ལོ་ཙཱ་ཞིབ་འཇུག་གི་མིང་དང་དོན་བཤད་པ།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 21 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» དཔྱད་རྩོམ། » ལོ་ཙཱ་ཞིབ་འཇུག་གི་མིང་དང་དོན་བཤད་པ།
ལོ་ཙཱ་ཞིབ་འཇུག་གི་མིང་དང་དོན་བཤད་པ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2018-10-23ལྟ་ཀློག (2053)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

 ལོ་ཙཱ་ཞིབ་འཇུག་གི་མིང་དང་དོན་བཤད་པ།

རྩོམ་པ་བོ།  ཤ་བོ་རབ་བརྟན།

         ཤ་བོ་རབ་བརྟན་ནི་ 1981ལོར་མཚོ་སྔོན་ཞིང་ཆེན་གཅན་ཚ་རྫོང་སྐར་མ་ཐང་དུ་སྐྱེས། 2012ལོར་རྩོམ་རིག་འབུམ་རམས་པའི་བསླབ་གནས་བླངས། ད་ལྟར་ནུབ་བྱང་མི་རིགས་སློབ་ཆེན་དུ་དགེ་རྒན་གྱི་ལས་ཀ་གཉེར་བཞིན་ཡོད། ཀན་སུའུ་ཞིང་ཆེན་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་མི་དང་བོད་མིའི་རིག་གནས་འཕེལ་རྒྱས་ཡར་སྐུལ་ཚོགས་པའི་ཚོགས་མི་ཡིན།ལོ་ངོ་འདི་དག་ཏུ་རྒྱ་བོད་ལོ་ཙཱའི་གཞུང་ལུགས་དང་བོད་ཀྱི་ཡིག་རྙིང་སྤྱི་བཤད། རྩོམ་འཇུག་རིག་པ་སོགས་སློབ་ཁྲིད་ཀྱི་འགན་གཙོ་བོར་སྐྱོང་བའི་མུར། ཀྲུང་གོའི་བོད་རིག་པ་དང་བོད་ལྗོངས་ཞིབ་འཇུག་སོགས་དུས་དེབ་ཁག་ཏུ་རིག་གཞུང་དཔྱད་རྩོམ་ཉི་ཤུ་ལྷག་སྔ་ཕྱིར་བཀོད་ཅིང་། རྒྱལ་ཁབ་རིམ་པའི་ལས་གཞི་དཀྱུས་མ་གཅིག་ལ་འགོ་འཛིན་དང་གནད་ཆེའི་ལས་གཞི་གཅིག་སོགས་ཁ་ཤས་སུ་མཉམ་ཞུགས་བྱས་ཡོད་དོ༎


ལྗོམ·S·ཧོམ་སིས་བརྩམས། 

ཝང་ཀོང་ཀྲིག་གིས་དབྱིན་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར།

ཤ་བོ་རབ་བརྟན་གྱིས་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར།  

 1.1

  མལ་ཁོལ་མེར་ཆི་ཡིས་འདི་སྐད་དུ། ཚན་རིག་ཅེས་པ་དེ་སྤྱིར་བཏང་དུ་སྔར་མ་རྟོགས་པའི་ཡུལ་ཞིག་གསར་དུ་རྙེད་པ་ལ་བརྟེན་ནས་གོང་དུ་འཕེལ་གྱིན་ཡོད་ཅེས་གསུངས་པ་ལ། ཚན་རིག་ཞིབ་འཇུག་གི་ལས་ལ་འབད་གྱིན་པའི་སྤྱི་ཚོགས་རིག་པ་བ་ཚོས་འཕེལ་རིམ་དེ་ལ་དབྱེ་བ་འོས་འཚམས་ཤིག་ཕྱེ་འདུག ལར་རིག་གཞུང་ཐད་ཀྱི་གནད་དོན་གསར་བའམ་དུ་མ་ཞིག་བྱུང་མ་ཐག འབྲེལ་ཡོད་ཀྱི་ཁྱབ་ཁོངས་སོ་སོ་ནས་མཁས་པ་མང་བོ་འུར་ཟིང་ངེར་ཐོན་ཏེ། རང་གི་ཁྱབ་ཁོངས་དེ་དང་དེར་བདེན་ཐག་བཅད་ཡོད་པའི་དཔེ་ལུགས་དང་རྣམ་གཞག་མང་བོ་དྲངས་ཡོང་བ་མ་ཟད། དེ་དག་གིས་གནད་དོན་དེ་རིགས་གྲུབ་འབྲས་དང་ལྡན་པའི་ངང་ཐག་གིས་བཅད་ཡོང་ཀྱང་སྲིད། སྐབས་ལ་ལར་གནད་དོན་དེ་དག་ལ་གསལ་འདོན་དང་དབྱེ་ཞིབ། རྒྱས་བཀྲོལ་བཅས་བྱ་ཆོག་སྟེ། མ་མཐའ་ཡང་དཔེ་ལུགས་དང་རྣམ་གཞག་ག་ཤེད་ཅིག་གི་ཁོངས་སུ་གནད་དོན་དེ་ཕྱོགས་ཙམ་ཞིག་ཐག་གིས་ཆོད་ནས། སྔར་ཡོད་ཀྱི་ཞིབ་འཇུག་ཁྱབ་ཁོངས་སུ་ལུགས་མཐུན་གྱི་ཡན་ལག་ཅིག་ཏུ་གྱུར། ཡང་སྐབས་འགར་དཔེ་ལུགས་དང་རྣམ་གཞག་དེ་དག་གིས་ཡིད་ཚིམ་པའི་འབྲས་བུ་ཞིག་བསྐྱེད་མ་ཐུབ་པས་ན། ཞིབ་འཇུག་པ་ཚོས་ཐབས་ལམ་གསར་བ་ཞིག་མི་འཚོལ་ཀ་མེད་བྱུང་ངོ་༎

    གནས་ཚུལ་ཕྱི་མ་དེ་གནད་དོན་གསར་བར་རྟོག་ཞིབ་བྱེད་མཁན་དང་སྔར་ཡོད་ཁྱབ་ཁོངས་ནང་གི་ལས་གྲོགས་ཚོའི་བར་གྱི་ཟམ་པར་གྱུར་བས། རིམ་གྱིས་འབྲེལ་ལམ་གསར་བ་ཞིག་ངང་གིས་ཆགས་ཏེ་རིག་ཚན་ཐོག་གི་ཝུ་ཐོ་པང་གསར་བ་ཞེས་པ་ཞིག་ཏུ་རྒྱ་བསྐྱེད་པའམ། ཡང་ན། ནང་དོན་དང་ཞིབ་འཇུག་གི་སྒྲིག་གཞི་གསར་བའི་ཁྲོད་གནད་དོན་དང་ཐབས་ཤེས། དམིགས་ཡུལ་ཁག་ཅིག་ལ་སྤྲོ་སྣང་གཅིག་མཚུངས་སྐྱེས་པར་གྱུར། W.O ཧ་ཁི་སད་ལུང་གིས་འདི་སྐད་དུ་གསུངས་མྱོང་སྟེ། འབྲེལ་ལམ་གཟུག་རྒྱུ་དང་རིག་ཚན་ཐོག་གི་ཝུ་ཐོ་པང་བསྐྱེད་རྒྱུ་འདི་གཉིས་ཀས། སློབ་གྲྭ་ཆེན་མོའམ་དེ་ལས་རྒྱ་ཆེ་བའི་ཚོགས་པ་གང་རུང་ནས་ཚན་ཁག་སྐོར་ཞིག་འགུགས་ཐུབ་ཚེ། ཚན་རིག་པ་ཚོས་རིག་ཚན་གསར་བ་གང་དེ་ཁས་ལེན་ངེས་པ་མ་ཟད། ཁོང་རྣམ་པའི་ལྟ་བའི་ཐོག་ནས་ལུགས་མཐུན་ཡིན་པའང་གསལ་སྒྲོག་བྱ་སྲིད། ཅེས་སོ༎

1.2

   མཁས་པ་ཁ་ཅིག་དང་ནང་སྒོས་སུ་སྐད་རིག་སྨྲ་བ་འགའ་རེས་ལྟ་བ་མི་མཐུན་པ་འདོན་སྲིད་མོད། ངས་བལྟས་ན་གནས་ཚུལ་ཕྱི་མ་དེ་ད་ལྟ་ལོ་ཙཱའི་བྱ་སྤྱོད་དང་སྣང་ཚུལ་སྐོར་གྱི་གནད་དོན་ཉོག་རྫོབ་ཅན་ཁག་ཅིག་ཐག་གཅོད་བྱེད་དུ་བཀོལ་གྱིན་པ་ནི་བསྙོན་དུ་མེད། དུས་རབས་འགའི་ནང་དུ། རྩོམ་པ་བོ་དང་སྐད་ཡིག་རིག་པ་བ། རྩོམ་རིག་མཁན་པོ་སོགས་མི་ཉུང་ཤས་ཤིག་དང་། དེ་མིན་རིགས་འདྲ་མིན་གྱི་ལྷ་རིག་སྨྲ་བ་བོའམ་རང་གཤིས་ཡ་མ་ཟུང་ཅན་གྱི་སྐད་བརྡ་རིག་པ་བ་སོགས་ཀྱིས་སྐབས་འགར་ཁྱབ་ཁོངས་འདིའི་ཕྱོགས་སུ་མིག་མདའ་སྣང་མེད་དུ་འཕང་འོང་། འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་ཚུན་གྱི་ལོ་འདི་དག་རིང་། མཁས་པ་སྐོར་ཅིག་ལོ་ཙཱ་ཞེས་པའི་རིག་ཚན་འདི་ལ་སྤྲོ་སྣང་ཇེ་ཆེ་ནས་ཇེ་ཆེར་གྱུར། སྤྲོ་སྣང་དེ་གཏན་ཆགས་སུ་སོང་ཞིང་རྒྱ་བཀྱེད་པ་དང་བསྟུན། མཁས་པ་སྤྱི་དང་སྒོས་སུ་སྐད་བརྡ་རིག་པ་དང་སྐད་ཆའི་མཚན་ཉིད་རིག་པ། རྩོམ་རིག་ཞིབ་འཇུག་སོགས་འབྲེལ་ཡོད་ཁྱབ་ཁོངས་དང་། ཐ་ན་བརྡ་འཕྲིན་གཞུང་ལུགས་དང་གཏན་ཚིགས་རིག་པ། རྩིས་རིག་སོགས་བལྟས་ན་བར་ཐག་རིང་བའི་རིག་ཚན་ཁྱབ་ཁོངས་སོ་སོ་ནས་མཁས་པ་མང་བོ་ཐོན་ཏེ་རང་འདོད་ལྟར་གནད་དོན་གསར་བ་ཐག་གཅོད་པར་ཕན་སྙམ་པའི་དཔེ་ལུགས་དང་དཔེ་ལུགས་ལྟར་སྣང་། དཔེ་རྣམ་དང་ཐབས་ཤེས་རྣམ་བཤད་མང་བོ་ཤིག་འཁྱེར་ཏེ་འོངས།

  ཧར་ཀྱིས་བལྟས་ན་ད་སྐབས་གཅིག་འཕྲོར་གཅིག་རྒྱུད་དུ་བྱུང་བའི་རྣམ་པ་འདི་ཧ་ཅང་རྙོག་འཛིང་ཆེ་བ་འདྲ་སྟེ། དཔེར་ན། དཔྱད་ཡུལ་གང་གི་རིགས་དང་དབྱེ་བ། མཚོན་བྱེད་ཀྱི་བརྡ་ཆད་སྣ་ཚོགས་ཀྱི་སྐོར་ལའང་གཅིག་གྱུར་བྱུང་མེད། ཐ་ན་ཁྱབ་ཁོངས་འདིའི་ཁེབས་རྒྱ་དང་གནད་དོན་གྱི་སྒྲིག་ཚུལ། རིག་ཚན་གྱི་ངོ་བོ་སོགས་ལའང་ལྟ་ཚུལ་འདྲ་མཚུངས་ཤིག་ཆགས་མི་འདུག དོན་དངོས་སུ་མཁས་པ་རྣམས་ཁྱབ་ཁོངས་གསར་བའི་མིང་ཁོ་ནའི་སྟེང་དུའང་གཅིག་མཐུན་གྱི་བཞེད་དགོངས་ཤིག་ཆགས་མེད་དོ༎


  འོན་ཏེ་ཕྱི་ཚུལ་དེའི་འོག་ན་ལོ་ཙཱའི་བྱ་སྤྱོད་དམ་དེ་དང་འབྲེལ་ཡོད་ཀྱི་གནད་དོན་སོ་སོར་དོ་ཁུར་བྱེད་པའི་ཞིབ་འཇུག་ཁྱབ་ཁོངས་ཏེ། ཧ་ཁི་སད་ལུང་གིས་བརྗོད་པའི་རིག་ཚན་ཝུ་ཐོ་པང་ཞིག་ཆགས་བཞིན་ཡོད་པ་རྟགས་མཚན་མང་བོའི་ཐོག་ནས་མངོན་པར་གྲུབ། གལ་ཏེ་དོན་དག་འདི་དགེ་མཚན་དང་ལྡན་པའི་འཕེལ་རྒྱས་ཤིག་ཡིན་ན།༼ ངས་ནི་དེ་ལྟར་དུ་འདོད། ༽ ང་ཚོས་དེའི་གེགས་སུ་གྱུར་བའི་གནད་དོན་ལ་དོ་སྣང་བྱས་དེ་ཁྱབ་ཁོངས་འདི་རྒྱ་བསྐྱེད་ན་དོན་སྙིང་ལྡན་པར་མཐོང་།  

 1.3

འོས་འཚམས་ཀྱི་འབྲེལ་ལམ་མེད་པ་དེ་ནི་གེགས་ཤིག་རེད། འདིའི་ཁོངས་ཀྱི་མཁས་པ་དང་ཞིབ་འཇུག་པ་དག་ལ་མཚོན་ན། ད་ཡོད་ཀྱི་རྒྱུ་ལམ་ནི་སྔར་བཞིན་རིག་ཚན་རྙིང་བའི་རྣམ་བཞག་དང་ཐབས་ཤེས། བརྡ་ཆད་སོགས་ཀྱི་ཚད་གཞི་ལ་བརྟེན་ཡོད་དེ། ལོ་ཙཱའི་རིག་ཚན་དང་འབྲེལ་བའི་དཔྱད་རྩོམ་སྣ་ཚོགས་ཤིག་གྲུབ་མཐའ་མི་འདྲ་བ་སོ་སོའི་རིག་གཞུང་དུས་དེབ་དང་ལོ་ཙཱའི་དུས་དེབ་སྟེང་ཐར་ཐོར་དུ་མཐོང་ཐུབ། དེ་ལྟ་ནའང་ད་དུང་འབྲེལ་ལམ་གཞན་དག་མཁོ་བ་སྨོས་མ་དགོས་པས། སྲོལ་རྒྱུན་རིག་ཚན་སྣ་ཚོགས་ཀྱི་དབྱེ་མཚམས་ལས་བརྒལ་ཏེ། རིག་གཞུང་གི་རྒྱབ་ལྗོངས་གང་ཡིན་རུང་ཁྱད་གསོད་མེད་པར་ཁྱབ་ཁོངས་འདིར་ཞིབ་འཇུག་དོན་གཉེར་གནང་ཐུབ་པ་ཞིག་ངེས་པར་བྱེད་དགོས་སོ། །

  2.1

   འོན་ཀྱང་ང་ཚོས་རིག་ཚན་ཝུ་ཐོ་པང་གི་འཕེལ་རྒྱས་ཀྱི་གེགས་སུ་སོང་བའི་གནད་དོན་གཞན་གཉིས་ལ་ཡང་དམིགས་པ་གཏད་དགོས་ཏེ། དང་བོ་ནི་དེ་འདྲ་གལ་ཆེན་མིན་པ་ལྟར་སྣང་ཞིང་ཞིབ་འཇུག་ཁྱབ་ཁོངས་འདིའི་མཚན་ཉིད་སོགས་གླེང་རིན་མེད་པ་དག་ཡིན། སྤྱི་ཁྱབ་ཚིག་དོན་རིག་པ་བ་དག་གིས། འདི་ནི་གླེང་གཞིའི་ཐད་ཀྱི་གཙོ་ཕལ་ཕྱེས་པ་མིན་ན། དེ་ལས་ལྷག་པར་ཉོག་ཐོག་ཉོག་རྫོབ་ཏུ་གཏོང་བ་ཁོ་ན་རེད་ཅེས་གསལ་འདེབས་ཡང་ཡང་བྱ་སྲིད་པའི་རྒྱུ་མཚན་གྱིས།ཐེངས་འདིའི་ཚོགས་འདུ་རུ་དེའི་སྐོར་ནས་ཡང་དང་ཡང་དུ་གླེང་བ་ནི་གླེན་རྟགས་ཁོ་ནར་ཟད། ལོ་འགའི་ནང་། ལོ་ཙཱའི་བྱ་སྤྱོད་དང་ལོ་ཙཱའི་གཞུང་ལུགས་སྐོར་ལ་བརྡ་ཆད་སྣ་ཚོགས་བཀོལ་བཞིན་ཡོད་དེ། དབྱིན་ཡིག་གི་བརྩམས་ཆོས་ནང་ལོ་ཙཱའི་སྒྱུ་རྩལ་ལམ་སྒྱུ་རྩལ་བརྩམས་ཆོས་དང་། དེ་མིན་ཚད་གཞི་དང་རྩ་དོན། མཚན་ཉིད་རིག་པ་ལྟ་བུ་མཐོང་ཐུབ། ཧྥ་ཡིག་དང་འཇར་ཡིག་གི་བརྩམས་ཆོས་སུའང་གོང་དང་རིགས་འདྲ་བའི་བརྡ་ཆད་ལན་མང་དུ་བྱུང་ཡོད། བརྡ་ཆད་དེ་དག་ལས་སྐབས་ལ་ལར་རྩོམ་པ་བོའི་བསམ་པའི་འཁྱེར་སོ་དང་དམིགས་པ་གཏད་ཡུལ། རིག་གཞུང་གི་བབ་རིས་སོགས་ཚུར་སྣང་བྱས་ཡོད་ཅིང་། ཡང་སྐབས་འགར་བརྡ་ཆད་གདམ་རྒྱུ་དེ་སྐབས་ཐོག་གི་རིག་གནས་གོམས་སྲོལ་ལ་རག་ལས།


   རིག་གཞུང་ཅན་གྱི་བརྡ་ཆད་བཟོ་བའི་ཚོད་ལྟ་འགའ་ཡང་སྣང་བ་ལ་རྒྱུག་ཆེ་བ་རིག་ཚན་ཅན་གྱི་མིང་མཐའ་-ologyརིག་པ་ཞེས་པ་འདི་སྦྱར་ཡོད་པ་མང་། དཔེར་ན། ལའོ་ཅའེ་ཀེ་ཧྥིན་གྱིས་དབྱིན་ཡིག་ཏུ་translatologyལོ་ཙཱ་རིག་པ་ཞེས་པའམ། ཡང་ན་ཁུངས་གཅིག་པའི་མིང་འཁོལ་བ། ཡང་ན་ཧྥ་ཡིག་གི་traductologie ལོ་ཙཱ་རིག་པ་འདི་བཀོལ་དགོས་ཟེར། འོན་ཀྱང་མིང་མཐའ་-ologyནི་ཀེ་རི་སིའི་ཡི་གེ་ནས་ཡོང་བས་རྣམ་དག་རིང་ལུགས་པས་དེར་དགག་པ་རྒྱག་གིན་ཡོད། མིང་རྒྱུ་གཞན་པ་ཐ་ན་གནའ་བོའི་ལ་ཏིང་ཡི་གེ་ལས་ཡོང་བའང་མ་ཡིན་པ་དཔེར་ན། traslatiotraནི་ལ་ཏིང་ཡིག་གསར་ལས་དང་། ductionནི་རིག་གསར་བསྐྱར་དར་སྐབས་ཀྱི་ཧྥ་ཡིག་ལས་ཡོང་བ་ལྟ་བུ་ཡོད་དེ། སྐབས་འདིར་ཁོང་རྣམ་པའི་དགག་བཞག་དེ་བས་ཀྱང་ཤུགས་ཆེ་རུ་གྱུར་འགྲོ། དེ་ལྟ་མོད་ཀྱང་། ལ་ཏིང་ཡི་གེ་ཁོ་ནའི་ཐབས་ཀྱིས་མི་ཡོང་སྟེ། metaphorologyདང་metaphraseologyཡང་ན་metaphraticeསྤྱད་ནས་སློབ་གྲྭ་ཆེན་མོར་བསླབ་ཚན་འདི་གླེང་ན་གོ་ཅི་ཡང་མི་ཆོད་ཅིང་། གཞན་ལ་ནི་ལྟ་སྨོས་ཀྱང་ཅི་དགོས། བརྡ་ཆད་གཞན་པ་དཔེར་ན། tranlatistics དང་translistics ལྟ་བུའང་མཁས་པ་ཁ་ཅིག་གིས་བཀོལ་རྒྱུར་འཐད་ནས་ངོ་སྤྲད་པ་ཡོད་དེ། གོ་བ་ལོན་སླ་ཡང་དང་ལེན་བྱེད་དཀའོ༎

  2.21

   ལོ་འདི་འགར་མཚོན་དོན་ཟབ་ཀྱང་སྒྲིག་ཚུལ་དེ་འདྲ་ལེགས་པོ་མིན་པའི་བརྡ་ཆད་གཉིས་རྒྱུགས་ཆེ། གཅིག་ནི་འབྲུ་ཅུང་མང་བོས་གྲུབ་པ་ཞིག་སྟེ། the theory of translatingའམ་the theory of translation རེད། དེ་དང་ཆ་འགྲིག་པའི་རྣམ་པ་ནིtheorie des Uberstzensདང་theorie de la traductionཡིན། རྗེས་ནས་དབྱིན་ཡིག་དང་འཇར་ཡིག་ཏུ་དེ་དང་རིགས་མཐུན་པའི་བརྡ་ཆད་རིམ་གྱིས་ཇེ་མང་དུ་སོང་ཞིང་། ད་ལྟ་ theory translationཞེས་བསྡུས་ཡོད(Uberstzungstheorie) ། མིང་འདིར་བསྟན་དོན་མང་བོ་ཡོད་ལ་རྗེས་སུ་ད་དུང་ཇེ་མང་དུ་འགྲོ་སྲིད་མོད། འོན་ཀྱང་འོས་འཚམས་ཀྱི་གོ་དོན་གཅིག་གི་སྟེང་དུ་ཕབ་ན་མི་ཆོག་རྒྱུ་ཅང་མེད་དེ། གང་ལ་ཞེ་ན་རིག་ཚན་འདིར་དགོས་མཁོ་མང་བོ་བསྐང་བའི་ཆེད་དུ་དོན་སྙིང་ལྡན་པའི་སློབ་སྦྱོང་དང་ཞིབ་འཇུག་བྱས་དང་བྱེད་བཞིན་ཡོད་པ་དེས་སོ། ། དོན་དམ་པར་དགོས་མཁོ་འདི་རྣམས་གཞུང་ལུགས་ཀྱིས་གྲུབ་པའི་ཁོངས་སུ་མི་འདུ་ཞེས་ཁོ་བོས་རྩོམ་འདིར་གསལ་བཤད་བྱ་ཐུབ་ན་སྙམ་པའི་བསམ་པ་ཡོད།

 2.22

   བརྡ་ཆད་གཉིས་པ་དེ་རིག་ཚན་སྤྱིའི་མིང་དུ་ཆགས་ནས་དམིགས་ཡུལ་དང་འདོད་བློ་ཡོངས་སུ་རྫོགས་ཏེ་འཇར་ཡིག་གི་ལོ་ཙཱའི་ཁྱབ་ཁོངས་ཧྲིལ་བོ་བདག་གིར་བྱས་ཡོད། བརྡ་ཆད་དེ་ནི་(Uberstzunswissenschaft)ལོ་ཙཱ་རིག་པ་ཞེས་པ་རེད།མིང་གི་ཆ་ཤས་འདི་ལྟར་སྒྲིག་དོན་ནི་Sprachwissenschaft (སྐད་ཆ་རིག་པ)དང་། literaturwissenschaft (རྩོམ་རྩལ་རིག་པ།) དེ་མིན་གཞན་པའི་wissenschaf ten (རིག་ཚན་)དང་ཁ་གཏད་དུ་ལངས་འདོད་པ་ཡིན། ཧྥ་ཡིག་ཏུ་རིགས་འདྲ་བའི་མིང་science de laTraductionཞེས་པ་འདི་ད་ལྟར་ཚང་མས་ཁས་ལེན་བྱས་འདུག་ཅིང་། སྐད་རིགས་གཞན་ལའང་དེ་དང་ཆ་འགྲིག་པའི་མིང་བྱུང་ཡོད།

 

     དབྱིན་སྐད་ཁྲོད་ཐོག་དང་བོར་དེ་དང་ཕལ་ཆེར་ཆ་འགྲིག་པའི་བརྡ་ཆད་བཀོལ་མཁན་ནི་ཡོ་ཀུན·ནེ་ཏ་རེད། ཁོང་གིས་༡༩༦༤ལོར་སྤེལ་བའི་གཞུང་ལུགས་ཀྱི་བརྩམས་ཆོས་ལ་Towards a Science of Translaring ཞེས་བཏགས་ཡོད། འོན་ཀྱང་ཤེས་དགོས་པ་ཞིག་ནི་ནེ་ཏས་མིང་གི་ཚོགས་པ་འདི་ཞིབ་འཇུག་ཁྱབ་ཁོངས་ཡོངས་ཀྱི་མིང་དུ་བཀོལ་རྩིས་མེད་པར་ལོ་ཙཱའི་ལས་རིམ་ཁྲོད་ཀྱི་ཆ་ཤས་གང་རུང་གི་མིང་དུ་འདོགས་འདོད་པ་རེད། ཕ་སྐད་དབྱིན་ཡིག་མ་ཡིན་པའི་མཁས་པ་མང་ཤོས་དེའི་ཐད་ལ་འཛེམ་དོགས་སྣང་གི་མི་འདུག་སྟེ། ཁོ་ཚོས་ science of translationཡང་ན་translation science ཞེས་པ་གསར་དར་རིག་ཚན་འདིའི་སྤྱིའི་མིང་དུ་བཏགས་ན་འོས་ཤིང་འཚམས་པར་འདོད། ལོ་གཉིས་ཀྱི་སྔ་རོལ་ཏུ། པའོ་ཧྲི་དང་ཁི་ལེ་གེལ་ཧྥུ། ཝེར་སི་སོགས་ཀྱིས་མིང་འདི་ཁྱབ་ཁོངས་ཧྲིལ་བོའི་ནང་དབྱེ་ཞིབ་རང་བཞིན་གྱི་དཔེ་ཆའི་ཁ་བྱང་གཙོ་བོར་འཇོག་པར་ཐག་གིས་བཅད། མིང་འདི་ཡང་དང་ཡང་དུ་བསྐྱར་ཟློས་ངང་བྱུང་བ་དང་བསྟུན་ནས་བརྡ་ཆད་འདི་ཉིད་ཕུན་སུམ་ཚོགས་པ་ཞིག་ཏུ་སྒྱུར་བའི་སྣང་ཚུལ་བྱུང་།

 

   འདི་ལ་ཁོ་བོ་ནི་དེ་འདྲ་ཡིད་མི་ཚིམས། Uberstzunswissenschaft ལོ་ཙཱ་རིག་པ་ཞེས་པའི་མིང་འདི་བཀོལ་བར་དགག་པ་བརྒྱབ་པ་ནི་མིན། རྒྱུ་མཚན་འཇར་ཡིག་ནས་རིག་ཚན་གྱི་མིང་འདི་ལ་དགག་བཞག་བྱས་ཡོད་པའི་ལུང་རིགས་ཕལ་ཆེར་མི་རྙེད། གནད་གྱི་དོན་པོ་ནི་རིག་ཚན་འདི་ཚན་རིག་ཅིག་མིན་ཞེས་པ་མ་ཡིན་པར་wissenschaftཟེར་ཚད་ལ་ཚན་རིག་ཅེས་བཏགས་ཆོག་མིན་དེ་རེད། མིག་སྔར། Sprachwissenschaft (སྐད་ཆ་རིག་པ)ཞེས་པའི་མིང་འདི་ལ་ལྟ་བ་མི་མཐུན་པ་འདོན་མཁན་མེད་མོད། འོན་ཀྱང་སྐད་ཆ་རིག་པ་དེ་ཚུལ་མཐུན་དང་རྣམ་པ་ཅན་ཏུ་གྱུར་ཅིང་དཔེ་ལུགས་ཀྱི་ཚད་དུ་བསླེབས་ཏེ་ངེས་པ་དོན་གྱི་ཚན་རིག་ཅིག་ཏུ་གྲུབ་ཡོད་མེད་ལ་མང་ཤོས་ཤིག་དོགས་པ་ཟ་བཞིན་ཡོད། དོན་དངོས་སུ་རྩོམ་རིག་ཞིབ་འཇུག་ཅེས་པའི་དབྱིན་སྐད་ཀྱི་མིང་འདིའི་བསྟན་དོན་ཆ་ནས་ཚན་རིག་ཅིག་མིན་པ་ཀུན་གྱིས་ཁས་ལེན་པ་མ་ཟད་ཚོད་དཔག་བྱ་བཏུབ་པས་མ་འོངས་པར་ཡང་ཡིན་མི་སྲིད། དེ་དང་འདྲ་བར་ཁོ་བོ་དོགས་ས་ཞིག་ནི། མིང་གཅིག་གིས་ལོ་ཙཱའི་བྱ་སྤྱོད་དང་ལོ་ཙཱ་ཞིབ་འཇུག་མཚོན་པ་དང་། མིང་དེ་རྩིས་རིག་དང་དངོས་ལུགས་རིག་པ། རྫས་འགྱུར་རིག་པ་དང་སྐྱེ་དངོས་རིག་པའི་གྲལ་དུ་འཇོག་པ་ལས། སྤྱི་ཚོགས་རིག་པ་དང་ལོ་རྒྱུས་རིག་པ་མཚན་ཉིད་རིག་པ་སོགས་ཀྱི་གྲས་སུ་མི་འཇོག་པའམ། ཡང་ན་རྩོམ་རིག་ཞིབ་འཇུག་གི་མིང་ལྟར་བཏགས་ནས་ཐག་གཅོད་པ་དེར་སྒྲུབ་བྱེད་འཐད་ལྡན་ཨེ་ཡོད། ཡང་མིན་ན་རྩོམ་རིག་ཞིབ་འཇུག་གྲས་ཀྱི་མིང་ཞིག་གདགས་རུང་བ་མིན་ནམ།

  2.3

   དབྱིན་ཡིག་ཁྲོད་རིག་ཚན་གསར་བར་མིང་འདོགས་སྐབས་རྒྱུགས་ཆེ་བའི་བརྡ་ཆད་གཞན་ཞིག་ཡོད་པ་ནི་study ཏེ་ཞིབ་འཇུག་ཅེས་པ་དེ་རེད། དོན་དངོས་སུ། ཐ་སྙད་འདི་སློབ་གྲྭ་ཆེན་མོ་སོ་སོའི་རིག་ཚན་དགར་བའི་རྩ་དོན་ནང་འདི་མིའི་རིག་པའི་ཚན་ཁག་གམ་རིག་གནས་ཚན་ཁག་ཏུ་གཏོགས་པར་བྱས་ཡོད་པས། དབྱིན་ཡིག་ཁྲོད་འཇར་ཡིག་གི་wissenschaftསྟེ་རིག་ཚན་ཞེས་པ་དང་འདྲ་བར་རྒྱུགས་ཆེ། མིང་འདི་ལ་ཨུ་རུ་སུ་ཞིབ་འཇུག ཨ་རི་ཞིབ་འཇུག རྒྱལ་འབྲེལ་ལམ་ལུགས་ཞིབ་འཇུག མི་འབོར་ཞིབ་འཇུག བརྡ་འཕྲིན་ཞིབ་འཇུག་སོགས་དོན་མང་བོ་ཞིག་བྱུང་ཡོད་ཀྱང་། དོན་དངོས་སུ་ཁྱད་ཆོས་ཀྱི་མིང་ཞིག་ཤིན་ཏུ་ནས་གདགས་དཀའ། དེ་ལྟ་ནའང་། ལོ་ཙཱ་ཞིབ་འཇུག་ཅེས་པའི་ཐ་སྙད་འདི་དགོལ་ཆོག་ཆོག་གི་དབྱིན་ཡིག་གི་མིང་རྣམས་ལས་ཆེས་འོས་པ་ཞིག་ཡིན་ཏེ། འདི་རིག་ཚན་ཡོངས་ཀྱི་བརྡ་ཆད་ཚད་མར་བཟུང་ན་དགོས་མེད་ཀྱི་དོགས་པ་དང་ནོར་འཁྲུལ་མང་བོ་སེལ་ཐུབ། ཚན་པ་རྗེས་མའི་ནང་དུ་ངས་བརྡ་ཆད་འདི་ཉིད་བཀོལ་ནས་མ་དཔེ་ཞིག་གཟུག་རྒྱུ། ལོ་ཙཱ་ཞིབ་འཇུག་གི་བྱུང་འཕེལ་ཁྲོད་ཡོངས་ཁྱབ་དུ་དང་ལེན་བྱེད་པའི་མཚན་ཉིད་ཀྱིས་སྟོངས་པ་པས་ཀྱང་དཀའ་བའི་གེགས་རྒྱ་ཞིག་ནི། རིག་ཚན་འདིའི་འཇུག་ཡུལ་དང་སྒྲིག་གཞིའི་ཆ་ལ་ངོས་ཟིན་གཅིག་མཐུན་ཞིག་བྱུང་མེད་པ་དེ་རེད། ལོ་ཙཱ་ཞིབ་འཇུག་དེ་ཅི་ཞིག་གིས་གྲུབ་པ་རེད་ཅེ་ན། ཁ་ཅིག་གིས་གཤིབ་བསྡུར་བརྡ་ཆད་དང་ཚིག་མཛོད་སྒྲིག་རྩོམ་ཞིབ་འཇུག་དང་ཁ་མཐུན་པོ་ཞིག་དགོས་ཞེས་ཟེར་སྲིད་དེ། མང་ཤོས་ཀྱིས་ཚད་མཐོ་ས་ཞིག་གི་སྟེང་ནས་དེ་ལོ་ཙཱའི་གཞུང་ལུགས་དང་དོན་གཅིག་ཡིན་པར་འདོད། འོན་ཀྱང་དེ་མཐའ་གཅིག་ཏུ་ཐུན་མོང་མ་ཡིན་པ་ཞིག་ཡིན་ཞེས་ཁས་བླང་མི་རུང་མོད། བརྡ་ཆད་སྔོན་མ་གཉིས་དང་མི་མཚུངས་ལ་གསུམ་པ་དང་ལྷག་ཏུ་མི་འདྲ། གསར་དར་རིག་ཚན་ལ་གནད་དོན་འདི་འདྲ་ཞིག་རྒྱུན་དུ་མཐོང་ཐུབ་སྟེ། ལོ་ཙཱ་ཞིབ་འཇུག་རང་སྟེང་ལ་རྩ་བའི་ཆ་ནས་ལྟ་རྟོག་བྱེད་པ་ཧ་ཅང་ཉུང་། མ་མཐའ་ཡང་དེའི་སྐོར་གྱི་དཔེ་དེབ་མེད། ཁོ་བོས་མཐོང་མྱོང་བ་ཞིག་ནི་བོ་ན་ཁུ་ལའེ་ཡི་རྩོམ་ཡིག་དེ་ག་ཙམ་ཡིན། ཁོས་རིག་ཚན་འདི་ལ་མཚན་ཉིད་བཀོད་པ་གཤམ་ལྟར། ལོ་ཙཱ་ཞིབ་འཇུག་ཅེས་པ་ནི་ལོ་ཙཱའི་བྱ་སྤྱོད་དང་ལོ་ཙཱའི་སྣང་ཚུལ་རྨང་གཞི་དང་སྙིང་བོར་བྱེད་པའི་ཞིབ་འཇུག་གི་བྱེད་སྒོ་མཐའ་དག་ལ་ངོས་བཟུང་ཆོག་ཅེས་སོ། །

  3.1

  མཚན་ཉིད་འདིའི་སྟེང་ན་ལོ་ཙཱ་ཞིབ་འཇུག་ནི་ཉམས་མྱོང་རིང་ལུགས་ཀྱི་རིག་ཚན་ཞིག་ཡིན་པའི་ལྟ་བ་རྩིས་སུ་བཟུང་ཡོད་ཅེས་བཤད་ན་ཀུན་གྱིས་ཁས་ལེན་པར་ངེས། མི་རྣམས་ཀྱིས་རྒྱུན་དུ་རིག་ཚན་འདིར་དམིགས་ཡུལ་གཉིས་ཡོད་ཅེས་གླེང་བར་བྱེད་དེ། ཁར·G·ཧང་ཕོར་ལགས་ནས། ཉམས་མྱོང་གི་སྣང་ཚུལ་ཁྱད་པར་བ་ཞིབ་འབྲི་བྱེད་པ་དང་སྤྱིར་བཏང་གི་ཚད་གཞི་བཟོས་ཏེ་རིག་ཚན་འདི་དག་རྒྱས་བཀྲོལ་དང་སྔོན་དཔོག་བྱེད་དགོས་ཞེས་གསུངས་མྱོང་། ཞིབ་འཇུག་ཆིག་རྐྱང་བའི་ཁོངས་སུ་སྟེ་ཞིབ་འཇུག་གི་ཆེད་དུ་ཞིབ་འཇུག་བྱེད་པ་དེ་དང་། རང་གི་ཞིབ་འཇུག་ཁྱབ་ཁོངས་མ་ཡིན་པ་དངོས་སྤྱོད་ཀྱི་དམིགས་ཡུལ་དང་ཐད་ཀར་བའི་དམིགས་ཡུལ་གཞན་གྱི་དབར་ཁྱད་པར་ཆེན་པོ་ཡོད། དེ་བས་ལོ་ཙཱ་ཞིབ་འཇུག་ལ་དམིགས་ཡུལ་གཙོ་བོ་གཉིས་ཡོད་པའི་དང་བོ་ནི། ལོ་ཙཱའི་བྱ་སྤྱོད་དང་ལོ་ཙཱའི་སྣང་ཚུལ་སྣ་ཚོགས་ཞིབ་འབྲི་བྱས་ཏེ་ཉམས་མྱོང་གི་ཕྱོགས་ནས་སོ་སོའི་དགེ་མཚན་མངོན་པར་བྱེད་དགོས། གཉིས་པ་ནི་སྤྱིར་བཏང་གི་ཚད་གཞི་བཟོས་ཏེ་སྣང་ཚུལ་དེ་དག་རྒྱས་བཀྲོལ་དང་སྔོན་དཔོག་བྱེད་དགོས་པའོ། །གོང་གི་འདི་གཉིས་ལ་དམིགས་པའི་ལོ་ཙཱ་ཞིབ་འཇུག་ཆིག་རྐྱང་བ་དེར་ཡན་ལག་གཉིས་ཡོད་པའི་གཅིག་ལ་ཞིབ་འབྲི་ལོ་ཙཱ་ཞིབ་འཇུག་སྟེ་DTSའམ་ལོ་ཙཱ་ཞིབ་འབྲི་སྟེ་TDདང་། ཅིག་ཤོས་ལ་གཞུང་ལུགས་ལོ་ཙཱ་ཞིབ་འཇུག་སྟེThTSའམ་ལོ་ཙཱའི་གཞུང་ལུགས་ཏེ་TThཞེས་མིང་གདགས་ཆོག་གོ །

   3.11

ཡན་ལག་འདི་གཉིས་ལས་ཐོག་མར་ཞིབ་འབྲི་ལོ་ཙཱ་ཞིབ་འཇུག་ལ་བསམ་བློ་བཏང་ན་ཅུང་འོས་འཚམས་ཡིན། རྒྱུ་མཚན་ནི་ཡན་ལག་འདི་ཐོག་མཐའ་བར་གསུམ་དུ་མིག་སྔའི་ཞིབ་འཇུག་བྱེད་བཞིན་པའི་ཉམས་མྱོང་གི་སྣང་ཚུལ་དང་འབྲེལ་བ་དམ་ཟབ་ཡོད་པས་རེད། DTSཞེས་པ་གཙོ་བོ་ཕྱོགས་གསུམ་ལ་བཤད་པ་འདྲ་སྟེ། སོ་སོར་འགྱུར་ཡིག་དང་། བྱེད་ནུས། བརྒྱུད་རིམ་བཅས་ལ་ཁ་གཏད་པ་ཡིན་པས་དབྱེ་བ་གསལ་བོར་དགར་ཐུབ།

 

    དེ་ཡང་འགྱུར་ཡིག་ལྟེ་བར་འཛིན་པའི་DTSཞེས་པ་ནི། ད་ཡོད་ཀྱི་འགྱུར་རྩོམ་མཚོན་པར་བྱེད་པའི་ཞིབ་འཇུག་གི་ཁྱབ་ཁོངས་དེ་ལ་ཟེར། འདི་སྲོལ་རྒྱུན་ཁྱབ་ཁོངས་ནང་གི་གལ་བོ་ཆེ་ཞིག་ཡིན། ཞིབ་འཇུག་འདི་རིགས་ཀྱི་མགོ་འཛུག་ས་ནི་མི་སྒེར་གྱི་འགྱུར་རྩོམ་ཞིབ་འབྲི་བྱེད་པའམ་ཡིག་སྨར་གཙོ་བོ་བྱེད་པའི་ལོ་ཙཱ་ཞིབ་འབྲི་ཡིན། དུས་རིམ་གཉིས་པ་ནི་གཤིབ་བསྡུར་ལོ་ཙཱ་ཞིབ་འབྲི་ཡིན་ལ། དེའི་ནང་གི་གཤིབ་བསྡུར་དབྱེ་ཞིབ་ནི་ཡིག་སྨར་གཅིག་ལ་འགྱུར་མི་འདྲ་བ་མང་བོས་གྲུབ་པ་ཞིག་སྟེ། དེར་སྐད་རིགས་ཆིག་རྐྱང་ཡིན་ཆོག་ལ་སྐད་རིགས་དུ་མ་ཡིན་ཀྱང་རུང་། མི་སྒེར་གྱི་དང་གཤིབ་བསྡུར་གྱི་ཞིབ་འབྲི་འདི་རིགས་ཀྱིས་ལོ་ཙཱའི་གསུང་རྩོམ་སྔར་ལས་མང་བོ་ཀློག་པར་རྒྱུ་ཆ་མཁོ་འདོན་བྱེད་པ་དཔེར་ན། དུས་སྐབས་དང་སྐད་ཆ་ངེས་ཅན། ཡང་ན་ཡིག་སྨར་རམ་གཏམ་བརྗོད་ངེས་ཅན་འོག་གི་འགྱུར་རྩོམ་ལྟ་བུ་ཡིན། དོན་དངོས་སུ་ལོ་ཙཱའི་གསུང་རྩོམ་ལ་ཐབས་གསུམ་གྱི་སྒོ་ནས་རིགས་དགར་ཏེ། དུས་རབས་བཅུ་བདུན་པར་ཧྥ་རན་སིའི་སྐད་དུ་བསྒྱུར་བའི་རྩོམ་རིག་བརྩམས་ཆོས་སམ། དུས་རབས་བར་མའི་དམ་པའི་གསུང་རབ་དབྱིན་འགྱུར་མ་ལྟ་བུའོ། ། འོན་ཀྱང་ཞིབ་འབྲི་ཞིབ་འཇུག་འདི་རིགས་ཀྱི་ཁེབས་རྒྱ་ནི་འཕྲེད་གཞུང་གང་གི་ཆ་ནས་ཀྱང་རྒྱ་ཆེ་བ་ཞིག་ཡིན་ཆོག འགྱུར་མ་ལྟེ་བར་འཛིན་པའི་DTSཡི་དམིགས་ཡུལ་ངོ་མ་ཞིག་ནི་སྤྱིར་བཏང་གི་ལོ་ཙཱའི་ལོ་རྒྱུས་ཡིན་སྲིད་དེ། སྐབས་འདིའི་དམིགས་ཡུལ་ལ་འགྲན་རྩོད་ཀྱི་རང་བཞིན་ཤིན་ཏུ་ཆེ།

  3.112

   བྱེད་ལས་ལྟེ་བར་འཛིན་པའི་DTSཞེས་པས་ལོ་ཙཱ་རང་ཉིད་ཞིབ་འབྲི་བྱེད་པ་མ་ཡིན་པར་ནང་དོན་ཕུན་སུམ་ཚོགས་པའི་སྤྱི་ཚོགས་རིག་གནས་འོག་གི་ལོ་ཙཱའི་བྱེད་ལས་ཞིབ་འབྲི་བྱེད་པ་ཡིན་ཏེ། དེས་སྒྲའི་གནས་སྐབས་མ་གཏོགས་མ་ཡིག་ལ་ཞིབ་འཇུག་མི་བྱེད། ཁྱབ་ཁོངས་འདིས་དཔེར་ན་ཡུལ་དང་དུས་ག་གེ་མོའི་ནང་ཡིག་སྨར་ག་འདྲ་ལོ་ཙཱ་བྱས་ཡོད་པ་དང་མཐའ་མ་ཤུགས་རྐྱེན་ག་འདྲ་ཐེབས་ཚུལ་སོགས་ལ་དཔྱད་པ་གཏོང་བ་ཡིན་པས། ལོ་ཙཱའི་ལོ་རྒྱུས་དང་རྩོམ་རིག་ལོ་རྒྱུས་སུ་གླེང་གཞིའི་ཡན་ལག་གམ་དེའི་ལྡོག་ཕྱོགས་སུ་བརྩིས་ནས་འདྲེན་པར་བྱེད་མོད་ཀྱང་། གོང་དུ་གླེང་བའི་ཁྱབ་ཁོངས་ལྟར་ཀུན་གྱི་མིག་དབང་འཕྲོག་མི་ཐུབ། ལོ་ཙཱ་སྤྱི་ཚོགས་རིག་པའམ། ཡང་ན་སྤྱི་ཚོགས་ལོ་ཙཱ་ཞིབ་འཇུག་ཅེས་ངོས་གཟུང་ནས་ཁྱབ་ཁོངས་འདིའི་འཕེལ་རྒྱས་ལ་སྐུལ་འདེད་གཏང་ཆོག

  3.113

   བརྒྱུད་རིམ་ལྟེ་བར་འཛིན་པའི་DTSཞེས་པས་ལོ་ཙཱ་རང་སྟེང་གི་བརྒྱུད་རིམ་མམ་བྱ་སྤྱོད་ལ་དོ་ཁུར་བྱེད་ཀྱིན་ཡོད། ལོ་ཙཱ་བས་སྐད་ཡིག་གཞན་ཞིག་གི་ཐོག་ནས་མ་ཡིག་ལྟར་སྣང་བ་ཞིག་གསར་དུ་རྩོམ་པའི་སྐབས་ཏག་ཏག་ལ། སེམས་སུ་སྣང་བ་སྣ་ཚོགས་ཤིག་སྐྱེས་པ་དག་ལོ་ཙཱའི་གཞུང་ལུགས་པ་རྣམས་ཀྱིས་རྒྱུན་དུ་སེམས་ཁུར་བྱེད་ས་ཞིག་ཏུ་གྱུར་འགྲོ་ནའང་། ཚོད་ལྟ་ཁང་ནས་བརྒྱུད་རིམ་འདི་ལ་རྒྱ་ཁྱབ་དུ་རྟོགས་ཞིབ་གནང་མཁན་ཤིན་ཏུ་དཀོན། བརྒྱུད་རིམ་འདི་རྙོག་འཛིང་ཡིན་པ་བསྙོན་དུ་མེད་དེ། གལ་ཏེ་I.A.ལི་ཆ་ཏིའི་ལྟ་བ་ཡང་དག་པ་ཡིན་ན། འདི་ནི་ཕལ་ཆེར་འཇིག་རྟེན་ཁམས་འཕོ་འགྱུར་གྱི་བརྒྱུད་རིམ་ཁྲོད་བྱུང་བའི་ཆེས་རྙོག་འཛིང་ཅན་གྱི་དོན་དག་ཅིག་ཡིན་ཀྱང་སྲིད། སེམས་ཁམས་རིག་པ་བས་རྙོག་འཛིང་ཆེ་བའི་བསམ་གཞིག་གི་བརྒྱུད་རིམ་གཞན་དག་དབྱེ་འབྱེད་དང་ཞིབ་འབྲི་བྱ་ཆེད། ཧ་ཅང་འཐུས་ཚང་དང་ཞིབ་ཚགས་ཅན་གྱི་ཐབས་ཤེས་བཏོན་དང་འདོན་བཞིན་ཡོད་ཅིང་། མ་འོངས་པར་ཡང་འདི་དག་ལ་བསམ་བློ་ནན་མོ་བཏང་ནས་ལོ་ཙཱའི་སེམས་ཁམས་རིག་པའམ་སེམས་ཁམས་དང་ལོ་ཙཱ་བར་ནས་ཞིབ་འཇུག་ཁྱབ་ཁོངས་ཤིག་བསྐྱེད་པར་རེ་བ་བྱེད་ཅིང་མཆིས་སོ༎

  3.12

   ལོ་ཙཱ་ཞིབ་འཇུག་ཆིག་རྐྱང་བའི་ཡན་ལག་གཞན་ཞིག་སྟེ་གཞུང་ལུགས་རང་བཞིན་གྱི་ལོ་ཙཱ་ཞིབ་འཇུག་གམ་ལོ་ཙཱའི་གཞུང་ལུགས་ཞེས་པ་ནི། དེའི་མིང་གིས་བསྟན་པ་ལྟར་ད་ཡོད་ལོ་ཙཱའི་བརྩམས་ཆོས་དང་ཕྲ་ཞིང་ཞིབ་པའི་ལོ་ཙཱའི་བྱེད་ནུས། ཡང་ན་ཚོད་ལྟས་ཐག་གིས་གཅོད་པའི་ལོ་ཙཱའི་བརྒྱུད་རིམ་སོགས་ཞིབ་འབྲི་བྱེད་པ་མིན་པར་ཞིབ་འབྲི་ལོ་ཙཱ་ཞིབ་འཇུག་གི་འབྲས་བུ་སྤྱད་དེ། འབྲེལ་ཡོད་ཁྱབ་ཁོངས་དང་རིག་ཚན་གྱི་བརྡ་འཕྲིན་གོ་ཆོད་ཅན་དང་ཟུང་དུ་སྦྲེལ་ནས། ལོ་ཙཱའི་བྱ་སྤྱོད་དང་ལོ་ཙཱའི་གནས་བབས། དེའི་འཕེལ་ཕྱོགས་བཅས་ལ་རྒྱས་བཀྲོལ་དང་སྔོན་དཔོག་བྱེད་སྤྱད་དུ་བཀོལ་རུང་བའི་ཚད་གཞི་དང་། གཞུང་ལུགས། དཔེ་རྣམ་བཅས་འཐུས་ཚང་དུ་གཏང་རྒྱུ་དེའོ༎

   3.121

   སྒྲ་ཡངས་འཇུག་གི་དབང་དུ་བྱས་ན། ལོ་ཙཱའི་གཞུང་ལུགས་སྨྲ་བ་དག་གི་དམིགས་ཡུལ་མཐར་ཐུག་ནི་ཁེབས་རྒྱ་ཆེ་ལ་འཐུས་སྒོ་ཚང་བའི་གཞུང་ལུགས་ཤིག་སྤེལ་རྒྱུ་ལས་མ་འདས་ཏེ། རྒྱུ་རྐྱེན་མང་བོ་ཚོགས་པ་ལ་བརྟེན་ནས་ལོ་ཙཱའི་བྱ་སྤྱོད་དང་ལོ་ཙཱ་ཞིབ་འཇུག་གི་ཁོངས་སུ་འདུ་བའི་སྣང་ཚུལ་མཐའ་དག་ལ་རྒྱས་བཀྲོལ་དང་སྔོན་དཔོག་བྱེད་པ་དང་། ཁོངས་སུ་མི་འདུ་བའི་སྣང་ཚུལ་མཐའ་དག་རྣམ་པར་གཅད་རྒྱུ་དེ་ཡིན། དོན་དམ་གྱི་ལོ་ཙཱའི་གཞུང་ལུགས་སྤྱིར་བཏང་བ་ཞེས་པའི་བརྡ་ཆད་འདི་གལ་ཏེ་བཀོལ་ཆོག་ན་ངེས་ཅན་དུ་ཚད་མཐོའི་རྣམ་པ་ཅན་ཞིག་ཡིན་རིགས་པ་ནི་ལྟ་སྨོས་ཀྱང་ཅི་དགོས་ཏེ། མཁས་པས་ཇི་འདྲའི་ཚིག་ཉུང་དོན་སྡུད་བྱས་ཀྱང་དེ་ཧ་ཅང་རྙོག་འཛིང་ཅན་དུ་གྱུར་འགྲོ་བས་སོ༎


  དོན་དངོས་སུ། སྐབས་ཤིག་ལ་དར་སྲོལ་ཆེ་བའི་གཞུང་ལུགས་མང་ཤོས་ནི་ལོ་ཙཱའི་གཞུང་ལུགས་སྤྱིར་བཏང་བ་འདི་རིགས་ཀྱི་སྔོན་འགྲོ་ཙམ་ལས་མ་འདས། ནང་དོན་ཕལ་ཆེ་བར་བརྡ་ཆད་འདིའི་རིག་གཞུང་དོན་སྙིང་ཐོག་ནས་བལྟས་ན་གཞུང་ལུགས་ཀྱི་ཆ་གང་ཡང་མི་འདུག་སྟེ། རྩ་གནད་དང་། མ་མཐའི་ཆ་རྐྱེན། ཆ་འཇོག་སྐོར་ཅིག་ལ་རྒྱས་བཀྲོལ་བྱས་དྲགས་པས། ཁེབས་རྒྱ་ཆེ་ཐལ་བ་༼ ལོ་ཙཱའི་བྱ་སྤྱོད་མ་ཡིན་པ་དང་འགྱུར་རྩོམ་མ་ཡིན་པ་འདུས།༽མ་ཟད་གཞན་སེལ་ཆེ་དྲགས་པའི་༼ལོ་ཙཱའི་བྱ་སྤྱོད་ཁག་ཅིག་དང་སྤྱིར་བཏང་དུ་ལོ་ཙཱའི་བརྩམས་ཆོས་སུ་རྩི་བཞིན་པའི་སྐོར་སེལ་བ་ཡིན། ༽སྐྱོན་སྣང་ངོ་༎

  3.122

   ནང་དོན་གཞན་པར་ཡང་ལོ་ཙཱའི་གཞུང་ལུགས་སྤྱིར་བཏང་བ་ཞེས་པའི་མིང་འདི་གདགས་སུ་རུང་མོད། ༼སྔོན་ཆད་མཁས་པ་མང་བོས་སེམས་ཆུང་གཟབ་ནན་གྱིས་ངང་འགྲོ་ཕྱོགས་ཞེས་པ་ལན་མང་དུ་བཀོལ་མྱོང་།༽དོན་དམ་པར་དེ་དག་ནི་གཞུང་ལུགས་སྤྱིར་བཏང་བ་མིན་པར། དེའི་ནང་གི་ཕྱོགས་ཙམ་མམ་ཆ་ཤས་ཙམ་ཞིག་གཞུང་ལུགས་སྤྱིར་བཏང་བའི་ཁོངས་སུ་གཏོགས་པ་ཙམ་དུ་ཟད། འོན་ཏེ་ཁྱབ་ཁོངས་དེ་ཙམ་ལས་ཀྱང་ཉེ་བའི་ལོ་འགར་གྲུབ་འབྲས་ཆེན་པོ་ཐོན་ཡོད། དོན་དངོས་སུ་ང་ཚོས་ཁོ་བོས་སྤྱི་སྡོམ་བྱས་མ་ཐག་པའི་དོན་དམ་པའི་གཞུང་ལུགས་སྤྱིར་བཏང་བ་དེ་ལ་བསམ་གཞིག་མ་བྱས་པའི་སྔ་རོལ་ཏུ། གཞུང་ལུགས་འདི་དང་འདི་ལྟ་བུ་འཕེལ་བ་ལ་བརྟེན་ནས་ཞིབ་འཇུག་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་བྱེད་པར་མཛུབ་སྟོན་བྱ་དགོས་སྙམ། ལོ་ཙཱའི་གཞུང་ལུགས་སྐོར་ཅིག་གིས་བྱེད་སྟངས་སྣ་ཚོགས་ཀྱི་སྒོ་ནས་དཔྱད་པ་ཞིབ་མོ་བཏང་འདུག ཁོ་བོ་ལྟར་ན་དེ་དག་རིགས་ཆེན་པོ་དྲུག་ཏུ་དགར་ཆོག

  3.1221

   དང་བོ། སྨྱན་བྱེད་ཚད་བཀག་གི་ལོ་ཙཱའི་གཞུང་ལུགས་ཏེ།དེ་ལ་རྣམ་དག་མ་ཡིན་པའི་མིང་བསྐྱེད་མ་ཞིག་སྦྱར་བ་ནི་སྨྱན་བྱེད་ལ་རག་ལས་པའི་རྐྱེན་གྱིས་ཡིན། ཞིབ་ཏུ་དབྱེ་ན་མིས་སྒྲུབ་པའི་ལོ་ཙཱའི་གཞུང་ལུགས་དང་༼མིའི་ལོ་ཙཱ༽། རྩིས་འཁོར་གྱིས་སྒྲུབ་པའི་ལོ་ཙཱའི་གཞུང་ལུགས་༼འཕྲུལ་ཆས་ལོ་ཙཱ༽།ཡང་ན་དེ་གཉིས་ཀས་ཐུན་མོང་དུ་སྒྲུབ་པའི་ལོ་ཙཱའི་གཞུང་ལུགས་༼འདྲེས་སྦྱོར་རམ་འཕྲུལ་ཆས་ཀྱིས་རམ་འདེགས་པའི་ལོ་ཙཱ༽བཅས་སུ་དགར་ཆོག མིས་སྒྲུབ་པའི་ལོ་ཙཱའི་གཞུང་ལུགས་༼ལོ་ཙཱའི་གཞུང་ལུགས་ཚད་བཀག་ཅན་དེ་འདི་ལ་བརྟེན་ནས་འཕེལ་གྱིན་ཡོད།༽ལ་ཕྱེས་ན་ངག་བསྒྱུར་༼་དེར་དབྱེ་ན་རྒྱུན་མཐུད་ངག་བསྒྱུར་དང་སྙན་སྒྲོག་ལོ་ཙཱ་གཉིས༽དང་ཡིག་བསྒྱུར་གཉིས་ཡོད། འཕྲུལ་ཆས་ལོ་ཙཱ་དང་འཕྲུལ་ཆས་ཀྱིས་རམ་འདེགས་པའི་ལོ་ཙཱ་གཉིས་ལ་མཚོན་ན་རིན་ཐང་ཅན་གྱི་ཞིབ་འཇུག་དཔེ་གཞི་གྲངས་ཀྱིས་མི་ཟིན་པ་ཡོད། དེ་དག་ང་ཚོར་མཚོན་ན་འདྲིས་བྱང་དུ་གྱུར་ཡོད་ལས་ཆེ་མོད། སྨྱན་བྱེད་ཚད་བཀག་གི་ཡིག་ཐོག་ལོ་ཙཱའི་གཞུང་ལུགས་ནི་དེ་འདྲའི་ལས་སླ་མོ་ཞིག་མིན་ཏེ། དེ་ཡང་གཙོ་བོ་གཞུང་ལུགས་སྨྲ་བ་རྣམས་ནི་ནམ་རྒྱུན་ཁྱད་ཆོས་ཀྱིས་ཀུན་ནས་དབེན་པའམ་ཡང་ན་གཞུང་ལུགས་སྤྱིར་བཏང་བའི་ཚུལ་གྱིས་ཐོན་ཡོང་བའི་གནད་དེ་འདྲ་ཞིག་ལ་ཐུག་གོ་སྙམ།

   3.1222

   གཉིས་པ་ཁྱབ་ཁོངས་ཚད་བཀག་གི་གཞུང་ལུགས་ནི།གཞུང་ལུགས་ཁ་ཤས་ཀྱིས་ཁྱབ་བྱ་ལ་ཚད་བཟུང་ཡོད་པ་ལྟར་ཕལ་ཆེར་དེ་དང་ཕན་ཚུན་འབྲེལ་བ་དམ་ཟབ་ཡོད་པའི་རིགས་ཤིག་ཡིན། འབྲེལ་ཡོད་ཀྱི་སྐད་ཆར་ཚད་བཟུང་བ་དང་ཡང་ན་སྤྱིར་བཏང་དུ་དེ་འདྲ་མི་གཅིག་པ་དང་སྐབས་ལ་ལར་གཏན་ནས་མི་གཅིག་པའི་འབྲེལ་ཡོད་རིག་གནས་ལ་ཚད་བཟུང་བ་ཡིན། གནས་ཚུལ་འདི་གཉིས་ཀའི་འོག་ཏུ་དོན་དམ་པའི་འགོག་ཚད་ལ་འགྱུར་ལྡོག་འབྱུང་ངེས་པ་ནི་དཔེར་ན། གཞུང་ལུགས་ཤིག་ཧྥ་རན་སིའི་སྐད་དང་འཇར་མན་༼ཆ་མཉམ་པའི་སྐད་ཆ་ཚད་བཀག་གི་གཞུང་ལུགས༽ཀྱི་སྐད་ཕན་ཚུན་ལོ་ཙཱ་བྱེད་དུས་བཀོལ་ཆོག་ལ། འདི་དང་ཀེ་སི་ལ་ཧྥུའི་སྐད་རིགས་བར་གྱི་ལོ་ཙཱའམ་༼སྐད་ཁྱིམ་ཚད་བཀག་གི་གཞུང་ལུགས༽ཡང་ན་ལ་ཏིང་སྐད་ཁོངས་ཀྱི་སྐད་ཆ་ནས་རི་ཨར་མན་སྐད་ཁོངས་ཀྱི་སྐད་ཆར་ལོ་ཙཱ་༼ཆ་མཉམ་པའི་སྐད་ཁྱིམ་ཚདབཀག་གི་གཞུང་ལུགས༽བྱེད་པར་དེ་འདྲའི་ནུས་པ་མི་ཐོན། དེ་དང་མཐུན་པར། སུའེ་ཙེར་རིག་གནས་ནང་ཁུལ་༼ རིག་གནས་ཆིག་རྐྱང་བས་ཚད་བཟུང་བ་ཅན ༽གྱི་ལོ་ཙཱའི་གཞུང་ལུགས་སམ་སུའེ་ཙེར་རིག་གནས་དང་པི་ལི་ཧྲིའི་རིག་གནས་༼ཆ་མཉམ་པའི་རིག་གནས་ལ་ཚོད་བཟུང་བ༽བར་གྱི་ལོ་ཙཱའི་གཞུང་ལུགས་སུ་ནུས་པ་ཐོན་པར་ཆ་བཞག་ན། འདི་དང་ནུབ་གླིང་རིག་གནས་ཁྱབ་ཁོངས་ནང་གི་༼རིག་གནས་ཀྱི་ཁྱིམ་རྒྱུད་ལ་ཚོད་བཟུང་བ་ཅན༽སྐད་ཆའམ་ཡང་ན་ལག་རྩལ་སྔ་དར་གྱི་རིག་གནས་མཚོན་པའི་སྐད་ཆ་དང་ད་བར་གྱི་ནུབ་གླིང་རིག་གནས་མཚོན་པའི་སྐད་ཆ་དབར་༼ཆ་མཉམ་པའི་རིག་གནས་ཀྱི་ཚོགསཔར་ཚོད་བཟུང་བ་ཅན༽གྱི་ལོ་ཙཱའི་གཞུང་ལུགས་སུ་ནུས་པ་དེ་ཙམ་མི་ཐོན། སྐད་ཆ་ཚད་བཀག་གི་གཞུང་ལུགས་དེ་གཤིབ་བསྡུར་སྐད་བརྡ་རིག་པ་དང་སྐད་ལུས་རིག་པའི་༼བརྗེད་མི་ཉན་པ་ནི། སྐད་ཆ་ལ་མཚོན་ན་ལོ་ཙཱའི་བརྡ་སྤྲོད་དེ་སྐད་ཆ་སྦྱངས་པ་ལས་གྲུབ་པའི་གཤིབ་བསྡུར་བརྡ་སྤྲོད་དང་ཁྱད་པར་ཆེན་པོ་ཡོད་ཁོ་ཐག་རེད།༽ཁྲོད་སྒྲུབ་བཞིན་པའི་ལས་ཀ་དང་འབྲེལ་བ་དམ་ཟབ་ཡོད། སྐབས་འགར་རིག་གནས་དང་སྐད་ཆར་ཚོད་འཛིན་པ་གཉིས་ཕན་ཚུན་འཁྲུལ་ནས་གཞུང་ལུགས་ཕྱི་མ་དེ་འདྲེན་པར་བྱེད་མོད། རིག་གནས་ཚད་བཀག་གི་གཞུང་ལུགས་ཁྱབ་ཁོངས་ནས་ཞིབ་འཇུག་གཏིང་ཟབ་པོ་ཞིག་ཡོང་གི་མེད། རིག་གནས་ཚད་བཀག་གི་གཞུང་ལུགས་འདི་དག་ནང་། རིག་གནས་ལ་ཚོད་འཛིན་རྒྱུ་དེ་རྩིས་མེད་དུ་བཞག་ནའང་གནས་སྐབས་ལ་ལར་རིག་གནས་དང་སྐད་ཆའི་དབྱེ་མཚམས་དེ་འབྱུང་ཁུངས་དང་དམིགས་ཡུལ་གྱི་ཆ་ནས་ཕན་ཚུན་ངོ་འཕྲོད་འདུག གཞན་ཡང་བསྙོན་དུ་མེད་པ་ཞིག་ནི། གཞུང་ལུགས་ཀྱི་ཕྱོགས་ག་གེ་མོ་ཤིག་ནུབ་གླིང་རིག་གནས་ཁྱབ་ཁོངས་དང་འབྲེལ་བའི་ལག་ལེན་ཁོ་ནར་མཚོན་ན་གཞུང་ལུགས་སྤྱིར་བཏང་བ་ཙམ་དུ་ཟད་པ་དེའོ༎

  31223

    གསུམ་པ། རིམ་པ་ཚད་བཀག་གི་གཞུང་ལུགས་ཞེས་པ་ནི། སྤྱིར་གཏམ་བརྗོད་དམ་ཡིག་སྨར་གནད་དུ་འཛིན་ཡང་སྐད་ཆའི་རིམ་པའམ་ཚད་རིམ་ཅུང་དམའ་བའི་གཞུང་ལུགས་ལ་ཆེས་དོ་ཁུར་བྱེད་པ་ཞིག་ཡིན། སྲོལ་རྒྱུན་དུ་ལོ་ཙཱ་སྐོར་གྱི་བརྩམས་ཆོས་ཕལ་ཆེ་བས་ཐ་སྙད་ཀྱི་རིམ་པ་ལ་དམིགས་པ་ཡོངས་སུ་གཏད་ཡོད་དེ། ཐ་སྙད་དང་ཐ་སྙད་ཀྱི་ཚོགས་པ་ནི་ནམ་ཡང་ཚན་རྩལ་ལོ་ཙཱ་ཁྲོད་བརྡ་ཆད་ལྟེ་བར་འཛིན་པའི་བསམ་གཞིགས་ཀྱི་རིམ་པ་དེ་དག་ཡིན། ཕྱོགས་གཞན་ཞིག་ནས་སྐད་ཆ་རིག་པ་ལྟེ་བར་འཛིན་པའི་ཞིབ་འཇུག་མང་ཆེ་བས་ཉེ་ལམ་ད་གཟོད་ལྟ་བ་འདི་ཁོ་ཚོའི་གཞུང་ལུགས་ཀྱི་རིམ་པ་མཐོ་ཤོས་སུ་བཞག་ནས། ཕལ་ཆེར་ལོ་ཙཱའི་གནད་དོན་ཏེ་ཡིག་སྨར་ཀྱི་སྒྲིག་གཞིའི་ཕྱོགས་སོ་སོ་བ་སྣང་མེད་དུ་བསྐྱུར་འདུག མི་རྣམས་ཀྱི་རེ་བ་ནི། ཚིག་གྲུབ་སྐད་ཆ་རིག་པ་ཚད་མར་བཟུང་སྟེ་ལེ་ཚན་སྐད་ཆ་རིག་པ་ལས་ཐར་བའི་འགྲོ་ཕྱོགས་གསལ་ལེ་བ་འདིས། སྐད་ཆ་རིག་པར་འཇུག་པའི་གཞུང་ལུགས་པ་རྣམས་ལ་ཚིག་གྲུབ་ཀྱིས་ཚད་བཟུང་བའི་ལོ་ཙཱའི་གཞུང་ལུགས་ལས་རྣམ་པར་འདས་ཏེ། ཡིག་སྨར་ཀྱི་རིམ་པ༼ཡང་ན་དབྱེ་རིམ་མེད་པ ༽གང་ཞིག་དེ་བས་ཀྱང་རྙོག་འཛིང་ཆེ་བའི་གཞུང་ལུགས་ཤིག་སྤེལ་བར་སྐུལ་འདེད་གཏོང་བ་དེའོ༎

  3.1224

    བཞི་བ། ཡིག་སྨར་ཡང་ན་གཏམ་བརྗོད་ཀྱི་རིགས་ཚད་བཀག་གི་གཞུང་ལུགས་༼ཡང་ན་གཏམ་བརྗོད་གྱི་རིགས༽ཞེས་པ་ནི། ལོ་ཙཱའི་བྱ་སྤྱོད་ལས་བྱེ་བྲག་གི་རིགས་སམ་ཡང་ན་སྐད་བརྡ་ཡི་ལུས་ལ་ཞིབ་འཇུག་བྱེད་པ་ཞིག་ཡིན། རྩོམ་པ་བོ་དང་རྩོམ་རིག་ཞིབ་འཇུག་པས་དུས་ཡུན་རིང་བོར་ལོ་ཙཱ་རྩོམ་རིག་གི་ཡིག་སྨར་རམ་ཡང་ན་དེའི་རིགས་བྱེ་བྲག་པའི་ནང་འགལ་ལ་དོ་ཁུར་གནང་བཞིན་ཡོད། དེ་དང་འདྲ་བར་ལྷའི་རིག་པ་བས་དམ་པའི་གསུང་རབ་དང་ཆོས་ལུགས་ཀྱི་གསུང་རྩོམ་གཞན་དག་ཇི་ལྟར་ལོ་ཙཱ་བྱེད་པར་དོ་ཁུར་གནང་གི་ཡོད། ཉེ་བའི་ལོ་འགར་མི་རྣམས་ཀྱིས་ཧུར་ཐག་གིས་ཚན་རིག་གི་ཡིག་སྨར་ལོ་ཙཱ་བྱེད་པའི་གཞུང་ལུགས་སྤེལ་གྱིན་འདུག ཡིན་ནའང་ད་ལྟའི་ཆར།འུ་ཅག་ལ་བརྡ་འཕྲིན་དང་ཡིག་སྨར་ཡང་ན་གཏམ་བརྗོད་རིགས་གང་གི་ཕྱིའི་རྣམ་པའི་གཞུང་ལུགས་སོགས་ཀྱིས་མ་འདང་བས། ཞིབ་འཇུག་གི་ལས་ཀ་དེ་ཚང་མ་མཚམས་བཞག་སོང་།འོན་ཏེ། ཕུ་རག་ཀེའི་སྒྲིག་གཞི་རིང་ལུགས་པས་དར་སྤེལ་བྱས་མྱོང་བའི་པི་ལེའི་འབྲེལ་འདྲིས་ཅན་གྱི་གཞུང་ལུགས་དང་། ལྷག་པར་དབྱིན་ཇིའི་སློབ་གླིང་གྲུབ་མཐའ་ཡི་སྐད་ཆ་རིག་པ་བས་ཕྱེས་པའི་སྐད་རིགས་ཀྱི་དབྱེ་བ་གཉིས་ཀས་ཡིག་སྨར་ཀྱི་རིགས་ལ་ཚད་གཞི་གཏན་འཁེལ་བྱེད་པར་དཔྱད་གཞི་བཏོན་ཡོད་པས། ཕན་ཚུན་དབྱེ་མཚམས་ཐ་དད་པའམ་སྲོལ་རྒྱུན་གྱི་རྩོམ་ལུས་གཞུང་ལུགས་དེ་དག་དང་བསྡུར་ཚེ། ཚད་གཞི་འདིས་ཡིག་སྨར་བཀོལ་བདེ་བར་བྱས་འདུག ཕྱོགས་གཞན་ཞིག་ནས་སྲོལ་རྒྱུན་ཀྱི་གཞུང་ལུགས་ཀྱང་བཏང་སྙོམས་སུ་འཇོག་མི་རུང་སྟེ། དེ་དག་གིས་འགྱུར་ཡིག་ཀློག་པ་པོས་རེ་བ་བྱེད་པའི་ཚད་གཞི་ཞིག་ཆགས་པར་ད་དུང་བྱེད་ནུས་གལ་ཆེན་འདོན་བཞིན་ཡོད། ད་དུང་མུ་མཐུད་ནས་ཞིབ་འཇུག་བྱེད་དགོས་པ་ཞིག་ལ་ལོ་ཙཱའི་ཁྲོད་ཡིག་སྨར་རིགས་ཀྱི་ཕྱོགས་ལྷུང་ངམ་ཕྱོགས་འགྱུ་སོགས་གནད་ཁ་ཤས་མཆིས་སོ༎

  3.1225

   ལྔ་བ། དུས་ཚོད་ཚད་བཀག་གི་གཞུང་ལུགས་ལ་རིགས་གཉིས་ཏེ། གཅིག་ནི་དེང་དུས་ཀྱི་ཡིག་སྨར་ལོ་ཙཱ་བྱེད་པའི་གཞུང་ལུགས་དང་། ཅིག་ཤོས་ནི་སྔོན་བྱུང་དུས་རབས་དང་མི་འདྲ་བའི་ཡིག་སྨར་གཙོ་བོར་ལོ་ཙཱ་བྱེད་པའི་གཞུང་ལུགས་ཡིན། དེ་མིན་དེང་རབས་ཡིག་སྨར་ཀྱི་གཞུང་ལུགས་ཤིག་གཞུང་ལུགས་སྤྱིར་བཏང་བའི་ཚུལ་དུ་མངོན་པ་ཞིག་ཀྱང་ཡོད། གཞུང་ལུགས་གཞན་ཞིག་འདུག་པ་ལ་དུས་ལས་བརྒལ་བའི་ལོ་ཙཱ་ཞེས་བཏགས་ན་འོས་པར་སེམས་ཤིང་། འདིས་རྩོམ་རིག་གཞུང་ལུགས་པའི་ཁྲོད་རྩོད་གཞི་གང་མང་ཤིག་བསླངས་ཡང་མཇུག་འབྲས་ལེགས་པོ་མ་བྱུང་།

  3.1226

   དྲུག་པ། གནད་དོན་ཚད་བཀག་གི་གཞུང་ལུགས་ཡིན། གཞུང་ལུགས་འདི་རིགས་ཀྱིས་རང་ཉིད་ལོ་ཙཱའི་གཞུང་ལུགས་སྤྱིར་བཏང་བའི་ཁོངས་ཧྲིལ་བོའི་ནང་གི་གནད་དོན་གཅིག་གམ་གནད་དོན་འགའ་ལ་ལྟོས་ནས་བྱུང་ཡོད་ཅིང་། ཆེ་བ་ལོ་ཙཱའམ་ཡང་ན་དེའི་ངོ་བོ་དང་ཆ་མཚུངས་ཅན་གྱི་ཚད་བཀག་སོགས་ཁྱབ་ཆེ་ལ་རྩ་བར་ཐུག་པའི་གནད་དོན་ནས། ཆུང་བ་བསྡུས་བརྗོད་དམ་ཡང་ན་བརྡ་ཆད་ཀྱི་ལོ་ཙཱ་སོགས་བྱེ་བྲག་གི་དོན་ཐམས་ཅད་དེར་འདུའོ༎

   3.123

   ཤེས་དགོས་པ་ཞིག་ལ། གཞུང་ལུགས་ལ་ནམ་ཡིན་ཀྱང་རྣམ་པ་མང་བོའི་ཆ་ནས་ཚད་བཀག་ཡོད། དཔེར་ན། ལོ་ཙཱར་སྤྲོ་བ་ཡོད་པའི་སྐད་ཆ་རིག་པ་བས་ཀྱང་སྐད་ཆ་ཙམ་མ་ཡིན་པར་རིམ་པ་དང་དུས་ཚོད་ལ་ཡང་ཚད་འགོག་པའི་གཞུང་ལུགས་ཤིག་བརྩམས་ཏེ། གཙོ་ཆེར་ཚིག་སྦྱོར་གྱི་རིམ་པའི་སྟེང་ནས་སོ་སོར་དོ་མཉམ་ཞིང་།སྐབས་འཕྲལ་དུ་འཁོལ་བའི་དེང་དུས་ཀྱི་སྐད་ཆ་ཕན་ཚུན་བར་གྱི་ལོ་ཙཱའི་གནད་དོན་ཇི་སྙེད་ཐག་གིས་གཅོད་པ་ཡིན། དེ་མཚུངས། རྩོམ་རིག་ཞིབ་འཇུག་ལ་གཞོལ་བའི་མཁས་པ་ཚོ་སྤྱིར་བཏང་དུ་ཡིག་སྨར་གྱི་རིགས་དང་སྨྱན་རྫས་ཕྱོགས་ལ་འཁོར་ཡོད་པ་ལས་གཞན། རིག་གནས་ཚོགས་ཁག་ལའང་ཞིབ་འཇུག་གནང་བཞིན་ཡོད། ཁོ་ཚོས་ནམ་རྒྱུན་ཞིབ་འཇུག་བྱེད་ས་ནི་ནུབ་གླིང་རྩོམ་རིག་གི་སྲོལ་རྒྱུན་དུ་ཚུད་པའི་ཡིག་སྨར་དེ་ཙམ་ཞིག་ཡིན། འདིས་གཞུང་ལུགས་སྐོར་ཅིག་གི་རིན་ཐང་ལ་དམའ་ཕབ་པའི་ངེས་པ་ནི་མེད། དེ་སྐད་བརྗོད་པ་ལ་རྒྱུ་མཚན་ཡོད་དེ། དཔེར་ན་དེང་དུས་འཇར་མན་ཀྱི་སྒྲུང་གཏམ་ཁྲོད་ཀྱི་ཚིག་གྲུབ་ཕལ་བའི་རིགས་ལྟ་བུ་ལ་མཚོན་ན། ཚུལ་གང་ཡང་རུང་བའི་ཐོག་ནས་ཚད་བཀག་པའི་གཞུང་ལུགས་ཞིབ་འཇུག་གམ་ཡང་ན་རྩོམ་གཤིས་གཞུང་ལུགས་འདི་ཉིད་གཞིར་བཟུང་སྟེ་དབྱིན་ཇིའི་ཡིག་སྐད་དུ་བསྒྱུར་བ་ཡིན་པས། མཁས་པ་ཚོས་གཞུང་ལུགས་ཆེས་འཐུས་ཚང་བ་ཞིག་རྩོམ་བཞིན་པ་དེ་ལ་བློ་སྒོ་ཕྱེས་ངེས་པ་ཁོ་ཐག་ཡིན་པས་སོ།།  འདི་འདྲའི་ཆ་ཚང་བའི་གཞུང་ལུགས་ཤིག་ལ་དོ་ཁུར་བྱེད་པ་བློ་གྲོས་དང་ལྡན་པའི་སྤྱོད་ཡུལ་ཡིན་ཏེ། ཚད་བཀག་པའི་གཞུང་ལུགས་ཀྱི་བདག་ཉིད་ཅན་ཏེ་དཔེར་ན་ཚིག་གི་སྦྱོར་བ་ཇི་ལྟར་ལོ་ཙཱ་བྱེད་དགོས་པ་སོགས། སྐད་ཆར་ཚད་བཀག་པའི་གཞུང་ལུགས་འདུས་མས་ནི། གཞུང་ལུགས་སྤྱིར་བཏང་བའི་ཚབ་བྱེད་ཐུབ་པར་འདོད་པའི་འཁྲུལ་ཤེས་འདི་ལྟ་བུ་ལ་མགོ་མ་རྨོངས་པ་ནི་དེ་བས་ཀྱང་ངོ་། །

 

 3.2ལོ་ཙཱ་ཞིབ་འཇུག་ཁྲོད་ཀྱི་ཆིག་རྐྱང་བའི་ཡན་ལག་གཙོ་བོ་གཉིས་གླེངས་རྗེས། ཁོ་བོས་རིག་ཚན་འདིའི་ཡན་ལག་གཞན་ཞིག་གླེང་བར་འདོད་པ་ནི། ཕའེ་ཀུན་ལྟར་ན་དངོས་སྤྱོད་ལས་སྣེ་ཁྲིད་ཅེས་པ་མ་ཡིན་པའི་དངོས་སྤྱོད་ལོ་ཙཱ་ཞིབ་འཇུག་ཡིན།

  3.21

    རིག་ཚན་གཞན་དག་དང་འདྲ་བར་འདིའི་ནང་མི་རྣམས་ཀྱིས་ཉེར་སྤྱོད་ལ་བསམ་གཞིག་བྱེད་སྐབས་རིག་ཚན་རང་སྟེང་ལས་བརྒལ་ཏེ་ཐོག་མར་ཡིད་ལ་ཤར་བ་ནི་སློབ་ཁྲིད་རེད། དོན་དངོས་སུ་ལོ་ཙཱའི་སློབ་ཁྲིད་ལ་དབྱེ་བ་གསལ་བོ་དགར་དགོས་པ་གཉིས་ཡོད། དང་བོ་ནི། དུས་རབས་འགའི་ནང་། ལོ་ཙཱ་དེ་ཕྱི་སྐད་སློབ་ཁྲིད་བྱེད་པའི་ཐབས་རྩལ་ཅིག་དང་ཕྱི་སྐད་སྦྱངས་ཚད་དཔོག་པའི་བྱེད་སྟངས་ཤིག་ཏུ་བཀོལ་བཞིན་ཡོད། ཡུད་ཙམ་ནས་ཁོ་བོས་ཡང་བསྐྱར་གནད་དོན་འདི་གླེང་རྒྱུ། ཅིག་ཤོས་ནི་སྣང་ཚུལ་གསར་བ་ཞིག་སྟེ། ལོ་ཙཱ་ནི་སློབ་ཁྲིད་ཁྲོད་ཆེད་ལས་ལོ་ཙཱ་བ་གསོ་སྐྱོང་བྱེད་སྤྱད་དུ་གྱུར་ཡོད་པ་དེའོ༎  ཆེད་ལས་ལོ་ཙཱ་བ་གསོ་སྐྱོང་བྱེད་པའི་སྐོར་ནས་གནད་དོན་གང་མང་ཞིག་བྱུང་ཡོད་པ་ལས། ཐོག་མར་ཐག་གིས་གཅད་དགོས་འདུག་པ་ནི་འཁྲིད་ཐབས་དང་རྒྱུགས་ལེན་ཚུལ། བསླབ་ཚན་བཀོད་སྒྲིག་སོགས་ཡིན། དེས་ན་ཁུངས་ཐུབ་ཅིང་ཡིད་རྟོན་རུང་བའི་ལན་འཚོལ་བ་དེ་ལོ་ཙཱ་ཞིབ་འཇུག་གི་ཁྱབ་ཁོངས་གཙོ་བོར་གྲུབ་ཡོད། ༼དུས་ཡོད་མེད་འཚོལ་རྒྱུ་དེ་མ་མཐའ་ཡང་ཁྱབ་ཁོངས་གཙོ་བོ་ཞིག་ཡིན།༽

 3.22

    ཁྱབ་ཁོངས་གཉིས་པ་དེས་ངེས་པར་དུ་ལོ་ཙཱའི་མཐུན་རྐྱེན་བསྒྲུབ་དགོས་ཏེ། ལོ་ཙཱ་བའི་གསོ་སྐྱོང་ལས་གཞན་སྦྱོང་བརྡར་བྱེད་པའི་མཐུན་རྐྱེན་ཡང་འདུ། སྤྱིར་མཐུན་རྐྱེན་ལ་རིགས་དང་རྣམ་གྲངས་མང་ཡང་གཙོ་ཆེ་བ་གཉིས་ཏེ། ཚིག་མཛོད་བསྒྲིག་རྒྱུ་དང་བརྡ་ཆད་ཀྱི་སྐོར་དང་།བརྡ་སྤྲོད་ཀྱི་སྐོར་རོ༎མཐུན་རྐྱེན་འདི་གཉིས་པོ་སྲོལ་རྒྱུན་ལྟར་ན་འབྲེལ་ཡོད་ཀྱི་རིག་ཚན་གཞན་པའི་མཁས་པ་ཚོས་མཁོ་སྤྲོད་བྱེད་པ་ཡིན་པས། དངོས་སྤྱོད་ལོ་ཙཱ་ཞིབ་འཇུག་གི་ཁོངས་སུ་བཞག་ན་འགྲིག་མིན་བཤད་དཀའ་ཡང་། ཚིག་མཛོད་བསྒྲིག་རྒྱུ་ཕྱོགས་ཀྱི་མཐུན་རྐྱེན་དེ་ལོ་ཙཱའི་དགོས་མཁོར་མི་འགྲོ་བ་དང་། སྐད་ཆ་ལོབས་རྒྱུར་དམིགས་ནས་སྤེལ་བའི་གཤིབ་བསྡུར་བརྡ་སྤྲོད་དེས་ཀྱང་རིགས་དགར་བའི་བརྡ་སྤྲོད་དང་ལོ་ཙཱར་འཚམས་པའི་བརྡ་སྤྲོད་གཉིས་ཀའི་ཚབ་བྱེད་མི་ཐུབ། བལྟས་ཡོང་ན་དངོས་སྤྱོད་ལོ་ཙཱ་ཞིབ་འཇུག་གི་ལས་ལ་འཇུག་པའི་མཁས་པ་ཚོས་དགོས་མཁོ་ངོ་མ་གང་ཡིན་བྱེ་བྲག་ཏུ་དབྱེ་བ་གསལ་བོ་དགར་དགོས་པར་འདུག་སྙམ། ཡང་ན་ནི་འདི་ལྟ་སྟེ། གལ་ཏེ་དེ་དག་གིས་ལོ་ཙཱ་བའི་སྦྱོང་བརྡར་དང་ལོ་ཙཱ་བའི་དགོས་མཁོ་དག་བསྐང་བསམ་ན། ཚིག་མཛོད་སྒྲིག་མཁན་དང་གཤིབ་བསྡུར་སྐད་ཆ་རིག་པ་བ་དང་མཉམ་དུ་ལས་འདི་ངེས་པར་དུ་བསྒྲུབ་དགོས་སོ༎

 3.23

   དངོས་སྤྱོད་ལོ་ཙཱ་ཞིབ་འཇུག་གི་ཁྱབ་ཁོངས་གསུམ་པ་ནི་ལོ་ཙཱའི་སྲིད་ཇུས་ཡིན། ཁྱབ་ཁོངས་འདིར་ལོ་ཙཱ་བའི་འགན་འཁུར་ནི། ལོ་ཙཱ་བ་དང་ལོ་ཙཱའི་བྱ་སྤྱོད། འགྱུར་ཡིག་སོགས་ཀྱིས་སྤྱི་ཚོགས་ཧྲིལ་བོའི་ཁྲོད་གོ་གནས་དང་ཐོབ་ཐང་ག་འདྲ་ཟིན་པར་ངོས་འཛིན་པ་ན་གཞན་དྲིང་མི་འཇོག་པའི་ལྟ་ཚུལ་གདོན་རྒྱུ་དེ་རེད། དཔེར་ན་འདི་ལྟར། སྤྱི་ཚོགས་རིག་གནས་ཀྱི་རྒྱབ་ལྗོངས་ངེས་ཅན་འོག་ཏུ་བརྩམས་ཆོས་གང་དག་བསྒྱུར་དགོས་པ་དང་ལོ་ཙཱ་བའི་སྤྱི་ཚོགས་དཔལ་འབྱོར་གྱི་གོ་གནས་དང་གནས་བབས་ཇི་འདྲ་ཡིན་པ། ཡང་ན་༼འདིར་ཡང་ཁོ་བོས་སྔར་གླེངས་ཟིན་པའི་ལྟ་བ་དེ་བཤད་དགོས་བྱུང་།༽ལོ་ཙཱས་ཕྱི་སྐད་དཔེ་ཁྲིད་ཁྲོད་ནུས་པ་ག་འདྲ་གདོན་དགོས་ཚུལ་སོགས་ཐག་གིས་གཅད་རྒྱུ་དེའོ། །སྲིད་ཇུས་རང་བཞིན་གྱི་གནད་དོན་འདི་ལ་མཚོན་ན། ལོ་ཙཱ་ཞིབ་འཇུག་གི་ལས་འགན་ནི་ཕྱོད་ནུས་ཐོན་མི་ཐུབ་སར་ལོ་ཙཱ་བྱེད་རྒྱུར་སྐུལ་བ་དེ་མ་ཡིན་པར། སྔོན་ལ་ཞིབ་འཇུག་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་བྱས། དེ་ནས་ད་གཟོད་ལོ་ཙཱ་འདི་སྐད་ཆ་སློབ་སྦྱོང་བྱེད་པའི་ཐབས་རྩལ་དང་རྒྱུགས་ལེན་ཐབས་ཤིག་ཡིན་པའི་ཕྱོད་ནུས་ལ་དཔྱད་འཇོག་བྱས་ན་འོས་པར་སེམས། མ་གཞིར་ཕྱོད་ནུས་ཆུང་བའི་གནས་ཚུལ་འོག་ཏུ། འཆར་གཞི་ཅན་གྱི་ཞིབ་འཇུག་གི་སྔོན་འགྲོ་ནི་སྲིད་ཇུས་རང་བཞིན་གྱི་ཞིབ་འཇུག་ཡིན་དགོས་པར་ཁོ་བོས་འདོད་དོ༎

 3.24

   དངོས་སྤྱོད་ལོ་ཙཱ་ཞིབ་འཇུག་གི་ཐུན་མོང་མ་ཡིན་པའི་ཁྱབ་ཁོངས་བཞི་བ་ནི་ལོ་ཙཱའི་མཐའ་དཔྱོད་ཡིན། མིག་སྔར་དེ་སྐོར་གྱི་མཐའ་དཔྱོད་ཀྱི་ཆུ་ཚད་ད་དུང་དམའ་བར་འདུག རྒྱལ་ཁབ་མང་བོ་ཞིག་ཏུ། ཇེ་རྒྱས་སུ་འགྲོ་བཞིན་པའི་ཁྱབ་ཁོངས་དེས་ལོ་ཙཱའི་མཐའ་དཔྱོད་ལ་ཤུགས་རྐྱེན་ཐེབས་ཐུབ་མེད། དོན་དུ། ལོ་ཙཱའི་རྒྱས་བཀྲོལ་དང་མཐའ་དཔྱོད་དེ་ཚད་གང་རུང་ཞིག་གི་ངོས་ནས་དྲང་བདེན་གྱི་དབྱེ་ཞིབ་ཅིག་ནི་མིན་པར། མཐའ་དཔྱོད་པའི་མངོན་ལྐོག་གང་རུང་བའི་བསམ་ཚུལ་དང་ལྟ་བ་མཚོན་ཡོད་པ་ཞིག་རེད། འོན་ཀྱང་ལོ་ཙཱ་བ་དང་མཐའ་དཔྱོད་པ་བར་གྱི་གཏིང་ཟབ་པའི་འབྲེལ་འདྲིས་དེས་མངོན་སུམ་གྱི་ཆ་ཇེ་ཉུང་དུ་སོང་ནས་ལོ་ཙཱའི་མཐའ་དཔྱོད་དེ་ཉིད་ཆུ་ཚད་གསར་བ་ཞིག་ཏུ་སླེབ་པར་ཕན་པ་མཆིས་སོ༎

 3.31

   ལོ་ཙཱ་ཞིབ་འཇུག་གི་ཡན་ལག་གཙོ་བོ་འགའ་མདོར་བསྟན་ཟིན་རྗེས། ངས་མུ་མཐུད་ནས་གསལ་བཤད་བྱ་འདོད་པ་གཉིས་ཡོད། དང་བོ་ནི། སྔར་བསྟན་ཟིན་པ་དག་གི་ནང་། ལོ་ཙཱའི་ཞིབ་འབྲི་དང་ལོ་ཙཱའི་གཞུང་ལུགས། དངོས་སྤྱོད་ལོ་ཙཱ་བཅས་ནི་རིག་ཚན་ཧྲིལ་བོའི་ཡན་ལག་སོ་སོ་བ་གསུམ་དང་། དེ་དག་གི་གོ་རིམ་བརྗོད་པས་ཡན་ལག་དེ་དག་རང་རྐྱ་ཐུབ་པ་ཞིག་ཡིན་པར་སྟོན་ཐུབ། ཞིབ་འབྲི་ཡིས་ལོ་ཙཱའི་གཞུང་ལུགས་ལ་རྩ་བའི་གྲངས་འབོར་མཁོ་འདོན་བྱས་ཤིང་། ཞིབ་འབྲི་ལོ་ཙཱ་དང་ལོ་ཙཱའི་གཞུང་ལུགས་གཉིས་ཀྱིས་ཁོལ་དུ་ཕྱུང་བ་རྣམས་དངོས་སྤྱོད་ལོ་ཙཱ་ཞིབ་འཇུག་ལ་བེད་ཆོད་པ་ཡིན། དོན་དངོས་སུ་འདི་ནི་རྩོད་སྒྲུབ་ཀྱི་འབྲེལ་བ་ཞིག་སྟེ། ཡན་ལག་གང་ཞིག་ཡིན་རུང་ཅིག་ཤོས་གཉིས་ལ་དཔྱད་གཞི་འདོན་སྤྲོད་བྱེད་སྲིད་པ་མ་ཟད་དེ་དག་ཕྱིར་བཀོལ་ནས་གསར་གཏོད་ཀྱང་བྱེད་ཀྱིན་ཡོད། གལ་ཏེ་ལོ་ཙཱའི་གཞུང་ལུགས་ལ་ཞིབ་འབྲི་དང་དངོས་སྤྱོད་ལོ་ཙཱ་གཉིས་ཀྱིས་འདོན་སྤྲོད་བྱས་པའི་གྲངས་གཞི་མེད་ཚེ་ནུས་པ་ཐོན་མི་ཐུབ་ཅིང་། ཕྱོགས་གཞན་ཞིག་ནས་བཤད་ན། ཡན་ལག་གང་ཞིག་ལ་གཞུང་ལུགས་ཀྱི་འགོ་འཛུགས་ས་དང་མངོན་སུམ་པའི་ཚོད་དཔག་ཀྱང་མེད་པ་ཡིན་ན་ནུས་པ་ཅི་ཡང་ཐོན་མི་ཐུབ། རྩོད་སྒྲུབ་ཀྱི་འབྲེལ་བ་འདིས་དབང་གིས། དུས་སྐབས་ངེས་ཅན་ནང་གི་དགོས་མཁོ་མི་འདྲ་ཡང་། རིག་ཚན་འདི་ཡར་རྒྱས་གོང་འཕེལ་དུ་འགྲོ་དགོས་ན་ཡན་ལག་འདི་གསུམ་ག་ལ་དོ་སྣང་བྱེད་དགོས་པ་ཡིན་ནོ༎

 3.32

    གསལ་བཤད་གཉིས་པ་ནི། ཡན་ལག་དེ་གསུམ་པོ་གང་དུའང་ཁོ་བོས་གླེང་མེད་དེ། ལོ་ཙཱའི་བྱ་སྤྱོད་དང་ལོ་ཙཱའི་བརྩམས་ཆོས་གང་ལའང་མ་འབྲེལ་བར་ལོ་ཙཱ་ཞིབ་འཇུག་རང་ཉིད་ལ་འབྲེལ་བ་ཅན་གཉིས་ཡིན། དང་བོ་ནི་ལོ་རྒྱུས་ཀྱི་རང་བཞིན་ཅན་ཏེ་ལོ་ཙཱའི་གཞུང་ལུགས་ཀྱི་ལོ་རྒྱུས་ཡིན། ཁྱབ་ཁོངས་འདི་ནས་དོན་སྙིང་ཅན་གྱི་བྱ་བ་མང་བོ་ཞིག་བསྒྲུབས་ཡོད། ད་དུང་ལོ་ཙཱ་ཞིབ་འབྲི་དང་དངོས་སྤྱོད་ལོ་ཙཱ་ཞིབ་འཇུག་གི་ལོ་རྒྱུས་ཀྱི་ཁྱབ་ཁོངས་ཤིག་ཀྱང་ཡོད་པ་ནི་གཙོ་བོ་ལོ་ཙཱའི་དཔེ་ཁྲིད་དང་ལོ་ཙཱ་བ་གསོ་སྐྱོང་གི་ལོ་རྒྱུས་ཡིན། ཁྱབ་ཁོངས་འདི་གཉིས་ཀར་ད་དུང་ལག་གང་ཡང་བཞག་མེད། གཉིས་པ་ནི་ཐབས་ཤེས་རྣམ་བཤད་དམ་རྩ་བའི་གཞུང་ལུགས་ཀྱི་སྐོར་ཏེ། དོ་ཁུར་བྱེད་ས་རིག་ཚན་འདིའི་ཡན་ལག་སོ་སོའི་ཞིབ་འཇུག་ཁྲོད་ཐབས་ཤེས་དང་དཔེ་རྣམ་ཇི་འདྲ་ཞིག་བེད་སྤྱད་ན་འོས་ཚུལ། དཔེར་ན། ལོ་ཙཱའི་གཞུང་ལུགས་ཇི་ལྟར་བྱས་ན་ཆོད་ཆེ་བ་དང་།དབྱེ་ཞིབ་ཀྱི་ཐབས་ཤེས་གང་ཞིག་སྤྱད་ན་ཞིབ་འབྲི་ཆེས་ངོ་མ་དང་ཆེས་དོན་ལྡན་ཞིག་ཡོང་བ་ལྟ་བུ་སོགས་ལས་གཞན། རིག་ཚན་འདི་ཉིད་མ་གཞི་ཅི་ཞིག་གིས་གྲུབ་པ་སོགས་རྩ་བའི་གནད་དོན་དག་ཀྱང་ཡིན།

   དཔྱད་རྩོམ་འདིར་གནད་དོན་དང་བོ་དེ་མ་གཏོགས་གླེངས་མེད་མོད། སྤྱིར་གནད་དོན་དང་བོ་དེ་ནི་གཉིས་པའི་རྨང་གཞི་ཡིན་པ་སྨོས་མ་དགོས། ད་ནི་ལོ་ཙཱ་ཞིབ་འཇུག་རང་ཉིད་ལ་རྟོག་ཞིབ་བྱེད་པའི་དུས་ལ་བབས་པས། རྩ་བའི་གླེང་མོལ་བྱེད་པའི་མགོ་རྩོམ་ཞིག །


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། b80e བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5865572
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号