོའི་འཚོ་བ་བདེ་སྐྱིད་དང་།ལུས་སེམས་བདེ་ཐང་།  འགྲོ་འདུག་བདེ་འཇགས་བཅས་ཀྱི་ཆེད་དུ་གསུངས་བཤད་གཟུ་མོ་རེ་སྤེལ་རོགས་ཞུ། བསླབ་བྱ་རྣལ་མ་རེ་གནང་རོགས་ཞུ།སེམས་གཏམ་དྲོན་མོ་རེ་བཤད་རོགས་ཞུ།བགྲོ་གླེང་དོན་ལྡན་རེ་སྒྲུབ་རོགས་ཞུ། ཐུགས་རྗེ་ཆེ།  

 མཇུག་བསྡུ་བ།

བོད་པའི་བུད་མེད་ལོ་ན་ཉི་ཤུ་རྩ་སྟོད་ནས་སུམ་ཅུ་བཞི་བཅུའི་ནང་ལ་སོན་པའི་གཤིས་འཇམ་གཞུང་དྲང་།ནུས་མེད་ཉམ་ཆུང་།ཡིག་རྨོངས་པ་དག་ལས་ཀ་གཉེར་ས་ཞིག་ཡིན་ན་འདྲ།ཞོར་ལས་བཙལ་ས་ཞིག་ཡིན་ན་འདྲ།ཞབས་ཞུ་སྒྲུབ་ས་ཞིག་ཡིན་ན་འདྲ།དགའ་རོགས་སྒྲིག་ས་ཞིག་ཡིན་འདྲ།གཉེན་འདུན་གླེང་ས་ཞིག་ཡིན་ན་འདྲ།མི་རྒྱུས་མེད་དང་འབྲེལ་འདྲིས་བྱེད་ས་ཞིག་ཡིན་ན་འདྲ།གང་ལྟར་མི་ངན་གྱི་གཡོ་འོག་ཏུ་ཚུད་ནས་མནར་གཅོད་དང་།གཡོ་འཚོང་སོགས་ཀྱིས་སེམས་ལ་བདེ་ཐང་མེད་པར་སྨྱོན་པ་ལྟ་བུ་དང་།ལུས་ལ་བདེ་ཐང་མེད་པར་ནད་པ་ཞ་སྒུར་སོགས།བཀྲ་མི་ཤིས་པའི་བྱ་བ་ནག་པོ་མི་འབྱུང་བའི་སྔོན་འགོག་གི་སེམས་གཏམ་ལྟ་བུ་ཞིག་རང་ཉིད་ཀྱི་ཡིད་ལ་དྲན་ཚུལ་ཙམ་སྨྲས་པ་ཡིན།འདི་འདྲ་ཞིག་བཤད་ལོས་འདོད།སྨྲ་ལོས་དགོས།དེའི་སྟབས་ཀྱིས་བཤད་ཁུལ་བྱས་པ་ཡིན།དགའ་འོས་པ་ཞིག་ནི།ན་ནིང་དོ་ཚིགས་ཀྱི་དུས་འདིར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་དཀྱིལ་སྙིང་ཡིན་པའི་ཏང་ཀྲུང་དབྱངས་ཀྱིས་འབངས་མི་སེར་གྱི་ལུས་སེམས་བདེ་ཐང་དང་ཚེ་སྲོག་བདེ་འཇགས།འཚོ་བ་བདེ་སྐྱིད་བཅས་ཀྱི་ཆེད་དུ་སྡིག་ཏོ་ཅན་གྱི་མི་ངན་གྱིས་གྲུབ་པའི་ནག་ཚོགས་ལ་རྡུང་རྡེག་བྱེད་དང་བྱེད་ཀྱིན་པ་འདི་ནི་དངོས་གནས་བཀའ་དྲིན་ཆེ་བའི་བྱ་གཞག་ཅིག་ག་ལ་མིན།གཡོ་འོག་ཏུ་ཚུད་ཀྱིན་པའི་བུ་མོ་ཉམ་ཐག་སོགས་ལ་མཚོན་ན་སྐྱབས་མགོན་ལྷ་ཡུལ་ནས་ཕེབས་པ་མིན་ནམ།གཡོ་འཚོང་ཐེབས་བཞིན་པའི་བུད་མེད་ལས་ངན་རྣམས་ལ་མཚོན་ན་ཨ་སྟག་ལྷ་མོ་དམྱལ་བ་ནས་འདྲེན་མཁན་གྱི་གེ་སར་དངོས་སུ་བྱོན་པ་ལྟ་བུ་མིན་ནམ།དེ་བས་མི་སེར་སྲུང་སྐྱོབ་དང་མ་རུང་ཇག་རྐུན་ནམ་ནག་ཚོགས་ཚར་གཅོད་ཀྱི་སྲིད་ཇུས་ཀྱི་ངོ་སོ་བསྟོད།དེ་དང་བསྟུན་ནས་བོད་རང་གི་ཤེས་ཡོན་ཅན་རྣམ་པས་ཀྱང་བརྙན་འཕྲིན་ཡིན་ན་འདྲ།སྐར་འཕྲིན་ཡིན་ན་འདྲ།ཆོས་ཚོགས་ཡིན་ན་འདྲ།སྡེ་ཚོགས་ཡིན་ན་འདྲ།གང་ལྟར་བུད་མེད་ཡིག་རྨོངས་རྣམ་པར་གཉེན་སྒྲིག་བཅའ་ཁྲིམས་དང་ཁེ་དབང་སྲུང་སྐྱོབ།ལུས་སེམས་བདེ་ཐང་།འཚོ་བ་བདེ་འཇགས་བཅས་སྤྱི་ཚོགས་ཤེས་བྱའི་ཐད་ནས་བསླབ་བྱ་གསེར་ནག་འདྲ་བ་རེ་གསུངས་དགོས་པར་འདུག་པ་སེམས་ལ་འཛིན་པར་ཞུ།དེ་དང་དེ་འདྲ་བ་ལ་བརྟེན་ཏེ་ད་ནས་བཟུང་བོད་ཆོས་ལྡན་གྱི་ལུང་བ་འདིར།གཤིས་བཟང་གཞུང་དྲང་གི་བུ་མོ་མེ་ཏོག་འདྲ་བ་ཚོ།མི་ངན་ཁྲམ་ཇག་གི་བསླུ་བྲིད་ཐེབས་པའི་ཡ་ང་བའི་སྐྱོ་གར་མི་འཁྲབ་པར་སྨོན། མི་མཐོང་པར་ཤོག    མི་ཐོས་པར་སྨོན 

མཐར།  བཀྲ་ཤིས་བདེ་ལེགས་ཞུའོ།  

སྤྱི་ལོ་2018ལོའི་ཟླ11པའི་ཚེས་19ལ།


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། da2g བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5925087
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号