མཐར་ཕྱིན་སློབ་མས་མ་ཡུམ་སློབ་གྲྭའི་འཁྲུངས་སྐར་ལ་ཕུལ་བའི་ཤིས་ཚིག
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་གླིང་གསར་འགྱུར། »མཐར་ཕྱིན་སློབ་མས་མ་ཡུམ་སློབ་གྲྭའི་འཁྲུངས་སྐར་ལ་ཕུལ་བའི་ཤིས་ཚ
མཐར་ཕྱིན་སློབ་མས་མ་ཡུམ་སློབ་གྲྭའི་འཁྲུངས་སྐར་ལ་ཕུལ་བའི་ཤིས་ཚིག
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2018-11-15ལྟ་ཀློག (5235)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཤིས་ཚིག
ཤེས་རིག་ནོར་བུ་འབར་བའི་འོད་སྣང་གིས། ། 
གངས་རིའི་མུ་ཁྱུད་བཀང་བའི་ངོ་མཚར་གཏམ།། 
འགོག་མེད་གངས་རིའི་ཕྱི་ནང་ལ་ཁྱབ་སྟེ། །                    
མ་ཡུམ་སློབ་གླིང་སྲིད་མཐར་གནས་པར་ཤོག ། 
ཅེས་མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་བཞི་བའི་འཁྲུངས་སྟོན་ལ་མགོ་ལོག་རྨ་ཆེན་སློབ་ཚོགས་ནས་ཟླ་ཚེས་བཟང་བོར་གུས་ཕུལ། 

 

བཀྲ་ཤིས་ངག་གི་རོལ་མོ།

རྨ་ཆབ་ལི་མས་བྱུང་འདས་ལོ་རྒྱུས་གྱེར།།
ཤེས་རིག་སློབ་གླིང་ཆོས་སྲིད་དཔྱིད་དུ་འཛུམ།།
ཕུན་ཚོགས་སྡེ་བཞིའི་རེ་ཁཱ་གཡས་སུ་འཁྱིལ།།
འབྲུ་དྲུག་ཐང་ནས་རིག་པའི་མྱུ་གུ་བཞད།།
མ་བོས་བློ་གསལ་བུང་བ་གཞོན་ནུའི་ཁྱུ།།
མ་སྨད་ཤེས་རིག་སྦྲང་རྩིའི་རོ་ཡིས་བཀུག།
མ་ལུས་གདོང་དམར་སྤྱི་ཡི་མི་བོ་ཆེ།།
མ་ཡུམ་སློབ་གླིང་སློབ་དཔོན་རྣམ་གསུམ་ཡིན།།
རོང་འབྲོག་ན་གཞོན་མང་བོའི་ཡིག་རྨོངས་བསལ།།
ཆོལ་གསུམ་སྟོད་སྨད་ཀུན་ལ་སློབ་གསོ་སྤེལ།།
བགྲང་བྱའི་ན་ཚོད་ཤིན་ཏུ་ཕྲ་ན་ཡང་།།
གླིང་འདིས་ཁྱད་འཕགས་གཟི་འོད་གངས་ལ་ཕབ།།

ཅེས་མ་ཡུམ་སློབ་གླིང་གི་འཁྲུངས་སྟོན་ཉེར་བཞི་བའི་སྐབས་དང་བསྟུན། མ་ཡུམ་སློབ་གླིང་གི་དྲིན་གྱིས་བསྐྱངས་ཤིང་ཞིང་འདིར་རེ་ལྟོས་འཆང་བ་ཀུན་ཀྱི་གྲལ་མཐར་འཁོད་པ་གླིང་རུ་བས་ཟླ་ཚེས་དགེ་བར་ཕུལ། 


མེས་པོའི་བླ་མཁར།

རུ་ཡོང་རྨ་ཤུལ།  ཀིརྟི།
མགྲིན་པའི་ངག་སྒོ་ཕྱེ་དུས། ། 
དབྱངས་ཀྱི་འགྱུར་ཁུགས་ཨེ་ཐོས། །  
མེས་པོའི་ཕྱག་གི་དབྱངས་རྟ། །
ཀ་ཁའི་གདངས་ལ་འདྲེས་ཡོད། ། 
གཟན་ཤམ་ཐ་རྐྱང་འོག་གི ། 
མི་ཚེའི་འོད་སྣང་ཨེ་མཐོང་། །  
བགྲེས་པོ་དབུ་དཀར་ཅིག་གི །  
བྱམས་བརྩེའི་དྲོད་ཁོལ་ཁྱོད་ཡིན། །   
དབུ་ལ་ཁ་བ་མནབས་ཀྱང་། །
ཐུགས་སྨོན་གླིང་འདིར་བཏང་ཡོད། །
མེས་པོའི་རུས་པའི་གསེང་གི། ། 
རིག་པའི་བླ་སྲོག་ཁྱོད་ཡིན། །
བརྩོན་པའི་མེ་ཕུང་མཆེད་པའི། །
འདྲེས་འདྲེས་སྙིང་གི་སློབ་གླིང་། །  
རྨོངས་པའི་འཇིག་རྟེན་གཡོགས་དུས། 
སེམས་ཀྱི་སྐར་ཆེན་ཁྱོད་ཡིན། །
རྒྱབ་ལ་དཔེ་ཁུག་ཁུར་ནས། ། 
ལག་ལ་སྨྱུ་གུ་འཛིན་དུས། །
སྐད་ཡིག་སྙིང་གི་ནོར་ཡིན། ། 
ཕ་སྐད་སེམས་ཀྱི་དྲོད་ཡིན། །
དབྱངས་ལ་གཤོག་པ་ཐོགས་ནས། ། 
ཚིག་ལ་རི་མོ་བཞད་དུས། ། 
མེས་པོའི་རིགས་ཞེན་ཁྱོད་ཡིན། །
བཙན་པོའི་སྙིང་སྟོབས་ཁྱོད་ཡིན། །   
   མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་བཞི་བའི་འཁྲུངས་སྟོན་ལ་ཁ་གཡང་ཞིག་གི་དོད་དུ་ཁྱེད་ཀྱི་པང་ནས་འཚར་ལོངས་བྱུང་བའི་གྲལ་མཐའ་བ་དབང་ཆེན་གྲགས་པའམ་བོད་ཀྱི་ཁུ་བྷེ་རུ་འབོད་པས་རྨ་ཁུགས་དང་བོ་ནས་སྦྱར་བ་དགེའོ།།


ཤིས་ཚིག་བཀྲ་ཤིས་གཡང་འཁོར།

ཨེ་མ་ཐུགས་རྗེ་མཐོང་ལམ་ཡངས་པོ་རུ།།
ཤེས་རབ་སྣང་གསལ་ཉི་ཟླ་ལྷན་ཅིག་ཏུ།།
གཟུར་གནས་གངས་ལ་ཕོག་པའི་གཟི་བྱིན་གྱིས།།
མཐའ་དག་ཤེས་བྱའི་མེ་ཏོག་ལྷུག་པོར་བཞད།།
ཕན་བདེ་ཨ་མའི་བྱང་སེམས་བདུད་རྩིའི་རྒྱུན།།
ས་ཆེན་འཛིན་མའི་ལྟོ་བར་གཡས་སུ་བཞུར།།
དཔལ་ཡོན་མེ་ཏོག་འཐུ་བའི་དྲང་སྲོང་སྡེ།། 
མ་ཡུམ་རིག་པའི་བཙན་རྫོང་རྒྱལ་གྱུར་ཅིག།
མ་ཡུམ་སློབ་གྲྭའི་འཁྲུངས་སྟོན་ལ་བཀྲ་ཤིས་ལྷ་དར་དཀར་པོའི་ཚུལ་དུ་གངས་ལྗོངས་གཅེས་ནོར་ཚང་གི་ཚབ་ཏུ་ཐེབ་ཐོགས་ཕྲུག་ནས་གུས་ཕུལ།
2018-11-15



ཤིས་ཚིག

རྨད་བྱུང་རིག་པའི་གཞུང་ལུགས་བརྩོན་ལ་དཔའ།།
རིན་ཆེན་གསེར་གྱི་བསམ་བློ་གངས་ཀྱི་རྒྱུན།།
ཐོན་མིའི་དགོངས་དོན་འཚོལ་བའི་ཤེས་རིག་གླིང་།།
བསྐལ་བ་ཇི་སྲིད་བར་དུ་རྟག་བརྟན་ཤོག།
ཅེས་མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་བཞི་བའི་འཁྲུངས་སྟོན་ལ་འབའ་ཡུལ་ཐོན་མིའི་སློབ་ཚོགས་ཀྱིས་གུས་པས་ཕུལ།

 

རྟེན་འབྲེལ་ཕུན་ཚོགས་སྡེ་བཞི། 

འདི་ན་ཉི་ཟླ་ལས་ཀྱང་འོད་པོ་ཆེ།།

སྲིད་པའི་མུན་པ་སེལ་ལ་དཔལ་འབར་བའི།།
མཛངས་པའི་བློ་དང་མཁས་པའི་ཤེས་རབ་ཀྱི།།
བརྩེ་ཆེན་ཉིང་ཁུ་བུ་རམ་འོ་མའི་བཅུད།།
རྣམ་པར་འཐག་སྟེ་ཕྲག་བརྒྱའི་བུ་སློབ་ཀྱི།།
སེམས་ཀྱི་གཤིན་ས་གང་དེར་ལེགས་གཏོར་ནས།།
ཕུན་ཚོགས་འབྲས་བུ་གངས་ཅན་ཡུལ་གྲུ་ལ།།
རྣམ་པར་བཞད་པའི་ཤེས་རིག་ནོར་གྱི་སྡེ།།
བསྟན་སྲིད་ལྕགས་རི་སྐྱོང་ལ་རབ་བཞད་འདི།།
རྨོངས་པའི་ཆོམ་རྐུན་འཇོམ་པའི་དཔའ་གདེང་གིས།། 
ཡུན་དུ་གནས་པའི་དགེ་ལེགས་གང་དེར་འདུད།།
མ་ཡུམ་སློབ་གླིང་གི་འཁྲུངས་སྟོན་བཀྲ་ཤིས་རྟགས་བརྒྱད་ལ་གསེར་ཆེན་ཐོན་མིའི་སློབ་ཚོགས་ཀྱི་ཚབ་བྱས་ཏེ།  སློབ་འབངས་གྲལ་མཐའ་བ་རྟ་ནག་བཟོད་པས་རྒྱ་ནག་ནན་ཁྲོང་དུ་དགའ་གུས་དུང་གསུམ་གྱིས་སྦྱར་ཏེ་ཕུལ།
2018-11-15 


ཤིས་ཚིག

བསིལ་ལྗོངས་ནོར་འཛིན་ཡངས་པོའི་ལྟོ་བ་རུ།།
ཤེས་རིག་སྒྲོན་མེའི་འོད་སྣང་རབ་སྦར་བའི།།
མ་ཡུམ་སློབ་གླིང་གྲགས་སྙན་དབྱར་སྐྱེས་སྒྲ།།
འཛམ་གླིང་གོ་ལ་ཟླུམ་པོར་ཁྱབ་གྱུར་ཅིག།  
ཞེས་མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་བཞི་བའི་འཁྲུངས་སྐར་ལ་སྐབས་དང་བོའི་གསོ་རིག་འཛིན་གྲྭ་ནས་གུས་པས་ཕུལ།          


ཤིས་ཚིག

ཤེས་རིག་ནོར་བུ་འབར་བའི་འོད་སྣང་གིས། ། 
གངས་རིའི་མུ་ཁྱུད་བཀང་བའི་ངོ་མཚར་གཏམ།། 
འགོག་མེད་གངས་རིའི་ཕྱི་ནང་ལ་ཁྱབ་སྟེ། །                    
མ་ཡུམ་སློབ་གླིང་སྲིད་མཐར་གནས་པར་ཤོག ། 
ཅེས་མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་བཞི་བའི་འཁྲུངས་སྟོན་ལ་མགོ་ལོག་རྨ་ཆེན་སློབ་ཚོགས་ནས་ཟླ་ཚེས་བཟང་བོར་གུས་ཕུལ། 


ཤིས་ཚིག

དཀའ་ཁག་བརྒྱ་དང་བར་ཆད་སྟོང་གིས་འཇིགས་མེད་སྙིང་སྟོབས་མ་ཞུམ་ཞིང་།།

ཧུར་བརྩོན་བརྒྱ་དང་ལྷག་བསམ་སྟོང་གིས་ཤེས་རིག་རྒྱལ་མཚན་སྲིད་རྩེར་བསྒྲེངས།།
རེ་བ་བརྒྱ་དང་དད་པ་སྟོང་གིས་དགེ་རྒན་མཆོག་ལ་ཕྱག་འཚལ་ལོ།།
ཁ་གཡང་བརྒྱ་དང་བཀྲ་ཤིས་སྟོང་གིས་མ་ཡུམ་སློབ་གྲྭའི་འཁྲུངས་སྐར་བསུ།།

ཞེས་མདོ་ལའི་སློབ་ཚོགས་ཀྱིས་མ་ཡུམ་སློབ་གྲྭའི་འཁྲུངས་སྐར་ལ་ཕུལ།


ཤིས་ཚིག

མི་ལོ་ཉེར་བཞི་རྔུལ་ཆུའི་རྒྱུད་རིམ་ཡིན།།  

སྤོབས་པའི་ཕྱག་གིས་ཡང་ཡང་ཕྱིས་བ་ཡི།།

མཚན་སྙན་དོན་ལྡན་འཛམ་བུའི་གླིང་ན་མཛེས།།

བསྟོད་པའི་མགྲིན་དབྱངས་གཅིག་ཏུ་མཐུན་པ་མཚར།།  

རྒྱང་རིང་ས་མཐའི་ཡུལ་ན་གནས་གྱུར་ཡང་།།

མ་ཡུམ་འཁྲུངས་སྐར་དྲན་པ་རྒྱུན་ལྡན་ཏེ།། 

སེམས་ཀྱི་ཁ་བཏགས་དཀར་བོ་ཕུལ་བ་ཡི།།  

མ་ཡུམ་རྟག་བརྟན་སྙན་པ་འཕུར་བར་ཤོག །  

སློབ་བུའི་གྲལ་མཐའ་བ་སེར་སྐོར་འཇམ་ཚེས་དབུས་ཉི་མ་ལྷ་ས་ནས་མ་ཡུམ་སློབ་གྲྭའི་འཁྲུངས་སྐར་ཉེར་བཞི་ལ་ཕུལ།

ཤིས་ཚིག

རི་ཆུའི་ཕྲེང་མཛེས་ག༵ངས་ཅན་ར་བ་ཡི།།
སྨྲ་ཤེས་དོན་གོ་ལྗོང༵ས་འདིའི་འུ་ཅག་སྐྱིད།།
རྟེན་གཞི་བརྟེན་འབྱུང་འཇི༵གས་ལས་གྲོལ་བ་ཡི།།
བདེ་ལྡན་ཞིང་ཞེས་མཚ༵ན་སྙན་འབྲུག་གི་སྒྲ།།


གནའ་དེང་ཟུང་གི་ཤེ༵ས་བྱའི་ཉི་འོད་སྤྲོས།།
སྲོལ་ཚན་གཉིས་ཀྱི་རི༵ག་པའི་ལོ་ལེགས་སྨིན།།
སྐྱ་སེར་རུས་མེད་སློབ༵་ཚོགས་གདན་འཛོམས་པའི།།
འབྲུ་དྲུག་གཞོངས་ཀྱི་གླིང༵་འདི་ཨེ་མ་རྨད།།   
    
ཞེས་མ་ཡུམ་སློབ་གླིང་གི་འཁྲུངས་སྐར་ཉེར་བཞི་བར་ཤིས་ཚིག་ཞིག་གི་དོད་དུ་རྨ་ཆེན་སློབ་ཚོགས་ཀྱི་སྐབས་བཅུ་དགུ་བའི་མཐར་ཕྱིན་སློབ་བུ་མཁས་བཙུན་གྱིས་གནའ་མཁར་གྲོང་དུ་ཤར་མར་སྦྱར་བའོ།།  ༢༠༡༨.༡༡.༡༥ཉིན།


                              ཤིས་ཚིག 

ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་བཞི་བའི་འཁྲུངས་སྐར་ལ་ཕུལ། 

སྙན་པའི་གྲགས་པ་གོ་ལའི་ཁྱོན་ལས་བརྒལ།།
འཇིགས་མེད་ཤེས་རིག་རྒྱལ་མཚན་སྟོབས་ཀྱིས་བསྒྲེངས།།
ཁ་བ་ཅན་ལ་བསྐལ་བའི་རྡོ་རིང་བཙུགས།།
ཉེར་བཞིའི་འཁྲུངས་སྐར་ཉིན་མོ་དགེ་གྱུར་ཅིག།


ལྷག་བསམ་གངས་དང་ཁ་བར་འདྲེས་པ་ཡི།།
བུ་སློབ་སེམས་ཀྱིས་བསྐྱངས་པའི་དྲིན་ཆེན་རྗེ།།
རིགས་ཀྱི་ཞེན་པ་དཀར་བོའི་དཔའ་རྒོད་དཔུང་།།
སློབ་དཔོན་སྐུ་དྲིན་ཅན་རྣམས་རྒྱལ་གྱུར་ཅིག །


མཐུན་སྒྲིལ་ལྕགས་རི་བརྟན་པའི་སློབ་གྲོགས་ཚོས།།
ཉིན་མཚན་དབྱེར་མེད་ཐོས་པའི་ལས་ལ་འབད།།
མི་ཚེ་ཕྲེང་རྒྱུན་བརྩོན་པའི་ཆོད་སེམས་ཀྱིས།།
ཕ་ཡིག་འཛམ་གླིང་ཉི་མ་ནུབ་མེད་ཤོག །


ཉེར་བཞིའི་དགུང་གྲངས་སླེབས་པའི་མ་ཡུམ་གླིང་།།
དུས་དང་ཡུལ་གྱི་མཚམས་སུ་བཞུགས་པ་ན།།
བཞེད་དོན་ལྷུན་འགྲུབ་ཡོང་བའི་སྐྱབས་འཇུག་དང་།།
བསྟན་པ་ཡུན་རིང་གནས་པར་སྨན་གྱུར་ཅིག། 
རྨ་ཆེན་སློབ་ཚོགས་ཀྱི་སྐབས་བཅུ་བའི་མཐར་ཕྱིན་སློབ་བུ་ཁྲོ་རྒྱལ་ནས་ཟླ་ཚེས་བཟང་བོར་གུས་ཕུལ།


ཤིས་ཚིག
བསླབ་གསུམ་ངུར་སྨྲིག་གོས་ཀྱིས་རབ་བརྒྱན་པའི། །
འཇི༵གས་མེ༵ད་སྙིང་སྟོབས་སེང་ཆེན་མཁའ་རུ་འགྱིངས། །
གཞན་དོན་རྒྱ༵ལ་མཚ༵ན་སྒྲེང་མཁས་སེམས་དཔའ་གང་། །
སྒོ་གསུམ་གུས་པས་འདུད་དོ་བརྩེ་བས་གཟིགས། །
ཞེས་ཤིས་པ་བརྗོད་པའི་ཚིག་གིས་སྔུན་བསུས་ཏེ།  མ་ཡུམ་ལགས་ཀྱི་འཁྲུངས་སྐར་ཉེར་བཞི་བ་ལ་རྟེན་འབྲེལ་ཞུས་པ་དང་ལྷན་དུ་ཁྱོད་ཀྱི་སྙན་གྲགས་ཀྱི་བ་དན་དགུང་དང་མཉམ་པའི་སྨོན་འདུན་དང་།   སློབ་དཔོན་རྣམ་གསུམ་གཙོ་བྱས་ཏེ་དགེ་བཟོ་བ་ཡོངས་ཀྱི་གཟུགས་གཞི་བདེ་ཐང་དང་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ།   
ཞེས་སྐབས་བཅུ་བཞི་བའི་མཐར་ཕྱིན་འཛིན་གྲྭ་གཉིས་པའི་སློབ་བུ་སྟག་ཚང་ངག་དབང་གསུང་རབ་ཀྱིས་གུས་ཕུལ།  
                                      


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། oldr བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23538752
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།