༄༅། །བོད་ཀྱི་འབུར་གཟུགས་སྒྱུ་རྩལ་མཐོ་རིམ་བགྲོ་གླེང་
དང་༼ཨ་ཆུང་བཟོ་རིག་གཅེས་བཏུས༽
དཔེ་དེབ་འགྲེམས་སྤེལ་དབུ་འབྱེད་
ཐོག་གི་བརྗོད་དོན་
གླུ་དབྱངས།
ཕྱག་ཟུང་ལས་འཁྲུངས་པའི་ཤེས་རབ།
ཚིག ཀླུ་རྡེའུ་རྟ་མགྲིན་སྐྱབས།
དབྱངས། གངས་ཅན་པ་སྒྲོལ་མ་སྐྱབས།
ལེན་མཁན། གངས་ཅན་པ་སྒྲོལ་མ་སྐྱབས།
༡
ང་ཚོའི་ཡང་མེས་ཀྱིས་གསུངས་ན།
དང་པོ་བསྐལ་བ་ཆགས་ནས་འགྲོ་བ་མིའི་རིགས་བྱུང་ནོ་སྐད།
སེམས་ཀྱི་དད་པ་གནམ་གྱི་ལྷ་ལ་བཅོལ་ཏེ།
རང་བྱུང་ཡུལ་ཁམས་རང་གི་མགོན་དུ་སེམས་བཞིན།
བླ་དང་སྲོག་གི་རི་མོ་བྲག་ལ་བཏབ་ཡོད།
དེ་ནི་བསྐལ་བའི་ལ་མོར་འཚེར་བའི་བློ་གྲོས་ཀྱི་འོད་སྣང་ཞིག་ཡིན།
དེ་ནི་དུས་ཀྱི་རྒན་པོས་ཁུར་བའི་ལོ་རྒྱུས་ཀྱི་བྱུང་རིམ་ཞིག་ཡིན།
ཨ་་་་་བྲག་ལ་བརྐོས་པའི་བློ་གྲོས་ཀྱི་དན་རྟགས།
ས་ཡིས་བཞེངས་པའི་སྙིང་སྟོབས་ཀྱི་རི་བོ།
གོ་ལའི་གཞིས་ཁྱིམ་ལ་ཤེས་རབ་ཀྱི་ལག་པས་བཞེངས་པ་རྡོ་དང་འཇིམ་པ་མ་རེད།
གསེར་དང་ཟངས་ལྕགས་མ་རེད།
སྒྱུ་རྩལ་གྱི་འོད་སྣང་རེད།
དུངས་སེམས་ཀྱི་རི་མོ་རེད།
ཕྱག་ཟུང་ལས་འཁྲུངས་པའི་ཤེས་རབ་ཀྱི་ཉིང་བཅུད་་་་་་་་
ཤེས་རབ་ལས་བཞེངས་པའི་ཕྱག་ཟུང་གི་སྙིང་ནོར་་་་་་་་་་
༢
ང་ཚོའི་ཕ་མེས་ཀྱིས་གསུངས་ན།
མགོན་པོ་རི་ཡི་འདབས་ནས་མགོ་ནག་བོད་མི་བྱུང་ནོ་སྐད།
སེམས་ཀྱི་དད་པ་ནང་བའི་ཆོས་ལ་གཏད་དེ།
འགྲོ་དྲུག་སེམས་ཅན་རང་གི་ཕ་མར་སྒོམ་བཞིན།
དད་པའི་ལྷ་ཚོགས་སྲིད་པའི་གཙུག་ཏུ་བཞེངས་ཡོད།
དེ་ནི་བསྐལ་བའི་ལ་མོར་འཚེར་བའི་དད་འདུན་གྱི་འོད་སྣང་ཞིག་ཡིན།
དེ་ནི་ས་ཡི་ཏོག་ཏུ་བཞད་པའི་ཤེས་རིག་གི་མེ་ཏོག་ཅིག་ཡིན།
ཨ་་་་་བྲག་ལ་བརྐོས་པའི་བློ་གྲོས་ཀྱི་དན་རྟགས།
ས་ཡིས་བཞེངས་པའི་སྙིང་སྟོབས་ཀྱི་རི་བོ།
སྲིད་པའི་དབུ་རྩེ་ལ་ཤེས་རབ་ཀྱི་ཕྱག་གིས་བཞེངས་པ་རྡོ་དང་འཇིམ་པ་མ་རེད།
གསེར་དངུལ་ཟངས་ལྕགས་མ་རེད།
བློ་གྲོས་ཀྱི་ཉིང་བཅུད་རེད།
དད་འདུན་གྱི་མེ་ཏོག་རེད།
གངས་ཅན་ཤེས་རིག་འཛམ་གླིང་རྒྱན་དུ་ཤོག
|