གསེར་མདོག་གི་དཔལ་ཡོན་ཁྱིམ་དུ་བསུ་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 16 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »གསེར་མདོག་གི་དཔལ་ཡོན་ཁྱིམ་དུ་བསུ་བ།
གསེར་མདོག་གི་དཔལ་ཡོན་ཁྱིམ་དུ་བསུ་བ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2018-08-27ལྟ་ཀློག (6819)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

གསེར་མདོག་གི་དཔལ་ཡོན་ཁྱིམ་དུ་བསུ་བ།

ཨ་མཆོག་ས་ཆའི་ཕུལ་བྱུང་སློབ་ཆེན་སློབ་མར་བྱ་དགའ་གནང་བའི་མཛད་སྒོའི་སྟེང་དགེ་རྒན་ལྕགས་ཐར་རྒྱལ་གྱིས་གཏམ་བཤད་གནང་བ།

མདོ་སྨད་ཨ་མཆོག་ས་ཆའི་གནས་ཚུལ་གསར་འགྱུར་ཁག་གཉིས།

      ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་བསང་ཆུ་རྫོང་ཨ་མཆོག་སློབ་གསོའི་ཐེབས་རྩ་ཚོགས་པ་ནི་རང་ས་གནས་ཀྱི་འབོད་སྟངས་ལྟར་ཨ་ཁུ་བསྟན་པ་ཞེས་ལྷག་བསམ་དཀར་ཞིང་གཏོང་ཕོད་ཆེ་བ་ཁོང་གི་བཀའ་དྲིན་དང་ཐུགས་ཁུར་འོག་བཙུགས་པའི་སློབ་གསོ་ལས་གཉེར་གྱི་དཔུང་སྡེ་ཞིག་ཡིན། ཐེབས་རྩ་ཚོགས་པ་འདིས་ཕ་ཡུལ་གྱི་སློབ་འགྲིམས་སློབ་མའི་སློབ་སྦྱོང་ཐད་ནས་རྟིང་སྐུལ་དང་གཞོགས་འདེགས་བླ་མེད་གནང་དང་གནང་མུས་སུ་ཡོད་པས། ལོ་རེ་རེར་ཕ་ཡུལ་གྱི་དངོས་གཞི་སློབ་མ་དང་མཐོ་རྒྱུགས་སློབ་མར་བྱ་དགའ་སྤྲོད་ཀྱིན་པར་མ་ཟད། ཕ་ཡུལ་གྱི་མི་བཟང་དོན་བཟང་གི་མི་སྣ་ཕྱག་རྗེས་ཆེ་བར་གཟེངས་བསྟོད་བྱ་དགའ་ཡང་སྟེར་བའི་ལམ་ལུགས་ལག་ཏུ་བསྟར། དངོས་གཞི་སློབ་མ་རེ་ལ་མ་དངུལ་ཆིག་སྟོང་ལྔ་བརྒྱ་རེ། ཞིབ་འཇུག་སློབ་མར་ལྔ་སྟོང་རེ། འབུམ་རམས་པར་སྒོར་ཁྲི་རེ། དེ་མིན་ཁོང་ཨ་ཁུ་བསྟན་པ་མི་སྒེར་གྱིས་ཁུལ་ཡོངས་ཀྱི་མཐོ་རྒྱུགས་རིམ་པའི་ཨང་དང་པོར་བྱ་དགའ་སྒོར་ཁྲི་གཉིས་དང་། ཨང་གཉིས་པར་སྒོར་ཁྲི་གཅིག་རེ་གནང་རྒྱུར་གཏན་ཁེལ་བྱས་པ་སོགས་མདོར་ན་“ཨ་ཁུ་བསྟན་པའི་སློབ་གསོའི་སྙིང་སྟོབས”ནི་ས་གནས་ཀྱི་སློབ་གསོའི་རིན་ཐང་གི་ལྟ་བ་ཡིན་ལ། ས་གནས་སློབ་གསོ་སྒུལ་ཤུགས་ཀྱི་རྨང་རྡོ་ལྟ་བུའང་རེད་ཅེས་བཤད་ཆོག་པར་སེམས། ས་གནས་གང་ཞིག་ཡར་རྒྱས་སུ་འགྲོ་བ་ན་སློབ་གསོའི་མྱུ་གུ་འབུས་ཏེ་དཔལ་ཡོན་ལྡན་པའི་སློབ་གསོའི་ལྗང་མདོག་གི་ཁོར་ཡུག་ཅིག་ལ་བརྩོན་པ་བྱ་རྒྱུ་དེ་རེད། དེའི་ཕྱིར། ད་ལོའི་ཕུལ་བྱུང་སློབ་མར་བྱ་དགའ་སྟེར་བའི་མཛད་སྔོའི་སྟེང་ཨ་ལགས་དབལ་མང་ཆུང་བ་ཚང་དང་དགེ་རྒན་ལྕགས་ཐར་རྒྱལ་སོགས་ཀྱིས་ཨ་ཁུ་བསྟན་པའི་སྙིང་སྟོབས་དང་ལྷག་བསམ། གཏོང་ཕོད། སློབ་གསོ་བཅས་ཀྱི་ངོས་ནས་བཀའ་དྲིན་ཆེ་བ་དང་མཛད་བཟང་ལ་ཡི་རངས་དང་བསྟོད་བསྔགས་ཀྱི་མེ་ཏོག་གཏོར་བ་ནི་དོན་དང་ལྡན་པའི་གཏམ་ཞིག་རེད། ད་དུང་ཁོང་ཚོས་ཕ་ཡུལ་གྱི་སློབ་ཆེན་པ་ཚོར། “ཕ་མ་མི་བརྗེད་པ།”“ཕ་ཡུལ་མི་བརྗེད་པ། ”“ཕ་སྐད་མི་བརྗེད་པ།”སོགས་ཀྱི་ཚིག་རུས་པ་ཅན་གྱི་རེ་སྐུལ་ཐེངས་འདིའི་མཛད་སྒོའི་སྟེང་ནས་གནང་བར་མ་ཟད། ཨ་མཆོག་སློབ་གསོ་ཡར་སྐུལ་ཚོགས་པའི་ཚོགས་གཙོ། ཨ་ཁུ་བསྟན་པ་ལགས་ཀྱིས། “ཕ་ཡུལ་ཨ་མཆོག་ས་ཆ་ནས་རྩྭ་ཟོས་ཏེ་ཆུ་འཐུང་ཡོད་པས། ཕ་ཡུལ་ཨ་མཆོག་པ་ཚོར་བཞོ་རྒྱུ་མེད་ཀྱང་ལྕི་བ་ཕྱིར་ཕ་ཡུལ་དུ་གཏོང་དགོས། ”ཞེས་ཕ་ཡུལ་གྱི་སློབ་མ་སྤྱི་ལ་གོ་རྒྱུ་ཅན་གྱི་གཏམ་བཤད་མིག་ཆུ་དང་མཉམ་དུ་གནང་བས་མཛད་སྒོ་དེར་ཞུགས་པའི་མི་སྣ་ཚང་མར་སེམས་འགུལ་ཚད་མེད་ཐེབས།

 

དགེ་རྒན་ལྕགས་ཐར་རྒྱལ་ལགས་ཀྱིས་བརྡ་སྤྲོད་སྐོར་གྱི་འཆད་ཁྲིད་གནང་བ།

   ད་ལོ་ཡང་ཨ་མཆོག་སློབ་གསོའི་ཡར་སྐུལ་ཚོགས་པས་རྩ་འཛུགས་དང་ཨ་མཆོག་གྲོང་རྡལ་སྨན་ཁང་གི་འགོ་གཙོ་སྨན་པ་སྒྲོལ་མ་འབུམ་གྱིས་སྦྱིན་བདག་བྱས་ཏེ་མཚོ་སྔོན་མི་རིགས་དགེ་འོས་སློབ་ཆེན་གྱི་དགེ་རྒན་བརྡ་སྤྲོད་སྨྲ་བའི་དབང་བོ་དགེ་རྒན་ལྕགས་ཐར་རྒྱལ་ལགས་རང་ས་གནས་ཀྱི་སློབ་གསོ་དང་རིག་གནས་དར་སྤེལ་གྱི་ཆེད་དུ་གདན་ཞུས་གནང་བའི་མཐུན་རྐྱེན་འོག་ཁོང་གིས་དམའ་འབྲིང་གི་སྐད་ཡིག་སློབ་དེབ་ནང་གི་བརྡ་སྤྲོད་ཀྱི་གནད་དོན་ལས་འཕྲོས་ཏེ་བརྡ་སྤྲོད་པ་ཕྱི་མོ་སུམ་ཅུ་བ་སྤྱི་ཟླ་8པའི་ཚེས21ཉིན་ནས་ཚེས་24སྔ་དྲོ་བར་ཏེ་ཉིན་གསུམ་དང་ཕྱེད་ཀྱི་རིང་སློབ་ཁྲིད་གནང་བར་མ་ཟད། དུས་ཚོད་བཀོད་སྒྲིག་གི་ཆ་ནས་སྔ་དྲོ་ཆུ་ཚོད8:30ནས12:30དང་ཕྱི་དྲོ་ཆུ་ཚོད2:30ནས6:30བར་སློབ་ཁྲིད་གནངས། སློབ་ཁྲིད་དུ་ལས་བྱེད་པའི་སྡེ། དགེ་རྒན་གྱི་སྡེ། སློབ་མའི་སྡེ། མང་ཚོགས་སྡེ་སོགས་མི་སྣ་སུམ་བརྒྱ་ལྷག་ཐེངས་འདིའི་གསབ་ཁྲིད་དུ་ཞུགས།
     དགེ་རྒན་གྱི་སྡེ་ནས།  ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་། གཙོས་བོད་རིགས་སློབ་འབྲིང་། བསང་ཆུ་རྫོང་བོད་རིགས་སློབ་འབྲིང་། བསང་ཆུ་རྫོང་བོད་དམངས་སློབ་ཆུང་། ཨ་མཆོག་གྲོང་རྡལ་ལྟེ་བའི་སློབ་ཆུང་། ཡ་རུ་རྒྱུད་བཅའ་སྡོད་སློབ་ཆུང་། འབོ་ར་སློབ་ཆུང་། ཙ་ཡུས་སློབ་ཆུང་། རྨ་ཆུ་རྫོང་སློབ་ཆུང་གཉིས་པའི་དགེ་རྒན་སོགས་སློབ་གྲྭ་ལ་ལུང་ནས་དགེ་རྒན་གང་མང་ཕེབས་ཡོད་པ་དང་།
       སློབ་མའི་སྡེ་ནས། ཀྲུང་དབྱང་མི་རིགས་སློབ་ཆེན། ལྷོ་ནུབ་མི་རིགས་སློབ་ཆེན། བོད་ལྗོངས་མི་རིགས་སློབ་ཆེན། མཚོ་སྔོན་དགེ་ཐོན་སློབ་ཆེན། ནུབ་བྱང་མི་རིགས་སློབ་ཆེན། ཀན་སུའུ་དགེ་འོས་མི་རིགས་སློབ་ཆེན། གཙོས་བོད་རིགས་སློབ་འབྲིང་། བསང་ཆུ་རྫོང་བོད་རིགས་སློབ་འབྲིང་། འབོ་ར་སློབ་འབྲིང་སོགས་ཀྱི་སློབ་མ་ཞུགས་ཡོད།
        སྡེ་བའི་ནང་ནས།   ཡ་རུ་རྒྱུད། ཝ་སྣ། སྐེད་གསང་། ར་ཤ། དགོན་གཞིས། སྐེད། རྒྱ་འདུ་སོགས་ཀྱི་མང་ཚོགས་དུ་མ་ཞིག་ཞུགས་འདུག ཁོང་ཚོས་ཀྱང་ཐེངས་འདིར་གསབ་ཁྲིད་དུ་ཡོང་ནས་དགེ་རྒན་འདི་འདྲ་ཞིག་གི་གསུང་ལ་ཉན་ཐུབ་རྒྱུ་བྱུང་བ་ནི་བསོད་ནམས་ཤིག་དང་། ཚེ་ཕྱི་མར་བག་ཆགས་དགའ་ཞིག་འཇོག་རྒྱུའི་སླད་དུ་ཡིན་ཞེས་བཤད་པའི་སྐད་ཆ་ཡང་གོ་བ་ན། ངོ་མ་ས་གནས་ཤིག་གི་སློབ་གསོའི་རྩ་བ་ཞིག་རྒྱས་དགོས་ན་རོང་འབྲོག་མང་ཚོགས་ཀྱི་བསམ་བློ་འཕེལ་རྒྱས་སུ་འགྲོ་དགོས་པ་དང་། དེ་ལྟར་འགྲོ་ཡི་ཡོད་པ་དང་སློབ་གསོའི་ལས་དོན་དང་རིག་གནས་འཕེལ་རྒྱས་ཐད་ལ་ས་གནས་མང་ཚོགས་ཀྱིས་ཡི་རངས་དང་སྟོབས་ཤུགས་དུས་མཉམ་འབུལ་ཐུབ་པའི་ཅོང་བརྡ་ཞིག་ཀྱང་གྲགས་པའི་ལྟས་བཟང་ཞིག་ཡིན་ལ། མང་ཚོགས་གཉིད་ལས་སད་སྟངས་གསར་བ་ཞིག་ཀྱང་རེད།
    མདོར་ན་ཚོ་བ་བརྒྱད་དུ་གྲུབ་པའི་ཨ་མཆོག་ས་ཁུལ་གྱི་སློབ་གསོ་གོང་འཕེལ་ཐད་སང་ལོ་ཡང་སློབ་གསོ་ཡར་སྐུལ་ཚོགས་པའི་ཚོགས་གཙོ་ཨ་ཁུ་བསྟན་པ་གཙོས་ས་གནས་མང་ཚོགས་མང་མང་གི་རེ་འདོད་ལྟར་དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ་ལགས་དུས་ལྟར་གདན་ཞུ་གནང་སྟེ་རྟགས་འཇུག་གི་ཁྲིད་གནང་རྒྱུའི་གཏན་ཁེལ་བྱུང་བ་དང་བསྟུན་ད་ལོའི་གསབ་ཁྲིད་རྒྱལ་ཁ་དང་རེ་བའི་འཛུམ་མདངས་ཁྲོད་ནས་སྤྱི་ཟླ་8པའི་ཚེས24ཉིན་གྱི་ཉིན་གུང་ཡོངས་སུ་མཇུག་སྒྲིལ་ཏོ། །

ཨ་མཆོག་སློབ་གསོ་ཡར་སྐུལ་ཚོགས་པའི་ཚོགས་གཙོ་ཨ་ཁུ་བསྟན་པ་ལགས་ཀྱིས་གསུང་བཤད་གནང་བཞིན་པ།



ཨ་མཆོག་བསམ་གཏན་ལགས་ལ་“མི་བཟང་དོན་བཟང་”གི་བྱ་དགའ་གནང་བ།

ད་ལོར་ཀན་ལྷོ་ཁུལ་ཡོངས་ཀྱི་མཐོ་རྒྱུགས་རིམ་པ་ཁྲོད་ནས་ཨང་བོ་ལེན་མཁན་ཕྱག་རྡོར་སྐྱབས་དང་ཨང་གཉིས་པ་བླངས་པའི་སློབ་མ་གདུགས་དཀར་བཀྲ་ཤིས་གཉིས།

ཨ་མཆོག་སློབ་གསོ་ཡར་སྐུལ་ཚོགས་པ་དང་ཆེད་ཕེབས་མི་སྣ། ད་ལོར་དངོས་གཞི་དང་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་པའི་སློབ་མ་བཅས་ཀྱི་མཉམ་པར།

གུང་གསེང་ཁྲོད་ནས་དགེ་སློབ་གཉིས་ཀས་མཉམ་དུ་ཁ་བརྡ་བྱེད་ཀྱིན་པའི་རྣམ་པ།

གསར་འགྱུར་མཁོ་སྤྲོད་པ།  གསར་འགོད་པ། རྒྱ་འདུ་སངས་རྒྱས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 97yd བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  གསེར་མདོག་གི་དཔལ་ཡོན་ཁྱིམ་དུ་བསུ་བ།   སྤེལ་མཁན།:  སྤེལ་དུས:2018/8/27
“ཕ་མ་མི་བརྗེད་པ།”“ཕ་ཡུལ་མི་བརྗེད་པ། ”“ཕ་སྐད་མི་བརྗེད་པ།”སོགས་ཀྱི་ཚིག་རུས་པ་ཅན་གྱི་རེ་སྐུལ་ཐེངས་འདིའི་མཛད་སྒོའི་སྟེང་ནས་གནང་བར་མ་ཟད། ཨ་མཆོག་སློབ་གསོ་ཡར་སྐུལ་ཚོགས་པའི་ཚོགས་གཙོ། ཨ་ཁུ་བསྟན་པ་ལགས་ཀྱིས། “ཕ་ཡུལ་ཨ་མཆོག་ས་ཆ་ནས་རྩྭ་ཟོས་ཏེ་ཆུ་འཐུང་ཡོད་པས། ཕ་ཡུལ་ཨ་མཆོག་པ་ཚོར་བཞོ་རྒྱུ་མེད་ཀྱང་ལྕི་བ་ཕྱིར་ཕ་ཡུལ་དུ་གཏོང་དགོས། ”ཞེས་ཕ་ཡུལ་གྱི་སློབ་མ་སྤྱི་ལ་གོ་རྒྱུ་ཅན་གྱི་གཏམ་བཤད་
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23479862
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།