ཆུ་བོ་སིནྡྷུའི་ཤེས་རིག་གི་བྱུང་བ་བརྗོད་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ཆོས་ལུགས།» ནང་ཆོས་དང་ཚན་རིག »ཆུ་བོ་སིནྡྷུའི་ཤེས་རིག་གི་བྱུང་བ་བརྗོད་པ།
ཆུ་བོ་སིནྡྷུའི་ཤེས་རིག་གི་བྱུང་བ་བརྗོད་པ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2018-11-10ལྟ་ཀློག (12081)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཆུ་བོ་སིནྡྷུའི་ཤེས་རིག་གི་བྱུང་བ་བརྗོད་པ།

སྤྲེལ་ཉི་མ་རྒྱལ་མཚན་གྱིས་བསྒྱུར།

ནང་དོན་གནད་བསྡུས།

      ཆུ་བོ་སིནྡྷུའི་འབབ་རྒྱུད་ཀྱི་ཤེས་རིག་སྟེ་ཧ་རབ་པའི་ཤེས་རིག་ནི་དུས་རབས་བཅུ་དགུ་བར་རྙེད་པ་ནས་བཟུང་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱ་ཡུལ་དུ་གྱུར། གནའ་བོའི་ཤེས་རིག་འདིའི་ཁྱབ་ཁོངས་གཙོ་བོ་ནི་ཨེ་ཤ་ཡ་ལྷོ་མའི་སྐམ་ས་ཆེན་པོ་གཉིས་པའི་ནུབ་བྱང་ས་ཁུལ་ཡིན། དེ་ནི་ད་ལྟའི་བར་དུ་ཨེ་ཤ་ཡ་ལྷོ་མའི་སྐམ་ས་ཆེན་པོ་གཉིས་པ་རུ་རྙེད་པའི་རང་རྐྱ་འཕེར་བའི་སྒོ་ནས་འཕེལ་རྒྱས་བྱུང་ཞིང་གྲུབ་པའི་ས་སྐྱེས་རྡོ་སྐྱེས་ཀྱི་གྲོང་ཁྱེར་ཤེས་རིག་ཐོག་མ་དེ་ཡིན། གནའ་བོའི་ཨེ་རྗིབ་དང་མེ་སོའུ་པུ་ཏ་ཡ་མིའི་རྗེས་སུ་འཛམ་གླིང་སྟེང་བྱུང་བའི་ཤེས་རིག་གསུམ་པ་དེ་ཆགས་ཡོད་ལ། དུས་རབས་ཉི་ཤུའི་ནང་གི་གནའ་རྫས་རྟོག་ཞིབ་སྔོག་འདོན་གལ་ཆེན་གྱི་གྲས་ཡིན། དེའི་ཁྱབ་ཁོངས་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་༡༣༠ཡོད་པས་གནའ་བོའི་ཨེ་རྗིབ་དང་མེ་སོའུ་པུ་ཏ་ཡ་མིའི་སྤྱིའི་རྒྱ་ཁྱོན་ལས་ཀྱང་ཧ་ཅང་ཆེ་བ་ཡོད། དེ་ལ་གྲོང་ཁྱེར་མང་པོའི་གནའ་ཤུལ་དང་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་ཆུ་འབུད་མ་ལག  རྨད་དུ་བྱུང་བའི་སྒྱུ་རྩལ་དངོས་རྫས་སོགས་འཛམ་གླིང་དུ་སྙན་གྲགས་ཡོད། འོན་ཀྱང་ཤེས་རིག་འདི་ནི་སྤྱི་ལོ་སྔོན་གྱི་༢༥༠༠ནས་བྱུང་སྟེ་སྤྱི་ལོ་སྔོན་གྱི་ལོ་༡༧༠༠ལོའི་སྔ་གཞུག་ཏུ་རིམ་གྱིས་ཡལ་ནས་འཇིག་སོང་། ད་ལྟའི་བར་དུ་ལོ་ངོ་༤༥༠༠ལྷག་གི་ལོ་རྒྱུས་ལྡན་ཞིང་ཀྲུང་གོའི་ཞ་རྒྱལ་རབས་ལས་ཀྱང་ལོ་བརྒྱ་ཕྲག་འགའ་ལས་སྔ་ཡོད་ཅིང་། དར་ནས་རྩེར་སོན་སྐབས་གྲོང་དང་གྲོང་ཁྱེར་སྟོང་ལྷག་ཡོད་ལ་ད་ལྟའི་ཡོ་རོབ་ནུབ་མའི་སྤྱིའི་རྒྱ་ཁྱོན་གྱི་ཆེ་ཆུང་ལྡན། ཆུ་བོ་སིནྡྷུའི་འབབ་རྒྱུད་ཀྱི་ཤེས་རིག་ལས་རྙེད་པའི་ཡི་གེ་ཕལ་ཆེར་༼ཡིག་གེ་དང་མཚོན་རྟགས་༢༠༠༠ཡོད།༽ད་ལྟའི་བར་དུ་ནང་དོན་རྟོགས་ཐུབ་མ་བྱུང་བས། གནའ་རྫས་རྟོག་ཞིབ་ཀྱི་དཔང་རྟགས་ནི་ཆུ་བོ་སིནྡྷུའི་འབབ་རྒྱུད་ཀྱི་ཤེས་རིག་ལ་རྒྱུས་ལོན་གྱི་རྒྱུ་ཆ་གཙོ་བོར་གྱུར་ཡོད།

ཀ  ༼ ཆུ་བོ་སིནྡྷུའི་འབབ་རྒྱུད་ཀྱི་ཤེས་རིག་གསར་རྙེད། 

     ཆུ་བོ་སིནྡྷུའི་འབབ་རྒྱུད་ཀྱི་ཤེས་རིག་གསར་དུ་རྙེད་པར་རྒྱུ་རྐྱེན་གཉིས་མཆིས་ཏེ།  གཅིག དུས་རབས་བཅུ་དགུ་བར་ནུབ་ཕྱོགས་རིགས་རྒྱུད་རིང་ལུགས་རྒྱ་བསྐྱེད་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཆེན་པོ་ཡོད་པས་ཡིན།   གཉིས། སྟབས་ལེགས་ནས་རྙེད་པ་ཡིན།  དུས་རབས་བཅུ་དགུ་བའི་མི་སེར་སྤེལ་བའི་དུས་སྐབས་སུ་ལོ་རྒྱུས་ཡུན་རིང་ལྡན་པའི་གནའ་བོའི་ཤེས་རིག་གི་རྒྱལ་ཁབ་སྐོར་ཞིག་གཅིག་རྗེས་གཉིས་མཐུད་དུ་མི་སེར་སྤེལ་མཁན་གྱིས་དབང་བསྒྱུར། མི་སེར་སྤེལ་བའི་རིགས་རྒྱུད་རིང་ལུགས་པ་དེ་ཚོར་མིའི་རིགས་ཀྱི་འབྱུང་ཁུངས་དང་ཤེས་རིག་གི་འབྱུང་ཁུངས་བཅས་ལ་སྤྲོ་བ་ལྡན་པས་བདག་ཏུ་བཟུང་བའི་ས་ཁུལ་ལ་གནའ་དཔྱོད་སྔོག་འདོན་བྱས་པ་མ་ཟད་འབྲེལ་ཡོད་ཀྱི་གནའ་དཔྱོད་ལས་ཁུངས་བཙུགས་ཤིང་།  གནའ་བོའི་ཤེས་རིག་གི་རྗེས་ཤུལ་སྐོར་ཞིག་རིམ་བཞིན་གསར་དུ་རྙེད། དུས་རབས་བཅུ་དགུ་བའི་དུས་འགོར་རྒྱ་གར་དུ་སྡོད་པའི་དབྱིན་ཇིའི་མི་སེར་སྤེལ་མཁན་གྱིས་ལྕགས་ལམ་བཟོ་བའི་བརྒྱུད་རིམ་ཁྲོད་ཧ་རབ་པའི་རྗེས་ཤུལ་བཤིགས་ནས་སྟེང་གི་སོ་ཕག་ལྕགས་ལམ་གྱི་རྨང་གཞིར་བཏིངས། རྗེས་སུ་སོ་ཕག་འདི་དག་ཆ་རྒྱུས་མེད་པའི་གནའ་བོའི་ཤེས་རིག་ཅིག་ལ་གཏོགས་པ་གསལ་བོར་ཤེས། དེ་ལས་ཆུ་བོ་སིནྡྷུའི་ཤེས་རིག་ཡང་བསྐྱར་གསར་དུ་རྙེད་དོ།།

སྔོག་འདོན།

       སྤྱི་ལོ་༡༨༥༠ལོར་རྒྱ་གར་གྱི་གནའ་དཔྱོད་ཡབ་ཆེན་ཨེ་ལེག་ཟན་དར·ཁ་ཉེ་ཧམ་(AIexander Cunningham)གྱིས་ཧ་རབ་པའི་ས་འོག་ལས་ཐོན་པའི་སོ་ཕག་ལ་ཞིབ་འཇུག་བྱས་ཤིང་བཟོ་དབྱིབས་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་སྲེག་བཟོས་སོ་ཕག་འདི་དག་རྒྱ་གར་གྱི་ནང་བསྟན་དུས་རབས་ལས་སྔ་བ་གསལ་བོ་ཤེས། རྗེས་ཀྱི་གནའ་དཔྱོད་སྔོག་འདོན་ཁྲོད་ཐམ་ག་འགའ་ཤས་ས་འོག་ནས་ཐོན་ཞིང་ཐམ་གའི་སྟེང་གི་ཡིག་རིགས་དེ་དག་གཞན་དང་མི་འདྲ་བས་ད་ལྟའི་བར་དུ་འགྲེལ་བཤད་བྱེད་ཐབས་མ་བྱུང་། དུས་རབས་བཅུ་དགུ་བའི་མཇུག་ལ་དབྱིན་ཇི་མི་སེར་སྤེལ་བའི་དབང་འཛིན་མཁན་གྱིས་རྒྱ་གར་གནའ་རྫས་རྟོག་ཞིབ་ལས་ཁུངས།(Archaeological Survey of India)བཙུགས་ཤིང་ཆུ་བོ་སིནྡྷུའི་ཤེས་རིག་ལ་རྒྱུད་ཁོངས་ཀྱི་གནའ་རྫས་རྟོག་ཞིབ་སྔོག་འདོན་བྱས།

     དུས་རབས་ཉི་ཤུ་བའི་དུས་འགོར་རྒྱ་གར་གྱི་གནའ་རྫས་གནའ་ཤུལ་མཁས་པ་ཌེ་ཡ་རེམ་ས་ཉེ་ཡིས་གོ་རིམ་ལྡན་སྒོ་ནས་ཧ་རབ་པའི་གནའ་ཤུལ་ལ་སྔོག་འདོན་བྱས། འོན་ཀྱང་དེ་སྔ་ལྕགས་ལམ་འཛུགས་སྐྲུན་གྱིས་རྐྱེན་གནའ་ཤུལ་ལ་གཏོར་བཤིག་ཚབས་ཆེན་ཐེབས་པ་མ་ཟད་རིན་ཐང་ཆེ་ཆེར་ལྡན་པའི་གནའ་རྫས་ཅི་ཡང་མ་རྙེད།

     སྤྱི་ལོ་༡༩༢༡ལོར་R.D. Berner jiཡིས་མོ་ཧེན་ཛོ་ད་རོའི་གནའ་ཤུལ་ལ་སྔོག་འདོན་བྱས་ཤིང་གྲོང་ཁྱེར་འདིའི་གནའ་ཤུལ་སྔོག་འདོན་ལ་དོན་སྙིང་གལ་ཆེན་ལྡན་ནོ། །  

ཆུ་བོ་སིནྡྷུའི་ཤེས་རིག་གི་གྲོང་ཁྱེར་གཙོ་བོ་ཁག

ཆུ་བོ་སིནྡྷུའི་འབབ་རྒྱུད་ངོས་འཛིན། 

     ཆུ་བོ་སིནྡྷུ་ནི་རྒྱ་གར་གྱི་ཆུ་བོ་གཙོ་བོའི་གྲས་ཤིག་ཡིན་ལ།   དེ་ནི་རི་བོ་ཧི་མ་ལ་ཡ་ནས་བབས་ཏེ་པཎྗབ༼ཆུ་བོ་ལྔའི་ཡུལ་༽སོགས་རྒྱ་གར་གྱི་ནུབ་མཐའ་བརྒྱུད་ནས་ཨ་རབ་རྒྱ་མཚོ་ཆེན་མོ་རུ་འབབ་གྱིན་འདུག(འདི་ལ་བོད་ཡུལ་དུ་སེང་གེ་ཁ་འབབ་ཟེར།)ཆུ་བོ་སིནྡྷུའི་འབབ་རྒྱུད་ཟེར་བ་ནི་ཆུ་བོ་འདི་ཉིད་བཞུར་སའི་རི་ལུང་ཐང་གསུམ་གྱི་ས་ཁུལ་བཅས་ལ་གོ་དགོས། ས་ཁུལ་ག་གེ་མོ་ཞིག་གི་ཤེས་རིག་ཅེས་འབོད་སྐབས་གནས་དེའི་མི་དམངས་ཀྱི་སྤྱི་ཚོགས་དང་།  ཆོས་ལུགས། རིག་གནས། ཆབ་སྲིད་བཅས་ཀྱི་འཚོ་བ་གང་འདྲ་ཞིག་ཡིན་པ་ལ་ཟེར།  ཆུ་བོ་སིནྡྷུའི་འབབ་རྒྱུད་ཀྱི་ཤེས་རིག་ཟེར་བ་ནི་ཆུ་བོ་སིནྡྷུའི་ཆུ་ངོགས་ས་ཁུལ་གྱི་སྡོད་དམངས་དང་སྤྱི་ཚོགས། ཆོས་ལུགས། དཔལ་འབྱོར། རིག་གནས།  ཆབ་སྲིད་གནས་བབས་སོགས་བསྟན་ཡོད།  གནས་འདིའི་སྡོད་དམངས་ནི་མི་རིགས་གང་ཞིག་ཡིན་པ་ཐག་གཅོད་དཀའ་བའི་རྐྱེན་གྱིས་ཆུ་བོ་སིནྡྷུའི་འབབ་རྒྱུད་ཀྱི་ཤེས་རིག་ལ་མཁས་པ་ཁ་ཤས་ཀྱིས་ཧ་རབ་པའི་ཤེས་རིག་དང་མོ་ཧེན་ཛོ་ད་རོའི་ཤེས་རིག་ཅེས་འབོད་གྱིན་ཡོད།  ཧ་རབ་པ་ནི་པཎྗབ་ནུབ་མའི་མང་ཏི་ཀོའོ་མོ་ལེ་ས་ཁུལ་དུ་གནས་ཤིང་། མོ་ཧེན་ཛོ་ད་རོ་ནི་རྒྱ་གར་གྱི་ལའར་ཀ་ན་ས་ཁུལ་དུ་ཡོད།

    སྤྱི་ལོ་༡༩༢༢ ལོར་གོང་གི་ས་ཁུལ་འདི་དག་ནས་རིག་དངོས་རྗེས་ཤུལ་མི་ཉུང་བ་སྔོག་འདོན་བྱས་ཤིང་། རིག་དངོས་འདི་དག་ལ་ཞིབ་འཇུག་བྱས་པ་བརྒྱུད་ནས་རྒྱ་གར་རིག་གནས་སྔ་སྣུར་ཆེན་པོ་བྱས། དཔེར་ན་རིག་བྱེད་དུས་སྐབས་ལས་ཀྱང་ཤིན་ཏུ་སྔ་བ་མཆིས། ཆུ་བོ་སིནྡྷུའི་འབབ་རྒྱུད་ཀྱི་ས་ཁུལ་གཞན་འགའ་ཞིག་ཏུའང་ཧ་རབ་པ་དང་མོ་ཧེན་ཛོ་ད་རོའི་རིག་དངོས་དང་གཅིག་མཚུངས་ཀྱི་དངོས་པོ་འགའ་གསར་རྙེད་བྱུང་ལ། དེར་བརྟེན་ཆུ་བོ་སིནྡྷུའི་འབབ་རྒྱུད་ཡོངས་ཤེས་རིག་གཅིག་ལ་གཏོགས་པ་བདེན་དཔང་བྱས།  དེའི་ཕྱིར་ཆུ་བོ་སིནྡྷུའི་འབབ་རྒྱུད་ཀྱི་ཤེས་རིག་ལ་ཧ་རབ་པ་དང་མོ་ཧེན་ཛོ་ད་རོའི་ཤེས་རིག་ཅེས་ཀྱང་འབོད། འོན་ཀྱང་མཁས་པ་མང་ཤས་ཀྱིས་དེ་ལ་ཆུ་བོ་སིནྡྷུའི་འབབ་རྒྱུད་ཀྱི་ཤེས་རིག་ཟེར། ལོ་ངོ་སྟོང་ཕྲག་འགའི་སྔོན་ལ་ཆུ་བོ་སིནྡྷུའི་འབབ་རྒྱུད་ཀྱི་སྡོད་དམངས་ཀྱི་སྤྱི་ཚོགས་དང་། ཆོས་ལུགས།  དཔལ་འབྱོར། རིག་གནས། ཆབ་སྲིད་སོགས་དོན་དངོས་ག་འདྲ་ཡིན་པ་འཛམ་གླིང་མི་དམངས་ཀྱིས་ཤེས་འདོད་ཆེ་བའི་དྲི་བ་ཞིག་ཡིན། 

༼ང ༽ཆུ་བོ་སིནྡྷུའི་ཤེས་རིག་གི་གནའ་ཤུལ་གྱི་གཞི་ཁྱོན་དང་ཆགས་དབྱིབས།

       གནའ་རྫས་དཔྱད་ཞིབ་ལས་ཤེས་གསལ་ལྟར་ན་ཧ་རབ་པ་དང་མོ་ཧེན་ཛོ་ད་རོ་ནི་གཞི་རྒྱ་ཧ་ཅང་ཆེ་བའི་གྲོང་ཁྱེར་གཉིས་ཡིན་ཞིང་།  དེའི་འཛུགས་སྐྲུན་ལ་གཅིག་གྱུར་གྱི་འཆར་འགོད་ངེས་ཅན་ལྡན་ལ། སྲང་ལམ་ལྷོ་བྱང་དང་ཤར་ནུབ་ཏུ་ཕྱོགས་ཡོད་ཅིང་། གྲུ་ཟུར་སྣོལ་བ།  གནས་ཐིག་གཏན་ཁེལ་ཡང་དག་པ།  སྲང་ལམ་ཡངས་ཤིང་རྒྱ་ཆེ་བ། སྲང་ལམ་གཙོ་བོའི་ལམ་ཞེང་ལ་དབྱིན་ཁྲི་༣༣་རྨིད་བཅུ་ཡས་མསཡོད་པ་མ་ཟད་ཤིང་རྟ་འགའ་མཉམ་དུ་སྐྱོད་ཆོག ལམ་ཆེན་ནི་ཅུང་ཆེ་བའི་སྲང་ལམ་འགའ་ལ་འབྲེལ་འདུག་ཅིང་ཆེས་དོག་པོའི་སྲང་ལམ་ཆུང་བའི་ཞེང་ཚད་ལ་དབྱིན་ཁྲེ་༤་ཙམ་མཆིས།  གཞུང་ལམ་འགྲམ་གཉིས་སུ་སྲ་ཞིང་བརྟན་པའི་འཛུགས་སྐྲུན་ཡོད་ལ།  དེ་ཉིད་སོ་ཕག་གིས་བསྐྲུན་ཞིང་སོ་ཕག་ནི་ཤིང་ཆ་བསྲེགས་ནས་བཟོས་པ་ཡིན།  ཁང་པ་མང་ཤོས་ནི་ཉིས་ཐོག་ཅན་ཡིན་ལ་རྩིག་གྱང་ཤིན་ཏུ་མཐུག་པོ་ཡོད། ཐོག་བརྩེགས་གཉིས་ཡན་གྱི་ཁང་པའང་འདུག་ལ། ཁང་པ་རེ་རེ་སྐས་ཀ་འདུག་ལ་སྐས་སྒྲོམ་མང་ཆེ་བ་གུ་དོག་པོ་ཡོད་ཅིང་ཞེང་ཆེ་བའི་སྐས་ཀའང་མཆིས།  མཐོ་ཞིང་ཆེ་བའི་འཛུགས་སྐྲུན་གྱི་སྒོ་ཧ་ཅང་ཆེ་ཞིང་། ཁང་པ་འགའ་ཤས་ཀྱི་སྒོ་ཆུང་ནའང་ཤིང་རྟ་འགྲོ་ཐུབ། ཁང་པའི་སྒོ་ཡོད་ཚད་ལ་སྒེའུ་ཁུང་ཡོད་ཅིང་དེ་ནི་རླུང་རྒྱུ་བ་དང་འོད་རྒྱུ་བའི་ཆེད་དུ་ཡིན། སྒོ་དང་སྒེའུ་ཁུང་གི་ཁྱད་ཆོས་གཙོ་བོ་ནི་ཁང་པའི་ནང་དང་སྦྲེལ་བ་དེ་ཡིན་ལ། འོན་ཀྱང་སྤྱི་སྤྱོད་སྲང་ལམ་གྱི་རྩིག་པའི་ངོས་ན་སྒོ་དང་སྒེའུ་ཁུང་གང་ཡང་མེད།  ཁང་པའི་དཀྱིལ་ནི་ཁྱམས་ར་ཡིན། ཐབ་ཚང་ཁང་པའི་ནང་ཟུར་ཞིག་ཏུ་སོ་ཕག་བརྩིགས་ནས་གྲུབ་པ་ཡིན། ཁང་པ་རེ་རེ་ལ་ཁྲུས་ཁང་བསྐྲུན་ཡོད་ཅིང་ཁྲུས་རྫིང་གི་མཐིལ་སོ་ཕག་གིས་གྲུབ་ཡོད་ལ། ཁྲུས་ཁང་མང་ཤས་ཀྱི་གམ་ན་གཙང་སྤྱོད་ཁང་གནས། གྲོང་ཁྱེར་ཡོངས་ལ་གཅིག་གྱུར་གྱི་བཙོག་ཆུ་འབུད་སའི་ཆུ་ལམ་དྲ་བའི་མ་ལག་ཡོད་ཅིང་ཁྱིམ་ཚང་རེ་རེ་ཡི་བཙོག་ཆུ་དག་ཆུ་ལམ་བརྒྱུད་ནས་སྲང་ལམ་ཆེ་བའི་ས་འོག་ཆུ་ལམ་དུ་བཞུར་བཞིན་ཡོད་ཅིང་།  ས་འོག་ཆུ་ལམ་དེ་ཟམ་སྦུག་ཆེན་པོ་ཞིག་ཏུ་སྦྲེལ་ཡོད་ལ་བཙོག་ཆུ་ཟམ་སྦུག་ནས་ཆུ་བོའི་ནང་དུ་འབབ་གྱིན་ཡོད། ཆུ་བཤང་ཡུར་བུ་ནི་སོ་ཕོག་བརྩིགས་ནས་བཟོས་པ་འདུག་ཅིང་དེ་ནི་རྡོ་ཐལ་དང་ས་གཉིས་བསྲེས་ནས་བརྩིགས་འདུག ཆུ་བཤང་ཡུར་བུ་ཆུང་བ་སོ་ཕག་གིས་བརྩིགས་ཡོད་ལ་ཆེ་བ་རྡོ་བཟོས་མས་བརྩིགས་པར་མཆིས།   ཁྲོན་པ་མང་པོ་ཡོད་ཅིང་ཆེ་ཆུང་མི་འདྲ། ཁྲོམ་པ་ཆུང་བའི་ཁའི་ཚངས་ཐིག་ལ་དབྱིན་ཁྲེ་༢་དང་ཁྲོམ་པ་ཆེ་བའི་ཁ་ཡི་ཚངས་ཐིག་ལ་དབྱིན་ཁྲེ་༧ཡོད།   སྤྱི་སྤྱོད་ཁྲོམ་པ་དང་ཁྱིམ་སྤྱོད་ཁྲོམ་པ་གཉིས་ཀ་འདུག  མོ་ཧེན་ཛོ་ད་རོ་རུ་ཆུ་གསོག་རྫིང་བུ་ཆེན་པོ་འདུག་ཅིང་རིང་ཚད་ལ་དབྱིན་ཁྲེ་༣༩་དང་ཞེང་ལ་དབྱིན་ཁྲེ་༣༣་ཡོད་ཅིང་ཟབ་ཚད་དབྱིན་ཁྲེ་༨ཙམ་འདུག  དེ་ནི་སོ་ཕག་བརྩིགས་ནས་བཟོས་ཤིང་རྩིག་པ་སྲ་ཞིང་བརྟན། གྲོང་ཁྱེར་གྱི་ཉེ་འཁོར་ན་འོབས་དོང་ཟབ་མོ་བརྐོས་ཡོད་ཅིང་མཁར་གྱང་བརྩིགས་ནས་མཁར་རྫོང་གི་ནུས་པ་ཐོན་ཡོད།  

མོ་ཧེན་ཛོ་ད་རོའི་འཁྲུད་ཁང་ཆེན་པོའི་ཤུལ་དང་ས་འོག་ཆུ་ལམ།

མོ་ཧེན་ཛོ་ད་རོའི་གནའ་ཤུལ

ཏོའོ་ལ་བེ་ལའི་སྤྱི་སྤྱོད་ཁྲོམ་པ།

ཌོའོ་ལ་བེ་ར་གྲོང་ཁྱེར།

ཆུ་བོ་སིནྡྷུའི་ཤེས་རིག་གི་ས་འོག་ཆུ་ལམ

༼ཅ ༽ཆུ་བོ་སིནྡྷུའི་ཤེས་རིག་གི་སྤྱི་ཚོགས་ཀྱི་གྲུབ་ཚུལ་དང་འཚོ་བའི་སྐོར། 

      མོ་ཧེན་ཛོ་ད་རོའི་སྔོག་འདོན་ལས་ཆུ་བོ་སིནྡྷུའི་འབབ་རྒྱུད་ཀྱི་སྤྱི་ཚོགས་ལ་རིམ་པ་བྱུང་ཡོད་ལ།  མི་ནི་རིམ་པ་བཞི་རུ་བགོས་འདུག་ཅིང་།  རིམ་པ་དང་པོ་ནི་མཁས་པ་ཡིན་ལ་དེའི་ཁྲོད་དུ་ཆོས་པ་དང་། སྨན་པ། སྐར་དཔྱད་པ་སོགས་འདུས།  རིམ་པ་གཉིས་པ་ནི་དམག་མི་ཡིན་ལ་དེའི་འགན་ཁུར་གཙོ་བོ་ནི་སྤྱི་ཚོགས་བདེ་སྲུང་ཡིན།  རིམ་པ་གསུམ་པ་ནི་ཚོང་པ་ཡིན་ལ་ཁོ་ཚོ་ཁེ་ལས་སྣ་ཚོགས་སུ་ཞུགས་ཡོད།  རིམ་པ་བཞི་བ་ནི་ཁྱིམ་གྱི་གཡོག་པོ་དང་བཟོ་བ་ཡིན། སྔོག་འདོན་ལས་བྱུང་བ་ལྟར་ན་སྐབས་དེར་མི་རྣམས་ཀྱིས་ཁ་ཟས་ནི་གྲོ་དང་། སོ་བ།  སིལ་དམར། སྲན་མ། ཉ།  གླང་ཤ། སྒོ་ང་། ཤིང་ཏོག  འོ་མ། སྔོ་ཚལ་སོགས་ཡིན་ལ། ཁྱིམ་ཕྱུགས་ལ་རྔ་མོང་དང་།  བ་མོ། མ་ཧེ།  ལུག  གླང་ཆེན།  གླང་རྔ་ནོག ར་མ། ཕག ཁྱིམ་བྱ་སོགས་ཡོད།  སྡོད་དམངས་ཕལ་ཆེ་བས་ཨོག་ཚོམ་བཞག་འདུག་ཅིང་འགའ་ཤས་ཀྱིས་བཞག་མེད།  སྐྲའི་རིང་ཐུང་མི་འདྲ་ལ་སྐྲ་རིང་པོ་འཇོག་མཁན་གྱིས་སྐྲ་ལྷས་ནས་ཡོད་ཅིང་ལྟག་རྒྱབ་ཏུ་ཤད་ཡོད། གྱོན་པ་ནི་རྒྱུ་བལ་དང་སྲིང་བལ་ལས་བཟོས་པ་ཡིན་ཞིང་སྟོད་གོས་དང་སྨད་གོས་གཉིས་སུ་ཕྱེས་ཡོད། ཕོ་མོའི་གོན་པ་ལ་དེ་འདྲའི་ཁྱད་པར་ཆེན་པོ་མེད།  རྒྱན་ཆ་རིགས་སྣ་ཚོགས་དར་ཁྱབ་ཆེ་སྟེ། དཔེར་ན་མགུལ་རྒྱན་དང་། གྲུ་གདུབ། ལག་གདུབ། མཛུབ་དཀྲི་སོགས་གདགས་ལ།  འོན་ཀྱང་སྣ་རྒྱན་དང་། རྣ་རྒྱན། རྐང་གདུབ་སོགས་ནི་བུད་མེད་གཅིག་པུས་གདགས།  འབྱོར་ལྡན་གྱི་རྒྱན་ཆ་ནི་གསེར་དང་། དངུལ། ནོར་རྡོ་ལས་བཟོས་པ་ཡིན།  དབུལ་བོའི་རྒྱན་ཆ་ནི་ཟངས་དང་རུས་པས་བཟོས་པ་ཡིན་ཞིང་རྫ་ཆས་ཀྱང་མཆིས། ད་དུང་ལི་ལས་བཟོས་པའི་མེ་ལོང་དང་བ་སོ་ལས་བཟོས་པའི་སྐྲ་ཤད་སོགས་དངོས་པོའང་རྙེད་དོ།།  

     རི་དྭགས་རྔོན་རྒྱུ་ནི་སྐབས་དེའི་རོལ་རྩེད་གཙོ་བོ་ཡིན། མདའ་གཞི་ལ་བརྟེན་ནས་རི་དྭགས་རྣ་བ་དང་ཤྭ་སོགས་རྔོན་བཞིན་ཡོད།  བྱ་གསོ་བ་དང་བྱ་གཏོང་བ་ནི་མི་རྣམས་ཀྱི་དགའ་ཕྱོགས་ཆེན་པོ་ཞིག་ཡིན།  བྱིས་པ་དག་གིས་ཅ་དངོས་སྣ་ཚོགས་ཀྱི་དབྱིབས་འཇིམ་པས་བཟོས་ནས་རྩེད་མོ་རོལ་བར་ཡོད། མི་ཆེ་བ་རྣམས་ཀྱིས་མིག་མངས་རྩེ་བ་དང་། རྒྱལ་འཇོག་པ། བྱ་ཕོ་འཐབ་རེ་དང་གླང་འཛིང་རེ་བྱེད་དུ་བཅུག་ནས་རྩེ་མོར་གཡེང་སྲོལ་ཡོད། མི་རྣམས་ཀྱིས་མོ་རྒྱུད་ཀྱི་ལྷ་ལ་སྐྱབས་སུ་འགྲོ། ཕོ་ལྷ་དབུ་གསུམ་པ་དང་རྡོ་ཡི་ལིངྒའང་རྙེད།   དེའི་ཕྱིར་ཚོད་དཔག་བྱས་ན་བུད་མེད་ལ་བརྩི་འཇོག་ཐོབ་ཅིང་སྤྱི་ཚོགས་ཀྱི་གོ་གནས་ཅུང་མཐོ་ངེས།  བུ་རྒྱུད་སྤེལ་བ་དང་ཁྱིམ་ལས་བྱེད་རྒྱུ་ནི་བུད་མེད་ཀྱི་ལས་ཀ་གཙོ་བོ་ཡིན།   ཆོས་ལུགས་ཀྱི་ཆོ་ག་དང་དུས་ཆེན། དགའ་སྟོན་རྟེན་འབྲེལ་སོགས་ལ་ཕོ་མོ་གཉིས་མཉམ་དུ་ཞུགས་ཆོག    མོ་ཧེན་ཛོ་ད་རོ་རུ་སྔོག་འདོན་བྱས་ནས་ཤེས་པ་ལྟར་ན་སྐབས་དེའི་མིའི་བེམ་པོ་དུར་འཇུག་བྱེད་སྲོལ་རྣམ་པ་གསུམ་མཆིས་ཤིང་། གཅིག མི་ཤི་རྗེས་བེམ་པོ་ས་འོག་ཏུ་འཇུག གཉིས།  ཤི་རྗེས་བེམ་པོ་བྱ་རྒོད་གཅན་གཟན་ལ་གཡེངས་ནས་རུས་པ་ས་འོག་ཏུ་འཇུག གསུམ།  ཤི་རྗེས་བེམ་པོ་ཆ་ཚང་བ་མེ་ལ་བསྲེགས་སོ།། 

༼ཆ ༽ཆུ་བོ་སིནྡྷུའི་ཤེས་རིག་གི་ཉོ་ཚོང་ཕྱི་འབྲེལ།

      ཆུ་བོ་སིནྡྷུའི་འབབ་རྒྱུད་ཀྱི་ཤེས་རིག་གི་དུས་སྐབས་ཀྱི་ཚོང་ལས་ཧ་ཅང་དར་རྒྱས་ཕྱིན་ཡོད་ལ། ཧ་རབ་པ་དང་མོ་ཧེན་ཛོ་ད་རོ་སོགས་ནི་ཉོ་ཚོང་གི་ལྟེ་གནས་གཙོ་བོ་དག་ཡིན་ཞིང་། འདི་ལས་ས་གནས་དེའི་ཐོན་རྫས་མིན་པ་མང་པོ་རྙེད་བྱུང་ལ། ཉོ་ཚོང་གི་ཕྱི་འབྲེལ་ཡོད་པ་ཐག་གིས་ཆོད་ངེས། དཔེར་ན། ཨེ་ཤ་ཡ་དཀྱིལ་མ་དང་། ཏ་ཟིག ཨ་ཧྥུ་ཧན། རྒྱ་གར་ལྷོ་ཕྱོགས་ལ་ཚོང་དོན་གྱི་འབྲེལ་བ་རྒྱ་ཁྱབ་ཏུ་ཡོད་དོ།།  གཙོ་བོ་གསེར་དང་། དངུལ། ཟངས། གཤའ་སོགས་ནང་འདྲེན་བྱེད་བཞིན་ཡོད། ཕྱིར་འཚོང་གི་དངོས་རྫས་གཙོ་བོ་རས་དང་གོས་སོགས་ཡིན།

༼ཇ ༽ཆུ་བོ་སིནྡྷུའི་ཤེས་རིག་གི་ཆོས་ལུགས་དད་མོས་བྱེད་སྟངས།

 སྐབས་དེའི་ཆོས་ལུགས་གཙོ་བོ་ནི་རང་བྱུང་ཁམས་ལ་དད་མོས་དང་རྣམ་ཤེས་ཀྱི་བཤད་པ་དར་སྲོལ་ཆེ།  ཆུ་བོ་སིནྡྷུའི་འབབ་རྒྱུད་ཀྱི་མི་རྣམས་ཀྱིས་ཉི་མ་དང་ཆུ་མེ། ད་དུང་ལྗོན་ཤིང་འགའ་ཤས་དང་སྐྱེ་དངོས་ཀྱང་ལྷ་རུ་བཀུར་ནས་སྐྱབས་སུ་འགྲོ། དཔེར་ན་བྱང་ཆུབ་ལྗོན་ཤིང་དང་རྩྭ་ལོའོ་ལེ་སོགས་དེང་སྐབས་ད་དུང་རྒྱ་གར་ཆོས་ལུགས་པས་དད་མོས་བྱེད་བཞིན་ཡོད། དེ་ལས་གཞན་གནའ་རྫས་སྔོག་འདོན་ལས་སྲོག་ཆགས་ཁ་ཤས་ཀྱི་བརྐོས་བརྙན་གསར་རྙེད་བྱུང་ཡོད་ཅིང་དེས་སྐབས་དེའི་མི་རྣམས་ཀྱིས་སྲོག་ཆགས་ལ་དད་མོས་བྱེད་པ་བདེན་དཔང་བྱེད་ཆོག  ཧིན་རྡུ་ཆོས་ལུགས་པས་དེང་སྐབས་སྔར་བཞིན་བ་མོ་ནི་བླ་མེད་མཆོག་གྱུར་དུ་བསམ་ནས་དད་མོས་བྱེད་བཞིན་མཆིས།

༼ཉ ༽ཆུ་བོ་སིནྡྷུའི་ཤེས་རིག་གི་སྒྱུ་རྩལ་རིག་གནས།

      ཞབས་བྲོ་དང་རོལ་མོའི་སྒྱུ་རྩལ་ནི་ཧ་ཅང་དར་ཡོད་ཅིང་ཆུ་བོ་སིནྡྷུའི་འབབ་རྒྱུད་ཀྱི་མི་རྣམས་གཞས་གཏོང་བ་དང་ཞབས་བྲོ་འཁྲབ་པར་འཇོན་པོ་ཡོད་ཅིང་།  གནའ་རྫས་སྔོག་འདོན་ལས་ཞབས་བྲོ་འཁྲབ་པའི་བརྐོས་བརྙན་དང་གར་མའི་ལུས་གཅེར་བུའི་བརྐོས་བརྙན་སོགས་རྙེད། འོན་ཀྱང་ལུས་སྟེང་ན་རྒྱན་ཆ་སྣ་ཚོགས་ཡོད། བརྐོས་བརྙན་གྱི་མགོའི་སྐྲ་ཤད་པ་ཤིན་ཏུ་མཛེས། རོལ་ཆས་ཀྱང་མི་ཉུང་བ་སྔོག་འདོན་བྱས་སོང་ལ་ས་ཁུལ་འགའ་རུ་ལག་རྔ་དང་རྔ་ཆེན་གྱི་ཤུལ་གསར་རྙེད་བྱུང་བས་དེ་གའི་མི་རྣམས་རོལ་མོ་ལ་དགའ་བ་བདེན་དཔང་བྱེད་ནུས་སོ།། ཕྱག་རྒྱ་དང་ཐམ་ཀའི་སྒྱུ་རྩལ་ཡང་ཤིན་ཏུ་དར་ཡོད་ལ། ཆུ་བོ་སིནྡྷུའི་འབབ་རྒྱུད་དུ་ཕྱག་དམ་ཧ་ཅང་མང་པོ་གསར་དུ་རྙེད་སོང་། ཕྱག་དམ་དེ་དག་ནི་རྣམ་པ་སྣ་ཚོགས་སུ་ཡོད་ཅིང་། རྡོ་ལས་བཟོས་པ་དང་ལྕགས་རིགས་ལས་བཟོས་པ། བ་སོ་ལས་བཟོས་པ། ད་དུང་འཇིམ་པ་ལས་བཟོས་པའང་ཡོད། ཕྱག་དམ་མང་ཆེ་བ་ནི་གྲུ་བཞི་ཁ་གང་མ་ཡིན་ཞིང་སྟེང་དུ་སྲོག་ཆགས་ཀྱི་རི་མོ་དང་གཞན་ཡི་གེ་སོགས་བརྐོས་འདུག  

ཆུ་བོ་སིནྡྷུའི་ཤེས་རིག་ལས་ཐོན་པའི་རྒྱ་རྡོ། 

ཆུ་བོ་སིནྡྷུའི་ཤེས་རིག་ལས་རྙེད་པའི་ཐམ་ག་སྣ་ཚོགས། 

༼ཏ ༽ཆུ་བོ་སིནྡྷུའི་ཤེས་རིག་གི་རྩོད་གླེང་།

ཆུ་བོ་སིནྡྷུའི་ཤེས་རིག་དེ་སྤྱི་ལོ་སྔོན་གྱི་ལོ་༢༥༠༠ཡས་མས་སུ་ཕྱོགས་ཡོངས་ནས་དར་ཞིང་རྒྱས་ཤིང་གྲོང་ཁྱེར་ཤེས་རིག་གི་དུས་རིམ་དུ་སླེབས་ཡོད་ལ་ཧ་རབ་པའི་དུས་སྐབས་སུ་ཧ་ཅང་དར་ནས་རྩེར་སོན་ཡོད། ཤེས་རིག་འདི་བསྐྲུན་མཁན་ལ་བཤད་ཚུལ་སྣ་ཚོགས་ཤིག་ཡོད་ནའང་མཁས་པ་ཕལ་ཆེ་བས་ཤེས་རིག་འདིའི་བྱེད་པོ་རྒྱ་གར་གྱི་ད་ར་བི་ཌའི་(达罗毗茶人)མི་རིགས་ཡིན་པར་འདོད།  ཕལ་ཆེར་སྤྱི་ལོ་སྔོན་གྱི་ལོ་༡༧༠༠ཡས་མས་སུ་ཆུ་བོ་སིནྡྷུའི་ཤེས་རིག་ཉམས་རྒུད་དང་མེད་པར་གྱུར། ཧ་རབ་པའི་དུས་རིམ་ལ་སླེབས་པ་ནས་བཟུང་ཆུ་བོ་སིནྡྷུའི་ཤེས་རིག་བསྟུད་མར་ཡུན་དུ་གནས་ཐུབ་པ་མ་བྱུང་ལ། དེའི་ཡི་གེ་ད་ལྟའི་བར་ད་དུང་ཀློག་ཐུབ་མེད།  མཁས་པའི་ཁྲོད་ན་ཤེས་རིག་འདི་ལ་ཆ་རྒྱུས་ཡོད་མཁན་ཅུང་དཀོན་པས་དེང་སྐབས་རྩོད་གཞི་ཡང་ཅུང་མང་པོ་ཡོད་འདུག  

དབྱིན་ཇིའི་གནའ་རྫས་རྟོག་ཞིབ་པ་མོའོ་ཐེས་མོ་བེ།

    རྩོད་གཞི་དང་པོ་ནི་ཆུ་བོ་སིནྡྷུའི་ཤེས་རིག་འཇིག་ཚུལ་སྐོར་ཡིན། དབྱིན་ཇིའི་གནའ་རྫས་རྟོག་ཞིབ་པ་མོའོ་ཐེས་མོ་བེ་ལ་(Mortimer Weeler)ཡིས་དེ་སྔ་མོ་ཧེན་ཛོ་ད་རོའི་གནའ་ཤུལ་སྔོག་འདོན་བྱས་མྱོང་ལ། བེ་ལ་ཡིས་དཔྱད་འབྲས་ལྟར་ན་ཆུ་བོ་སིནྡྷུའི་ཤེས་རིག་ནི་རིག་བྱེད་ཀྱི་ཤེས་རིག་ལས་སྔ་བ་ཡོད་པ་མ་ཟད་རིག་བྱེད་ཤེས་རིག་གི་བྱེད་པོས་བསྣུབས་པ་ཡིན་ཟེར། བེ་ལ་ཡི་བདེན་དཔང་ནི་མོ་ཧེན་ཛོ་ད་རོའི་གནའ་ཤུལ་གྱི་སྟེང་རིམ་ན་དམར་འཛིང་བྱས་པའི་ཀེང་རུས་གཉིས་འདུག་ལ། བེ་ལ་ཡིས་༼ངེས་བརྗོད་རིག་བྱེད་༽ནང་གི་ལྷ་ཆེན་པོ་བརྒྱ་བྱིན་གྱིས་གྲོང་དང་གྲོང་ཁྱེར་གཏོར་བའི་སྙན་ཚིག་དྲངས་ནས་ཆུ་བོ་སིནྡྷུའི་ཤེས་རིག་གི་གྲོང་ཁྱེར་དག་ནི་རིག་བྱེད་ཤེས་རིག་གི་བྱེད་པོ་མཁན་ཨྰརྱའི་༼འཕགས་པ༽(雅利安人)མིས་བསྣུབས་པར་བདེན་དཔང་བྱས་ཡོད། ཨྰརྱའི་མིས་བསྣུབས་པ་དེ་ད་ལྟ་དགག་རྒྱག་བྱས་ཡོད་དེ། གནའ་རྫས་རྟོག་ཞིབ་ལས་གསལ་བཤད་ལྟར་ན་སྤྱི་ལོ་སྔོན་གྱི་ལོ་༡༨༠༠ནས་༡༧༠༠བར་ཆུ་བོ་སིནྡྷིུའི་ཤེས་རིག་ཉམས་རྒུད་དུ་གྱུར་ནས་འཇིག་ཟིན་པ་ཡིན་ལ། ཨྰརྱའི་མིའི་གནའ་རྫས་རྟོག་ཞིབ་བྱེད་སའི་རྗེས་ཤུལ་བཞག་མེད་ནའང་འོན་ཀྱང་སྐད་བརྡ་རིག་པའི་དཔང་རྟགས་ལ་གཞིགས་ན་ཁོང་ཚོ་རྒྱ་གར་གྱི་སྐམ་ས་ཆེན་པོ་གཉིས་པར་སླེབས་པའི་དུས་ཚོད་ནི་སྤྱི་ལོ་སྔོན་གྱི་ལོ་༡༥༠༠ལས་སྔ་མི་སྲིད། ཨྰརྱའི་མི་ཆུ་བོ་སིནྡྷིུའི་འབབ་རྒྱུད་དུ་སླེབས་སྐབས་གནས་འདིའི་ཤེས་རིག་འཇིག་ནས་ལོ་བརྒྱ་ལྷག་འགོར་ཡོད། བེ་ལ་ཡིས་རྙེད་པའི་དམར་འཛིང་གི་རྣམ་པའི་ཀེང་རུས་དེ་ནི་གནའ་ཤུལ་གྱི་སྟེང་རིམ་ན་གནས་པས་ཀེང་རུས་ཀྱི་ལོ་རབས་གཏན་ཁེལ་བྱེད་ཐབས་བྲལ། ༼ངེས་བརྗོད་རིག་བྱེད་༽ནང་གི་ལྷ་ཆེན་པོ་བརྒྱ་བྱིན་གྱིས་གྲོང་དང་གྲོང་ཁྱེར་བཅོམ་པའི་གཏམ་རྒྱུད་བྱུང་ཡུལ་ནི་ཆུ་བོ་སིནྡྷིུའི་འབབ་རྒྱུད་མིན་པར་ཨ་ཧྥུ་གྰ་ནི་སི་ཏན་ཡིན་ཤས་ཆེ།

མོ་ཧེན་ཛོ་ད་རོའི་དམར་འཛིང་གི་རྣམ་པའི་ཀེང་རུས།

    རྩོད་གཞི་གཉིས་པ་ནི་ཆུ་བོ་སིནྡྷུའི་ཤེས་རིག་གི་འབྱུང་ཁུངས་སྐོར་ཡིན།  ཉེ་བའི་ལོ་ངོ་ཉི་ཤུའི་ནང་ཧིན་རྡུའི་ཆོས་ལུགས་ཆེན་པོའི་རིང་ལུགས་པའི་རྗེས་འཇུག་པ་དག་གིས་ཆུ་བོ་སིནྡྷུའི་ཤེས་རིག་ནི་ཧིན་རྡུ་དང་ཡོ་རོབ་ཀྱི་སྐད་ཁུངས་དར་ཡུལ་ཡིན་པར་འདོད་ཡོད། ཨྰརྱའི་མིས་ཧིན་རྡི་དང་ཡོ་རོབ་སྐད་བཀོལ་སྤྱོད་བྱེད་བཞིན་ཡོད་ལ་དེ་ལས་ཁ་ཤས་ཤིག་རྒྱ་གར་ལ་གནས་སྤར་ནས་ཧིན་རྡི་ཆོས་ལུགས་གསར་གཏོད་བྱས་པ་ཡིན་ལ། ཧིན་རྡི་ཆོས་ལུགས་ཀྱི་དད་མོས་ཁྲོད་ཆུ་བོ་ས་ར་སི་བ་ཏིས་(Saraswati)ནི་ཨྰརྱའི་མིའི་ལྷ་ཆུ་ཡིན། རྒྱ་གར་གྱི་གནའ་རྫས་རྟོག་ཞིབ་པས་ཆུ་བོ་ས་ར་སི་བ་ཏིས་དང་ཆུ་བོ་སིནྡྷིུ་གཉིས་ཀྱི་གནས་ཡུལ་ཉེ་བར་ཡོད་པས་ན་ཆུ་བོ་ས་ར་སི་བ་ཏིས་ནི་ཆུ་བོ་སིནྡྷིུ་ཡིན་པར་འདོདཅིང་། ཆུ་བོ་སིནྡྷུའི་ནི་ཨྰརྱའི་མིའི་ཕ་ཡུལ་དང་ཧིན་ཡོ་སྐད་ཀྱི་དར་ཡུལ་དུ་འདོད།

      འོན་ཀྱང་ཆུ་བོ་འདི་ལ་ས་དེ་གའི་མིསHakraདང་ཡང་ནGhaggarཞེས་འབོད། དེའི་ཕྱིར་ཨྰརྱའི་མིའི་ལྷ་ཆུ་ས་ར་སི་བ་ཏིས་ནི་ཨ་ཧྥུ་གྰ་ནི་སི་ཏན་མངའ་ཁོངས་ཀྱི་ཆུ་བོHaraxvaitiཡིན་ཤས་ཆེ་ཞིང་། ཨྰརྱའི་མིའི་ཕ་ཡུལ་ནི་ཨེ་ཤ་ཡ་དབུས་རྒྱུད་ཡིན་ལ་རྗེས་སུ་ཁོང་ཚོ་ཨ་ཧྥུ་གྰ་ནི་སི་ཏན་ས་ཁུལ་དུ་གནས་སྤར་ཞིང་དེ་རུ་ཁ་བྲལ་ནས་སྐོར་ཞིག་རྒྱ་གར་དུ་སླེབས་ཏེ་རྒྱ་གར་ཨྰརྱའི་མི་རིགས་གྲུབ་ཅིང་རིག་བྱེད་ཆོས་ལུགས་གསར་གཏོད་བྱས།   སྐོར་གཞན་ཞིག་ཏ་ཟིག་ཏུ་སླེབས་ཏེ་ཏ་ཟིག་ཨྰརྱའི་མི་རིགས་ཆགས་ཤིང་ཏ་ཟིག་གི་གདོད་མའི་སོ་རོ ་ཡ་སི ་ཏི(火袄教)ཆོས་ལུགས་བྱུང་། རྒྱ་གར་མི་དང་ཏ་ཟིག་མི་གཉིས་ཁ་གྱེས་ཚུལ་རང་རང་གི་སྐད་དང་ཡི་གེའི་བརྗེ་ཚུལ་དང་ལྷ་ལ་དད་མོས་དང་དགེ་སྡིག་གི་ལེགས་སྒྲིག་སོགས་ལས་མངོན་ཡོད། གཙོ་བོ་ནི་ཡི་གེ་Sདང་H་གཉིས་ལེགས་སྒྲིག་ཐོག་ཡིན་ཞིང་། དཔེར་ན་ཏ་ཟིག་གི་སོ་རོ་ཡ་སི་ཏི་ཆོས་ལུགས་ཁྲོད་ཀྱི་དཀར་ཕྱོགས་ཀྱི་ལྷ་ལ་ཨ་ཧོ་ར་མ་ཟི་ཌ་(Ahura Mazda)ཞེས་འབོད་ལ། རྒྱ་གར་གྱི་སྐད་བརྡའི་ཁྲོད་ཡི་གེ་hདེ་sལ་བརྗེ་ན་ཨ་སུ་ར་(Asura)སྟེ་ལྷ་མ་ཡིན་གྱི་དོན་ཡིན། དེ་དང་མཉམ་དུ་དགེ་སྡིག་གཉིས་ཀྱི་མིང་ལའང་འགྱུར་ལྡོག་བྱུང་ཡོད། Asuraནི་རྒྱ་གར་སྐད་བརྡའི་ཁྲོད་གདོན་འདྲེ་ཡི་དོན་དུ་འཇུག་ཅིང་། སྐད་གཉིས་སུ་གྱེས་པའི་རྣམ་པ་འདིའི་རིགས་ནི་ཨྰརྱའི་མི་ཨ་ཧྥུ་གྰ་ནི་སི་ཏན་དུ་སླེབས་པའི་དུས་སྐབས་ཡིན། དེ་བས་ན་རྒྱ་གར་སྐད་ཀྱི་གསལ་བཤད་sའགོར་བཀོད་པའི་Saraswstiཚིག་འདི་ནི་ཨ་ཧྥུ་གྰ་ནི་སི་ཏན་དུ་hའགོར་བཀོད་པའི་Haraxvaitiཞེས་པའི་ཚིག་འདི་ཡིན་ཤས་ཆེ། དེའི་ཕྱིེར་རིག་བྱེད་ཀྱི་ཚད་ལྡན་ཡིག་ཆ་དག་གི་ཁྲོད་ཀྱི་ཨྰརྱའི་མིའི་ལྷ་ཆུ་ནི་ཨ་ཧྥུ་གྰ་ནི་སི་ཏན་མངའ་ཁོངས་ཀྱི་ཆུ་བོ་Haraxvaitiཡིན་ཤས་ཆེ། རྒྱ་གར་གྱི་གནས་རྫས་རྟོག་ཞིབ་པས་བཙན་སྦྲེལ་གྱིས་ཆུ་བོ་ས་ར་སི་བ་ཏིས་ནི་ཆུ་བོ་སིནྡྷུ་ཡིན་པར་འདོད་ཀྱང་། དེ་ནི་གནས་རྫས་རྟོག་ཞིབ་བྱ་བས་ཆབ་སྲིད་ལ་ཞབས་ཞུ་བསྒྲུབས་པའི་སྣང་ཚུལ་ཞིག་ཡིན། ད་དུང་ཨ་ཧྥུ་གྰ་ནི་སི་ཏན་ནི་དུས་སྐབས་དེར་འགྲིམ་ལམ་གནད་ཆེ་ས་ཞིག་ཡིན་ཕྱིན་ས་དེའི་བཙན་རྫོང་གི་རྣམ་པའི་འཛུགས་སྐྲུན་ནི་༼ངེས་བརྗོད་རིག་བྱེད༽ཁྲོད་བྲིས་པའི་ལྷ་ཆེན་པོ་བརྒྱ་བྱིན་གྱིས་བཙན་རྫོང་བཅོམ་པའི་བསྟོད་ཚིག་གིས་བསྟན་དོན་ནི་ཨ་ཧྥུ་གྰ་ནི་སི་ཏན་ཡིན་པ་ལས་ཆུ་བོ་སིནྡྷུའི་འབབ་རྒྱུད་མིན་ནོ།། 

རྒྱ་གར་དབྱི་རན་སྐད་དང་རྒྱ་གར་ཨརྱའི་སྐད་ཀྱི་ཁྱད་པར།

སཾསྐྲྀཏིའི་སྐད་དང་ཏ་ཟིག་སྐདགདངས་་ཁྲོད་ཀྱི་གསལ་བཤད་ཡི་གེ་བརྗེ་ཀློག་ཚུལ།

༼ཐ ༽ཆུ་བོ་སིནྡྷུའི་ཤེས་རིག་གི་ཆོས་ལུགས་དང་རིག་གནས་ཀྱི་ཁྱད་ཆོས།

      གཅིག དད་མོས་ཀྱི་ཁྱད་ཆོས། ས་ཁུལ་མི་འདྲ་བ་ལ་རང་རང་གི་དད་མོས་ཡོད་ཅིང་། འདི་ནི་ཧ་རབ་པ་དང་མོ་ཧེན་ཛོ་ད་རོའི་གྲོང་ཁྱེར་གཉིས་ཀྱི་གནའ་ཞིབ་སྔོག་འདོན་ལས་ར་སྤྲོད་བྱས་ཡོད་ལ། ཧ་རབ་པའི་གནའ་ཤུལ་ལས་སྦྱིན་སྲེག་མཆོད་སྟེགས་སྔོག་འདོན་བྱས་ཡོད་ཅིང་དེས་གྲོང་ཁྱེར་འདིིའི་དད་མོས་ནང་དུ་དམར་མཆོད་དང་སྤྱིན་སྲེག་གི་གོམས་གཤིས་ཡོད།  འོན་ཀྱང་མོ་ཧེན་ཛོ་ད་རོའི་གནའ་ཤུལ་དུ་ལུས་འཁྲུད་ཁང་ཆེན་པོ་འདུག་ཅིང་། འཁྲུད་ཁང་འདི་གཞི་རྒྱ་ཧ་ཅང་ཆེ་བས་སྡོད་དམངས་ཀྱིས་བཀོལ་བ་མིན་ལ་ཆོས་ལུགས་ཀྱི་ཆོ་ག་སྤེལ་ས་ཡིན། འདི་ལས་མོ་ཧེན་ཛོ་ད་རོའི་མི་རྣམས་ཀྱིས་ཁྲུས་བྱས་ནས་སྡིག་པ་བཤགས་ཤིང་ཆུ་ལ་དད་པ་གསལ་བཤད་བྱས་ཡོད།  

     གཉིས།  དམིགས་བསལ་གྱི་ཐམ་གའི་ཁྱད་ཆོས།

ཆུ་བོ་སིནྡྷུའི་ཤེས་རིག་གི་ཐམ་གའི་རྒྱབ་ངོས་སུ་ཐག་མདུད་རྒྱག་སའི་བུ་ག་ཕྲ་མོ་འདུག་ཅིང་འཁྱེར་བདེ་བའི་ཆེད་ཡིན། ཐམ་ག་མང་ཆེ་བའི་སྟེང་གི་གཟུགས་རིས་ཆུ་བོ་སིནྡྷུའི་ཤེས་རིག་གི་ཡི་གེ་དང་མཚོན་རྟགས་ཡིན་པ་ངོས་བཟུང་ཡོད་ཅིང་ད་དུང་ལྷ་སྡོང་དང་སྲོག་ཆགས་རྭ་གཅིག་སོགས་ཀྱི་གཟུགས་བརྙན་འདུག་ལ་དེའི་ནང་སྲོག་ཆགས་རྭ་གཅིག་གི་གཟུགས་བརྙན་ནི་མང་ཤོས་སུ་ཆགས་ཡོད།

སྲོག་ཆགས་རྭ་གཅིག་གི་གཟུགས་བརྙན་ཐམ་ག།

      གསུམ་པ། རྒྱལ་བོའི་དབང་འཛིན་མེད་པའི་ཁྱད་ཆོས།

     ད་ལྟའི་བར་དུ་སྔོག་འདོན་བྱས་པའི་བདེན་དཔང་ལྟར་ན་ཆུ་བོ་སིནྡྷུའི་ཤེས་རིག་ལ་དུར་ས་ཆེན་པོ་དང་ཕོ་བྲང་གི་བཟོ་སྐྲུན་རྣམ་པའི་གནའ་ཤུལ་བྱུང་མེད་ལ། སྤྱི་ཚོགས་གྲལ་རིམ་དབྱེ་འབྱེད་ཚབ་ཆེན་མིན་ཞིང་སྤྱི་ཚོགས་ཀྱི་རྒྱུ་ནོར་མི་ཉུང་ཤས་ཀྱི་གཅིག་བསྡུས་བྱས་ཡོད་པའི་ཚད་ཀྱང་དམའ། ཤེས་རིག་འདི་ཆུ་བོ་གཉིས་ཆུ་བོ་གཉིས་འབབ་རྒྱུད(两河流域文明)ཀྱི་ཤེས་རིག་ལ་མེ་སུ་པུ་ཏ་མུ་ཡའི་ཤེས་རིག་ཀྱང་ཟེར། དེ་ནི་ཆུ་བོ་ཏིས་ཀི་ལིས་སི་དང་ཆུ་བོ་ཡུག་ཧྥ་ལ་ཏིས་གཉིས་བར་གྱི་མེ་སུ་པུ་ཏ་མུ་ཡའི་ཐང་གཤོང་དུ་འཕེལ་རྒྱས་བྱུང་བའི་ཤེས་རིག་ལ་ཟེར་ཞིང་ཨེ་ཤ་ཡ་ཤར་མའི་ཆེས་སྔ་བའི་ཤེས་རིག་ཡིན་ཞིང་

འབབ་རྒྱུད་ཀྱི་ཤེས་རིག་ནང་བཞིན་རྒྱལ་བོའི་ལམ་ལུགས་ཀྱི་སྒེར་གཅོད་སྲིད་དབང་འཕེལ་རྒྱས་བྱུང་མེད། ཆུ་བོ་སིནྡྷུའི་ཤེས་རིག་ཁྲོད་ཕལ་ཆེར་མི་ཉུང་ངུས་དབང་སྒྱུར་བའི་ཆབ་སྲིད་རྣམ་པ་ལག་བསྟར་བྱས་ཡོད། དཔེར་ན་སྟོབས་ཤུགས་ཅུང་ལྡན་པའི་ཚོ་བ་དང་ཁྱིམ་རྒྱུད་ཀྱིས་དབང་སྒྱུར་བྱས་པ་ལྟ་བུ། ཆུ་བོ་སིནྡྷུའི་ཤེས་རིག་གི་ཐམ་གའི་ཁྲོད་སྲོག་ཆགས་རྭ་གཅིག་གི་གཟུགས་བརྙན་མང་བས་ཆེད་མཁས་པ་འགའ་ཤས་ཀྱིས་དབང་ཆ་འཛིན་མཁན་ནི་སྲོག་ཆགས་རྭ་གཅིག་དང་འབྲེལ་བའི་ཚོ་བ་ཞིག་ཡིན་པར་འགྲེལ་བཞིན་མཆིས། འོན་ཀྱང་གྲོང་ཁྱེར་ཆེ་ཁག་བར་དང་ས་གནས་བར་ཕལ་ཆེར་རྒྱལ་ཕྲན་མཉམ་འབྲེལ་ལམ་ལུགས་ཀྱི་དོ་དམ་ལག་བསྟར་བྱས་ཡོད། 

     བཞི་བ། དམག་འཁྲུག་མེད་པའི་ཁྱད་ཆོས།

     ཆུ་བོ་སིནྡྷུའི་ཤེས་རིག་གི་གནའ་ཤུལ་དུ་གྲོང་ཁྱེར་དང་ས་ཁུལ་བར་དམག་འཁྲུག་ལངས་པའི་བདེན་དཔང་ཧ་ཅང་ཉུང་ཞིང་། ཐ་ན་མཚོན་ཆའང་མཐོང་རྒྱུ་མང་པོ་མེད། འདི་ལས་ཤེས་རིག་འདི་རྒྱལ་བོའི་སྲིད་དབང་སྒེར་འཛིན་བརྒྱུད་མྱོང་མེད་པ་གསལ་བཤད་བྱས་འདུག 

     ༼ད ༽མཐའ་སྐོར་གྱི་ས་ཁུལ་དང་གཞན་པའི་ཤེས་རིག་གི་འབྲེལ་བ།

ཆུ་བོ་སིནྡྷུའི་ཤེས་རིག་ལ་ཉེ་འཁོར་ས་ཁུལ་གྱི་ཐོན་ཁུངས་ཆེན་པོ་ཐོབ་ཡོད་ལ།  མཐའ་སྐོར་གྱི་གྲོང་ཁྱེར་དག་ལ་དོ་དམ་བྱས་ཡོད་མ་ཟད་ས་ཁུལ་དེའི་ཐོན་ཁུངས་ཚོད་འཛིན་བྱས་ཡོད། དཔེར་ན་ཨ་ཧྥུ་གྰ་ནི་སི་ཏན་དང་ཏེ་ཀན་མཐོ་སྒང་གི་ཆུ་བོ་ན་འར་མའི་རྒྱུད་དུ་ཚོད་འཛིན་བྱས་པས་ས་དེའི་མུ་མེན་དང་མཆོང་སོགས་ཀྱི་གཏེར་ཁ་ཐོབ། གཉིས་ཕན་མཉམ་ལས་བརྒྱུད་ནས་ཆུ་བོ་སིནྡྷུའི་ཤེས་རིག་དང་མཐའ་འཁོར་གྱི་སྤྱི་ཚོགས་བར་ཞི་བདེ་མཉམ་གནས་ཀྱི་གནས་བབས་བཟང་པོ་ཞིག་ཆགས་ཡོད། ཆུ་བོ་གཉིས་ཀྱི་འབབ་རྒྱུད་ལས་ཐོན་པའི་ཐམ་ག་ཞིག་གི་ཡི་གེའི་ཁྲོད་དུ་མེ་ལོའུ་ཧ་ཡི་ཕོ་ཉ་ཨ་ཁ་ཏི་རྒྱལ་བོ་ལ་སྐྱེས་འབུལ་བྱས་ཞེས་བྲིས་ཡོད་ལ། འདིར་བྲིས་པའི་མེ་ལོའུ་ཧ་ནི་ཆུ་བོ་སིནྡྷུའི་ཡུལ་ཡིན་ཞིང་། རི་མོའི་ཁྲོད་དུ་ཨ་ཁ་ཏི་རྒྱལ་བོའི་གཡས་གཡོན་དུ་ཆུ་བོ་སིནྡྷིུའི་འབབ་རྒྱུད་ཀྱི་ཕོ་ཉ་གཉིས་ཡོད། ཆུ་བོ་གཉིས་ཀྱི་འབབ་རྒྱུད་ས་ཁུལ་ལ་ཆུ་བོ་སིནྡྷུའི་ཡུལ་ནས་ཐོན་པའི་མུ་མེན་དང་མཆོང་སོགས་ལག་ཤེས་ཐོན་རྫས་འབོར་ཆེན་ནང་འདྲེན་བྱེད་བཞིན་མཆིས།

༼ཆུ་བོ་གཉིས་ས་ཁུལ་དུ་ཐོན་པའི་ཐམ་ཀའི་སྟེང་གི་རི་མོ།༽

      ཆུ་བོ་སིནྡྷུའི་དང་ཆུ་བོ་གཉིས་ཀྱི་འབབ་རྒྱུད་བར་གྱི་ཚོང་རྫས་བརྗེ་རེས་ནི་གཙོ་བོ་ཏེ་འར་མུའུ་འུན་དེང་གི་པ་ལེནས་ཁུལ་བརྒྱུད་ནས་སྤེལ་བ་ཡིན། ཆུ་བོ་སིནྡྷུའི་ཤེས་རིག་ས་ཁུལ་དང་ཆུ་བོ་གཉིས་ཀྱི་འབབ་རྒྱུད་བར་ལམ་ཐག་རིང་བ་ཡོད། ཡིན་ཡང་དེ་གཉིས་ཀྱིས་ཕལ་ཆེར་ཏ་ཟིག་རྒྱལ་ཁབ་ལམ་བར་གྱི་འབབ་ཚུགས་སུ་བྱས་ནས་ཕན་ཚུན་གྱི་རིག་གནས་དང་ཚོང་རྫས་བརྗེ་རེས་བྱས་པ་ཡིན། སྤྱི་ལོ་༢༠༠༠ལོར་སྟེས་དབང་གིས་དབྱི་རན་གྱི་ཇིས་ལོ་ཧྥོ་ཐི་ཡི་གནའ་ཤུལ་གསར་དུ་རྙེད། གནའ་ཤུལ་དེའི་དེའུ་འབུར་ཞིག་གི་སྟེང་ཆུ་བོ་སིནྡྷུའི་ཤེས་རིག་ལ་གཏོགས་པའི་ཐམ་ག་ཞིག་སྔོག་འདོན་བྱས། དེ་དང་མཉམ་དུ་དབྱི་རན་དུ་ཆུ་བོ་གཉིས་འབབ་རྒྱུད་ཀྱི་རྣམ་པའི་རིག་དངོས་བུད་ནས་རྙེད།  འདི་ལས་དབྱི་རན་ནི་གནའ་བོའི་ཤེས་རིག་འདི་གཉིས་ཀྱི་བརྗེ་རེས་བྱེད་ཡུལ་ཀྱི་ལྟེ་བ་རུ་ཆགས་ཡོད་ཤེས་སོ།།  

༼ན ༽ཆུ་བོ་སིནྡྷུའི་ཤེས་རིག་གི་འཇིག་རྐྱེན།

རྩོམ་ཡིག་གི་སྔོན་དུ་གླེང་བ་ནང་བཞིན་དེ་སྔ་མཁས་པའི་ཁྲོད་དབྱིན་ཇིའི་གནའ་རྫས་རྟོག་ཞིབ་པ་མོའོ་ཐེས་མོ་བེ་ལའི་ལྟ་བ་ངེས་ལེན་གནང་ནས་ཆུ་བོ་སིནྡྷུའི་ཤེས་རིག་ནི་ཨྰརྱའི་མིས་ཤར་ཕྱོགས་སུ་བཙན་འཛུལ་བྱས་པས་འཇིག་པ་ཡིན་ཟེར།  བེ་ལ་ཡི་ལྟ་བའི་གཞི་བཅོལ་ས་གཙོ་བོ་ནི་མོ་ཧེན་ཛོ་ད་རོའི་གནའ་ཤུལ་གྱི་སྟེང་རིམ་ན་དམར་འཛིང་བྱས་པའི་ཀེང་རུས་གཉིས་འདུག་པ་དང་ངེས་བརྗོད་རིག་བྱེད་ནང་གི་ལྷ་ཆེན་པོ་བརྒྱ་བྱིན་གྱིས་གྲོང་དང་གྲོང་ཁྱེར་གཏོར་བའི་སྙན་ཚིག་སོགས་ཡིན། འོན་ཀྱང་ལྟ་བ་འདི་རྩོམ་ཡིག་ནང་དགག་ཟིན། ཨྰརྱའི་མི་ཨེ་ཤ་ཡ་ལྷོ་མར་སླེབས་པའི་ཆེས་སྔ་བའི་དུས་ཚོད་ནི་སྤྱི་ལོ་སྔོན་གྱི་དུས་རབས་བཅོ་ལྔ་བ་ཡིན། ཆུ་བོ་སིནྡྷུའི་ཤེས་རིག་འཇིག་ཟིན་པའི་དུས་ཚོད་ནི་སྤྱི་ལོ་སྔོན་གྱི་དུས་བཅོ་བརྒྱད་པ་ནས་བཅུ་བདུན་པ་ཡིན། དེ་བས་དུས་ཚོད་ཀྱི་སྟེང་ནས་མི་འགྲིག 

ཆུ་བོ་སིནྡྷུའི་ཤེས་རིག་འཇིག་པར་རྒྱུ་རྐྱེན་མང་པོ་ཞིག་འདུས་ཤིང་རྒྱུ་རྐྱེན་དེ་དག་གི་ནང་གནམ་གཤིས་འགྱུར་ལྡོག་དང་། ཆུ་ལམ་བསྒྱུར་བ། ཁོར་ཡུག་གཏོར་བཤིག ནད་ཡམས་བྱུང་བ་སོགས་འདུས། ཆུ་བོ་སིནྡྷུའི་ཤེས་རིག་གི་སྐྱེ་ཁམས་གཏོར་བཤིག་ནི་གཙོ་བོ་སོ་ཕག་གྲངས་འབོར་ཆེན་བསྲེག་ཆེད་ཤིང་སྡོང་མང་པོ་བཅད་པས་ནགས་ཚལ་ལ་གཏོར་བཤིག་ཐེབས།   ནད་ཡམས་བྱུང་རྐྱེན་གཙོ་བོ་ནི་ཆུ་ལོག་གི་གནོད་འཚེ་ཚབ་ཆེན་མང་པོ་བྱུང་བ་དང་ཆུ་ལོག་ཁྱབ་ཁུལ་ལ་འགོ་ནད་བྱུང་སླ། མདོར་ན་ཆུ་བོ་སིནྡྷུའི་ཤེས་རིག་འཇིག་པ་དེ་ཡུན་རིང་བའི་བརྒྱུད་རིམ་ཞིག་ཡིན་ཞིང་ལོ་བརྒྱ་ཕྲག་ཁ་ཤས་འགོར་ནས་ད་གཟོད་ཡོངས་སུ་འཇིག་པ་ཡིན་ནོ།།  

     སྒྱུར་བ་བོའི་གསལ་བཤད། 

      རྩོམ་ཡིག་འདིའི་བསྒྱུར་ཁུངས་ནི་ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་གི་ཞིབ་འཇུག་པ་དགེ་རྒན་ཆེན་མོ་ཝང་ཧྲུའུ་ཡུན་གྱིས་བརྩམས་པའི་རྒྱ་ཡིག་གི་༼རྒྱ་གར་རིག་གནས་ཀྱི་ལོ་རྒྱུས་མདོར་བསྡུས་༽དང་ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་གནའ་རྫས་རྟོག་ཞིབ་ཁང་གི་བསྒྲུབས་པའི་རྒྱ་གར་གནའ་རྫས་རྟོག་ཞིབ་སྐོར་གྱི་རིག་གཞུང་འཆད་ཁྲིད་སྟེང་དགེ་རྒན་ཆེན་མོ་ལིའུ་ཞིན་རོའུ་ཡིས་འཆད་ཁྲིད་༼ཆུ་བོ་སིནྡྷུའི་ཤེས་རིག་གི་གནའ་རྫས་རྟོག་ཞིབ་ཐད་ཀྱི་རགས་བཤད།༽ཅེས་པའི་རྩོམ་ཡིག་འདི་གཉིས་ལས་བསྒྱུར་བ་ཡིན། ད་དུང་དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་ལགས་ཀྱི་༼རྒྱ་གར་གྱི་རིག་གནས་བོད་ཀྱི་རྩོམ་རིག་དང་ཇི་ལྟར་འབྲེལ་བའི་ཚུལ་ལ་དཔྱད་པ།༽དང་རྒྱའི་དགེ་རྒན་ཆེན་མོ་ཆན་ཝུན་ཀྲུང་ལགས་ཀྱི་འཆད་ཁྲིད་༼འཛམ་གླིང་ཤེས་རིག་གི་འབྱུང་ཁུངས་ཏེ་གནའ་བོའི་རྒྱ་གར།༽ཞེས་པ་སོགས་ལ་ཟུར་ལྟ་བྱས་ནས་བསྒྱུར་བསྒྲིགས་བྱས་པ་ཡིན་ནོ།།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། qnft བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ཆུ་བོ་སིནྡྷུའི་ཤེས་རིག་གི་བྱུང་བ་བརྗོད་པ།   སྤེལ་མཁན།: དྷརྨ སྤེལ་དུས:2020/2/28
འདི་མོ་དྲྭ་ཐོག་ལ་སྤེལ་ན་དོན་དང་ལྡན་སོང་། བཀའ་དྲིན་ཆེ།ཡག་སོང་། 🙏🙏🙏
  ཆུ་བོ་སིནྡྷུའི་ཤེས་རིག་གི་བྱུང་བ་བརྗོད་པ།   སྤེལ་མཁན།: རྔ་བ་ནག་ཐོ། སྤེལ་དུས:2018/11/1
ཡག་པོ་རེད། རྩོམ་ཡིག་ཧྲིལ་བོ་ཐེངས་གཅིག་བམ་ཀློག་བྱས་པ་ཡིན། ཧ་ཅང་ཡག་སོང་། བཀའ་དྲིན་ཆེ།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23501558
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།