རྒྱ་ཡེ་བློ་བཟང་ཉི་མ་ལགས་ངོ་སྤྲོད་མདོར་བསྡུས།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 19 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» མི་སྣ།» བོད་ཀྱི་དེང་རབས་མི་སྣ། »རྒྱ་ཡེ་བློ་བཟང་ཉི་མ་ལགས་ངོ་སྤྲོད་མདོར་བསྡུས།
རྒྱ་ཡེ་བློ་བཟང་ཉི་མ་ལགས་ངོ་སྤྲོད་མདོར་བསྡུས།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2018-11-01ལྟ་ཀློག (5644)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


མདོ་སྨད་བོད་ཀྱི་གསོ་རིག་མཁན་པོ་རྒྱ་ཡེ་བློ་བཟང་ཉི་མ་ལགས་ནི།

རྨོག་རུ་བ་རིག་འཛིན་རྡོ་རྗེ

      སྤྱི་ལོ་༡༩༣༡ལོའི་ཧོར་ཟླ་བཅུ་བའི་ཚེས་བཅུ་ཉིན།  ཡབ་དཔལ་ཆེན་སྐྱབས་དང་ཡུམ་སྣར་མ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།  རང་ལོ་ལྔའི་སྟེང་འཁྱམ་རུ་དགོན་བཀྲ་ཤིས་དགེ་འཕེལ་པདྨ་དཀར་པོའི་གླིང་གི་རྒྱ་ཡེ་ནང་ཆེན་དུ་རྒྱ་ཡེ་བླ་མའི་སྐུ་དབོན་ཨ་ཁུ་བློ་ལྡན་ཚང་གི་སྐུ་མདུན་དུ་བསྐྱལ།  རང་ལོ་བཅུ་གཅིག་སྟེང་སྐྱབས་རྗེ་ཨ་རོལ་རྡོ་རྗེ་འཆང་བློ་བཟང་ལུང་རྟོགས་རྒྱ་མཚོ་དཔལ་བཟང་པོའི་མདུན་སར་ཁྱིམ་ནས་ཁྱིམ་མེད་པར་རབ་བྱུང་དང་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ལེགས་པར་མནོས་ཏེ་མིང་ལ་བློ་བཟང་ཉི་མ་ཞེས་གསོལ།  ཨ་ཁུ་སྐལ་ལྡན་ཚང་གིས་རྒྱ་ཡེ་བླ་མ་རྒན་པ་ཚང་གི་སྨན་རྒྱུན་མི་ནུབ་ཕྱིར་རྗེ་ཨ་རོལ་རིན་པོ་ཆེ་དགོན་པ་སོ་མ་རུ་བཞུགས་པའི་མདུན་སར་ཁྲིད་དེ་གསོ་རིག་རྒྱུད་བཞིའི་ཡ་གྱལ་རྩ་བ་ཐུགས་རྒྱུད་ཀྱི་ཀླགས་ལུང་ཐོག་མར་མནོས།

     དེ་ནས་བཟུང་རང་དགོན་དུ་སྦས་པའི་རྣལ་འབྱོར་བ་ཆེན་མོ་རྨོག་རུ་རྒྱ་མཚོ་ཚང་དང་ཐེབ་རྒྱའི་ཐུབ་བསྟན་རྣམ་གཉིས་ཀྱི་མདུན་ནས་དགོན་དེའི་འདོན་རྟ་དབྱངས་གསུམ་གྱི་རིམ་པ་ཆ་ཚང་དང་།  ཆོས་རྒྱལ་ཡབ་བསྐུལ།  མགོན་པོ་གཏོར་སྒྲུབ་སོགས་ཀྱི་རྒྱན་དང་མེ་རི།  ཞི་རྒྱས་དབང་དྲག་གི་ཐིག་རྩ་བཅས་ཞིབ་པར་སྦྱངས།  དེ་ནས་རྡོ་རྗེ་འཇིགས་བྱེད་དང་ཀུན་རིག་གི་བསྙེན་པ་བཏང་སྟེ་ཡབ་བསྐུལ་དང་།   གཏོར་སྒྲུབ་ལ་ཐེངས་མང་པོར་བསྡད་རྗེས་འཇིགས་བྱེད་བསྙེན་ཆེན་ཞིག་གཏོང་འདུན་གྱིས་སྔོན་འགྲོའི་དམིགས་བརྩེ་མ། ཕྱག་དང་མཆོད་པ་སོགས་འགྲུབ་ལ་ཉེ་བ་ཙམ་གནང་།  ཨ་ལགས་རི་སྙིང་རིན་པོ་ཆེའི་མདུན་ནས་སུམ་རྟགས་དག་གསུམ་སོགས་ཐུན་མོང་རིག་གནས་ལ་སྦྱངས།  རང་ལོ་བཅུ་བདུན་སྟེང་སྨྱོ་སྐོར་སྨན་པ་མཆོག་གྲུབ་ཚང་བསམ་སྦྱོར་གཉིས་ཀྱིས་བསྟེན་ཏེ་བོད་ཀྱི་གསོ་རིག་རྒྱུད་བཞི་དང་ཤེལ་གོང་འཕྲེང་སོགས་ལ་སྦྱངས་པ་གཤིས་ཕྱིན་པ་གནང་།  རང་ལོ་ཉི་ཤུའི་སྟེང་དགོན་དེའི་གནས་བསྟན་འདུལ་བ་འཛིན་པ་རྒྱ་ཡེ་སྨྱུང་གནས་པ་ཨ་བོག་ངག་དབང་ཤེས་རབ་ཀྱི་མདུན་ནས་བསྙེན་པར་རྫོགས།

       སྤྱི་ལོ་༡༩༥༨སྟེ་རང་ལོ་ཉེར་བདུན་སྟེང་དགོན་པ་བསྒྱུར་བཀོད་སྐབས་གུང་ཧོ་རྫོང་ཆབ་ཆ་རུ་མི་རིགས་སློབ་འབྲིང་ཞིག་བཙུགས་ཏེ་དགེ་འདུན་པ་རྣམས་སློབ་གྲྭ་དེར་བསྡུས་པའི་ཁྲོད་དུ་ཞུགས།  དེ་ནས་མི་རིང་བར་སློབ་མ་རྒྱ་མོ་ཞིག་ལ་མ་ཞུ་བའི་ནད་བྱུང་རྐྱེན་དགེ་རྒན་གྱིས་ཁོང་གི་མདུན་དུ་ཁྲིད་བྱུང་པར་བོད་སྨན་གྱིས་གསོ་བཅོས་ཕྲན་བུ་བྱས་པས་ཕྱི་ཉིན་དྲག་སྐྱེད་བྱུང་སྟབས་སྐབས་དེའི་མགོ་ཁྲིད་རྣམ་པས་ཁྱེད་ཀྱིས་ངལ་རྩོལ་བྱེད་མི་དགོས་པར་བོད་སྨན་གང་འཚམས་རེ་ལག་ལེན་གནང་སྟེ་བཞུགས་ཆོག་པའི་བཀའ་བྱུང་བས་ད་ལྟའང་ཉིད་ཀྱི་ཞལ་ནས།  ངའི་བོད་སྨན་གྱི་རྒྱུན་འདི་ལ་དཀོན་མཆོག་གི་བདེན་སྟོབས་དང་རང་གི་དད་པའི་དབང་གིས་ཡ་ང་བའི་རིག་གསར་གྱི་རླུང་ཡན་དྲག་པོའི་ཁྲོད་དུའང་ཉམ་ཉེས་དང་བར་ཆད་ཆེར་མ་བྱུང་བ་ཡིན་ཞེས་ཡང་ཡང་གསུངས་པ་ལྟར་ཡིན་ལ།

      སྤྱི་ལོ་༡༩༥༩ལོའི་ཟླ་བདུན་པའི་བར་སློབ་གྲྭ་དེར་སློབ་སྦྱོང་གནང་ནུས་སུ་རྟ་ནག་མ་ཞང་དུ་ལྕགས་རྐོ་རུ་འགྲོ་དགོས་བྱུང་བ་བཅས་དབྱར་གནང་གྲོལ་རྗེས་རང་ཡུལ་དུ་བཞུགས། ལོ་དེའི་ཟླ་དགུ་པར་སླར་ཡང་སློབ་གྲྭར་འགྲོ་བའི་སྟ་གོན་བྱེད་སྐབས་རྒྱ་ཡེ་རུ་ཆེན་དུ་སྨན་པ་བྱེད་དགོས་པའི་རེ་འདུན་ལྟར་རྒྱ་ཡེ་རུ་རྒྱུན་བཞུགས་གནང་སྟེ་བོད་སྨན་གྱི་ཕྱག་ལས་རྒྱུན་བསྐྱངས་པའི་མུར་༦༢༦མཛུབ་སྟོན་དེ་གསོ་བཅོས་འཕྲོད་བསྟེན་གྱི་དཀྱིལ་སྙིང་གྲོང་གསེབ་ཏུ་འཇོག་དགོས་པའི་སྐུལ་མ་ལྟར་སྤྱི་ལོ་༡༩༦༣ལོར་རྒྱ་ཡེ་མཉམ་ལས་སྨན་བཅོས་ཁང་བཙུགས་ཏེ་འགྲོ་ཕན་མཛད་བཞིན་པའི་སྔ་རྗེས་སུ་པེ་ཅིན་དུ་འཚོགས་པའི་རྒྱལ་ཡོངས་འཕྲོད་བསྟེན་སློབ་ཚོགས་ཀྱི་འཐུས་མིར་བདམས་ཏེ་ཐེངས་གཉིས་ལ་ཚོགས་ཆེན་དུ་ཞུགས་པར་མ་ཟད་། ཁུལ་དང་རྫོང་། ཀུང་ཧྲེ་རིམ་པའི་དཔེ་བཟང་སྔོན་ཐོན་སྡེ་ཁག་དང་དཔེ་བཟང་མི་སྣར་བདམས་པ་དང་།  ཐེངས་གཅིག་ལ་པེ་ཅིན་དུ་རྒྱལ་ཡོངས་མི་རིགས་གསོ་རིག་དང་སྨན་རིག་ཚོགས་ཆེན་དུའང་ཞུགས།

      སྤྱི་ལོ་༡༩༦༡ལོར་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་ཐེན་གྱིས་བསྒྲུབས་པའི་བོད་སྨན་ཟབ་སྦྱོང་འཛིན་གྲྭ་ཐེངས་དགུ་པ་མཚོ་ལྷོའི་ཆབ་ཆ་རུ་འཚོགས་པའི་སྐབས་ངྷཱི་ཚ་བཀྲ་ཤིས་ཆོས་སྡིངས་གླིང་གི་སྨན་རམས་པ་ཆེན་མོ་ཚུལ་ཁྲིམས་རྒྱ་མཚོ་མཆོག་སློབ་དཔོན་དུ་བསྟེན་པ་ནས་བཟུང་རྗེ་དེའི་མདུན་ནས་ཀོང་སྤྲུལ་ཟིན་ཏིག་དང་དེའུ་དམར་བའི་ཤེལ་གོང་འཕྲེང་། དྭགས་པོའི་ཐོར་འབུམ་ཁ་ཤས།  སྡེ་སྲིད་རིན་པོ་ཆེའི་བེེ་སྔོན་ལས་ཆ་ཤས་ཙམ་ལ་སློབ་སྦྱོང་དང་གཟིགས་རྟོག་བྱེད་པའི་གོ་སྐབས་མངོན་དུ་གྱུར་པར་མ་ཟད་དགོས་ངེས་རྩ་ཆེའི་རིགས་མང་པོ་ཟིན་བྲིས་དང་ཐུགས་འཛིན་གནང་།  ལོ་འདི་ནས་བཟུང་རྗེ་ཚུལ་ཁྲིམས་རྒྱ་མཚོ་རྒྱ་ཡེ་རུ་གདན་དྲངས་ཏེ་དད་བརྩོན་ཆེན་པོས་ཚུལ་བཞིན་བསྟེན་ནས་གསོ་རིག་ཤེས་བྱའི་གནས་ལ་མཐོང་ལོ་དང་ཐོས་ལོ་ཙམ་མ་ཡིན་པར་ཞིབ་པར་སྦྱངས།  ཁྱད་པར་དུ་དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་ཤེལ་གོང་འཕྲེང་གི་གཟབ་ཁྲིད་ལེགས་པར་མནོས་ཤིང་།  དགོས་སུ་རྫ་རི་དང་སྤང་ལྗོངས། ཀླུང་ཤོད་ཀྱི་གནས་ཀུན་ལ་ངལ་བ་ཁྱད་བསད་ཀྱིས་མྱུལ་ཏེ་སྨན་རྫས་རེ་རེའི་སྐྱེ་དབྱིབས་དང་རྒོད་གཡུང་། རོ་ནུས།  བྱང་ཟུར་ལུགས་གཉིས་ཀྱི་ངོས་འཛིན་མི་འདྲ་བའི་གནད་ཀ་སོགས་ལ་ཕྱོགས་ཡོངས་ནས་དབྱེ་འབྱེད་དང་། ཞིབ་བསྡུར་གནང་ཞོར་དུ་སྨན་གྱི་ནུས་པ་རྐྱང་སེལ་སོགས་བློ་འཛིན་གནང་།

      སྤྱི་ལོ་༡༩༦༤ལོར་རང་ལོ་སོ་གསུམ་སྟེང་མཚོ་ལྷོ་ཁུལ་གུང་ཧོ་རྫོང་རྒྱ་ཡེ་སྡེ་བའི་མཉམ་ལས་སྨན་ཁང་དུ་རྫོང་ཡོངས་ཀྱི་བོད་སྨན་འཛིན་གྲྭ་ཞིག་བསྡུས་ཏེ་རྗེ་ཚུལ་ཁྲིམས་རྒྱ་མཚོ་དང་ཁོང་གཉིས་དགེ་རྒན་དུ་བསྐོས་ནས་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་དང་ལག་ལེན་མང་པོ་སློབ་ཁྲིད་གནང་སྐབས་སློབ་དེབ་ལ་གསོ་རིག་རྒྱུད་བཞི་མེད་མི་རུང་བར་ངེས་པར་མཁོ་གལ་ཆེ་བའི་དཔྱད་གཞིའི་ཡིག་ཆ་རྩ་ཆེ་ཤོས་སུ་དགོངས་ནས་ཐེངས་མང་པོར་ཕིང་ཆེན་རིམ་པའི་མགོ་ཁྲིད་རྣམ་པར་དངོས་མཇལ་དང་འཕྲིན་བརྡའི་ལམ་ནས་རེ་ཞུ་ཡང་ཡང་བྱས་མཐར།  རིམ་བཞིན་རྫོང་དང་ཁུལ།  ཞིང་ཆེན་འཕྲོད་བསྟེན་ཐེན་བཅས་ནས་ཆོག་མཆན་དང་དཔང་ཡིག་བླངས་ཏེ་རྗེ་ཚུལ་ཁྲིམས་རྒྱ་མཚོ་དང་ཁོང་གཉིས་སྐུ་འབུམ་བྱམས་པ་གླིང་དུ་ཕེབས་ཏེ་པར་གྱི་ལྷ་ཁང་ངོ་མཚར་རིན་ཆེན་གླིང་གི་ཡང་དར་བསྟན་པའི་སྒོ་གླེགས་ཐོག་མར་ཕྱེས་ཤིང་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་གྱི་རྒྱལ་མཚན་མཆོག་གི་ཡོངས་འཛིན་དམ་པ་རྒྱ་ཡག་རིན་པོ་ཆེར་མཇལ། ཁོང་གདན་འདྲེན་བྱས་ཏེ་བོད་ཀྱི་གསོ་རིག་ཀུན་གྱི་ཕྱི་མོ་དཔལ་ལྡན་རྒྱུད་བཞི་ཐོག་མར་པར་དུ་བཏབ་པར་མ་ཟད། གསོ་རིག་དང་འབྲེལ་བའི་ཡིག་ཆ་ཁ་ཤས་ཀྱང་པར་དུ་བཏབ་སྟེ་དགའ་དད་སྤྲོ་གསུམ་དང་བཅས་རང་ཡུལ་ལ་ལོག་ནས་བོད་ཀྱི་གསོ་བ་རིག་པའི་ཁྲིད་རྒྱུན་ནར་མར་བསྐྱངས།

      སྤྱི་ལོ་༡༩༦༦ལོར་རང་ལོ་སོ་ལྔའི་སྟེང་།  ཇི་སྐད་དུ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས།  རྒྱལ་སྲས་རྣམས་ཀྱིས་མི་སློབ་པའི། ། གནས་ནི་གང་ཡང་ཡོད་མ་ཡིན། །དེ་ལྟར་རྟོགས་པའི་མཁས་པ་ལ། །བསོད་ནམས་མི་ལྡན་གང་ཡང་མེད། །ཅེས་གསུངས་པ་ལྟར།  ཕྱི་ལུགས་གསོ་རིག་གི་ལག་ལེན་དང་ཤེས་བྱ་ཡང་ཤེས་པར་འདོད་པའི་ཀུན་སློང་གིས་ཡིད་གཡོས་ཏེ་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་དུ་ལོ་གཅིག་གི་རིང་ལ་ཟབ་སྦྱོང་དུ་ཕྱིན་ཏེ། ཕྱི་ལུགས་ལུས་ཀྱི་གནས་ལུགས་སྒོར་དང་། བརྟག་ཐབས་རིག་པ། གཤགས་བཅོས་མས་དྲག་དཔྱད་རིག་པ། ཀྲུང་ལུགས་སྨན་རྫས་ཀྱི་འདུལ་སྦྱོང་དང་ལག་ལེན་སོགས་ལ་སྦྱང་བརྩོན་ཆེན་པོས་ཐུགས་སུ་ཆུད་པར་མཛད་དེ་ཕྱིར་རང་ཡུལ་དུ་ཕེབས་ནས་རྗེ་ཚུལ་ཁྲིམས་རྒྱ་མཚོའི་མདུན་སར་ཞབས་   གཡོག་སྒྲུབ་བཞིན་ཟབ་རྒྱས་མན་ངག་གིབདུད་རྩིས་ཐུགས་རྒྱུད་གསེར་གྱི་བུམ་བཟང་ཡོངས་སུ་གཏམ་པར་བྱས་ཤིང་། རྒྱ་ཡེ་སྨན་ཁང་དུ་ཕྱག་ལས་རྒྱ་ཆེར་མཛད་དེ་འགྲོ་བ་ནད་པ་མང་པོ་དུས་མིན་འཆི་བའི་འཇིགས་པ་ལས་བསྐྱབས་པས་ངེས་པ་དོན་གྱི་ཉིན་མ་ཞེས་མཚན་གྱི་སྙན་པ་ཡུལ་མཐའ་དབུས་ཀུན་ཏུ་ཁྱབ་པར་གྱུར་ཏོ།།

      སྤྱི་ལོ་༡༩༧༩ལོར་རང་ལོ་ཞེ་བརྒྱད་སྟེང་། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་སུ་བོད་སྨན་གྱི་བྱ་བ་ཕྱོགས་ཡོངས་ནས་དངོས་འབེབས་བྱས་པ་བརྒྱུད་ཞིང་ཆེན་ཡོངས་ནས་ཀྲུང་སྨན་དྲུག་ཅུ་དང་བོད་སྨན་བཞི་བཅུ་ལ་རྒྱུགས་བླངས་ཏེ་ཆེད་དུ་གནའ་མཁར་ཟི་ལིང་གྲོང་ཁྱེར་དུ་ཞབས་སོར་བསྐྱོད་དེ་ཞིང་ཆེན་སྨན་རིག་ཚན་རིག་ཞིབ་འཇུག་ཁང་དུ་ཕེབས་ནས་དེ་གར་བོད་སྨན་ཚན་ཁག་དང་སྒོ་བསྟེན་ཁང་ཞིག་གསར་དུ་བཙུགས་ཏེ་སྨན་རམས་པ་རྗེ་ངག་དབང་བསྟན་འཛིན་དང་སྒ་དཔལ་ཆེན་རྡོ་རྗེ། བ་བཟའ་རྣམ་རྒྱལ་ཕུན་ཚོགས་བཅས་རྣམ་པ་བཞིས་གཞུང་ལུགས་ཞིབ་འཇུག་དང་སྨན་རྫས་སྦྱོར་བཟོ་སོགས་རིས་སུ་མ་ཆད་པའི་འགྲོ་བ་ནད་པའི་དོན་མཛད། སྔ་ཕྱིར་བོད་སྨན་ཉོ་སྒྲུབ་དང་གསོ་རིག་གི་བྱ་བའི་ཆེད་དུ་དབུས་གཙང་དུ་ཐེངས་དགུར་ཕེབས།  བོད་ཀྱི་གསོ་བ་རིག་པའི་དོན་དུ་འབད་པ་ལྷོད་མེད་གནང་བའི་མུར་ཞིང་ཆེན་རིམ་པའི་མགོ་ཁྲིད་སོ་སོས་ཐུགས་ཁུར་དང་རྒྱབ་སྐྱོར་འོག་མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་གསར་དུ་འཛུཊ་དགོས་པའི་བཀའ་དང་ལེན་བྱས་ནས་སྨན་ཁང་འཛུགས་སྐྲུན་གྱི་འགན་ཡོངས་སུ་བཞེས་ཏེ་ཁོང་རྣམ་པ་བཞིས་དཀའ་བ་མང་པོ་སྤྱད་མཐར།

     སྤྱི་ལོ་༡༩༨༣ལོའི་ཟླ་༡༠པའི་ཚེས་༢༠ཉིན་མདོ་སྨད་ཙོང་ལ་རིང་མོའི་ཕང་བ་རུ་ཆགས་པའི་གནའ་མཁར་ཟི་ལིང་གྲོང་ཁྱེར་དུ་འགྲོ་བའི་སྡུག་བསྔལ་སེལ་བའི་གསོ་རིག་དྲང་སྲོང་འདུས་པའི་གླིང་ངམ་མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་དངོས་སུ་སྒོ་ཕྱེ་ཞིང་ཁོང་གིས་དབུ་འཛིན་གཞོན་པའི་འགན་ཀྱང་བཞེས་པ་ཡིན་ལ།  ཞོར་དུ་སྨན་སྦྱོར་ཚན་ཁག་ཏུ་སྨན་གྱི་འདུལ་སྦྱོང་དང་སྡེབ་སྦྱོར་སོགས་མཐོང་བརྒྱུད་ལྟར་ཕྱག་ལེན་གནང་པ་དང་།  ཕྱོགས་གཅིག་ནས་ནད་པར་བརྟག་བཅོས་ཀྱི་འགན་གཙོ་བོར་བཞེས། སྨན་སྦྱོར་ཚན་ཁག་དེ་ཡང་རིམ་བཞིན་རྒྱ་བསྐྱེད་ནས་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་སྨན་སྦྱོར་ལྟེ་གནས་སུ་བསྒྱུར་བ་དང་།  དེ་ཡང་མཚོ་སྔོན་བོད་སྨན་བཟོ་གྲྭ་རུ་བསྒྱུར་བ་བཅས་རིམ་བཞིན་ད་ལྟའི་མཚོ་སྔོན་ཞིང་ཆེན་ཨ་རུ་བོད་སྨན་སྨན་བཟོ་ཚད་ཡོད་ཀུང་ཟི་བཅས་ཀྱི་རྨང་གཞི་ལེགས་པར་བཏིངས་ཤིང་འཕེལ་རྒྱས་སུ་འགྲོ་བཞིན་པ་འདི་ལགས་སོ།།

     སྤྱི་ལོ་༡༩༨༠ལོའི་རང་ལོ་ཞེ་དགུའི་སྟེང་། མདོ་རྒྱུད་རྒྱ་མཚོའི་མངའ་བདག་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་བཙུན་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ་གསོ་རིག་སྒོར་གྱི་དཀའ་གནད་མང་པོ་བཀའ་འདྲི་ཞུས་ཏེ་སྒྲོ་འདོགསབཅད།  བླ་བྲང་ཨ་ལགས་རིན་པོ་ཆེ་རྗེ་བླ་ཁོ་རྡོ་རྗེ་འཆང་འཇིགས་མེད་འཕྲིན་ལས་རྒྱ་མཚོ་ནས་བརྒྱུད་པའི་གཡུ་ཐོག་སྨན་དབང་དང་།  སྨན་གྱི་ལྷ་མོ་སྤུན་གསུམ་གྱི་རྗེས་གནང་གསན་པར་མ་ཟད་བསླབ་བྱའི་སྒོར་དང་སྨན་གྱི་ངོས་འཛིན་སོགས་མན་ངག་ཟབ་དགུ་མང་དུ་ཞུས།  རྗེ་འཇམ་དབྱངས་བསྟན་པའི་སྒྲོན་མེས།  དང་པོ་ཉིད་ནས་གཅིག་ཤེས་གཉིས་ཀུན། །སྲིད་པར་འཁྱར་བའི་དམུ་རྒོད་སེམས་ཀྱི་རྟ། །འདི་ཉིད་འདུལ་ཐབས་ཁོ་ནར་འཁྱེར་བ་ཡི། ། ཐོས་བསམ་ཆོས་སུ་འགྲོ་བར་གྱིས་ཤིག་ཨང་། །ཞེས་གསུངས་པ་ལྟར་ཐོས་བསམ་རང་རྒྱུད་འདུལ་བའི་གཉེན་པོ་ཁོ་ནར་མཛད་པ་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་པ་ཡིན་ཞེས་ཞལ་ནས་ཡང་ཡང་གསུངས། དེར་མ་ཟད་ད་དུང་གསོ་རིག་གི་ཆ་ལག་མེད་མི་རུང་བ་མཆོད་རྟེན་དང་། དཀྱིལ་འཁོར། ལྷ་རིས་ཀྱི་ཐིག་རྩ། ཚོན་རྩི་བཟོ་ལུགས། འཚེམ་བཟོ། གསེར་དངུལ་སོགས་ཀྱི་ལས་སྣོན་དང་འདུལ་སྦྱོངས་སོགས་ཀྱང་སྦྱང་བ་ཆེར་མཛད་མ་དགོས་པར་ཐུགས་སུ་ཆུད་པ་ནི། ཇི་སྐད་དུ། ལ་ལས་ལོ་བརྒྱར་སྦྱང་པ་གང་། །ལ་ལས་ཡུད་ཙམ་ཞིག་ལ་ཤེས། །ལ་ལས་ཚེགས་ཀྱིས་སྒྲུབ་པ་གང་། །ལ་ལས་བདེ་བླག་ཉིད་དུ་བྱེད། །ཅེ་སི་ཏུ་པཎ་ཆེན་གྱིས་གསུངས་པ་ལྟར་ལྷན་སྐྱེས་ཀྱི་ཤེས་རབ་དང་སྐུ་ཚེ་སྔོན་མའི་བག་ཆགས་ཡིན་པའི་དན་རྟགས་རྨ་མེད་པ་ཞིག་ཏུ་ངེས་པ་ལ་བློ་གཟུ་བོར་གནས་པ་སུ་ཞིག་གིས་བསྙོན་པར་ནུས།

      སྤྱི་ལོ་༡༩༨༣ལོའི་རང་ལོ་ང་གཅིག་སྟེང་། མཁས་མཆོག་སྨན་རམས་པ་ཆེན་མོ་རྗེ་ངག་དབང་བསྟན་འཛིན་གྱི་མདུན་ནས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་མན་ངག་ལྷན་ཐབས་ལྡེ་མིག་དང་བཅས་པའི་ཁྲིད་ལུང་རྒྱས་པར་གསན་པར་མ་ཟད་དཀར་ནག་རྩིས་ཀྱི་རིག་པའི་རྣམ་བཞག་སོགས་ཀྱང་གསན།

      སྤྱི་ལོ་༡༩༨༦ལོའི་རང་ལོ་ང་དྲུག་སྟེང་། རྗེ་ཤིང་བཟའ་རིན་པོ་ཆེ་སྐུ་ཕྲེང་ལྔ་བ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་གི་མདུན་ནས་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི་གསོ་རིག་ཟིན་ཏིག་གི་ཟབ་གནད་ལ་མཐའ་དཔྱོད་དོགས་གནད་ཀྱི་ཞིབ་ཁྲིད་རྒྱ་ཆེར་མཛད་པ་གསན་པར་མ་ཟད། གསོ་རིག་གི་གཞུང་ལུགས་དང་འབྲེལ་བའི་དོགས་གནད་དང་། སྨན་གྱི་ངོས་འཛིན་ཐད་ཀྱི་ནོར་སོ། འ་ཞ་སྨན་པའི་ལོ་རྒྱུས་ཀྱི་དོགས་གཞིའི་སྐོར།  སྔ་རབས་སྨན་པ་མིང་གྲགས་ཅན་གྱི་མཛད་རྗེས་སྐོར་འདྲི་རྟོག་བགྱིས་ཏེ་ལུང་རིགས་མན་ངག་གི་བདུད་རྩི་མངར་མོ་བློ་ཡི་ཡོལ་གོར་བསྐྱིལ་བར་མཛད།

      སྤྱི་ལོ་༡༩༨༧ལོའི་རང་ལོ་ང་བདུན་སྟེང་། ལེགས་བཤད་རིན་པོ་ཆེའི་གཏེར་ལས། རྒྱ་མཚོ་ཆུ་ཡི་མི་ངོམས་ཤིང་། །རྒྱལ་པོའི་བང་མཛོད་ནོར་གྱི་མིན། །འདོད་ཡོན་སྤྱད་པས་མི་ངོམས་ཏེ། །མཁས་པ་ལེགས་བཤད་ཀྱིས་མི་ངོམས། །ཞེས་དང་། མཁས་པ་ཡོན་ཏན་མཛོད་འཛིན་པ། །དེ་དག་ལེགས་བཤད་རིན་ཆེན་གཏེར། །རྒྱ་མཚོ་ཆེན་པོ་ཆུ་ཡི་གཏེར། །ཡིན་ཕྱིར་ཆུ་བོ་ཐམས་ཅད་འབབ། །ཅེས་པ་ལྟར་། ངེས་པ་དོན་གྱི་མ་ཧ་པཎ་ཆེན་ཁྲོ་རུ་ཚེ་རྣམ་རིན་པོ་ཆེ་མདོ་སྨད་རྨ་ལྷོ་གསོ་རིག་དར་རྒྱས་གླིང་དུ་ཆིབས་བསྒྱུར་གནང་བའི་དྲུང་ནས་བོད་ཀྱི་གསོ་བ་རིག་པའི་ཐུན་མོང་མ་ཡིན་པའི་ཕྱག་ལེན་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་འདུལ་སྦྱོང་དང་འབྲེལ་བའི་ལག་ལེན་དམར་ཁྲིད་ཀྱི་རིམ་པ་དང་ཟ་བྱེད་ཁམས་བརྒྱད་དང་འཆང་བྱེད་ལྕགས་བརྒྱད་བཅས་ཟ་འཆང་ཁམས་བཅུ་དྲུག་གི་འདུལ་སྦྱོང་སོགས་ཐེངས་གཅིག་ལ་མགོ་ནས་མཇུག་བར་དུ་གསན་ཞིང་ལག་ལེན་དུ་མཛད། རྗེ་དེ་ཉིད་ཀྱི་མདུན་ནས་རྒྱལ་པོ་སྨན་ཚོང་རི་ཁྲོད་དུ་གཡུ་ཐོག་སྨན་དབང་ཆེན་མོའི་དབང་སྟ་གོན་དང་བཅས་པ།  སྨན་གྱི་ལྷ་མོ་སྤུན་གསུམ་གྱི་རྗེས་གནང་། ཞང་བློན་དམ་ཅན་སྡེ་དགུའི་རྗེས་གནང་བཅས་གསན་པ་དང་། བཙོ་བཀྲུ་ཆེན་མོའི་ཐུན་མཚམས་སུ་དཔལ་ལྡན་རྒྱུད་བཞི་ལས་རྒྱུད་ཆུང་གསུམ་གྱི་ཟབ་ཁྲིད་མན་ངག་གི་རྒྱུན་དང་བཅས་པ་གསན།

      སྤྱི་ལོ་༡༩༨༨ལོ་ནས་བཟུང་ད་ལྟའི་བར་མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་དུ་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན་དམར་ཁྲིད་ཐེངས་དྲུག་ལ་གནང་བར་མ་ཟད་རིན་ཆེན་གྲང་སྦྱོར་རིལ་ནག་ཆེན་མོ་དང་མུ་ཏིག་བདུན་ཅུ་སོགས་རིན་ཆེན་རིགས་ཆ་ཚང་བར་བཟོས་པ་དང་རིམ་བཞིན་རྨ་ལྷོ་རྫོང་སོག་བོད་སྨན་ཁང་དུ་ཐེངས་གཅིག་དང་། མཚོ་ལྷོ་ཁུལ་བོད་སྨན་ཁང་དུ་ཐེངས་བཞི། རེབ་གོང་རོང་དགོན་ཆེན་དུ་ཐེངས་གཅིག  དཔའ་ལུང་རྫོང་བོད་སྨན་ཁང་དུ་ཐེངས་གཅིག  ཀན་སུའུ་དཔའ་རིས་རྫོང་བོད་སྨན་ཞིབ་འཇུག་ཁང་དུ་ཐེངས་གཅིག  ཨ་རུ་བོད་སྨན་བཟོ་གྲྭར་ཐེངས་འགའ་བཅས་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན་ཐེངས་ཉི་ཤུ་ལྷག་གནང་།

      སྤྱི་ལོ་༡༩༩༦ལོར་དབུས་ལྷ་ལྡན་ཉི་མའི་གྲོང་ཁྱེར་དུ་ཕེབས་ནས་བོད་སྨན་རྩིས་ཁང་གི་མཁས་པའི་དབང་པོ་འཕན་པོ་ན་ལེན་དྲའི་མཁན་ཆེན་ཚུལ་ཁྲིམས་རྒྱལ་མཚན་མཆོག་གི་མདུན་སར་ཐེངས་མང་པོར་མཇལ་ཏེ་སྨན་གྱི་ངོས་འཛིན་དང་དོགས་གཞི་མང་དུ་གསན་ཞིང་། ས་དེའི་ཡུལ་ཁམས་རེ་འགར་ཕེབས་ཏེ་སྨན་གྱི་སྐྱེ་གཟུགས་དང་རོ་ནུས། དབུས་དང་ཨ་མདོའི་བར་གྱི་སྨན་རྫས་ངོས་འཛིན་མི་མཐུན་པའི་གནད་སོགས་གཞུང་ལུགས་དང་ཞིབ་བསྡུར་གྱིས་བརྡར་ཤ་བཅད་དེ་དོགས་གཞིར་ལུས་པའི་སྨན་རྫས་རེ་འགའ་གཏན་ལ་ཕབས།    ལོ་ཤས་ཀྱི་སྔོན་ནས་བོད་སྨན་བཟོ་གྲྭས་ཆོག་མཆན་ཡོད་པའི་སྨན་རྫས་ཁ་ཤས་མ་གཏོགས་རྒྱུན་བཀོལ་གྱི་སྨན་སྦྱོར་མང་པོ་ཐོན་སྐྱེད་བྱས་མི་ཆོག་སྟབས།

      སྤྱི་ལོ་༢༠༠༡ལོའི་ལོ་སྨད་དུ་སླར་ཡང་བོད་སྨན་ཁང་གི་སྨན་སྦྱོར་ཚན་ཁག་གསར་བསྐྲུན་བྱས་ནས་ད་ལྟ་དངོས་སུ་བེད་སྤྱོད་བྱེད་མུས་སུ་ཁོང་གི་ཕྱག་ལེན་ངོས་གཙང་ལྟར་རྒྱུན་བཀོལ་གྱི་སྨན་སྦྱོར་ཕལ་ཆེར་སུམ་བརྒྱ་ལྷག་དང་རིན་ཆེན་དངུལ་ཆུ་བཙོ་བཀྲུ་ཆེན་མོ། རིན་ཆེན་གྲང་སྦྱོར་རིལ་ནག་ཆེན་མོ་དང་མུ་ཏིག་བདུན་ཅུ་སོགས་ཐོན་སྐྱེད་བྱེད་བཞིན་ཡོད།

      སྤྱི་ལོ་༢༠༠༨ལོར་མདོ་སྨད་ངང་རུང་དགོན་གྱི་ངང་རུང་མཁན་པོ་རྗེ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོའི་དངོས་སློབ། འདུལ་འཛིན་ཆེན་པོ་རྗེ་བློ་བཟང་དམ་ཆོས་མཆོག་གི་མདུན་ནས་སྨན་དཔྱད་ཟླ་བའི་རྒྱལ་པོའི་ཀླགས་ལུང་གསན།

     སྤྱི་ལོ་༢༠༡༠ལོའི་རང་ལོ་དོན་དགུའི་སྟེང་བོད་ལྗོངས་བོད་ཀྱི་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་གོ་འཇོ་དབང་འདུས་ལགས་ཀྱི་མདུན་ནས་ཀོང་སྤྲུལ་ཟིན་ཏིག་གི་ཁྲིད་ལུང་རྒྱས་པར་གསན།

      གཞན་ཡང་མཚོ་ལྷོ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི། སྐབས་གང་ཡིན་གསལ་ཁ་མ་བྱུང་།  ཞིང་ཆེན་སྲིད་གྲོས་སྐབས་ལྔ་བའི་ཨུ་ཡོན། ཞིང་ཆེན་སྲིད་གྲོས་སྐབས་དྲུག་པ་དང་བདུན་པ།  བརྒྱད་པ་བཅས་ཀྱི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཚན་རིག་མཐུན་ཚོགས་སྐབས་བཞི་བའི་ཨུ་ཡོན་དང་སྐབས་ལྔ་བའི་རྒྱུན་ལས་ཨུ་ཡོན། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོའི་མི་རིགས་གསོ་རིག་ཚོགས་པའི་ཚོགས་མི། ཀྲུང་གོ་ནང་བསྟན་མཐུན་ཚོགས་མཚོ་སྔོན་ཡན་ལག་མཐུན་ཚོགས་ཐེངས་གཉིས་པའི་འཐུས་མི་དང་ཐེངས་གསུམ་པའི་རྒྱུན་ལས་ལས་འཛིན། མཚོ་སྔོན་བོད་ལུགས་སྨན་ཁང་གི་དབུ་འཛིན་གཞོན་པ་དང་མཚན་འཛིན་ཡོན་ཀྲང་བཅས་ཀྱི་འགན་བཞེས་པའི་མུར་བོད་ཀྱི་གསོ་རིག་དང་འགྲོ་བ་ནད་པ་མང་པོའི་དོན་ལ་བརྩོན་ཞིང་བཞུགས་པ་ལགས་སོ།།

    ཞེས་དམ་པ་གང་གི་རྣམ་ཐར་རྒྱ་མཚོ་ལྟ་བུ་ལས་སྐྲ་རྩེས་བླངས་པའི་ཆུ་ཐིགས་ཙམ་སྒྲོ་བསྐུར་སྤངས་ཏེ་བརྗོད་པ་དྲང་སྲོང་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ་ནི་རྨོག་རུ་བ་རིག་འཛིན་རྡོ་རྗེས་བྲིས་པ་དགེའོ།། །།


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། gd5j བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5861400
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号