ཉིན་གཅིག་གི་ཟིན་ཐོ།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 21 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» ལྷུག་རྩོམ། »ཉིན་གཅིག་གི་ཟིན་ཐོ།
ཉིན་གཅིག་གི་ཟིན་ཐོ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2018-08-16ལྟ་ཀློག (2236)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཉིན་གཅིག་གི་ཟིན་ཐོ།


———ཐོན་མིའི་དཔེ་ཤག་ཏུ་བསྐྱོད་པ།

རྭ་རྒྱ་བཟོད་པ།


     ཁ་སང་དེ་རིང་དབྱར་གནང་ལ་ཁེལ་ཡོད་པས་ཉིན་གཅིག་གི་འགྲོ་འདུག་སྤྱོད་གསུམ་ལ་ཚད་བཀག་མེད་པར་རང་དབང་གིས་གར་འགྲོ་གར་འདུག་བྱ་ཆོག  ལྷག་པར་དུ་སློབ་མ་ཚོའི་ཆེད་དུ་དཔེ་ཁྲིད་གྲ་སྒྲིག་བྱེད་པ་ལྟ་བུའི་གཞན་གྱི་ཆེད་དུ་དཔེ་ཀློག་བྱེད་མི་དགོས་པས་རང་དབང་གིས་དཔེ་ཆ་གང་འདོད་དུ་ལྟ་ཆོག དེ་ནི་ང་ལ་མཚོན་ན་རང་དབང་གི་འཚོ་བ་ཞིག་ལོངས་སུ་སྤྱོད་པའི་གོ་སྐབས་རྙེད་པ་དང་མཚུངས། དེ་བས་ཉིན་དཀར་རྒྱལ་རབས་ལོ་རྒྱུས་དང་རྩོམ་རིག་བྱུང་འཕེལ་ལོ་རྒྱུས། བརྡ་སྤྲོད་གྱི་སྐོར་དང་གསུང་རྩོམ་གཅེས་བཏུས་སོགས་གང་འདོད་དུ་ལྟ་གིན་ཡོད་ལ། མཚན་མོའང་ལམ་རིམ་ཆེན་མོའི་ཤོག་བུ་འགའ་ཁ་ཏོན་བྱས་རྗེས་དབྱར་གནང་གི་ལས་བྱ་སྟེ་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལ་མཇལ་ཞོར་ཟིན་བྲིས་རེའང་བྲིས་པ་ཡིན།


      འོན་ཀྱང་ཁོམ་སྐབས་ཅུང་ཟད་བྱུང་དུས་དང་གཅིག་པུར་སུན་སྣང་སྐྱེས་ཚེ་ཐོན་མིའི་དཔེ་ཤག་ཏུ་འགྲོ་བ་ནི་གོམས་སྲོལ་ལྟ་བུར་ཆགས་འདུག  ཐོན་མིའི་དཔེ་ཤག་ནི་གནའ་དེང་གཉིས་ཀྱི་དཔེ་ཆ་སྤུས་ལེགས་དང་རིན་གོང་ཡང་འོས་འཚམ་ཡིན་པའི་དཔེ་ཁང་ཞིག་ཡིན། ད་དུང་དེར་རྒྱ་ཇ་སྣ་མང་དང་ཇ་ཕོར་སྤུས་ལེགས་སོགས་ཀྱང་འཚོང་གིན་འདུག ནམ་རྒྱུན་སྦྱིན་བདག་ཚེ་རིང་དོན་འགྲུབ་དང་ལྷན་ཏུ་རྒྱ་ཇ་འཐུང་ཞོར་ཕྱོགས་ཡར་མར་གྱི་ཁ་བརྡ་བྱས་ན་ཁམས་བསང་ལྟ་བུའི་སྣང་བ་སྐྱིད་པོ་ཡོང་ཐུབ།དེ་རིང་ཡང་ཁོམ་སྐབས་དང་བསྟུན་ཏེ་ཐོན་མིའི་དཔེ་ཤག་ཏུ་སོང་བ་ཡིན།

      ང་ཐོན་མིའི་དཔེ་ཤག་ཏུ་འགྲོ་དོན་ནི་ཇ་འཐུང་རྒྱུར་དམིགས་པ་མིན་ཏེ། དཔེ་ཁང་དེ་རུ་རྩ་ཆེ་བའི་དཔེ་དེབ་གང་མང་ཡོད་པས་ཡིན། ༨༢–༢༠༡༦བར་གྱི་བོད་ལྗོངས་ཞིབ་འཇུག་ནི་ང་རང་ཆེས་ཧེབ་ལངས་སའི་དཔེ་ཚོགས་ཤིག་ཡིན། དཔེ་ཚོགས་དེར་བོད་ལྗོངས་ཞིབ་འཇུག་ཁང་གིས་ཉར་བའི་འདྲ་པར་སྣ་ཚོགས་གཅིག་པུས་ཀྱང་ཡིད་རང་དབང་མེད་པར་བཀུག་འགྲོ་བ་མ་ཟད་དེབ་ཀྱི་སྟེང་གི་རྩོམ་ཡིག་རེ་རེ་བཞིན་ཆད་ལྷག་མེད་པར་ལྟ་ཐུབ་ན་མཁས་པ་ཆུང་ཆུང་ཞིག་ཏུ་གང་མྱུར་འགྲོ་བར་གདོན་མི་ཟ།   ངས་ཀུ་རེའི་ཚུལ་དུ་དཔེ་ཆ་འདི་ཉོ་མཁན་ཚོ་དཔེ་མཚམས་ལ་འདུག་ཐུབ་ན་ཟླ་འགའི་ནང་མཁས་པར་གྱུར་འགྲོ་ཞེས་བཤད་པ་ཡིན།

  ད་དུང་དཔེ་ཆ་གཞན་ཞིག་ཡོད་པ་ནི་གསར་བསྒྱུར་ར་མ་ཎའི་གཏམ་རྒྱུད་པོད་བརྒྱད་ཀྱི་བདག་ཉིད་ཅན་དེ་རེད། ངས་དཔེ་ཆ་འདི་དག་ལ་ལྟ་ཙམ་དང་རེག་ཙམ་བྱེད་པ་ལས་རིན་གོང་དུ་ཡིན་འདྲི་མ་ཕོད། རྒྱུ་མཚན་ལག་བསྲིངས་འདོད་ཀྱི་ཕུ་རུང་ཐུང་བས་ཡིན་སྲིད། ད་དུང་འདིར་དགོས་མཁོ་ཡོད་པའི་དཔེ་ཆ་མང་བོ་ཡོད་ལ་ད་ལོའི་དཔྱིད་ཀ་ནས་བཟུང་ང་རང་གཅིག་པུས་ཀྱང་སྒོར་སྟོང་ཕྲག་ལྷག་གིས་དཔེ་ཆ་ཉོས་པ་ཡིན། དཔེ་ཆ་ཁ་ཤས་བཀླགས་ཟིན་ལ་འགའ་རེ་ད་དུང་ལྟ་འཕྲོར་ལུས་ཡོད། ནམ་རྒྱུན་སློབ་བུ་ཚོར་དཔེ་ཀློག་གལ་ཆེ་ཚུལ་བཤད་ཅིང་རང་ཉིད་ཀྱིས་ཀྱང་ནུས་ཚོད་ཀྱིས་དཔེ་ཀློག་བྱེད་ཀྱིན་ཡོད།

  དཔེ་ཁང་དུ་སོང་ན་དཔེ་ཆ་ཉོ་མཁན་དང་མི་ཉོ་མཁན་སུ་ཡིན་གསལ་བོར་མཐོང་ཐུབ། ཐོས་ཚོད་ལ་སློབ་གྲྭ་འགའི་དགེ་རྒན་ཁྲོད་ན་དཔེ་ཆ་ཉོ་མཁན་མེད་ལ་སློབ་མའི་ནང་དུ་འང་དཔེ་ཆ་ཉོ་མཁན་ཤིན་ཏུ་ཉུང་ཟེར། སྐད་ཆ་དེ་ཐོས་རྗེས་ངས་དཔེ་ཀློག་ལ་སྤྲོ་བའི་ཡ་ཧུ་ད་བའི་མི་རིགས་ཡིད་ལ་ཤར། ཞོར་དུ་རང་མི་རིགས་དང་ཉེ་འཁོར་གྱི་མི་ཚོགས་ཀྱང་ཡིད་ལ་ཤར། དེ་ནི་ཞེ་སྐྱོ་བ་ཞིག་དང་འདང་མི་དཔོག་པ་ཞིག་རེད། མ་འོངས་པ་ནི་ད་ལྟའི་ན་གཞོན་ཚོར་དབང་བ་བདེན་ནམ། ངས་མུ་མཐུད་དུ་མ་འོངས་པར་འདང་རྒྱག་མ་ཐུབ།
   དཔེ་ཁང་འདིར་ངས་རང་ཉིད་དཔེ་ཆ་འཚོང་མཁན་ཞིག་ཡིན་ན་བསམ། དཔེ་ཆ་འཚོང་གིན་དཔེ་ཀློག་བྱས་ན་ཟླ་གཅིག་ལ་དཔེ་ཆ་ག་ཚོད་ལྟ་ཐུབ་བམ། དེ་བཞིན་ལོ་གཅིག་ལ་ག་ཚོད་ལྟ་ཐུབ་བམ། དེ་ལྟར་བསམ་གྱིན་ངས་རང་ཉིད་དངོས་གནས་དཔེ་ཆ་འཚོང་མཁན་ཞིག་ཡིན་ན་བསམ། ག་ལེར་ཞིབ་འདང་ཞིག་རྒྱབ་ཚེ་ངས་རང་ཉིད་འབོར་གྱིན་པ་ཚོར། དེ་བས་དྲན་པ་ནང་དུ་བསྡུས་ཏེ་ཐོན་མིའི་དཔེ་ཤག་ནང་མིག་ཉུལ་ཞིག་བྱས་པ་ཡིན།

སྐབས་དེར་ངའི་མིག་ལ་མངོན་ཡོང་བ་ནི་བོད་རིག་པའི་ཞིབ་འཇུག་ཁང་གིས་པར་སྐྲུན་བྱས་པའི་རྒྱ་ཡིག་གི་དཔེ་དེབ་འགའ་རེད། དཔེ་དེབ་དེ་དག་གི་ཁ་བྱང་ཆ་ཚང་ཙམ་ཡང་ཀློག་མི་ཤེས་ཀྱང་། འོལ་ཚོད་ཙམ་བྱས་ན་ཁ་བྱང་གི་ནང་དོན་ཆ་ཚང་བློ་ངོར་ཤར་ཡོང་། སྐབས་དེར་ཁོང་དགོད་ཅིག་ལངས་ཞོར་རང་ཉིད་རྒྱ་ཡིག་སྦྱོང་བའི་སྐལ་བ་མ་ལྡན་པར་བློ་འགྱོད་ཅིག་ཀྱང་སྐྱེས། གང་ལྟར་དཔེ་ཆ་འདི་དག་ནི་དེང་གི་སྐད་ཆ་ལྟར་བཤད་ན་མ་བཀླགས་ཚད་མེད་ཀྱི་དཔེ་ཆ་སྐོར་ཞིག་རེད།

སྐབས་དེར་སྦྱིན་བདག་གིས་ཨ་ག་ཇ་འཐུང་ཟེར། ངེད་གཉིས་ཀྱིས་ཐེ་ཝན་གྱི་ཇ་དམར་འཐུང་ཞོར་ཁ་བརྡ་བྱེད་འགོ་བརྩམས། སྦྱིན་བདག་འདི་ལ་རྒྱ་ཡིག་གི་ཆུ་ཚད་ངེས་ཅན་ཞིག་ལྡན་པ་མ་ཟད་བོད་ཡིག་གི་རྨང་གཞི་ཡང་ཤིན་ཏུ་བཟང་། ཁོས་བཤད་ན་ཐོག་མར་སྙན་ངག་ཡག་པོ་ཞིག་འབྲི་རྒྱུར་དམིགས་ཏེ་ཚངས་མགུར་དང་སྤྲིན་གྱི་ཕོ་ཉ་སོགས་བློར་བཟུང་པ་ཡིན་ཟེར། ད་སྐབས་ཁོས་སྙན་ངག་རིང་ཐུང་ཅི་རིགས་དྲ་ཚོམས་སུ་འགོད་ཀྱིན་པ་མ་ཟད་འཕྲིན་སྟེགས་ཤིག་ཀྱང་ཉར་གིན་འདུག  ཁོ་ནི་རིག་གནས་ལ་དགའ་ཞིང་མི་རིགས་ལ་དུང་བའི་གཞོན་སྐྱེས་ཡ་རབས་ཤིག་ཏུ་མཐོང་།
ཇ་འཐུང་རྗེས་ང་རང་ཕྱིར་རང་གནས་སུ་ལོག   ངའི་མིག་ལམ་དུ་ཐོན་མིའི་དཔེ་ཤག་ནང་གི་གསལ་གྱི་ལེར་འཚེར་བའི་གློག་འོད་དང་། གྲལ་དག་པའི་དཔེ་སྒྲོམ་ནང་གི་གསུང་རྩོམ་རྩ་ཆེན་དེ་དག  ད་དུང་རིག་གནས་དང་ལོ་རྒྱུས། ནང་བསྟན་སོགས་ཀྱི་དཔེ་དེབ་དེ་དག་ཡང་ནས་ཡང་དུ་མིག་ལ་འཁོར་ཞིང་ཞེ་ལ་ཐོགས་ཡོང་། ང་རང་ཁོམ་པ་བྱུང་ན་སང་ཉིན་ཡང་ཐོན་མིའི་དཔེ་ཤག་ཏུ་འགྲོ་རྒྱུ་ཡིན། གསར་དུ་འབྱོར་བའི་དཔེ་དེབ་རེ་བྱུང་ན་ང་རང་ཐོག་མར་སོང་སྟེ་ལྟ་འདོད་དང་ཉོ་འདོད་ཡོད།
 མཚན་བདེ་ལེགས།  ༢༠༡༨.༧.༥བོད་རྩིས།

དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 52u8 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5865451
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号