མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས་དད་པའི་འཇུག་ངོགས་ལས། བདུན་པ།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 19 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» མི་སྣ།» འཛམ་གླིང་མི་སྣ། »མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས་དད་པ
མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས་དད་པའི་འཇུག་ངོགས་ལས། བདུན་པ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2018-11-27ལྟ་ཀློག (2691)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས་དད་པའི་འཇུག་ངོགས་ལས། བདུན་པ།

བདུན་པ།  སྟོད་མངའ་རིས་ཁུལ་དུ་སངས་རྒྱས་བསྟན་པའི་མཛད་པ་སྤེལ་བའི་སྐོར།

                                                               རྩོམ་པ་པོ་མི་གསལ།

   དེ་ནས་ཇོ་བོ་འཁོར་བཅས་རྒྱ་གར་ནས་བལ་བོ་རྫོང་དུ་ཕེབས་པ་ན་ལྷ་བཙུན་བྱང་ཆུབ་འོད་ཀྱིས་རྟ་པ་སུམ་བརྒྱ་ཙམ་གྱིས་ཕེབས་བསུ་རྒྱ་ཆེར་མཛད་པ་ནི་གོས་དཀར་བོ་འབའ་ཞིག་གྱོན།  རྒྱན་ཐམས་ཅད་ཀྱང་དཀར་བོ་འབའ་ཞིག་བྱས། བློན་པོ་ལྷའི་དབང་ཕྱུག་དང་། ལྷའི་བློ་གྲོས། ལྷའི་ཤེས་རབ། ལྷའི་སྲིད་འཛིན་ཞེས་བྱ་བ་བཞི་ལ་དཔའ་བོ་དར་མདུང་དཀར་བོ་ཐོགས་པ་བཅུ་དྲུག་བཅུ་དྲུག་གིས་བསྐོར། གཞན་ཐམས་ཅད་ལ་ཡང་བ་དན་ཆུང་ངུ་རེ་དང་། ཆུ་དར་གྱི་གདུགས་ཉི་ཤུ་དང་པི་ཝང་དང་། གླིང་བུའི་སྒྲ་སྙན་འཁྲོལ་བ་དང་། མི་དམངས་ཐམས་ཅད་ཀྱང་ངག་མཐུན་པར་དཀོན་མཆོག་ལ་སྐྱབས་འགྲོ་བྱེད་པ་དང་། བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་བར་གྱུར་ཅིག་བྱ་བའི་སྨོན་ལམ་བཟང་བོ་འདེབས་པ། ཐམས་ཅད་རྟ་ལས་མི་འབབ་པར་གྲལ་སྒོར་མོར་བྱས་ཏེ་དབུས་སུ་ཇོ་བོ་རྗེ་འཁོར་དང་བཅས་པ་རྣམས་བཅུག་ནས་མི་རྟ་ཐམས་ཅད་ཀྱི་མགོ་བོ་ནང་དུ་རུག་གིས་བསྟན།

  བློན་པོ་ཆེན་པོ་བཞིའི་དབུས་སུ་འོངས། གླུ་བླངས་པ་ནི། ལོ་ཞེས་བྱ་བ་གྲག་སྙན་པའི་གླུ་དབྱངས་ལོ།། ཞེས་སོགས་བཀྲ་ཤིས་པའི་གླུ་དབྱངས་མང་བོ་དང་བཅས་སྤྱན་དྲངས། སྐྱེ་བོའི་ཚོགས་རྣམས་ཀྱིས་མཇལ་བ་ཙམ་གྱིས་དད་པ་གློ་བུར་དུ་སྐྱེས།

  དེ་ནས་མང་ཡུལ་གུང་ཐང་དུ་བྱོན། བཟོ་གནས་ཆེན་པོར་ཆགས་ཕེབས་ཏེ་ནག་ཚོ་ལོ་ཙཱ་བས་ཡོན་བདག་མཛད། དེའི་དུས་ཇོ་བོའི་ཞལ་ནས་ཁྱེད་བོད་ལ་ཆབ་གཏོར་གྱི་ལུགས་ཡོད་དམ་གསུངས། འཇམ་དཔལ་མ་ལ་སོགས་པ་མཆིས་ལགས་ཞུས་པས། དེ་ཀྲཱི་ཡའི་སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱེད་པ་ཡིན་ཏེ་གཙང་སྦྲ་དང་བཅས་པས་བྱེད་དགོས། དེ་ལས་སླ་བ་ཞིག་ཡོད་ཀྱིས་གསུངས་ནས།

  གུང་ཐང་གི་ཁ་མོ་གྲ་མ་གདོང་བྱ་བར་ཆབ་གཏོར་འཇམ་ཆུང་མ་མཛད། ད་ལྟ་དཱི་པཾ་མ་ཟེར། དེ་ནས་པུ་རངས་ནས་ཕར་ཕེབས་པ་ན་མཚོ་མ་ཕམ་གྱི་དྲུང་དུ་སྐུ་ངལ་གསོས་པས་ཇོ་བོ་མཚོ་འགྲམ་དུ་ཕེབས་ནས་ཙོག་པུར་བཞུགས་པའི་སྤྱན་སྔར་ལོ་ཙཱ་བ་ཕྱིན་ནས། ཅི་མཛད་ལགས་ཞུས་པས། ཡི་དྭགས་ལ་ཆུ་སྦྱིན་པ་ལགས་གསུངས། དེའི་གདམས་ངག་ཅིག་བདག་ལ་ཡང་གནང་བར་ཞུ་བྱས་པ། དེ་ཉིད་དུ་ཁར་ས་པ་ཎིའི་ཆུ་སྦྱིན་གྱི་བསྟན་བཅོས་བརྩམས་ནས་གནང་།དེ་ནས་བོད་རབ་བྱུང་དང་བོའི་ལྕགས་འབྲུག་(1040) ལོར་མཐོ་ལྡིང་གསེར་གྱི་གཙུག་ལག་ཁང་ཆེན་པོར་བྱོན།

  གཙུག་ལག་ཁང་འདི་ནི་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་བོད་རབ་བྱུང་གོང་མེ་སྤྲེལ(996) ལོར་ཕྱག་བཏབ་པར་གྲགས། དེའི་དུས་སུ་ལྷ་བཙུན་བྱང་ཆུབ་འོད་ཀྱིས་ཕེབས་བསུའི་བཀོད་པ་རྒྱ་ཆེར་མཛད།

མཐོ་ལྡིང་གྱི་གཙུག་ལག་ཁང་།

  རག་དུང་དེའང་སྔར་མེད་པ་ལ་ལྷ་བཙུན་པའི་ཐུགས་ཤེས་རབ་ཀྱིས་བཅོས་ནས་གསར་དུ་བཟོས་གནང་པས་ཕྱིས་ལོ་པཎ་སྤྱན་འདྲེན་གྱི་དུང་ཆེན་དུ་གྲགས།

  མགོན་པོ་ཨ་ཏི་ཤ་སངས་རྒྱས་ཀྱི་བསྟན་པའི་བདག་པོ། བདག་ཅག་བོད་ཀྱི་སེམས་ཅན་ལས་ངན་རྣམས་ལ་ཐུགས་རྗེས་གཟིགས་ཤིག ཁྱེད་ཀྱི་ཕྱོགས་སུ་དཀའ་ལས་བྱེད་པ་ལྷ་ཁུ་དབོན་ཤིན་ཏུ་བདེན་པར་སྣང་ངོ་།། བོད་ཀྱི་མི་ནོར་ཐམས་ཅད་ཟད་ཀྱང་འགྱོད་པ་མ་མཆིས་སོ།། ཁྱེད་གདན་འདྲེན་པ་ལ་དཀའ་ལས་ཆེན་པོ་འོང་བ་རེ་བདེན། ད་ནི་འཇིག་རྟེན་གྱི་མགོན་པོ་བོད་དུ་བྱོན་ནོ།། ཞེས་ཐམས་ཅད་དད་པས་ཕྱོགས་གཅིག་ཏུ་འུར་བ་དང་། མགོན་པོ་ཨ་ཏི་ཤ་ཡང་ཤིན་ཏུ་མཉེས་ནས་བོད་ཀྱི་སེམས་ཅན་རྣམས་ཁོ་བོ་ལ་འདི་ལྟར་དད་པ་ཆེ་བ། བླ་མ་སངས་རྒྱས་བསྟན་པའི་བདག་པོ་ཐམས་ཅད་ཐེག་པ་ཆེན་པོའི་རིགས་ཅན། ཨེ་མ་ཕན་བདེའི་འབྱུང་གནས་དཀོན་མཆོག་གསུམ། ངའི་གདུལ་བྱ་རྣམས་ལ་ཐུགས་རྗེས་ཟུངས་ཤིག་གསུངས་ནས་ཐུགས་སྨོན་མཛད། དེའི་ཚེ་ལྷ་བླ་མ་ཡེ་ཤེས་འོད་ཀྱི་ཨ་ནི་ལྷ་ཅིག་ཆོས་འབུམ་གྱིས་ཇོ་བོ་རྗེའི་ཞལ་གྱི་དཀྱིལ་འཁོར་ལ་བལྟས་ཏེ་ཐལ་མོ་སྦྱར་ནས་མཁས་པ་འདིའི་ཕྱོགས་སུ་ངའི་མིང་པོ་གསེར་གྱི་རི་རབ་འདྲ་བ་ཅིག་གཤེགས་ཏེ། ང་སེམས་མི་ཁྲལ། མྱ་མི་ངལ། མིང་པོ་དེའི་སྲོག་དང་པཎྚི་ཏ་འདི་བརྗེས་པ་ཡིན་ཏེ། བལ་བོ་ན་ཧ་སུ། མངའ་རིས་རིན་བཟང་། ཕྱོགས་ནས་ང་ཆེ་ཟེར་བ་རྣམས་ལ་ངོམ་པ་ཡིན། ངའི་ཚ་བོ་འདི་སྲིན་བུ་འདྲ་བ་ཞིག་བསྐྱངས་པས་ད་ལྟ་སའི་བདག་པོ་སྙིང་རུས་ཆེ་ལ་སྐབས་དོན་ཡོད་པ་འདི་འདྲ་ཞིག་བྱུང་ཟེར་ནས་ལྷ་བླ་མའི་མྱ་ངན་རིས་གནོན་པ་ཙམ་ཡོད་པ་སངས་པར་བྱས། མགུལ་གཡུ་གསེར་སྲང་ལྔ་བཅུ་རེ་བ་ཞིག་ཡོད་པ་དེ་ཇོ་བོ་རྗེའི་ཕྱག་ཏུ་ཕུལ་ནས་ཐལ་མོ་སྦྱར་ནས་འདི་སྐད་ཟེར། མགོན་པོ་ཨ་ཏི་ཤ་གཡུ་རྡོག་འདི་མཆོད་པར་བཞེས་ལ་ཞུ་བ་འདི་གསོན་དང་། ངའི་མིང་པོ་ལྷ་བླ་མ་ཡེ་ཤེས་འོད་བྱ་བ་དེ་མེས་པོ་ཆོས་ཀྱི་རྒྱལ་བོ་དེ་རྣམས་ཀྱི་ཆོས་ཀྱི་གོམས་སྲོལ་སྙེག་པ་དང་། སྙིགས་མའི་དུས་འདིར་སངས་རྒྱས་ཀྱི་བསྟན་པ་ལ་ལུས་ལོངས་སྤྱོད་དགེ་རྩ་དང་བཅས་ཕུལ་བས། 

མཐོ་ལྡིང་དགོན་གྱི་མཆོད་རྟེན།

   ཁྱེད་ལྟ་བུའི་བླ་མ་དཀོན་མཆོག་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱི་ཐུགས་རྗེའི་གོ་བར་ནས་སྙིང་སྟོབས་ཅན་དེ་མི་འདོད་པའི་ལག་ཏུ་ཤོར། ད་ནི་མང་བོ་དེའི་ཚབ་མ་ཁྱེད་ལ་ཞུ་བ་ལགས་པས་སྐྱེ་བོ་ངན་པ་རྣམས་ཀྱི་ལོག་རྟོག་ངན་པ་གཅིག་པུ་སྦྱངས་བའི་ཆེད་དུ་ཡང་བོད་དུ་ཡུན་བསྲིངས་ནས་རྒྱུན་དུ་བཞུགས་པ་ཞུ་འཚལ་ཞེས་གསོལ་བ་བཏབ།  དེ་ནས་མངའ་རིས་ཀྱི་གཙོ་བོ་སུམ་པ་བྱ་བས། དཀར་ཡོལ་གས་ཆག་མེད་པའི་ནང་ཇ་བཙོ་མར་གྱིས་བཀང་ནས་ཇོ་བོ་རྗེ་ལ་ཕུལ་བས།  ཇོ་བོ་རྗེས་ཅུང་ཙམ་བཞེས་རྗེས་སྣོད་འདི་དང་བཅུད་འདི་གཉིས་མཐུན།  བཏུང་བ་འདི་ལ་ཅི་ཟེར་བ་ཡིན་གསུངས་པས། ནག་ཚོ་ལོ་ཙཱ་བས་འདི་ལ་ཇ་ཟེར་བ་ལགས། བོད་ཀྱི་རབ་བྱུང་རྣམས་ཀྱི་བཏུང་བ་ལགས། འདིའི་ཤིང་བཟའ་བར་མི་ཉན། བཙོས་ནས་ཁུ་བ་འཐུང་བ་ཡིན། འདི་ལ་ཡོན་ཏན་མང་བོ་ཡོད་ཅེས་ཞུས་པས། ཇོ་བོ་ཞལ་ནས་འདི་བོད་ཀྱི་རབ་ཏུ་བྱུང་བའི་བསོད་ནམས་ལས་གྲུབ་པའི་དངོས་པོ་ཞིག་ཏུ་སྣང་ཤིན་ཏུ་ཕུན་སུམ་ཚོགས་པ་འདུག་གསུངས།

  དེའི་དུས་སུ་ལྷ་བཙུན་བྱང་ཆུབ་འོད་ཀྱིས་ཇོ་བོ་སྐུ་ཁམས་བདེ་མིན་དང་བོད་མིའི་སྤྱོད་པ་ལ་བཟོད་གསོལ་ཞུས།  ཨེ་མ་ཧོ།   ལྷོ་བལ་ཡུལ་ནས་བོད་ཀྱི་ཡུལ་དུ་བྱོན།  བཤུལ་ཐག་རིང་བས་ཤིན་ཏུ་སྐུ་ཉོན་མོངས།  འདུ་བ་རྣམ་བཞིའི་སྐུ་སྙུན་མི་མངའ་བས།  སྐུ་ཁམས་བདེའམ་དགོས་པར་སྤྱོད་ལགས་སམ། སྐུ་གསུང་ཐུགས་ལ་གནོད་པ་མི་མངའམ། བདག་ཅག་བོད་ཀྱི་སྐྱེ་བོ་ཕལ་ཆེར་ནི།  བླ་མ་དང་བྲལ་རང་དགར་སྨྲ་བ་སྟེ།  ཀླ་ཀློའི་སྤྱོད་པ་མ་གུས་མ་རྩིགས་རྣམས།  ཨ་ཏི་ཤ་ཡིས་བཟོད་པར་མཛད་དུ་གསོལ་ཞེས་དང་།  ནག་ཚོ་ལོ་ཙཱ་བར་བཀྲ་ཤིས་གཏང་རག་གི་ཚིགས་སུ་བཅད་པ་འདི་སྐད་གསོལ་བ་ལ། སློབ་དཔོན་ཚུལ་ཁྲིམས་རྒྱལ་བོའི་སྤྱན་སྔ་ནས། རེ་བ་ཆེ་བས་བདག་གིས་ཐུགས་དམ་ཞུས།ཐུགས་ལ་བཏགས་ནས་ལྷོ་བལ་ཡུལ་དུ་བྱོན། དཀའ་བ་མང་བོ་སྤྱད་པ་བཟོད་པར་མཛོད། དགེ་སློང་བྱང་ཆུབ་འོད་ཅེས་བདག་གིས་ནི།  རྟག་ཏུ་བསམ་པའི་བླ་མ་སྤྱན་དྲོངས་པས།  བོད་ཀྱི་ཡུལ་དུ་སྐྱེས་ཆེན་ཁྱེད་གཉིས་ཉིད་ཀྱིས། གཞུང་ལུགས་ཤིན་ཏུ་དར་ཞིང་རྒྱས་པར་ཤོག ཅེས་སྨོན་ལམ་བཏབ་པ་དང་སྦྲགས།  ལྷ་བླ་མ་བྱང་ཆུབ་འོད་ཀྱིས་ཇོ་བོ་རྗེ་ལ་མཎྜལ་ཕུལ་ཏེ་གསོལ་བ་འདི་ལྟར་བཏབ་སྟེ།  བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས་འདིར་སྔོན་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱིསདཀའ་བ་བརྒྱ་ཕྲག་དུ་མའི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་ཡོད་ཀྱང་རིམ་བཞིན་ཉམས་སྨད་དུ་འགྱུར་བ་དང་། དེ་རྗེས་རང་གི་ཡབ་མེས་ལྷ་བླ་མ་ཡེ་ཤེ་འོད་ཀྱིས་ལུས་སྲོག་ཁྱད་དུ་བསད་ནས་བོད་དུ་སངས་རྒྱས་ཀྱི་བསྟན་པ་སླར་ཡང་དར་བར་བྱས་ཀྱང་།  ད་ལྟ་འགའ་ཞིག་སྔགས་ལ་བརྟེན་ནས་འདུལ་བ་ཁྱད་དུ་བསད། ཁ་ཅིག་འདུལ་བ་ལ་རྟེན་ནས་སྔགས་ཁྱད་དུ་བསད། མདོ་སྔགས་གཉིས་ཚ་གྲང་ལྟར་འགལ་བར་བཟུང་། རང་རང་གང་དགར་སྤྱོད་ཅིང་། ཁྱད་པར་དུ་ཨཱ་ཙ་རྱ་ཤམ་ཐབས་དམར་བོ་ཅན་དང་། སྔོན་པོ་ཅན་བྱ་བ་གཉིས་ཀྱིས་སྔགས་རྒན་རལ་བ་ཅན་རྣམས་སྦྱོར་བ་དང་སྒྲོལ་བ་བྱ་བའི་ཆོས་བསྟན་ནས། བསྟན་པ་ཉམས་ཤིན་ཏུ་དམའ་བ་ཆལ་ཆོལ་འདི་བཞིན་དུ་སོང་ཚུལ་སོགས་སྤྱན་མཆི་མ་འཁྲུག་བཞིན་དུ་ཞིབ་ཏུ་ཞུས། ཇོ་བོ་ཐུགས་རྗེ་ཅན་ཁྱེད་ཀྱིས་བོད་ཀྱི་གདུལ་བྱ་དམུ་རྒོད་ཅན་འདི་རྣམས་ལ་ཆོས་ཟབ་ཟབ་མོ་དང་།  མཚར་མཚར་པོ་མི་འཚལ་གྱི། ལས་རྒྱུ་འབྲས་ཀྱི་ཆོས་ཀྱིས་བསྐྱང་བར་ཞུ།  ལྷག་པར་མགོན་པོ་ཁྱེད་ཉིད་ཀྱིས་ཐུགས་ཉམས་སུ་བཞེས་པའི་རྒྱལ་བའི་གསུང་རབ་མདོ་རྒྱུད་དགོངས་འགྲེལ་དང་བཅས་པ་ཐམས་ཅད་ཧྲིལ་གྱིས་དྲིལ་ལ་ལམ་ཚང་ལ་མ་ནོར་བ་ཉམས་སུ་བླང་བདེ་བ་བོད་སྤྱི་ལ་ཕན་པའི་ཆོས་ཤིག་ཐུགས་རྗེས་འཛིན་པར་ཞུ་ཞུས།

    ཡང་འཇུག་སྡོམ་གྱི་རྟེན་ལ་སོ་ཐར་གྱི་སྡོམ་ལྡན་དགོས་སམ་མི་དགོས། ཐབས་ཤེས་ཡ་བྲལ་གྱི་སངས་རྒྱས་སམ་མི་རྒྱ། དབང་མ་ཐོབ་པ་ལ་རྒྱུད་བཤད་ཆོག་གམ་མི་ཆོག  ཚངས་སྤྱོད་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཆོག་གམ་མི་ཆོག    རྡོ་རྗེ་སློབ་དཔོན་གྱིས་དབང་མ་ཐོབ་པར་གསང་སྔགས་ཀྱི་ལས་ཀྱི་བྱ་བ་རྣམས་བྱས་ཆོག་གམ་མི་ཆོག  སོགས་ཀྱི་དྲི་བ་ཞུས་པས།  ཇོ་བོ་རྗེ་ཤིན་ཏུ་དགྱེས་ནས།  དུས་གསུམ་རྒྱལ་བ་ཐམས་ཅད་དག་དང་དེ་ཡི་ཆོས།  དགེ་འདུན་རྣམས་ལ་གུས་པ་ཆེན་པོས་ཕྱག་བྱས་ཏེ།  སློབ་མ་བཟང་བོ་བྱང་ཆུབ་འོད་ཀྱིས་བསྐུལ་གྱུར་པས།  བྱང་ཆུབ་ལམ་གྱི་སྒྲོན་མ་རབ་ཏུ་གསལ་བར་བྱ། ཞེས་རྒྱལ་བའི་གསུང་རབ་མདོ་རྒྱུད་དགོངས་འགྲེལ་དང་བཅས་ཐམས་ཅད་ཧྲིལ་གྱིས་བསྒྲིལ་བ་ཉམས་སུ་ལེན་བདེ་བ་༼བྱང་ཆུབ་ལམ་གྱི་སྒྲོན་མ༽  ཞེས་པ་དེ་མཛད།  དེ་འཕྲལ་བོད་ཀྱི་ཆོས་ལོག་རྣམས་དང་རྩིང་ཆོས་རྣམས་རང་ཡུལ་དུ་སོང་། དེ་བཞིན་ཇོ་བོ་རྗེའི་ཞལ་ནས། ཆོས་ཤིན་ཏུ་ཟབ་པ་ལས་འབྲས་ཁོ་ན་ཡིན། ཡི་དམ་གྱི་ལྷ་ཞལ་མཐོང་བ་ལས།  ལས་རྒྱུ་འབྲས་ལ་ཡིད་ཆེས་ཐོབ་ན་དེ་ལས་ལྷག་པ་མེད།  གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་བ་ཡི་དམ་གྱི་ཞལ་མཐོང་བ་ཞིག་གིས་དགེ་འདུན་གྱི་ཡོ་བྱད་རང་ཉིད་ཀྱིས་སྤྱད་པས་ཡི་དྭགས་གཤིན་རྗེ་གཤེད་ཀྱི་གཟུགས་ཅན་དུ་སྐྱེས་པ་དང་།

མང་ནང་དགོན་དུ་བྱང་ཆུབ་འོད་ཀྱིས་བཞེངས་པའི་མཆོད་རྟེན།

  བྲི་ཀ་མ་ལ་ཤཱི་ལའི་གཉེར་བས་དེ་རིང་གི་བསྙེན་བཀུར་སང་ཉིན་བསྒྱུར་བས་དེའི་ནུབ་མོ་ཡི་དྭགས་ཀྱི་སྣང་བ་ཤར་བ་དང་། གནས་བརྟན་ཞིག་གིས་དགེ་འདུན་ལ་དབང་བའི་ཤིང་འབྲས་བྲེ་ཕྱེད་རང་ཉིད་ཀྱིས་སྤྱད་པས་ཡི་དྭགས་དབང་ཆུང་ངུར་སྐྱིས་པ་སོགས་གཏམ་རྒྱུད་མང་དུ་གསུངས་ནས་བོད་ལ་ལས་རྒྱུ་འབྲས་ཀྱི་ཆོས་ཀྱིས་སྐྱོང་བར་ཞལ་གྱིས་བཞེས་སོ། ། དེ་གོང་ཇོ་བོ་སྙིང་རྗེ་ཆེ་བས་བླ་མ་བྱང་ཆུབ་སེམས་པ་ཞེས་གྲགས་པ་ལ།  དེ་ནས་བླ་མ་ལས་འབྲས་པར་མཚན་ཐོགས་ཏེ་མཚན་དེས་ཀྱང་བསྟན་པ་ལ་ཕན་པར་བྱུང་།  དེ་ནས་ཇོ་བོ་འཁོར་བཅས་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་ཕྱག་བཏབ་པའི་མང་ནང་བྱང་ཆུབ་གླིང་དགོན་པར་བཞུགས་པ་ན་ལྷ་བཙུན་བྱང་ཆུབ་འོད་སོགས་ཀྱིས་ཞབས་ཏོག་རྒྱ་ཆེན་པོ་མཛད།  བྱང་ཆུབ་ལམ་གྱི་སྒྲོན་མའི་འཕྲོསཀྱང་འདིར་མཛད་པར་གྲགས།  དེའི་དུས་སུ་བོད་ཀྱི་མཁས་པ་མང་པོས་ཇོ་བོ་རྗེ་ལ་ཁྱེད་ལྟ་བ་གང་བཞེད་ཞུས་པས།

མང་ནང་བྱང་ཆུབ་གླིང་དགོན།

  ཇོ་བོས་ཁྱེད་རང་གང་འདོད་གསུངས་ཏེ་དབུ་མ་དང་སེམས་ཙམ་ལ་སོགས་པ་གང་འདོད་པ་ལ་ང་ཡང་དེ་ལྟར་འདོད་གསུངས་ནས་དེ་ལ་སྒྲུབ་བྱེད་ཀྱི་ལུང་དང་རིགས་པ་འདི་ལྟ་བུ་ཡོད་གསུངས།  གསུང་དེ་མངའ་རིས་པ་བློ་གསལ་ཞེས་བྱ་བ་བློ་གྲོས་ཟླ་མེད་པ་ཞིག་གིས་གོ་ནས་ཇོ་བོ་ཉིད་ཀྱི་བཞེད་པ་མི་གསུངས་པར་ཀུན་ལ་མཐུན་འགྱུར་མཛད་པ་ཇི་ལྟར་ལགས་ཞུས་པས།   ཇོ་བོ་རྗེས་ང་ཡང་སངས་རྒྱས་ཀྱི་རྗེས་སུ་སློབ་པ་ཡིན་པས་གདུལ་བྱའི་བསམ་པ་དང་མཐུན་པ་ཡིན་པར་ལན་བཏབ་པ་ཡིན་གསུངས། ཡང་རྨེ་བཙུན་ཡོན་ཏན་ཤེས་རབ་ཀྱིས།  འོ་ན་ཇོ་བོ་ཉིད་ཀྱི་བཞེད་པ་ཇི་ལྟར་ལགས་ཞེས་ཞུས་པས།  ང་ལ་འདོད་པ་མེད་གསུངས།  དོན་དམ་དུ་བཞེད་པ་མི་མངའ་ཡང་ཀུན་རྫོབ་ཏུ་ཇི་ལྟར་བཞེད་ཞུས་པས།  ཇོ་བོའི་ཞལ་ནས།  རབ་རིབ་ཅན་གྱིས་སྐྲ་ཤད་མཐོང་བ་ལྟར་འདི་དག་ཐམས་ཅད་དེ་ལྟར་གནས་པ་ཡིན་གསུངས།  སྣང་བ་སེལ་ལམ་མི་སེལ་ཞུས་པས།  འབྲས་ཆན་ལ་རབ་རིབ་དག་པ་ལྟ་བུ་ཡིན་གྱི་ཁྱེད་རང་དཔྱོད་དང་གསུངས།  རིག་ཤེས་ཚད་མའི་ངོར་ཆོས་ཅན་སྣང་ངམ་མི་སྣང་ཞུས་པས་མི་སྣང་སྟེ་མེད་ནས་མི་སྣང་བ་དང་ཡུལ་མ་ཡིན་ནས་མི་སྣང་བ་གཉིས་ཡོད་པ་ལས་འདིར་མེད་ནས་མི་སྣང་བ་ཡིན་གསུངས། སངས་རྒྱས་ཀྱི་ས་ན་ཡེ་ཤེས་མངའ་འམ་མི་མངའ་ཞུས་པས།  ཆ་མེད་སངས་རྒྱས་མ་མྱོང་གསུངས།

ལོ་ཆེན་རིན་ཆེན་བཟང་བོ།

   ཇོ་བོའི་ཞལ་ནས་ལོ་ཙཱ་བ་ལ་གསེར་དེ་རྣམས་ཁྱེར་ལ་ཤོག་གསུངས་ནས་སྔར་གྱི་གསེར་ལིང་བ་དང་བཅས་ཆ་བཞིར་བགོས།  ཆ་གཅིག་ཇོ་བོའི་བླ་མ་རྣམས་ལ་བསྔོས། ཆ་གཅིག་རྡོ་རྗེ་གདན་དུ་མཆོད་པ་ལ་བསྔོས། ཆ་གཅིག་གནས་བརྟན་རཏྣ་ཨཱ་ཀ་རས་དབུ་མཛད་པའི་བྲི་ཀ་མ་ལ་ཤཱི་ལའི་དགེ་འདུན་རྣམས་ལ་བསྔོས།  ཆ་གཅིག་རྒྱལ་པོ་ལ་གཏད་ནས་བླ་མ་ཚོར་བསྔོས་སོ།།

    ནག་ཚོ་ལོ་ཙཱ་བ་འཕགས་ཡུལ་དུ་ལོ་གསུམ་དང་ཟླ་བ་ལྔ་ཙམ་བཞུགས་རིང་དམ་པའི་ཆོས་བསྒྱུར་བ་ནི་དཔལ་གཤིན་རྗེ་གཤེད་ཀྱི་རྒྱུད་ཆུང་ངུ་དང་། ཤེས་རབ་སྙིང་པོའི་འགྲེལ་བ་སློབ་དཔོན་བྲམ་ཟེ་ཛེ་ཏཱ་རིས་མཛད་པ་དང་།  སྨན་དཔྱད་འཚོ་བའི་སྙིང་པོ་དང་།  བདུད་རྩི་ཟ་མ་ཏོག་ཁ་འབྱེད་པ་རྣམས་ཇོ་བོ་ཉིད་ཀྱི་དང་ལོ་ཙཱ་བ་གཉིས་ཀྱིས་བསྒྱུར་རོ།།

      དེ་ནས་ཇོ་བོ་འཁོར་བཅས་རྒྱ་གར་གྱི་མཐའ་འཁོབ་ནས་ཚུར་བྱོན་སྐབས་ཕྱི་རོལ་མུ་སྟེགས་པའི་གནས་ཤིག་ཡོད་པས་དེར་མུ་སྟེགས་ཀྱི་སྟོན་པ་བཅོ་ལྔ་ཙམ་ཡོད་པས་དེ་རྣམས་ཀྱིས་ཉིན་ཧྲིལ་པོར་ཇོ་བོ་ལ་རྗེ་མུ་སྟེགས་པའི་ལྟ་བ་དང་ཆོས་ཀྱི་བགྲོ་གླེང་མཛད་པས། ཇོ་བོ་རྗེ་གང་ཉིད་ནི་ཕྱི་རོལ་པའི་རིག་བྱེད་དང་མུ་སྟེགས་ཀྱི་ཆོས་ལའང་ཤིན་ཏུ་མཁས་པ་ཡིན་པས། དེ་རྣམས་ལ་ཆོས་གསུངས། མུ་སྟེགས་སྟོན་པ་བཅོ་ལྔ་པོ་ཤིན་ཏུ་ཡི་རངས་ནས་བསྔགས་བརྗོད་ཀྱི་གདུགས་བཅོ་ལྔ་ཕུལ་ནས།  ཇོ་བོའི་བཀའ་འཁོར་གྱི་ནང་དུ་བསྐྱལ།   ཇོ་བོའི་ཞལ་ནས། ཁོ་བོས་མུ་སྟེགས་པ་རྣམས་དགའ་བར་བགྱིས་པ་ཡིན་གསུངས།

        ཡང་མུ་སྟེགས་པ་དེ་རྣམས་ཀྱིས་ནང་ནས་འཁོར་ཉུང་ངུ་འགའ་ཤས་ཀྱིས་བོད་དུ་ནང་པའི་བསྟན་པ་འཕེལ་བར་ཕྲག་དོག་སྐྱེས་ནས་ཇོ་བོ་བཀྲོངས་བར་བཏང་བས་ཇོ་བོས་ཆོམ་རྐུན་བཅིངས་པའི་སྔགས་མཛད་པས་ལྡེར་སོ་བཞིན་དུ་སོང་། ཐག་རིང་པོར་ཕེབས་རྗེས་ཇོ་བོ་རྗེས་སྙིང་རྗེ་གསུངས་ནས་བྱེ་མ་ལ་སྔགས་བཏབ་སྟེ་བསྐུར་ནས་བཏབ་པས་གདོད་འགྲོ་ཤེས་པར་བྱུང་།  ཇོ་བོ་རྗེ་འཁོར་དང་བཅས་བལ་ཡུལ་དུ་ཕེབས་པའི་སྐབས་བལ་ཡུལ་གྱི་རྒྱལ་པོ་གྲགས་པ་མཐའ་ཡས་སོགས་དང་པཎྜི་ཏ་རྣམས་ཀྱིས་གཙོས་དད་ལྡན་ཐམས་ཅད་ཀྱིས་གུས་པ་ཆེན་པོས་མཆོད་པའི་བྱེ་བྲག་སྣ་ཚོགས་ཀྱིས་ཕེབས་བསུ་རྒྱ་ཆེར་མཛད། དེའི་དུས་སུ་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེ་ཤིན་ཏུ་སྙུང་བས་ཇོ་བོའི་ཞལ་ནས། ཁྱེད་ཀྱིས་ཅི་བྱས་གསུངས། 

པུ་ཧྲེང་འཁོར་ཆག་དགོན།

   གཞན་ཅི་ཡང་མ་བགྱིས་མུ་སྟེགས་པ་ཞིག་ལ་རྫུ་འཕྲུལ་མིག་མཐོང་གི་ས་ལ་འཕྱུར་ནས་འགྲོ་བ་ཞིག་ཞུས་པས་དེའི་རྔན་པ་གསེར་ཞོ་དོ་འདོད་པ་ལ་མེད་ནས་ཁོ་མ་འདོད་པས་དེ་དང་འཁོན་འགྲས་བྱུང་།  དེ་ནས་ཅུང་ཟད་ཅིག་མ་བདེ་བ་ལགས་ཞུས་པས།  ཇོ་བོའི་ཞལ་ནས་སྤྱིར་བཏང་དེ་ལྟ་བུ་ཞུ་བ་མ་ལེགས། དེ་ནས་ང་ལ་མི་བཤད་པར།  ཐབས་ཡོད་པ་ཡིན་ཏེ་གསུངས་ནས་བྱིན་རླབས་མཛད་པས་ཕྱིས་དྲག་འདུག་གསུངས།  མུ་སྟེགས་པ་དེས་མཐུ་བཏང་ནས་རྒྱ་བརྩོན་འགྲུས་སེང་མཐར་བལ་པོར་གྲོངས།

  ཁོང་གིས་དཔེ་ཆ་ཁག་ཅིག་བལ་པོར་བཅོལ་བ་མ་ལོན་ནས་དེའི་གསེབ་ཏུ་རྩ་ལྟུང་རྒྱ་ཆེར་འགྲེལ་པ་ཇོ་བོ་དང་རྒྱ་བརྩོན་འགྲུས་སེང་གེས་བྲི་ཀ་མ་ལ་ཤཱི་ལའི་གཙུག་ལག་ཁང་དུ་བསྒྱུར་བ་དེ་ཡང་ལུས།  ཕྱིས་བླངས་ཏེ་བོད་དུ་བསྒྱུར་བའི་ཆོས་ལ་འགྱུར་བཟང་བ་ཞིག་ཡིན་ཞེས་གྲགས།   དེ་ལྟ་བུའི་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེ་འདས་པས་ཇོ་བོའི་ཞལ་ནས་ང་བོད་དུ་ཕྱིན་ཡང་དོན་མེད།  ངའི་ལྕེ་ཆད་པས་ཕན་མི་ཐོགས།  བོད་སྤྱི་མཐུན་གྱི་བསོད་ནམས་ལ་རྒྱ་བརྩོན་འགྲུས་སེང་གེ་མི་འཆི་ཙམ་གྱི་བསོད་ནམས་ཤིག་མེད་གསུངས།  དེར་ནག་ཚོ་ལོ་ཙཱ་བས་བླ་མ་དེ་སྐད་མི་གསུངས་བར་ཞུ།  ལོ་ཙཱ་བ་རིན་ཆེན་བཟང་པོ་དང་ལོ་ཆུང་ལེགས་པའི་ཤེས་རབ་དང་དགེ་བའི་བཤེས་གཉེན་ཁུ་ལོ་ཙཱ་བ་ལ་སོགས་མང་དུ་མཆིས།  ཁོ་བོས་ཀྱང་ལོ་ཙཱ་བ་ཕྲན་བུ་ཤེས་པས་ཐུགས་འཕྲལ་མ་མཛད་པར་ཞུ་ཞུས་པས།  ཇོ་བོའི་ཞལ་ནས་ངེད་རྒྱ་གར་ན་པཎྜི་ཏའི་མྱ་ངན་རྣལ་འབྱོར་པས་བསངས།   རྣམ་འབྱོར་པའི་ཆོས་ཀྱི་རྒྱབ་རྟེན་པཎྜིཏས་བྱེད་པ་ཡིན།  དམའ་མོའི་མྱ་ངན་མཆོག་གིས་སེལ་དགོས་པ་ལ་མཐོ་ཤོས་ཀྱི་མྱ་ངན་དམའ་ཤོས་ཀྱི་སེལ་བ་མིན་གསུངས།   དེའི་ཚེ་མ་ག་དྷའི་རྒྱལ་པོ་རྱ་པཱ་ལ་ལ་འཕྲིན་ཡིག་མཛད་པ་དེ་ནག་ཚོས་བསྒྱུར།   དེ་ནས་བལ་ཡུལ་འོལ་ཁ་ཞེས་བྱ་བར་གནས་བརྟན་འོན་པ་བྱ་བ་ཇོ་བོའི་གྲོགས་པོ་ཞིག་གིས་ཡོན་བདག་བྱས་ནས་ཟླ་བ་གཅིག་བཞུགས།

  (པུ་ཧྲེང་འཁོར་ཆག་དགོན།).  དེ་ལྟར་དེ་རྣམས་གཅིག་གི་སྟེང་དུ་ཡང་ཐམས་ཅད་ཚང་བར་ཉམས་སུ་ལེན་པ་ཡིན་ཏེ།  བསྐྱེད་རིམ་གཅིག་པུའི་སྟེང་དུ་ཡང་ཐམས་ཅད་ཚང་བར་ཉམས་སུ་ལེན་པ་ཡིན་ནོ་ཞེས་གསུངས།  དེ་ནས་ལོ་ཙཱ་བ་རིན་ཆེན་བཟང་པོས་ཇོ་བོ་རྗེ་ལ་གསེར་སྲང་བདུན་ཕུལ་ནས་བདེ་མཆོག་གི་རིམ་པ་དང་རྗེ་བཙུན་མ་ཕག་མོའི་བྱིན་རླབས་གཉིས་ཞུས་པས་ཉམས་རྟོགས་ཁྱད་པར་ཅན་འཁྲུངས།  དེ་རྗེས་ཡང་གསེར་སྲང་བརྒྱ་རྩ་བརྒྱད་ཀྱི་ཐོག་དྲངས་རང་ཉིད་ཀྱི་དཔེ་ཆ་དང་མཆོད་གནས་མ་གཏོགས་པ་དངོས་པོ་ཅི་ཡོད་ཚང་མ་ཇོ་བོ་རྗེ་ལ་ཕུལ་ཏེ།  ཇོ་བོའི་བདེ་མཆོག་དང་ཕག་མོའི་སྒྲུབ་ཐབས་གཉིས་ལ་ཐུགས་དམ་མཛད།  དེ་གོང་མཁྱེན་པ་ཆེ་ཡང་། སྒྲུབ་པའི་གདམས་པ་ཇོ་བོ་རྗེ་ལས་རྙེད་པ་ཡིན་ཞེས་གྲགས།  སྐབས་དེར་ལོ་ཙཱ་བ་རིན་ཆེན་བཟང་པོོས་ཇོ་བོ་རྗེས་མཛད་པའི་དམ་ཚིག་བསྡུས་པ་བསྒྱུར་བས་འགྱུར་བཟང་བ་ཞིག་བྱུང་བས།  ཇོ་བོའི་ཞལ་ནས་ངའི་ལོ་ཙཱ་ལ་འགྲོ་དགོས་གསུངས་པས།  ལོ་ཆེན་རིན་བཟང་གིས་ཉིད་ཀྱི་དབུ་བསྟན་ནས་མགོ་དཀར་པོ་འདི་ལྟར་སོང་བས།  ཁོ་བོ་སྒྲུབ་པ་ཞིག་བགྱི་བར་ཞུ་ཞེས་ཞུས་པས།  ཇོ་བོའི་ཞལ་ནས།  ཀ་ཡེ་རིན་ཆེན་བཟང་པོ་ཁྱོད་སྒྲུབ་པ་རྣལ་མར་བྱེད་ན།  སྐྱེ་བ་སྔ་མ་ཕན་ཆད་ཀྱི་དགེ་བའི་ཆོས་དཔག་ཏུ་མེད་པའི་མཐུ་ནི་ཡོད།  དལ་འབྱོར་གྱི་མི་ལུས་ནི་ཐོབ།  སངས་རྒྱས་ཀྱི་བསྟན་དང་ནི་མཇལ། གདམས་ངག་སྟོན་པའི་དགེ་བའི་བཤེས་གཉེན་དང་ནི་ཕྲད།

འཁོར་ཆག་དགོན་གྱི་ཇོ་བོ་རྣམ་གསུམ།

  སྲིད་པའི་ནད་   (འཁོར་ཆག་ཇོ་བོ་རྣམ་གསུམ།)  རབ་ཏུ་ཞི་བར་བྱེད་པའི་དམ་པའི་ཆོས་ཀྱི་སྨན་ནི་རྙེད།  སྲིད་པའི་མུན་པ་སེལ་བའི་ཆོས་ཀྱི་སྒྲོན་མེ་ནི་རྙེད།  སྲིད་པའི་ཆུ་བོ་ལས་སྒྲོལ་བའི་ཐབས་ཤེས་རབ་ཀྱི་གྲུ་གཟིངས་རྙེད་པའི་དུས་འདིར་སེམས་བྱ་བ་ངན་པ་རྣམས་ཀྱིས་མི་གཡེང་བར་སྒྲུབ་པ་རྩེ་གཅིག་ཏུ་མཛོད་ཅིག་གསུངས་པས།  ལོ་ཆེན་རིན་ཆེན་བཟང་པོས་གདམས་ངག་ཐུགས་ལ་བཞག་ནས་སྒྲུབ་ཁང་གི་སྒོ་ལ་ལྕགས་གཟེར་བཏབ།  སྒོའི་ཡ་ཐེམ་ལ།  གནས་ཁང་འདིའི་ནང་དུ་ཐ་མལ་བའི་རྟོག་པ་སྐྱེས་ན་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱིས་མགོ་ཚལ་བ་བརྒྱར་ཁོས་ཤིག་ཅེས་བྲིས་ནས་བསྒྲུབ་པ་རྩེ་གཅིག་ཏུ་མཛད་པས་དཔལ་བདེ་མཆོག་གི་ཞལ་གཟིགས་སོ།།  དེ་ནས་ལྷ་བཙུན་བྱང་ཆུབ་འོད་ཀྱིས་གསེར་སྲང་སུམ་བརྒྱ་ཙམ་ཕུལ་ཏེ་གསོལ་བ་འདེབས་པ་ལྟར་འདུས་པ་ཡེ་ཤེས་ཞབས་ལུགས་ལ་བསྟེན་པའི་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་དང་གསང་འདུས་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་སོགས་གནང་།  རྒྱལ་པོ་ལྷ་ལྡེ་ཡང་རབ་ཏུ་བྱུང་།  དེ་བཞིན་རབ་ཏུ་བྱུང་བ་ཐམས་ཅད་སྡོམ་པ་ལ་བཀོད།  སྔགས་པ་ཐམས་ཅད་དམ་ཚིག་ལ་བཀོད།  ཁྱིམ་པ་རྣམས་ནི་བསྙེན་གནས་ལ་བཀོད།  གཤིན་ལ་དགེ་བ།  གསོན་ལ་རིམ་གྲོ།  ནད་པ་ལ་སྨན་དཔྱད།  སཱཙྪ་གཏོར་མ་ཀློག་འདོན་སྦྱིན་གཏོང་ལ་སོགས་པའི་སྲོལ་བཟང་ཡང་བཙུགས་པར་མཛད།  ལྷ་བཙུན་པ་ལ་འཇིག་རྟེན་དབང་ཕྱུག་གི་ཞལ་གཟིགས།  གནས་བརྟན་གསེར་མཚོར་ཇོ་བོ་རྗེའི་མན་ངག་མངོན་ཤེས་རྒྱ་ཆེན་པོ་ཐོབ།  དེ་ལ་སོགས་པ་འགྲོ་བ་དཔག་ཏུ་མེད་པའི་དོན་མཛད།  དེ་ལྟར་ཇོ་བོས་མངའ་རིས་སྟོད་དུ་བསྟན་པའི་བྱ་བ་རྒྱ་ཆེར་མཛད་ནས་ལོ་གསུམ་རྫོགས་པར་ཉེ་བ་ན། ནག་ཚོ་ལོ་ཙཱ་བ་ལ་གནས་བརྟན་གྱི་དམ་ཚིག་ལ་བཀར་བའི་མནའ་ཡོད་པས་ལོ་ཙཱ་བས་ད་རྒྱ་གར་དུ་འབྱོན་པར་ཞུ་ཞེས་བསྐུལ།  ཇོ་བོས་ཀྱང་འབྱོན་པ་ལྟར་གནང་སྟེ་པུ་ཧྲེང་དུ་ཕེབས།  ལྷ་བཙུན་བྱང་ཆུབ་འོད་ཀྱིས་ད་དུང་ཞལ་གདམས་ཅིག་གནང་བར་ཞུ་བྱས་པས།   ཇོ་བོ་རྗེའི་ཞལ་ནས་སྔར་གྱི་ཆོས་དེ་དག་གི་ཆོག་ལགས་གསུངས་པ་ལ།  ལྷ་བཙུན་བྱང་ཆུབ་འོད་ཀྱིས་ནན་ཏན་གྱིས་ཞུས་པས་གདམས་པ་འདི་གནང་བའོ།།  ཨེ་མའོ།   མཁྱེན་པ་མཐོ་ཞིང་ཐུགས་དགོངས་ཤིན་ཏུ་གསལ་བའི་གྲོགས་དག་ལ།།  རང་མཁོས་མེད་པའི་བློ་དམན་བདག་གིས་མཆིད་གྲོས་གསོལ་བར་མི་རིགས་ཀྱང་།།  སྙིང་བས་གཅེས་པའི་གྲོགས་པོ་དམ་པ་ཁྱེད་ཀྱིས་བདག་ལ་བསྐུལ་བས་ན།།  བྱིས་པ་ལོ་ཆུང་བདག་གིས་གྲོགས་ཀྱི་ཐུགས་ལ་མཆིད་གྲོས་འདི་འདེབས་སོ།།   གྲོགས་དག་བྱང་ཆུབ་མ་ཐོབ་བར་དུ་བླ་མ་དགོས་པས་བཤེས་གཉེན་དམ་པ་བསྟེན།།  གནས་ལུགས་མ་རྟོགས་བར་དུ་ཐོས་པ་དགོས་པས་བླ་མའི་གདམས་ངག་ཉོན།།  ཆོས་ནི་ཤེས་པ་ཙམ་གྱིས་སངས་མི་རྒྱས་པས་ཤེས་པས་མི་ཆོག་ཉམས་སུ་ལོངས།།   སེམས་ལ་གནོད་པའི་ཡུལ་དང་ཐག་བསྲིངས་རྟག་ཏུ་དགེ་བ་འཕེལ་སར་སྡོད།།  བརྟན་པ་མ་ཐོབ་བར་དུ་འདུ་འཛིས་གནོད་པས་དབེན་པའི་ནགས་ཁྲོད་བསྟེན།།  ཉོན་མོངས་སྐྱེ་བའི་གྲོགས་པོ་སྤོངས་ལ་དགེ་འཕེལ་གྲོགས་བསྟེན་དེ་སེམས་ཟུངས།།   ནམ་ཡང་བྱ་བའི་ལས་ལ་ཟིན་པ་མེད་པས་ཞོག་ལ་ལྷན་གྱིས་སྡོད།།  ཉིན་མཚན་རྟག་ཏུ་དགེ་བ་བསྔོ་ཞིང་རྟག་ཏུ་རང་སེམས་བྱ་ར་གྱིས།།  མན་ངག་ཡོད་པས་བསྒོམ་པ་མིན་ནམ་ཅི་བྱེད་བླ་མའི་གསུང་བཞིན་སྒྲུབས།། གུས་པ་ཆེན་པོས་བསྒྲུབ་ན་རིང་པོར་མི་ཐོགས་འབྲས་བུ་འཕྲད་དུ་འབྱུང་།།  སྙིང་ནས་ཆོས་བཞིན་བྱས་ན་ལྟོ་རྒྱབ་གཉིས་ཀ་ཞོར་ལ་འབྱུང་ཚུལ་འདུག།  གྲོགས་དག་འདོད་པ་རྣམས་ལ་ཚྭ་ཆུ་འཐུངས་བཞིན་ངོམས་པ་མེད་པས་ཆོག་ཤེས་མཛོད།།  དྲེགས་རློམ་ང་རྒྱལ་ཁེངས་པའི་སེམས་ཀུན་སྨོད་ལ་ཞི་ཞིང་དུལ་བར་གྱིས།།  བསོད་ནམ་ཟེར་བའི་འདུ་འཛི་དེ་ཡང་ཆོས་ཀྱི་བར་ཆད་ཡིན་པས་སྤོངས།།  རྙེད་དང་བཀུར་སྟི་བདུད་ཀྱི་ཞགས་པ་ཡིན་པས་སྲང་ཁའི་རྡོ་བཞིན་སོལ།།   བསྟོད་དང་གྲགས་པའི་ཚིག་རྣམས་སླུ་འབྲིད་ཡིན་པས་མཆིལ་སྣབས་བཞིན་དུ་དོར།།   ད་ལྟའི་བདེ་སྐྱིད་གཉེན་གསུམ་འཛོམས་ཡང་ཡུད་ཙམ་ཡིན་པས་རྒྱབ་ཏུ་སྐྱུར།།   འདི་བས་ཕྱི་མ་རིང་བས་ཕྱི་མའི་རྒྱགས་ཕྱེར་ནོར་རྣམས་གཏེར་དུ་སྤོས།།  ཐམས་ཅད་བོར་ནས་འགྲོ་བས་ཅིས་ཀྱང་བྱར་མེད་གང་ལའང་ཞེན་མེད་གྱིས།།   དམན་པ་རྣམས་ལ་སྙིང་རྗེ་བསྐྱེད་ལ་ཁྱད་དུ་གསོད་དང་བརེ་གཉིས་པ་སྤོངས།།

  དགྲ་ཐུན་སྡེ་རིས་ཀུན་ལ་ཞེན་ཅིང་ཆགས་པའི་ཡོགས་རིས་མེད་པར་མཛོད།།   ཡོན་ཏན་ཅན་ལ་ཕྲག་དོག་མི་བྱ་གུས་པར་གྱིས་ལ་ཡོན་ཏན་བླང་།།  གཞན་སྐྱོན་མི་བརྟག་རང་བསྐྱོན་བརྟག་ལ་རང་སྐྱོན་ཁྲག་ངན་བཞིན་དུ་ཕྱུང་།།    རང་དགེ་མི་བསམ་གཞན་དགེ་བསམས་ལ་ཀུན་ལ་བྲན་བཞིན་གུས་པར་མཛོད།།   འགྲོ་བ་ཀུན་ལ་ཕ་མའི་འདུ་ཤེས་བསྐྱེད་ལ་བུ་བཞིན་བྱམས་པར་གྱིས།།  རྟག་ཏུ་འཛུམ་པའི་བཞིན་དང་བྱམས་པའི་ཡིད་ཀྱིས་ཁྲོ་མེད་གསོང་བོར་སྨྲོས།།   འབྲེལ་མེད་སྨྲ་བ་མང་ན་འཁྲུལ་བ་འབྱུང་བས་ཚོད་བཟུང་རན་པར་སྨྲོས།།  དོན་མེད་བྱ་བ་མང་ན་དགེ་སྦྱོར་འཆག་པས་ཆོས་མིན་བྱ་བ་ཞོག།  སྙིང་པོ་མེད་པའི་ལས་ལ་རྩོལ་བ་མ་ཆེ་ངལ་བ་དོན་མེད་ཡིན།།   གང་ཡང་འདོད་ཁར་མི་མཆི་ཕ་རོལ་ལས་ལས་གྲུབ་པས་ལྷོད་ཀྱིས་གློད་ན་བདེ།།  ཀྭ་ཡེ་དམ་པས་ཁྲེལ་ན་ཤི་དང་འདྲ་བས་གྱོ་མེད་དྲང་བོར་སྲོང་།།  ཚེ་འདིའི་བདེ་སྡུག་སྔ་མའི་ལས་ལས་བྱུང་བས་གཞན་ལ་གྱོད་མི་གདའ།།  བདེ་བ་ཐམས་ཅད་བླ་མའི་བྱིན་རླབས་ལགས་པས་དྲིན་དུ་གཟོ་བར་མཛོད།།  རང་རྒྱུད་མ་ཐུལ་བར་དུ་གཞན་རྒྱུད་མི་ཐུལ་བས་ན་ཐོག་མར་རང་རྒྱུད་ཐུལ།།  མངོན་ཤེས་མེད་པར་གཞན་དག་སྨིན་པར་མི་ནུས་པས་ན་སྒྲུབ་ལ་བརྩོན་པར་མཛོད།།  བསགས་པའི་ནོར་རྣམས་བཞག་ནས་འགོ་བར་ངེས་པས་ནོར་ཕྱིར་སྡིག་མ་གསོག།  ལོངས་སྤྱོད་གཡེང་བ་འདི་ལ་སྙིང་པོ་མེད་པས་སྦྱིན་པ་ཡོན་གྱིས་བརྒྱན་པ་ཐོང་།།  ཚེ་འདིར་མཛེས་ཤིང་ཕྱི་མར་བདེ་བས་རྟག་ཏུ་ཚུལ་ཁྲིམས་རྣམ་དག་སྲུངས།། 

  སྙིགས་མའི་དུས་ན་ཞེ་སྡང་བདོ་བས་ཁྲོ་མེད་བཟོད་པའི་གོ་ཆ་གྱོན།།  ལེ་ལོའི་དབང་གིས་ད་རུང་ལུས་པས་སྒྲུབ་པའི་བརྩོན་འགྲུས་མེ་ལྟར་སྤོར།།  ཡེངས་མ་ལམ་དུ་མི་ཚེ་ཟད་པས་ད་ནི་བསམ་གཏན་བྱ་བར་རན།།  ལོག་ལྟའི་དབང་གིས་གནས་ལུགས་དོན་མེད་མི་རྟོགས་པས་ཡང་དག་དོན་ལ་གཞིགས།།  གྲོགས་དག་འཁོར་བའི་འདམ་རྫབ་འདི་ན་སྐྱིད་མེད་ཐར་བའི་སྐམ་སར་གཤེགས།།  བླ་མའི་གདམས་ངག་ཚུལ་བཞིན་བསྒོམས་ལ་འཁོར་བའི་བའི་སྡུག་བསྔལ་ཆུ་བོ་སྐོམས།།  རང་གི་སེམས་ལ་ཆོངས་དང་ཁ་ཚིག་མིན་གྱིས་གྲོས་ལ་གསན་པར་རིགས།།  དེ་ལྟར་མཛད་ན་བདག་ཀྱང་དགའ་ལ་རང་གཞན་ཀུན་ཀྱང་སྐྱིད་པར་མཆིས།།  སྨོངས་པ་བདག་གིས་གདམས་ངག་འདི་ལ་ཁྱེད་ཀྱིས་ཅིང་ཀྱང་གསན་པར་ཞུ་ཞེས་གསུངས།   

    ཇོ་བོ་རྗེ་ལ་སྔར་རྗེ་བཙུན་སྒྲོལ་མས་བོད་དུ་དགེ་བསྙེན་ཆེན་པོ་ཞིག་ལ་བརྟེན་ནས་བསྟན་པ་ལ་ཕན་པ་རྒྱ་ཆེན་པོ་འོང་ཞེས་གསུངས་པ་དང་།   དེ་སྐབས་ཀྱང་དགེ་བསྙེན་མྱུར་དུ་འོང་ཞེས་ཡང་ཡང་གསུངས་པས།   ཇོ་བོ་རྗེས་ཉིན་ལྟར་བྱ་ར་མཛད་ཅིང་།  ངའི་ཨུ་བ་སི་ཀ་མ་བྱུང་ཏཱ་རེས་རྫུན་ནི་ཅང་གསུང་ངམ་ཞེས་གསུངས།   ཉིན་གཅིག་སྦྱིན་བདག་གཅིག་གིས་ཇོ་བོ་གདན་དྲངས་པའི་ཤུལ་དུ་འབྲོམ་སྟོན་པ་ཇོ་བོའི་གཟིམས་ཁང་དུ་ཕེབས་པ་ན།   འབྲོམ་སྟོན་པས་ང་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་དང་མཇལ་བ་སྐད་ཅིག་མ་སྔ་ཕྱི་ལའང་སྔ་མ་འདམ་པས་སྒུག་མི་ཐུབ་གར་བཞུགས་ཀྱི་སར་འགྲོ་ཞེས་ཕེབས་པས་སྲང་བར་ཞིག་ཏུ་ཇོ་བོ་རྗེ་དང་མཇལ།  འབྲོམ་སྟོན་པས་བརྐྱངས་ཕྱག་མཛད་དེ་ཇོ་བོའི་སྐུ་མདུན་དུ་ཕེབས་པ་ན་ཇོ་བོ་རྗེས་འབྲོམ་སྟོན་པའི་དབུ་ཐོག་ཏུ་ཕྱག་བཞག་ནས་སཾ་སྐྲྀ་ཏའི་སྐད་དུ་ཤིས་བརྗོད་མང་དུ་མཛད། 

  དེ་ཉིན་སྦྱིན་བདག་དེ་ལའང་ངའི་ཨུ་བ་སི་ཀའི་སྐལ་བ་དགོས་ཞེས་བསྣམས་ནས་ཡོད་པ་དེ་གནང་།  ཇོ་བོ་རྗེ་སྐུ་ཚེ་ཧྲིལ་པོར་ཤ་མི་བཞེས་པས་དེ་ཉིན་གྱི་འབྲོམ་སྟོན་པའི་སྐལ་བ་དེ་ལ་ཟན་དང་མར་སྦྲགས་ནས་ཡོད་པ་འབྲོམ་གྱི་ཟན་དེ་བཞེས།  མར་དེ་མ་བཞེས་པར་མར་མེ་ཀོང་བུ་མཚན་ཐུབ་ཅིག་བཟོས་ནས་ཇོ་བོའི་དབུ་སྔས་སུ་ཕུལ།  དེ་ནས་བཟུང་སྟེ་སྐུ་ཚེ་ཧྲིལ་པོར་ཇོ་བོའི་དབུ་སྔས་སུ་མར་མེ་མཚན་ཐུབ་རྒྱུན་མ་ཆད་པར་ཕུལ་བ་ཡིན་གསུངས།  ཇོ་བོ་རྗེས་ནུབ་མོ་དེ་རང་ལ་འབྲོམ་སྟོན་པ་ལ་དབང་བསྐུར་ཏེ་སྲས་ཀྱི་ཐུ་བོར་བཟུང་།  

   དེ་ནས་པུ་ཧྲེང་ནས་རིམ་གྱིས་ཕེབས་དེ་མང་ཡུལ་གྱི་གྲོང་དུ་ཕེབས།  ཇོ་བོ་རྗེས་སྐྱིད་གྲོང་དུ་གཙོ་བོར་རང་བྱུང་འཕགས་པའི་ལྷ་ཁང་དུ་སྐལ་བ་དང་ལྡན་པ་མང་པོ་ལ་ཆོས་ཀྱི་འཁོར་ལོ་བསྐོར།  རང་བྱུང་འཕགས་པའི་བྱ་རི་ནགས་ཁྲོད་ཕུན་སུམ་ཚོགས་པ་ཞིག་ཡོད་པའི་ངོས་ལ་ཕེབས་ཏེ་གནས་དེར་སངས་རྒྱས་ཀྱི་བསྟན་པ་དར་བའི་རྟེན་འབྲེལ་བསྒྲིགས།  ཇོ་བོས་གནས་དེར་བྱོན་ནས་བྱིན་གྱིས་བརླབས་སོ་ཞེས་ཕྱི་མའི་སྐྱེ་བོ་རྣམས་ལ་སྣང་བར་བྱ་བའི་ཕྱིར་རྡོ་ལ་ཕྱག་མཛུབ་ཀྱིས་མ་ཎྀ་བྲིས་ཏེ་བཞག་པས་གནས་དེ་ལ་མ་ཎྀ་ལ་ཁ་ཞེས་མིང་དུ་ཆགས།  གནས་དེ་ནི་དེང་སྐབས་བཀྲ་ཤིས་བསམ་གཏན་གླིང་གི་སྒྲུབ་སྡེ་ཆགས་སའི་གནས་འདི་ཡིན་ཏེ།  མ་ཎྀ་ཇོ་བོའི་ཕྱག་བྲིས་མ་དེ་ནི་དེང་སང་ཡང་མཇལ་རྒྱུ་ཡོད་དོ།།  ཇོ་བོས་སྐལ་ལྡན་མང་པོར་ཆོས་འཁོར་རྒྱ་ཆེར་མཛད་པས་དེང་སང་ཡང་གྲ་ཆོས་འཁོར་དང་ལ་ལྡབས་ཆོས་འཁོར་ཞེས་མིང་དུ་གྲགས།  དེ་ནས་ནག་ཚོ་ལོ་ཙཱ་བས་ཇོ་བོ་རྒྱ་གར་གདན་འདྲེན་ཐབས་གཙོ་བོར་མཛད་དེ།  བལ་ཡུལ་བརྒྱུད་དེ་རྒྱ་གར་དུ་གདན་འདྲེན་རྩིས་བྱས་ཀྱང་ལམ་དུ་དམག་ཟིང་ཆེན་པོ་ལངས་པས་ལམ་འགག་ནས་ཕེབས་མ་ཐུབ།  དེའི་ཚེ་མང་ཡུལ་དུ་ལྷ་ཁང་དཀར་པོ་ཞེས་པ་བཞེངས་ནས་རབ་གནས་གྲུབ་མཚམས་ཇོ་བོ་རྗེ་རྒྱ་གར་དུ་བཞུད་ཁར་འབྲོམ་སྟོན་པས་བོད་དུ་མར་གདན་འདྲེན་ཐབས་གཙོ་བོར་མཛད་ལྷ་བཙུན་པས་ཀྱང་ཞུ་མ་ནུས་པའི་ཚེ།  འབྲོམ་སྟོན་པ་ནི་ཐུགས་ཟབ་ལ་དཀྱེལ་ཆེ་བས་དབུས་ཀྱི་ལྷ་ས་དང་བསམ་ཡས་སོགས་སུ་གཙུག་ལག་ཁང་ངོ་མཚར་བ་ན་དགེ་འདུན་བརྒྱ་ཕྲག་མང་པོ་བཞུགས་ཡོད་པས་དེ་ཐམས་ཅད་ཀྱིས་ཇོ་བོ་ཕེབས་པར་རེ་བ་རྩེ་གཅིག་ཏུ་བྱེད་བཞིན་ཡོད་སྐོར་ཐབས་ཀྱིས་ཞུས་པས།  ཇོ་བོས་ཚངས་པར་སྤྱོད་པ་གྲངས་མང་པོ་དེ་ལྟ་བུ་རྒྱ་གར་ན་ཡང་དཀོན།  དེ་དག་གི་ཁྲོད་དུ་དགྲ་བཅོམ་པ་བཞུགས་ཡོད་པར་ལུང་བསྟན་ཡོད་གསུངས་ནས་བོད་དབུས་གཙང་དུ་ཞལ་ཕྱོགས་ནས་ཕྱག་མང་དུ་མཛད། 

དེ་ཐམས་ཅད་ཀྱིས་ང་འོངས་པ་ལ་དགའ་བ་ཡིན་ན།  ངས་དགེ་འདུན་གྱི་བཀའ་མི་གཅོག་པར་དམ་བཅས་པ་ཡིན་གསུངས་པས།  འབྲོམ་སྟོན་པ་དགའ་བ་སྐྱེས་ནས་བོད་དུ་འབྱོན་པར་ཞུས་པས།  ཇོ་བོ་རྗེས་ཞལ་བཞེས་གནང་། 

     སྐབས་དེར་ལམ་བར་དུ་དམག་འཁྲུག་གིས་གདན་འདྲེན་མ་ཐུབ་པས་ནག་ཚོ་ལོ་ཙཱ་བ་ཅི་དྲག་ལ་ཐུག་སྟེ་ཡིད་བློང་པོར་གྱུར་པ་ན།  ཇོ་བོ་རྗེས་ནག་ཚོ་ལོ་ཙཱ་བ་ལ་དེ་ཙམ་སེམས་སྡུག་བྱེད་མི་དགོས་སྒྲུབ་པར་མ་ནུས་པ་ལ་ཉེས་པ་མེད་གསུངས།  ནག་ཚོ་ལོ་ཙཱ་བ་ཤིན་ཏུ་དགའ་ནས་འོ་ན་བོད་དུ་མར་བྱོན་པར་ཞུ་ཞེས་ཞུས།  དེ་ལྟར་ཇོ་བོ་རྗེ་ཕེབས་མ་ཐུབ་པས་རྒྱ་གར་དུ་བང་ཆེན་བརྫངས་ནས།   གནས་བརྟན་གྱི་བཀའ་བཞིན་ཇོ་བོ་བལ་པོ་བར་གདན་འདྲེན་ཀྱང་ལམ་དུ་དམག་འཁྲུག་གིས་གདན་འདྲེན་མ་ཐུབ་པར་རེ་ཞིག་ཕྱིར་ལོག་ཕེབས་དགོས་བྱུང་།  སླར་དུས་ཟིང་འཇགས་མཚམས་གདན་འདྲེན་ཞུས་ཆོག་པ་དང་།  ཇོ་བོ་རྗེ་བོད་དུ་ཕེབས་ནས་བསྟན་བཅོས་ཀྱང་འདི་འདྲ་བ་མཛད།   འགྲོ་དོན་ཡང་ཤིན་ཏུ་ཆེ་བས་རབ་ཏུ་བོད་དུ་བཞུགས་ཆོག་པ་འདྲ་མི་ཡོང་ངམ་ཞེས་ཞུ་ཡིག་དང་།  ལམ་སྒྲོན་ཇོ་བོས་ཕྱག་བྲིས་ངོ་མ་ཞིག་དང་།  གསེར་མང་པོ་བཅས་རྒྱ་གར་དུ་བརྫངས།  དེའི་ཚེ་རྒྱ་གར་དུ་ལོ་གཅིག་གི་ནང་དུ་བསྟན་བཅོས་གསར་པ་གང་བྱུང་བ་རྣམས་པཎྜིཏ་རྣམས་ཚོགས་ཏེ་གྲལ་བཤམ་ནས་ཤོག་བུ་རེ་རེ་བཞིན་གྲལ་ལ་བཏང་ནས་ཚང་མས་རེ་རེ་བཞིན་གཟིགས་ཤིང་ཚིག་དོན་ལ་སྐྱོན་མེད་པ་རྣམས་རྒྱལ་པོ་ལ་ཞུས་ཏེ་རྩོམ་པ་པོ་ལ་བྱ་དགའ་གནང་།  བསྟན་བཅོས་དེ་ཁྱབ་གདལ་དུ་བྱེད་ཆོག་པའི་དྲིལ་བསྒྲགས།  ཚིག་སྦྱོར་ལེགས་ཀྱང་དོན་ལ་སྐྱོན་ཡོད་རིགས་ཀྱི་བསྟན་བཅོས་དེ་དག་ཁྱིའི་མཇུག་མར་བཏགས་ཏེ་གྲོང་ཁྱེར་གྱི་སྲང་བར་ཁྲིད་དེ་རྩོམ་པ་པོ་དང་བཅས་པ་དམའ་ཕབ།  རྒྱལ་པོ་ལ་ཞུས་ནས་ཕྱིན་ཆད་བསྟན་བཅོས་དེ་བསྒྲག་མི་ཆོག་པའི་དྲིལ་བསྒྲགས་བྱེད་སྲོལ་ཡོད་པས་ཇོ་བོ་ཆེན་པོའི་གསུང་ལ་དེ་འདྲའི་བརྟག་དཔྱད་མི་དགོས་ཀྱང་ཡུལ་གྱི་ལུགས་སྲོལ་བཞིན་གྲལ་དུ་བཏང་བས།  ལམ་སྒྲོན་ཤོག་བུ་གསུམ་པོ་དེའི་ནང་དུ་བཀའ་མདོ་རྒྱུད་ཐབས་ཅད་ཀྱི་བརྗོད་བྱ་མ་ཚང་བ་མེད་པར་བསྡུས་ནས་བསྟན་ཅིང་།  འདི་ལ་བརྟེན་ནས་གསུང་རབ་ཐམས་ཅད་གདམས་ངག་ཏུ་ཤར་བས་པཎྜིཏ་རྣམས་ལ་ཐུགས་ངེས་ཆེན་པོ་འཁྲུངས།  ཐམས་ཅད་ཧ་ལས་ནས་མགྲིན་གཅིག་ཏུ་ཇོ་བོ་བོད་དུ་ཕེབས་པས་བོད་པ་རྣམས་ལ་ལེགས་པ་མ་ཟད།  ངེད་རྒྱ་གར་བ་རྣམས་ལའང་ཤིན་ཏུ་ལེགས་པ་བྱུང་།  ཇོ་བོ་རྗེ་རྒྱ་གར་དུ་བཞུགས་ན་རྒྱ་གར་བ་རྣམས་ཤེས་རབ་དང་བརྩོན་འགྲུས་ཆེ་བས་བསྟན་བཅོས་འདི་ལྟ་བུ་མི་གསུངས།  བོད་གླེན་ཞིང་བརྩོན་པ་ཆུང་བ་ལ་དགོངས་ནས་ཚིག་ཉུང་ལ་དོན་ཆེ་བའི་བསྟན་བཅོས་འདི་ལྟ་བུ་མཛད།  ཅེས་ཇོ་བོ་རྗེ་བོད་དུ་བཞུགས་པ་ལ་བསྔགས་བརྗོད་མང་དུ་གསུངས་པས།  གནས་བརྟན་རཏྣ་ཨ་ཀ་རས།  ད་འོ་ན་པཎྜིཏ་རྣམས་ཀྱིས་བསྔགས་བརྗོད་དེ་ལྟར་མཛད།  ཇོ་བོ་རྗེ་ཡང་བོད་དུ་བཞུགས་པ་ལ་དགྱེས།  འགྲོ་དོན་ཡང་ཆེ་བ་དེ་འདྲ་ཡོད་ན་ད་ཇོ་བོ་བོད་དུ་བཞུགས་ཆོག་པ་གྱིས།  སྐུ་ཚབ་ཏུ་ལམ་སྒྲོན་འདི་ལ་རང་འགྲེལ་ཞིག་མཛད་ནས་བསྐུར་ཤོག   ཅེས་པའི་ཡི་གེ་ཚུར་འབྱོར་བ་ན།  ནག་ཚོ་ལོ་ཙཱ་བ་ཤིན་ཏུ་དགའ་ནས་གནས་བརྟན་གྱིས་ཁུར་རི་ཙམ་ཞིག་བསྐུར་བ་ཉི་མ་དེ་རིང་ནས་སངས་སོང་ཞེས་གསུངས།།

མང་ནང་བྱང་ཆུབ་གླིང་དགོན་གྱི་བཀའ་གདམས་མཆོད་རྟེན།

གསར་འགོད་པ།   བློ་བཟང་ཆོས་གྲགས།  སྐལ་བཟང་ལུང་རྟོགས། 


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། mjbp བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5861586
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号