ལོ་ཆེན་བཻ་རོ་ཙ་ནའི་རྣམ་ཐར་ལས་དྲུག་པ།
དྲུག་པ། ཕྲ་མ་བཅུག་སྟེ་རྒྱལ་མོ་ཚ་བ་རོང་དུ་སྤྱུགས་པའི་སྐོར།
བཙན་པོའི་འབངས་འཁོར་དང་བཅས་པ་ཕྱི་ན་འདུགརྗེ་གུར་གྱི་ནང་ན་བཞུགས་པ་ལ།བཻ་རོ་ཙ་ནས་རྫུས་ཏེ། གུར་འདབས་བྱང་ཕྱོགས་ནས་སློག་སྟེ། བཙན་པོའི་སྙན་དུ།རྗེ་ཡིས་བཀའ་སྩལ་མན་ངག་གི་ཆོས་ནི་གྲུབ་ནས་མཆིས་པ། རྒྱ་གར་གྱི་མི་འདི་ཕྲག་དོག་ཆེ་བ་ཡིན་པས།སྙན་དུ་ཕྲ་མ་དག་བྱུང་སྲིད་ན། གསན་དུ་མི་རུང་བར་ཞུས་ཏེ་བཀའ་རྟགས་ཀྱི་ཕྱག་རྒྱ་དང་སྲོག་ཚིག་མནོས་ནས་ཕྱིར་བཀྱེད། བཙན་པོ་མཁར་དགུ་རིམ་དུ་གཤེགས་ནས་བཞུགས། བཻ་རོས་འབངས་ཆེ་མི་ཐིང་ཐེ་བྱ་བར།བོད་ཀྱི་མངའ་བདག་རྒྱལ་པོ་ཆེན་པོ་ལགས།། འཇིག་རྟེན་འཁོར་བའི་ཆོས་ལ་ཐུགས་དབྱུང་སྟེ།།
མ་ནོར་ཡང་དག་བདེན་པའི་ཆོས་འདོད་ནས།།
གསེར་ཕྱེ་བརྫངས་ནས་བདག་ཅག་འཚོལ་དུ་བཏང།།
དམྱལ་སྦྱོངས་ལམ་སྤྱད་ཐ་ཡིཁ་འཁོར་ཏེ།།
ལས་འཕྲོ་དག་པས་མཁས་ཞལ་མང་པོ་འཁུམས།།
བཟོ་དང་བསྟན་བཅོས་གསོ་སྤྱད་སྨན་ལ་སོགས།།
ཚེ་འདིར་དགོས་པའི་ཕན་བྱ་སྣ་ཚོགས་དང་།།
དལ་ཉམས་སྒྲོལ་བའི་བསྟན་སྲུང་སྣ་ཚོགས་དང་།།
ཕྱིར་རྒོལ་ཟློག་པའི་ལུང་རིགས་མཚོན་ཆ་དང་།།
དབང་པོའི་རིམ་འཇུག་ལམ་སྟེགས་རང་རང་ལམ།།
རྒྱུ་འབྲས་མ་ལུས་ཐེག་པ་ཐམས་ཅད་དང་།།
བདེ་ཆེན་ལྷུན་རྫོགས་སངས་རྒྱས་ཀུན་གྱི་ཐུགས།།
རྨད་བྱུང་བསྟན་པའི་སྙིང་པོ་ཐེག་པ་ཐམས་ཅད་དང་།།
བདེ་ཆེན་ལྷུན་རྫོགས་སངས་རྒྱས་ཀུན་གྱི་ཐུགས།།
རྨད་བྱུང་བསྟན་པའི་སྙིང་པོ་ཐེག་པའི་མཆོག།
རྒྱུ་འབྲས་གཉིས་མེད་རྩོལ་མེད་རྫོགས་པ་ཆེ།།
མ་ལུས་ལུས་པ་མེད་པར་བདག་ལ་མཆིས།།
ཞལ་དབྱར་མཇལ་དབྱར་བཀའ་མཆིསད་གསན་དུ་གསོལ།།
ཡུན་དུ་མ་མཇལ་དབྱར་ཁམས་སྙོམས་ལགས་སམ།།
མངའ་བདག་རྒྱལ་བོ་ཞལ་མཇལ་ཞེས་ཡིག་ཕྲན་བརྫངས་ནས་སྤྱན་སྔར་བཏང་བས། རྗེ་ཡི་འཁོར་བའི་རྫིང་ཆེན་འདྲ་བའི་ཁ་དཔོན་བདགཕུང་པོ་ལ་གཡོས་ཁམས་ཆེན་བཅོ་བརྒྱད་དེ།
ཕུང་བོ་མ་གཡོས་ཁམས་ཆེན་བཅོ་བརྒྱད་པོ།།
ལན་གཅིག་འཇིག་པ་བདག་གིས་མ་བཟོད་ནས།།
ཕུབ་པོ་ཁམས་ཆེན་འཇིགས་པའི་སྨན་ཆེན་པོ།།
ཕྱི་ནང་རྒྱུ་འབྲས་ཀུན་ལས་འཕགས་པ་ཡི།།
རྒྱུ་འབྲས་གཉིས་མེད་སྙིང་པོའི་དོན་བཙལ་ནས།།
འཕྲང་སྲུང་གནོད་སྦྱིན་འཇིགས་པའི་དོམ་དྲེད་སོགས།།
འཇིགས་པའི་བར་ཆོད་གདུག་པ་གང་གིས་ཀྱང་།།
ཡིད་བཞིན་ནོར་འདྲ་ཁྱོད་ཀྱི་ཕུང་པོ་ལ།།
བསྐྱོད་པར་མ་ནུས་བདག་ཀྱང་རབ་ཏུ་དགའ།།
རྒྱུ་འབྲས་གཉིས་མེད་རྩོལ་མེད་རྫོགས་པ་ཆེ།།
ཡང་དག་མ་ནོར་བདེ་བའི་དམ་ཆོས་རྣམས།།
བསྣམས་ཏེ་བྱོན་པས་ཞལ་མཇལ་སྤྱི་བོ་བཀུར།།
ཞེས་བྱ་བའི་ཡིག་ལན་སྤྲིངས་།། དེ་བཞིན་རྗེ་མོ་དམར་རྒྱན་ལའང་དགའ་མཇལ་གྱི་འཕྲིན་སྤྲིངས་བར་དེ་བཞིན་གྱི་ལན་བསྐུར་ནས་བྱུང་། ཞག་གསུམ་དུ་མ་མཇལ།ཞག་གསུམ་གྱི་ནངས་བར་མཇལ་ཏེ་ཕྱག་ལ་འགྱིངས་བས། བེེ་རོའི་ཞལ་ནས།དུས་གསུམ་རྒྱལ་བའི་དགོངས་པའི་བཅུད་ཕྱུང་ནས།།
རང་བྱུང་ལྷུན་རྫོགས་བདེ་ཆེན་བྱང་ཆུབ་སེམས།།
འཇིག་རྟེན་འཁྲུལ་བའི་དྲེགས་པ་ཀིན་ཚོགས་ལ།།
མོས་གུས་སེམས་ཀྱི་ཕྱག་འཚལ་སྤྱི་བོར་ལོངས།།
གསུངས་པས།རྒྱལ་བོ་ཡབ་ཡུམ་ཀུན་གྱིས་ཕྱག་འཚལ།བསྐོར་བ་བྱས། ཞབས་སྤྱི་བོར་བླངས།དེ་ནསནང་དུ་བྱོན་པར།རྗེའི་ལྕང་ལོ་ཐེམ་པ་ལ་བཀྲམས་ཏེ། བཻ་རོ་ཙ་ན་དེའི་སྟེང་ལ་བྱོན། ཁྲི་སྲོང་ལྡེའུ་བཙན་གྱིས་རྟ་འཚལ་ལི་མེ་སྟག་དང་། ངང་བ་གསར་མདོག་ལ་གསེར་སྒ་གཡུ་སྤྲས་པ་དང་། རིན་པོ་ཆེ་གསེར་དངུལ་དར་ཟབ་དང་།སྤྱང་ཀི་ལ་སོགས་པའི་སྤུ་ཐུལ་དང་། བཟའ་སྐྱེམས་ལ་སོགས་པ་ཕུལ་ཞིང་དྲངས་ནས།འདི་སྐད་ཅེས་ཞུས་པ། ཀྱེ་ཧོ་དགོངས་དང་སློབ་དཔོན་ལགས།།
འཚལ་ལི་ངང་བ་གསེར་མདོག་དང་།།
གསེར་སྒ་གཡུ་ཡིས་མཛེས་བར་སྤྲོས་བ་དང་།།
རིན་ཆེན་གཡི་སྤྱང་སྤུ་ཐུལ་ན་བཟའ་དང་།།
བཟའ་སྐྱེམས་ལ་སོགས་འདི་ཕུལ་བཞེས་ནས་ཀྱང་།།
རྩོལ་མེད་བདེ་ཆེན་སྐད་ཅིག་སངས་རྒྱས་པའི།།
མན་ངག་རྒཡལ་བོ་བདག་ལ་བསྟན་དུ་གསོལ།།
ཞེས་ཞུས་པས། བཻ་རོས།
མི་མཚལ་བདག་ལ་རྟ་མི་མཚལ།།
རྐང་མགྱོགས་དངོས་གྲུབ་ཐོབ་པ་ལ།།
རྐང་འགྲོ་རྟ་ཡིས་ཅི་ཞིག་བྱ།།
མི་འཚལ་རིན་ཆེན་ནོར་མི་འཚལ།།
ཆོས་དབྱིངས་མཛོད་ལ་དབང་བསྒྱུར་པས།།
སྒྱུ་མའི་ནོར་གྱིས་ཅི་ཞིག་བྱ།།
མི་འཚལ་དར་དང་གོས་མི་འཚལ།།
ཏིང་འཛིན་རྟོགས་པའི་རྒྱན་ཡོད་པས།།
དར་དང་གོས་ཀྱིས་ཅི་ཞིག་བྱ།།
མི་འཚལ་ཟས་དང་སྐོམ་མི་འཚལ།།
ཆོས་ཉིད་བདུད་རྩིའི་བཅུད་འཐུངས་པས།།
སྲེད་པའི་ཟས་ཀྱིས་ཅི་ཞིག་བྱ།།
མན་ངག་རྒྱལ་པོ་རྫོགས་པ་ཆེ།།
དུད་འགྲོའི་རྒྱལ་པོ་རྟར་མི་འཚོང་།།
ནོར་དང་ཆོས་སུ་ཚོང་མི་བྱེད།།
བཙོངས་ན་རྒྱལ་བའི་བཀའ་དང་འགལ།།
ཁྲེལ་འཛེམ་ཆེ་ཞིང་བླ་མ་ལ་གུས་པ་དང་། །
དམ་ཚིག་གཞུང་བཞིན་སྲུང་ཞིང་ཤེས་རབ་ཆེ།།
དད་ལྡད་སྲོག་བས་ཆོས་ལ་གཅེས་པར་འཛིན།།
གཞུང་ལྡན་ཆོས་ལ་འཇུག་པའི་རྒྱལ་པོ་ལ།།
ནོར་ཆེས་མི་རྗེ་མན་ངག་རྒྱལ་བོ་སྦྱིན།།
ཞེས་ལན་གསུངས་པར་ཡང་རྒྱལ་པོས།
བོད་འབངས་མི་རྣམས་ཁྲེལ་ལྟས་བུམ་ཆུ་ཙམ།།
རྒྱལ་པོ་བདག་གི་ཁྲེལ་ལྟས་རྒྱ་མཚོ་ཙམ།།
བདག་གིས་ཅི་གསུང་དམ་ཚིག་གཞུང་བཞིན་སྲུང་།།
ལྷག་པའི་བསམ་པས་རྩེ་གཅིག་རྗེ་ལ་མོས།།
ནོར་ཟས་སྲོག་ལ་མི་ལྟ་མན་ངག་ཞུ།།
རིན་ཆེན་གསེར་ལྟར་གཞུང་བཞིན་དང་དུ་ལེན།།
མན་ངག་རྒྱལ་པོ་བདག་ལ་བསྟན་དུ་གསོལ།།
ཞེས་ཞུས་ཏེ།རྟ་དང་ནོར་རྫས་རྣམས་ཕུལ་ནས། ཕྱག་འཚལ་བསྐོར་བ་བྱས།
ཞབས་སྤྱི་བོར་བླངས་ནས་སྤྱན་ཆབ་ཕྱུང་སྟེ་ཞུ་ཡང་ཡང་ཞུས་པས། བཻ་རོ་ཙ་ནའི་ཞལ་ནས།རྒྱལ་པོ་དེ་ཙམ་གུས་ཤིང་སྲོག་ལ་མི་ལྟ་བར།མན་ངག་གི་ཆོས་ལ་ཉན་ཞིང་གཞུང་བཞིན་དུ་སྒྲུབ་ན། མན་ངག་གི་ཆོས་འདི་འབངས་བློན་གདུག་པ་ཅན་རྣམས་ཀྱིས་མ་ཚོར་བར་ནམ་གྱི་གུང་ལ་གསུངས་བར་ཞལ་གྱིས་བཞེས་སོ༎ རྒྱལ་པོས་བཻ་རོ་ཙ་ན་མཆོག་ལ་ཕྱག་འཚལ། ཞབས་སྤྱི་བོར་བླངས་ནས། སྤྱིར་དམ་པའི་ཆོས་རྣམས་དང་།ཁྱད་པར་དུ་མན་ངག་ཨ་ཏི་ཡོ་གའི་ཆོས་རྣམས་རྗེ་བཻ་རོ་ལ་ཡོད་པར་ཡིད་ཆེས།ཐམས་ཅད་ཀྱིས་ཕྱག་ཀྱང་འགྱེལ་བ་བཞིན་དུ་མཛད་དེ་མཚན་ཡང་མན་ངག་བདག་པོ་ལྷའི་རྗེ་བྱ་བར་གྲགས།བློན་འབངས་ཀུན་གྱིས།འོ་ཅག་གི་ལྷ་རྗེ་ཁྲི་སྲོང་ལྡེའུ་བཙན་ལ་ཡང་རྗེ་གཅིག་འདུག་གོ་ཟེར་ནསལྷའི་རྗེ་བྱ་བར་ཡང་གྲགས། དཀོན་མཆོག་གསུམ་བླའི་མཆོད་གནས་སུ་ཁུར། རྒྱལ་པོས་ཀྱང་དགེ་འདུན་གཉན་པར་དབུའི་མཆོད་གནས་སུ་ཁུར། དེ་ནས་སློབ་དཔོན་བཻ་རོ་ཙ་ནས་ཉིན་པར་སྡེ་སྨོན་ལ་སོགས་པར་རྒྱུ་འབྲས་ཀྱི་ཆོས་བསྒྱུར།
ནམ་གུང་རྗེ་ཉིད་ལ་མན་ངག་གི་ཆོས་བསྒྱུར་རོ།།
དང་པོ་འདུལ་བ་ལུང་སྡེ་བཞི་བསྟན་བཅོས་དང་བཅས་པ་བསྒྱུར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་བརྒྱ་བ།
བྱམས་པས་ཞུས་པ་དང་། རྟག་ཏུ་ངུ་བམ་པོ་ཁ་ལོངས་བར་དུ་བསྒྱུར། དཀོན་མཆོག་བརྩེགས་པ་བམ་པོ་སུམ་ཅུ་རྩ་ལྔ་བ་ཁམ་ལོངས་བར་དུ་བསྒྱུར། མྱ་ངན་ལས་འདས་པ་བམ་པོ་བརྒྱ་དང་བརྒྱད་མ་བསྒྱུར། ལང་ཀར་གཤེགས་པ་ལ་བམ་པོ་བཅོ་ལྔ་བསྒྱུར་བ་སོགས་ནམ་གུང་ལ་གསང་སྔགས་ཆོས་རྣམས་གསུངས།ཉིན་པར་མདོ་ཆོས་མང་དུ་བསྒྱུར། བར་སྐབས་བར་སྐབས་མན་ངག་ཆོས་རྣམས་གསུངས་ནས་མན་ངག་ཆོས་རྣམས་སྤེལ་བ་ཁས་བླངས།དེ་ལྟར་ལོ་ལྔ་ལ་ཉིན་མཚན་མེད་པར་ཆོས་འཁོར་བསྐོར། གྲངས་སུ་བྱས་པས་གླེགས་བམ་ལྔ་བརྒྱ་དགུ་བཅུ་བྱོན། དེའི་དུས་ཙ་ན་མངའ་བདག་རྒྱལ་པོས་བོད་འབངས་ཡོངས་བསྡུས་ནས་ཆོས་ཆར་ཕབ་སྟེ་ཆོས་ཀྱི་དགའ་སྟོན་དྲིན་གཟོ་བྱེད་འདོད་པར།
བཻ་རོའི་རྨི་ལམ་ལ།ཉི་ཟླ་དུས་གཅིག་ཚ་བ་རོང་དུ་ཤར། །
གླེགས་བམ་ཐམས་ཅད་མཁའ་ལ་གཤེགས་པ་དང་།།
བཻ་རོ་བདག་ལ་ཁྲིམས་བཅུ་ཕོག་པ་དང་།།
མངའ་བདག་རྗེ་བློན་མྱ་ངན་འདས་པ་རྨིས།།
རྟགས་ནི་མི་བཟང་རྒྱལ་པོ་དགའ་སྟོན་བཤོལ།།ག
སུངས་ནས།གླེགས་བམ་རྣམས་ལ་མེ་ཏོག་ལན་གསུམ་འཐོར།
གླེགས་བམ་མ་ལུས་ཆོས་དབྱངས་རང་སྒྲར་སྒྲོག།
གདུགས་དང་རྒྱལ་མཚན་བ་དན་དང་།།
མེ་ཏོག་ཆར་དང་རོལ་མོའི་བྱེ་བྲག་དང་།།
བར་སྣང་ཁམས་ཀྱང་མཆོད་པའི་རྫས་ཀྱིས་གང་།།
ལྷ་ཀླུ་མིའམ་ཅི་ལ་སོགས་པ་ཡི།།
ཐམས་ཅད་འདུས་ཤིང་དགའ་གུས་སྤྲོ་བ་བསྐྱེད།།
ཕྱི་བློན་རྣམས་ནི་རྒྱབ་གཏད་ཁྲོ་ཞིང་གཏུམ།།
མངའ་བདག་རྗེ་དང་སྒེར་འདུན་འབུམ་སྡེ་སོགས།།
ཕྱག་འཚལ་བསྐོར་བ་གྲངས་མེད་བྱེད་པར་འགྱུར།།དེ
་དུས་ང་ཉིད་ཤཱཀྱ་ཐུབ་པར་བཞེངས།།
ཀུན་དགའ་བོ་དང་བཻ་རོ་ཡེ་ཤེས་སྡེ།།
མུ་སྟེགས་བོན་དང་ཕྲ་མེན་མཁན་ལ་སོགས།
།
མཐོང་སྣང་མི་གཅིག་སྣ་ཚོགས་བྱེད་པ་བྱུང་། །
དེའི་ཚེ་རྒྱ་གར་གྱི་མཁས་པ་པཎྚི་ཏ་རྣམས་དང་། རྒྱ་གར་གྱི་ཆོས་སྐྱོང་བའི་རྒྱལ་པོ་གཅིག་ལ་གཅིག་ཐུགས་མ་ཆེས་ཏེ།
པཎྚི་ཏ་རྣམས་ཀྱི་ཐུགས་ལ་རྒྱ་རུ་སྤྲད་ཡོད་པ་རྒྱལ་པོས་བཤིག་ནས།མན་ངག་གི་ཆོས་རྒྱལ་པོ་ལ་བསྐུར་བར་དགོངས། རྒྱལ་བོའི་ཐུགས་ལ་རྒྱ་རུ་སྤྲད་པ་པཎྜི་ཏས་བཤིག་ནས། བོད་ཀྱི་བན་དྷེ་ལ་བསྐུར་བར་དགོངས།མན་ངག་བཅུད་དང་བཅས་པ་ཐུན་མོང་མ་ཡིན་པའི་བསམ་གྱིས་མི་ཁྱབ་པ།པཎྜི་ཏ་རྣམས་ཀྱི་ཐུགས་ལ་བཞུགས་པ་རྣམས་ནི་རྒྱལ་པོས་བཤད་དབང་མེད་དེ།ཡུན་གཅིག་དགོངས་པར་བཞུགས།པཎྜི་ཏ་དང་རྒྱལ་པོ་ལ་ཐུན་མོང་དུ་གྲགས་པ་སེམས་བདེ་བཅོ་བརྒྱད་གཅིག་ཏུ་བྱས། རྒྱུད་སྡེ་དྲུག་ཅུ་ཐམ་པ་མན་ངག་ཏུ་བྱས་པ་ནི་རྒྱལ་བོས་རྡོ་རྗེ་གདན་དུ་གཏེར་ཁ་སྤོས་ནས་སྦས་ཀྱང་ཟེར། བྱ་རྒོད་ཕུང་བོར་སྦས་ཀྱང་ཟེར།ཨ་སུ་རའི་ཕུག་ཏུ་སྦས་ཀྱང་ཟེར། དཔེ་ཕྱི་མོ་རྣམས་རྒྱལ་པོས་གར་སོང་ཆ་མེད་པར་བཏང་སྟེ། ཆུ་སྲིན་གྱི་གྲེ་བར་རིན་པོ་ཆེ་ཚུད་པ་བཞིན་དུ་བསྐལ་བའི་མཐར་གཏེར་དུ་སྦས། དེའི་ཚེ་རྒྱ་གར་གྱི་རྒྱལ་བོ་དང་། བློན་པོ་གདུག་པ་ཅན་རྣམས་བཀའ་བགྲོས་ཏེ།བོད་དུ་ཕྲ་མ་བཏང་ལ་བཻ་རོ་ཙ་ན་གསོད་ཅེས་ཟེར་བར་གྲོས་འཆམས། བོད་དུ་ངན་པ་སྒྲོག་པའི་ཕྲ་མ་བཏང་སྟེ། ཕྲ་མ་མཁན་རྣམས་ཀྱིས་བོད་ཀྱི་རྗེ་བློན་འབངས་རྣམས་ལ། བོད་ཀྱི་བན་དྷེ་བཻ་རོ་ཙ་ནས་མན་ངག་གི་ཆོས་ནི་མ་རྙེད། བོད་ཕུང་བར་བྱེད་པའི་རྒྱ་གར་གྱི་ངན་སྔགས་རྣམས་དང་། ཁྲོ་ཆུ་ཕྲ་མེན་ལ་སོགས་པ་རྣམས་དང་། ཕུང་ཆས་ཚོགས་པ་ཁྱེར་སོང་བས་བོད་ཀྱི་བཀའ་ཁྲིམས་ཆེན་པོ་དང་སྦྱོར་ཞིག་ཅིས་བསྒྲགས་སོ།།
བོད་ཀྱི་བློན་པོ་གདུག་པ་ཅན་རྣམས་འཚོགས་ནས། རྗེའི་སྤྱན་སྔར་ཕྱིར་ཏེ། བན་དྷེ་བཻ་རོ་ཙ་ན་འདི་ཆོས་འཚོལ་དུ་བཏང་བས་ཆོས་ནི་མ་རྙེད། ངན་སྔགས་ལ་སོགས་བོད་ཕུང་བར་བྱེད་པའི་ངན་སྔགས་སྣ་ཚོགས་ཁྱེར་ཟེར་བས།འདིས་བོད་ཀྱི་རྒྱལ་ཁམས་ཕུང་བར་ངེས་པས་འདི་གསོད་པར་ཞུ་ཞེས་ཞུས། རྗེའི་ཞལ་ནས་དེ་ཙུག་མིན་ཟེར་ནས་མ་གནང་། བློན་པོ་ངམ་ཏ་ར་ཀླུ་གོང་གིས་ནོར་ཟོས་པར་ཡང་གསོལ། གསང་ནས་རྒྱལ་པོ་ལ་ཆོས་བཤད་པས་ཕྲག་དོག་ཆེན་པོ་སྐྱེས་པར་ཡང་གསོལ་ཏེ།ངམ་ཏ་ར་ཀླུ་གོང་གིས་བློན་པོ་རྣམས་བསགས།བཻ་རོ་ཙ་ན་མི་གསོད་ན་ནམ་ཡང་བོད་ཕུང་བར་འགྲོ་བས།རྒྱལ་ཁྲིམས་རང་ཞིག་ལ་ཐོངས་བྱས་ནས་རྒྱལ་པོ་བཅུད་ལ་བོར་བར་འཆམས། རྗེའི་ཞལ་ནས་དེ་ཙམ་ལ་ཐུག་ན་བསད་པས་མི་འོང་ཆུ་ལ་སྐྱུར་གྱིས་གསུངས་ཏེ་བཻ་རོ་འདྲ་བའི་སྤྲང་པོ་གཅིག་བཟུང་།
དེ་ལ་བཻ་རོའི་གོས་ལྷམ་སྦུབས་སུ་བཅུག།ཟངས་ཁ་སྦྱར་གྱི་ནང་དུ་བཅུག་སྟེ་ཡར་གཙང་འདུས་པའི་ཆུ་བོ་ལ་བསྐྱུར། རྒྱལ་པོས་བཻ་རོ་ཙ་ན་ཆབ་ལ་གཤེགས་ཞེས་བསྒྲགས་ཏེ་རྗེའི་བྲང་བརྡུངས།ཆོ་ངོ་བཏབ། ངོ་ལོག་མཆི་མ་ཕྱུང་བའི་ཚུལ་བྱས།ང་ཉི་མ་འདེ་སའི་གདུགས་ཁང་གཅིག་འབུབས་གསུངས་ནས་ཀ་བ་སྦོམ་པོ་གཅིག་མཛད།དེ་ཁོག་སྟོང་དུ་བྲུས་ཏེ་སྒོ་ལ་སྤང་ལེབ་བཅུག། དེའི་ནང་དུ་བཻ་རོ་ཙ་ན་བཞུགགས་ནས་ནམ་གུང་ལ་འབངས་བྲན་ཐོགས་ཡན་ཆད་ཉལ་བ་དང་། ཀ་བའི་སྤང་ལེབ་ཕྱེ་ནས་ཆོས་ཉན་པ་ལས།ནུབ་ཅིག་ཚེ་སྤོང་བཟའ་དམར་རྒྱན་གྱིས་མཇལ་ནས་སྡིག་བློན་རྣམས་ལ་བསྙད་པས།བློན་པོ་རྣམས་ཀྱིས་རྒྱལ་པོ་ལ། རྗེ་ཉིད་ཀྱང་ཡབ་མེས་ཀྱི་གསེར་དངུལ་འཇིམ་པ་ལ་བསྐུས་ནས་ལྷ་ཁང་མཛད་གསུངས། དར་ཟབ་བཟུང་ནས་ཆུ་ལ་བསྐྱུར། རྗེ་ལ་ཐུགས་རྗེ་མི་མངའ་དེ་དོར། ད་ལྟ་ཡང་གདུགས་ཁང་མཛད་གསུངས་ནས་བེ་རོ་ཙ་ན་སྦས་ནས་ངན་པ་སྤེལ་ཏེ་ནོར། ད་ཡང་རྒྱལ་ཁྲིམས་འཇིག་པར་གདའོ་ཞེས་གསོལ་བས། རྗེའི་ཞལ་ནས་ཁྱད་ཅག་རྣམས་སྔོན་ཡང་དེ་དང་འདྲ་བས།ད་ལྟ་ཡང་འཕགས་པའི་ཞལ་ཉི་ཟེར་ཙམ་ཞིག་ཀྱང་མི་མཐོང་།ཏེ་ཙུག་མིན་ཏེ་ནོར།ད་དེ་ལྟར་ཁྱེད་ཚོ་ལ་བཅད་ན། གསད་པ་བས་སྤྱུགས་པར་བྱའོ།།
ཞེས་བཀའ་བསྩལ་བས།བློན་པོ་རྣམས་དགའ་སྟེ་སྤྱུགས་པར་ཐག་བཅད། རྗེ་བློན་རྣམས་འཚོགས་པ་ལ།བེེེ་རོ་ཙ་ནས་དཀའ་བ་སྤྱད་པའི་ལོ་རྒྱུས་རྣམས་བཤད་ན་མི་སྤྱུག་གམ་སྙམ་དུ་དགོངས་ནས།མགུར་གསུངས་པས།ཡུས་ཆས་ནས་སྤྱད་ཆབ་ཤོར་ཏེ་བཤུམས།བློན་འབངས་རྣམས་དབུ་འཕང་དམའ་བར་མཛད་ནས་ཞལ་ནག་རོག་གེར་ལན་མ་བྱུང་།ཡང་བེ་རོའི་ཐུགས་ལ།རྗེ་བློན་འབངས་ཐམས་ཅད་ཀྱི་གྲོས་བྱས་ནས་མན་ངག་འཚོལ་དུ་བཏང་བ་ལ།ཕ་མ་གཉེན་འདུན་ཐམས་ཅད་སྤངས་ཏེ། དོ་ཤི་དོ་ཆད་བྱས་པའི་ལོ་རྒྱུས་བཤད་ན་ཉན་ནམ་སྙམ་ནས་དེའི་དོན་མགུར་གསུངས། དེར་ཡང་རྗེ་བློན་ཀུན་འཚོགས་ཏེ་ཅིས་ཀྱང་གཤེགས་འཚལ་ཞུས་པས།བཻ་རོའི་ཐུགས་ལ་བོད་ལ་དགོས་བའི་ཡོན་ཏན་གྱི་རྣམ་པ་འདི་ལྟ་བུ་ཡོད་དོ་བྱས་པས་མི་སྤྱུག་གམ་དགོངས་ནས་མགུར་བཞེངས། དེར་ཡང་ཐམས་ཅད་ངོ་ནག་རོག་གེར་འདུགཡང་བཻ་རོའི་ཐུགས་ལ་དམ་བདར་ན་ཕན་ནམ་སྙམ་ནས་དམ་བདར་བའི་མགུར་བཞེངས་པས།རྒྱལ་པོའི་ཐུགས་ལ་མཁས་བ་བཻ་རོ་ཙ་ན་བཞུགས་པར་གྲོས་བྱས་པས།བློན་པོ་གདུག་པ་ཅན་རྣམས་ན་རེ།བཻ་རོ་ཙ་ན་ངན་སྔགས་དང་ཕུང་ཆོས་སྣ་ཚོགས་ཐོགས་པ་འདི་མ་སྤྱུགས་ན་བོད་ཕུང་བར་འགྲོ་བས་སྤྱུགས་ཤིག་གསུངས།ཡང་བཻ་རོ་ཙ་ནས། རྗེ་བློན་རྣམས་ལ་བཻ་རོ་ཙ་ན་སྤྱུགས་ན་བོད་ཁམས་ཕུང་ནས་འགྲོ་བས་མགུར་བཞེངས།ཚེ་སྤོང་བཟའ་དམར་རྒྱན་ལ་ཁྱོད་ཀྱིས་ལན་ནོ།།
ཁྱོད་དམ་ཚིག་ཉམས་པས་དམྱལ་བར་འགྲོ་བའི་མགུར་བཞེངས་པ་ལ།མོས་བོད་ཀྱི་ཉི་མ་སྤྱུགས་པ་སྙིང་རེ་རྗེ་ཟེར་ནས་མགུར་གསུངས་ཏེ་བཤུམས་པས།བཻ་རོ་ཙ་ནའི་ཞལ་ནས།ཇོ་མོས་བཻ་རོ་ཙ་ན་མི་སྤྱུགས་པར་འདུག་གོ།འགལ་བ་མཆིས་སོ་གསུངས་པས།མོས་ཞེ་སྡང་དབང་གིས་ཚིག་དེ་ཤོར་བས་བཟོད་པར་གསོལ་ཟེར་ནས་བཤུམས་།བཻ་རོས་རྒྱལ་བོ་ལ།འཇིག་རྟེན་འཁོར་བའི་ཆོས་ལ་མི་ཆགས་པའི་མགུར་གསུངས་ཏེ་འགྲོ་བར་ཆས།དེ་ཙ་ན་རྣ་བོ་ཆེའི་རྒྱལབོ་གཅིག་གིས་ཁྲི་སྲོང་ལྡེ་བཙན་ལ།བེེ་རོ་ཙ་ན་སྤྱུག་པས་བོད་ཀྱི་ཉི་མ་ནུབ་པ་མ་ལགས་སམ།འདི་ལྟ་བུ་སྤྱུག་ཕོད་དམ་ཞུས་པས།ཁྲི་སྲོང་ལྡེ་བཙན་གྱིས་ཐུགས་ལ་བདེན་དགོངས་ནས་བློན་རྣམས་བསགས་ཏེ་མགུར་གསུངས་ཀྱང་།བློན་པོའི་བྱད་རྗེས་ལ་དབང་མ་བྱུང་སྟེ། རྗེ་བློན་རྣམས་ཀྱིས་བེེ་རོ་ཙ་ན་ཚ་བའི་ཡུལ་དུ་གཤེགས་པའི་ཞུ་དོན་གསོལ། བེེ་རོ་ཙ་ནས་ཀྱང་ཚ་བའི་ཡུལ་དུ་གཤེགས་རྒྱུ་ཞུས་ཏེ། རྗེ་བློན་ལ་མགུར་བཞེངས་ནས་ལྷ་ཀླུ་གཉན་གསུམ་དང་བཅས་པར་ཞལ་དབྱར་མཇལ་བར་གསུངས་པས།ལྷ་ཀླུ་གཉན་གསུམ་ལ་སོགས་པའི་ལྷ་སྲིན་སྡེ་བརྒྱད་ཀྱི་སྐུ་དངོས་སུ་བསྟན་ནས་བེེ་རོ་ཙ་ན་ལ་བསྐོར་བ་བྱས་ཏེ་བཀའ་ཉན་པར་དམ་བཅས། བེེ་རོ་ཙ་ནས་རྗེ་བློན་འཚོགས་སར།ལོ་བརྒྱད་ལོན་ནས་ལོ་ཙཱ་བསླབས་པས་མཐའ་འདིར་མཆིས།།
ལོ་ལྔ་ལོན་ནས་སྐད་སྣ་སྟོང་དང་དྲུག་བརྒྱ་སྦྱངས།།
རྒྱ་གར་གསང་མཛོད་དམ་ཆོས་མ་ལུས་བོད་དུ་བསྒྱུར།།
བོད་ཀྱི་མུན་སེལ་ཁྲི་གདུགས་ཉི་མ་འདར་བ་སྤྱུགས།།
གོ་རྟོགས་བློ་སང་འབྱོན་ཚེ་འགྱོད་པའི་དུས་ཤིག་མཆིས།།
ལ་སོགས་པའི་འགྱོད་པ་བདུན་གྱི་མགུར་གསུངས། དེ་ནས་ཁོང་ལ་སྨན་ག་བུར་བྲེ་དོ་དང་བསིལ་སྨན་མང་དུ་བརྫངས་ནས།ཆིབས་དང་རྒྱགས་དང་བཅས་ཏེ་ཚ་བའི་རོང་དུ་གཤེགས་པར་ཞུ་ཞུས་པ་ལས། བེེ་རོ་ཙ་་ནས་བདག་ནི་ཚེ་རབས་སྔ་མ་ལ། ཚ་བ་རྒྱལ་བུ་དགེ་སློང་པུར་རྣ་བྱ་བ་ཚེ་འཕོས་པ་ཡིན་ཏེ། དེ་ཡང་མན་ངག་གི་ཆོས་འདི་རྣམས་རྒྱལ་མོ་ཚ་བ་རོང་དུ་དར་བའི་དུས་ལ་བབས་པ་འདྲ་ཡེ་གསུངས། དུས་དེ་ཙམ་ལ་བཙུན་མོ་དམར་རྒྱན་གྱིས་བཻ་རོ་ཙ་ན་བཞུགས་པར་བཀའ་གྲོས་བཏབ་ཀྱང་ཁོང་གིས་མི་བཞུགས་པར་ལན་བཏབ་པར་རྒྱལ་པོས་ཕྱག་འཚལ་སྨྲེ་སྔགས་གདུངས། མྱུར་དུ་མཇལ་བའི་སྨོན་་ལམ་བཏབ་ནས་གཤེགས། རྒྱལ་པོ་ཡབ་ཡུམ་དང་བན་དྷེ་གཉིས་དང་། འབངས་བློན་ཐམས་ཅད་ཀྱིས་སྐྱེལ་ཐུང་ཆས།བཻ་རོ་ཙ་ན་ཆིབས་ལ་བྱོན། ཞལ་སྐྱེམས་དངུལ་བྱང་གང་དྲངས་ནས། རྗེ་གཅིག་མཁས་པ་ཆེན་པོ་ལགས།ཚ་བའི་ཡུལ་དུ་གཤེགས་པ་ལ།བདག་ཅག་རྣམས་སྐྱེལ་ཐུང་དང་སྐྱེལ་རིང་བྱེད་ལགས་སོ།། ཞེས་ཞུས་པས་དེ་ལ་ལན་གསུངས་ཤིང་། སྐྱེལ་ཐུང་ཕལ་ནི་ལོགདགེ་འདུན་སྡེ་གཉིས་དང་། རྗེ་བློན་ཡབ་ཡུམ་དང་བཅས་པ་འབངས་དྲ་མ་རྣམས་དང་བཅས་པ།གཉན་ལ་རྔ་མོ་གུང་དུ་ཕྱིན་པ། རྗེ་ཁྲི་སྲོང་ལྡེའུ་བཙན་གྱིས་བཻ་རོ་ཙ་ན་ལ།རྗེ་ཚ་བའི་ཡུལ་དུ་གཤེགས་པ་ན།བདག་ཅག་རྣམས་ཇི་ལྟར་མཆི་ཞུས་པས། བཻ་རོའི་ཞལ་ནས་ཁྱེད་རྣམས་ཕུང་ནས་འགྲོ་ཞེས་མགུར་གསུངས་ནས་གཤེགས་ཤིང་།སྦོང་སྲིན་བུ་སྐྱེས་བྱ་བར་ཕྱིན་པ་དང་། རྗེ་བློན་འབངས་དང་བཅས་པ་རྣམས་ཀྱིས།སློབ་དཔོན་ཆེན་པོ་ལགས།བདག་ཅག་བོད་རྣམས་ཀྱི་སྐུ་ཚ་དང་ཆབ་སྲིད་དང་།བླའི་མཆོད་གནས་ཇི་ལྟར་དར་ཞིང་རྒྱས་པར་མཆི་ཞུས་པ་ལ། བཻ་རོས་ལན་དུ་མགུར་གསུངས།མང་ལ་ཁར་བྱོན་ནས།བཙན་པོས་བཻ་རོ་ཙ་ན་ལ་ཕྱག་འཚལ་ཞབས་ལ་འཇུས།བདག་ཅག་རྗེ་བློན་འབངས་དང་བཅས་པ་དང་། དགེ་འདུན་སྡེ་གཉིས་པོ་དང་བཅས་པ་རྣམས་ལ་གདམས་ངག་ཅིག་ཞལ་ཆེམས་སུ་འཇོག་པར་ཞུ་འཚལ་ཞུས།བཻ་རོ་ཙ་ནས་རྒྱ་ནག་རི་བོ་རྩེ་ལྔ་ལ་ཞལ་ཕྱོགས་ཏེ། སྤྱན་ནམ་མཁའ་ལ་ཅེ་རེར་གཟིགས་ནས་མགུར་གསུངས་ཤིང་སྤྱན་ཆབ་ཕྱུང་བས། དགེ་འདུན་སྡེ་གཉིས་དང་རྗེ་བློན་རྣམས་ཀྱང་བཤུམས། ང་བཻ་རོ་ཙ་ནས་རྒྱལ་པོའི་ཐུགས་ངལ་སངས་པར་བྱ་བའི་ཕྱིར་ཉམ་ང་མེད་པའི་མགུར་གསུངས་ནས་གཤེགས་པ་ལ། རྒྱལ་པོ་ཡབ་ཡུམ་དང་དགེ་འདུན་སྡེ་གཉིས་ཀྱིས་བཻ་རོ་ཙ་ན་ལ་འཇུས་ནས།སློབ་དཔོན་ཆེན་པོ་ལགས།
རྒྱལ་ཁྲིམས་རང་ཞིག་བོད་ཁམས་སིལ་བུར་སོང་ན་སོང་།
སློབ་དཔོན་མི་གཤེགས་ཡར་ལ་ལྡོག་པར་ཞུ་ཞུས་པས།
བཻ་རོ་ཙ་ནས་ང་མི་སྡོད་པར་འགྲོ་བའི་མགུར་གསུངས།ཡང་རྒྱལ་པོས་ང་ཡིས་ཇི་ལྟར་བགྱི་ཞུས་པས།བཻ་རོའི་ཞལ་ནས་ལས་རྒྱུ་འབྲལ་ཁྱད་དུ་མི་གསོད་པ་དང་།ཚ་བ་རོང་དུ་བསྐྱོད་པར་མཁའ་འགྲོ་ཆོས་སྐྱོང་དམ་ཅན་ཀུན་ལ་གཏད་ནས།སངས་རྒྱས་བསྟན་པའི་གྲོགས་མཛོད་ཅིག་ཅེས་མགུར་གསུངས་ནས།བྱ་གླག་འཕུར་བ་ལྟར་ཕྱི་མིག་མི་ལྟ་བར་གཤེགས་སོ།།
དགེ་འདུན་སྡེ་གཉིས་དང་།རྒྱལ་བློན་ཐམས་ཅད་དང་།སྟེང་ལྷ་འོག་ཀླུ་བར་བཙན་ལྷ་སྲིན་ཐམས་ཅད་མཆི་མ་ཤོར་ཏེ་ཐམས་ཅད་གདོང་དག་དག་ཏུ་ངུས།རྗེ་བློན་ལ་སོགས་པ་ཐམས་ཅད་ཀྱིས་མཆི་མ་ཕྱིས།རྒྱལ་མོ་ཚ་བ་རོང་དུ་ཁ་གཏད་ནས་ཕྱག་གྱང་འགྱེལ་བ་བཞིན་དུ་བྱས།
ཐམས་ཅད་ཀྱིས་གསོལ་བ་བཏབ་ནས་ཕྱིར་ལོག་གོ།
རྩོམ་ཡིག་མཁོ་སྤྲོད་པ། ནགས་བཟའ་བློ་བཟང་ཆོས་གྲགས།
|