ལོ་ཆེན་བཻ་རོ་ཙ་ནའི་རྣམ་ཐར་ལས་ལྔ་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 29 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» མི་སྣ།» འཛམ་གླིང་མི་སྣ། »ལོ་ཆེན་བཻ་རོ་ཙ་ནའི་རྣམ་ཐར་ལས་ལྔ་བ།
ལོ་ཆེན་བཻ་རོ་ཙ་ནའི་རྣམ་ཐར་ལས་ལྔ་བ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2018-08-16ལྟ་ཀློག (8522)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ལོ་ཆེན་བཻ་རོ་ཙ་ནའི་རྣམ་ཐར་ལས་ལྔ་བ།

རྒྱ་གར་ནས་ཕྱིར་བོད་ཡུལ་དུ་ཕེབས་པའི་སྐོར།

  དེ་ནས་བཻ་རོས་འཕྲང་སྲུང་དཔོན་པོ་ཀུ་ཧ་ར་བཙན་བས་མ་རྙེད་པར།  རྐང་མགྱོགས་ཀྱི་དཔོན་པོ་ཀུ་མ་ར་ལ་གསེར་གྱི་པ་ཏྲ་གཅིག་བྱིན་ནས་མནའ་ཐོ་བཅད་དེ་གྲོགས་པོ་བྱས།རྐང་མགྱོགས་རྫོགས་པར་བསྟན་དུ་གསོལ་ཞུས་པས།རྫོགས་པ་ཕས་བུ་ལའང་བསྟན་པ་མེད།འདི་ནས་བོད་དུ་སླེབས་པ་ཙམ་ཞིག་བྱིན་ནོ་ཟེར་ནས།རྒྱ་གར་བ་ལ་བྱ་གླག་ཁྲ་མོ་གཟན་ལ་འཇུམ་པ་ཙམ་ཡོད།བེེ་རོ་ལའང་གོ་བོ་རི་རྩིབས་གཅོད་པ་ཙམ་ཞིག་བྱིན།དེ་ནས་ཀུ་ཤ་ལྕགས་ཀྱི་སྡོང་པོ་བྱ་བ་དེར།རེ་མ་ཏིའི་རྐང་མགྱོགས་སྒྲུབ་ཏུ་ཕྱིན་པས།ཡུལ་དེའི་མི་རྒས་པོ་དང་བྷ་ཤིག་མང་པོས་གང་ནས་འོང་།བེེ་རོ་ལ་དགོངས་པ་ཅི་ཡོད་དྲིས་ཤིང་།ཀུ་ཤའི་མི་རྣམས་རབ་ཏུ་དགའ་ནས་ཕྱག་དུས་གཅིག་ལ་བཙལ།ཞབས་ནས་བཏེགས།དེར་ཞག་གསུམ་ལྕགས་ཀྱི་དྲིལ་རྟ་བསྒྲུབས་པས་འགྲུབ་སྟེ།ཡུལ་ཏ་ཀེ་རེ་ཙན་དན་གྱི་ཡུལ་དུ་ཕྱིན་པ་ལས།ཏ་ཀེ་རེའི་རྒྱལ་པོ་རཱ་ཧུ་ལ་བྷི་བྷིས།བོད་ཀྱི་བན་དྷེའི་སྐྱེ་བ་མེད་པའི་ཆོས་ཞེས་བྱ་བ་ཅི་ལྟ་བུ་ཞིག་མཆིས།བཀའ་སྩོལ་སོགས་རྒྱལ་པོས་བཻ་རོ་ཙ་ན་ལ་ཆོས་ཀྱི་བཀའ་འདྲི་མང་དུ་ཞུས་ཤིང་།བེེ་རོས་ཀྱང་དེ་བཞིན་གྱི་བཀའ་བསྩལ་པས།རྒྱལ་པོ་རཱ་ཧུ་ལ་བྷི་བྷི་ཤིན་ཏུ་མཉེས་ནས་ཞབས་སྤྱི་བོར་བླངས་ཏེ་ཕྱག་འཚལ།འཕགས་པ་བྱམས་པའི་སྐུ་གསེར་ལས་བྱས་པ་གཅིག་ཕུལ་ནས།སྟོན་པའི་ཐུགས་རྗེ་ཕྱོགས་རིས་མེད་ཀྱིས་ཀྱང་།སྒྲིབ་གཉིས་སྦྱངས་ཞིང་ཚོགས་གཉིས་རྫོགས་པའི་སྐུ།།སྐུ་གསུམ་མཆོག་གྱུར་རྣམ་པར་སྣང་མཛད་ལ།།དུས་གསུམ་རྒྱལ་བའི་གཟུགས་སྐུས་བྱར་མེད་ཀྱང་།།རྒྱལ་པོ་བདག་གི་སྒྲིབ་པ་སྦྱང་བའི་ཕྱིར།།ཆོས་ཀྱི་སྐུ་ལ་གཟུགས་ཀྱི་སྐུ་གཅིག་འབུལ།།དབྱིངས་ཀྱི་ཐུགས་རྗེས་བདག་ལ་ཤར་བར་མཛོད།ཅེས་ཕུལ་ལོ།།
བཻ་རོ་ཙ་ན་བོད་ཡུལ་དུ་ཆས་པས།པཎྜ་ཏ་ཐམས་ཅད་ཀྱི་རྨི་ལྟས་ལོག།མེ་ཏོག་ཐམས་ཅད་བོད་དུ་ཁ་ལྟས།ཙན་དན་དང་སྨན་ལ་སོགས་པའི་དྲི་བཟང་ཐམས་ཅད་བོད་དུ་རླུང་གིས་སྐྱོད།ཁྱི་ཐམས་ཅད་ཀྱང་བོད་དུ་ཁ་ལྟས་ནས་ཟུག་པ་ལ།རྒྱ་གར་གྱི་ཆོས་སྐྱོང་བའི་རྒྱལ་པོ་དང་།མཁས་པ་བདུན་པོ་ལ་སོགས་པ་རྨི་ལམ་སྣ་ཚོགས་པ་མི་བཟང་བར་བཟླས་ཤིང་།གྲོང་ཁྱེར་སེར་སྐྱ་ཞེས་བྱ་བ་དཔལ་འབྱུང་གི་གནས།དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་སྒོར་འཚོགས་ནས།ཐམས་ཅད་ཀུན་ལྟས་ངན་པ་དང་མཚན་མ་ལོག་པ་འདི་ཅིས་ལན་བགྲོས་པས།འདི་གང་ཡང་མིན་ཏེ།བོད་ཀྱི་བནདྷེས་འོ་ཅག་གི་མན་ངག་གི་ཆོས་ཁྱེར་པ་ཡིན་ཟེར་རོ།
རྡོ་རྗེ་གདན་གྱི་རྒྱ་ལ་བལྟས་པས་ཞིག་ནས་འདུག།འདི་སུས་བཤད་སུས་བསྐུར་ཞེས།ནི་གུ་ལ་སོགས་ཀྱིས་བརྟགས་པས་ཀྱང་མ་ཟིན།བྲ་སེ་ནས་བརྟགས་པས།བྲག་ཆེན་པོ་གསུམ་གྱི་ཁ་ན་འདུག།ལུས་པོ་བྲག་ཏུ་ཡོད་པ།ལུས་པོ་མིག་གིས་གང་བ།མགོ་ལ་ཐང་ཆེན་པོ་ཡོད་པ།དེའི་དཀྱིལ་ན་མཚོ་ཡོད་པ།ལྕགས་ཀྱི་མཆུ་རིང་པོ་ཡོད་པཞིག་གིས་བཤད་འདུག་པ།ཕྱི་ནས་ཤྭ་བའི་མགོ་ཅན།ལག་ན་འཁར་བ་ཐོགས་པ།མིག་ལྟག་ཕྱོགས་སུ་ཡོད་པ།ཁྲེས་པོ་རེ་ཁུར་བ་གཉིས་ཀྱིས་ཉན་འདུག་པ་འདི་ཡ་མཚན་ཆེ།ལྷའམ་མིའམ་སྤྲུལ་པཡིན་ནམ་མ་ཤེས་ཟེར་བར།པཎྜི་ཏ་དང་ཆོས་སྐྱོང་བའི་རྒྱལ་པོ་ལ་སོགས་པ་ཀུན་འཚོགས་ནས་རྨད་བྱུང་བསྟན་པའི་སྙིང་པོ་རྒྱལ་ཐམས་ཅད་དགོངས་པའི་བཅུད།ཐེག་པ་ཐམས་ཅད་ཀྱི་ཡང་རྩེ།རྩོལ་མེད་རྫོགས་པ་ཆེན་པོའི་ཆོས་བོད་དུ་ཤར་ནས།འོ་སྐོལ་རྒྱ་གར་གྱི་རྩི་བཅུད་དང་བསོད་ནམས་ཀྱང་བོད་དུ་འཚོར།དཀར་པོའི་ཆོས་བསྟན་བོའི་སྙིང་བོ་ལྷག་མ་མེད་པ་བོད་དུ་འཆོར་བས་འདི་སུས་ཁྱེར་ནས་འདུག་ཀྱང་རྐང་མགྱོགས་བཏང་ནས།ལམ་དུ་གསོད་པར་བགྲོས།རྐང་མགྱོགས་ཀྱི་དཔོན་པོ་ཀུ་མ་རས་དེ་ཐོས།གྲོགས་པོ་བེེ་རོ་ཙ་ནའི་གམ་དུ་རྒྱུགས་ཏེ།མཁས་པ་བདུན་གྱིས་རྨི་ལམ་བཟླས་ནསབོད་ཀྱི་བན་དྷེའི་རྗེས་ལ་པཎྜི་ཏ་ཡིས་མྱུར་དུ་རྐང་མགྱོགས་ཐོངས་ཟེར།བེེ་རོ་ཙ་ན་ལ་དངོས་གྲུབ་ཐོབ་ན་ད་ནི་གཤེགས་པར་རིགས།།ཞེས་སྨྲས་ཤིང་སྙིང་གཏུགས་ནས་བཤུམས་སོ།།

བཻ་རོ་ཙ་ནས།ཨེ་མ་གཞུང་ལྡན་གྲོགས་པོ་ཁྱོད་ཉིད་ནི།།མི་རུ་སྐྱེས་པས་སྐྱེས་པ་གཞན་ལགས་འཕགས།།སྨོན་ལམ་དག་པས་རྒྱ་གར་ཡུལ་དུ་སྐྱེས།།དངོས་གྲུབ་ཐོབ་པས་རྫུ་འཕྲུལ་རྐང་མགྱོགས་གྲུབ།།བླ་མ་མཆོད་ལེགས་ཆོ་རིགས་བཙུན་པོར་སྐྱེས།།དམ་ཚིག་བསྲུངས་པས་འདི་རུ་བསམ་དགུ་འགྲུབ།།སྒྲིབ་པ་བྱང་བས་འཕགས་པའི་བཀའ་གྲོས་བཟླས།།གཞུང་ལུགས་བཟང་བས་ཀུན་གྱིས་བསྟེན་པར་གྱུར།།དགོས་དགུ་ལུས་ལ་ཚང་བས་བདག་གི་གྲོགས་སུ་འཚལ།།ལུས་པོ་ཕ་མས་བསྐྱེད་ཀྱང་སྲོག་སྲིང་གྲོགས་པོས་སྟོན།།ཁྱོད་དང་གྲོགས་པོ་བྱས་པས་ཡངདག་བྱང་ཆུབ་རྙེད།།བོད་ཀྱི་རྒྱལ་ཁམས་མ་རིག་མུན་པ་སེལ།།འགྲོ་བ་ཇི་ལྟར་སྨིན་ཅིང་གྲོལ་བའི་དོན།།ཀུ་མ་ར་ལ་དགེ་བའི་རྩ་བར་བསྔོ།།བསྐལ་བར་སྦྱང་བྱས་བྱང་ཆུབ་དོན་དང་མཉམ།།རྐང་མགྱོགས་གྲུབ་པས་ད་ནི་བདག་ཀྱངའགྲོ།།བལ་ཡུལ་ཙམ་དུ་སྙིང་གཏམ་བྱ་ཡིས་སྐྱོལ།།ཞེས་གསུངས་ཏེ།གསེར་ཕྱེ་ཚོམ་གཅིག་དང་གསེར་གྱི་པ་ཏྲ་གསུམ་བྱིན།ཏ་ཀེ་རེའི་རྒྱལ་པས་ཕུལ་བའི་གསེར་སྐུ་དེ་ཁྱེར་ཏེ་གྲོགས་པོ་གཉིས་དང་བསྡོངས་ནས་ཕྱིན་ནོ།།   
བཻ་རོ་ཙ་ནས་ཤྭ་བའི་ཡིབ་ཞུ་རིང་པོ་ཞིག་མགོ་ལ་གྱོན།རྐང་ལ་ཟོམ་ལྷམ་ཁ་ཕྱིན་ཅི་ལོག་གཅིག་གོན།གོས་ཀྱི་གོང་པ་རྒྱབ་ཏུ་བསྣོལ།གླང་འཁར་སྐྱ་མོ་གཅིག་ལག་ཏུ་ཐོགས་ནས་ཕྱིན།གཅན་འཕྲང་དང་པོར་རྐང་མགྱོགས་གྱི་དཔོན་པོ་ཀུ་ཧ་ར་དང་འཕྲད།རྐང་མགྱོགས་ཀྱི་དཔོན་པོ་ཀུ་མ་རའི་གྲོགས་པོ་ཡིན་པས།གྲོགས་པོ་གཉིས་ཀྱིས་ཀུ་ཧ་ར་ལ་གསེར་ཕྱེ་ཁྱོར་གང་དང་།པ་ཏྲ་གཉིས་རྔན་པར་བྱིན་ནས།དོ་ནུབ་རྐང་མགྱོགས་པ་རྣམས་འདིར་འོངས་ན།བོད་ཀྱི་བན་དྷེ་མཐོང་ངམ་འདྲི་ཡིས།ཁྱོད་ཀྱི་བོད་ཀྱི་བན་དྷེ་འདྲ་བ་མ་མཐོང་། མགོ་ལ་ཤྭ་བའི་ཡིབ་ཞུ་རིང་པོ་རེ་གོན་པ།རྐང་ལ་ཟོམ་ལྷམ་ཕྱིན་ཅི་ལོག་ཏུ་གོན་པ།སྤྲུལ་བ་ཡིན་ནམ་མི་ཡིན།གནོད་སྦྱིན་ཡིན་ནམ།ཅི་ཡིན་ཆ་མེད་པ་ཞིག་ད་ཙམ་བོད་ཡུལ་མཐིལ་དུ་སླེབས་པ་ཡོད་ཀྱིས་ཤིག་ཅེས་འཕྲང་སྲུང་ལ་མནའ་དགག་བཅུག་གོཀུ་མ་རས་གྲོང་ཁྱེརསེར་སྐྱའི་སྒོར་སྒུག་ནས།རྐང་མགྱོགས་ཟླ་བོ་ཀུན་སྦྲན་ཏེ།བོད་ཀྱི་བན་དྷེ་བཻ་རོ་ཙ་ན་འདི་ནས་ཕར་ལ་སོང་ངམ།བདས་ལ་བསད་ཀྱི་ཟེར། ཆོས་སྐྱོང་བའི་རྒྱལ་པོ་དང་མཁས་པ་བདུན་གྱི་ཞལ་ནས་ཀྱང་།དེ་དང་འཕྲད་ན་གསོད་ལ་ཤོག་ཅིག་གསུངས།རྐང་མགྱོགས་པ་རྣམས་ཀྱིས་གཅན་འཕྲང་དང་པོ་ནས་འཕྲང་སྲུང་པར་བོད་ཀྱི་བན་དྷེ་མ་བྱུང་བར་སྨྲསས་པས།འཕྲང་སྲུང་པ་ན་རེ།བོད་ཀྱི་བན་དྷེ་མ་བྱུང་།མགོ་ལ་ཤྭ་བའི་ཡིབ་ཞུ་རིང་བོ་རེ་གོན་པ།རྐང་ལ་ཟོམ་ལྷམ་ཕྱིན་ཅི་ལོག་པ་གོན་པ།གོང་བ་བརྒྱབ་ཏུ་བསྣོལ་བ།མི་ཡིན་ནམ།འདྲེ་ཡིན་ནམ།སྤྲུལ་བ་ཡིན་ཆ་མེད་པ་ཞིག་དེང་སང་བོད་ཡུལ་མཐིལ་དུ་སླེབས་ཡོད་ཅེས་སྨྲས་པས།རྐང་མགྱོགས་པ་རྣམས་ཕྱིར་ལོག་གོ།
བཻ་རོ་ཙ་ན་ཚུར་ལི་ཡུལ་ལྕང་ར་སྨུག་པོར་བྱོན།ལི་ས་ཚུལ་ཁྲིམས་སྒྲོལ་མ་བྱ་བ་དང་མཇལ་ནས་ཞག་ས་ཞུས།དེས་ཞག་ས་དང་ལོ་རྒྱུས་དྲིས་མཐར་བེ་རོ་ཙ་ན་ཡིན་པར་ངོ་ཤེས་ནས།སེམས་ཉིད་རྟོགས་ན་ཇི་ལྟར་རྟོགས་པར་འགྱུར་ཞེས་ཞུས་པར་ལན་གསུངས་པས།
ལི་ས་ཚུལ་ཁྲིམས་སྒྲོལ་མ་ཡིད་ཆེས་ཏེ་རྟ་ངང་གསེར་མདོག་བྱ་བ་ཕུལ་ནས་མན་ངག་ཞུས་པས།ལི་ས་ཚུལ་ཁྲིམས་སྒྲོལ་མ་ལ་རྟོགས་པ་ཇི་བཞིན་པ་ཤར་ཏེ་དགོངས་པའི་དོན་ལ་བཞུགས་སོ།།
བཻ་རོ་ཙ་ན་བལ་ཡུལ་ཏག་ཤ་ཀ་བྱ་བའི་ཡུལ་དུཔཎྜི་ཏ་པྲཛྙ་སིདྡྷི་བྱ་བ་དང་འཇལ།པཎྜི་ཏས་བཻ་རོ་ཙ་ན་ལ་རྟོགས་ཚད་ཅི་འདུག་དྲིས་པར།བོད་ཀྱི་བན་དྷེས་རང་གི་སེམས་ཇི་ལྟར་རྟོགས་ན་རྟོགས་པ་ལགས།ཐེག་པ་གང་ལ་མཁས་ན་འབྲས་བུ་ཐོབ།མཆོད་པ་གང་གིས་མཆོད་ན་འཕགས་པ་མཉེས།ཞེས་དྲིས་པར་ལན་ཇི་བཞིན་གསུངས་པས།པཎྜི་ཏ་པྲཛྙ་སིདྡྷི་མཉེས་ནས་དགུན་ཟླ་གཅིག་ལ་མཆོད་གནས་བྱས་སོ།།                                 
དེ་ནས་བལ་ཡུལ་དུ་བྱོན་ཙ་ན།རྒྱ་གར་གྱི་ལྷ་མོ་རེ་ལྕམ་གྱིས་ཁ་བ་བཏང་སྟེ།བཻ་རོ་ཙ་ནས་བཀའ་བདེན་ནམ་མི་བདེན་བརྟགས་པ།དུས་གསུམ་སངས་རྒྱས་རང་གི་སེམས་ཡིན་ཏེ།།སྐྱེ་ཤི་མེད་པས་དུས་གསུམ་སངས་རྒྱས་སོ།།ཡང་རབ་བློ་དང་ལྡན་པའི་སྐལ་ལྡན་ལ།།སེམས་ཀྱི་ཉི་མ་ཤར་བར་བྱ་བའི་ཕྱིར།།བསམ་པ་བཟང་པོ་གསེར་དང་འདྲ་བ་ཡིས།།བོད་ཀྱི་ཡུལ་ནས་རྒྱ་གར་ཡུལ་བར་དུ།།དཀའ་བ་བཅུ་དྲུག་བསྡོས་པའི་མན་ངག་ལ།།དཀའ་བ་གཅིག་གིས་བར་དུ་མ་ཆོད་པའི།།ཁ་བ་འདི་ཡིས་བར་དུ་ཆོད་ལ་ཁད།།བཀའ་འདི་བདེན་ན་ཁ་བ་འདི་ཆོད་ཅིག།ཅེས་གསུངས་པས།ལྷ་མོ་དམར་མོས་སྐུ་སྤྲིན་གྱི་གསེབ་ནས་བསྟན།།ཕྱག་འཚལ།བྲན་དུ་ཁས་བླངས།དུས་དེ་ཁ་བ་ཆད་ནས་གདུགས་རབ་ཏུ་དྲོའོ།།
གསེར་སྐུ་དེ་འཕགས་པ་ཤིང་ཀུན་ལ་ཕུལ་ནས།སྒྲིབ་རྐྱེན་མི་མངའ་དུས་གསུམ་རྒྱལ་བའི་སྐུ།ཐུགས་རྗེའི་བཀའ་བཙན་འཛམ་གླིང་ནམ་མཁའ་འདྲ།སྟོན་པའི་ཐུགས་རྗེ་ཕྱོགས་རིས་མི་མངའ་ཡང་།འཁོར་བའི་ལས་འདི་མཐའ་མེད་ནམ་མཁའ་འདྲ།ཐུགས་རྗེས་འཁོར་བའི་རྒྱ་མཚོ་སྒྲོལ་བའི་ཕྱིར།དུས་གསུམ་རྒྱལ་བའི་སྐུ་ལ་བཟོད་པར་གསོལ།ཞེས་གསུངས་སོ།དེ་ནས་ཉང་རོ་ནེའུ་སིང་སུ་ཆོས་སྟོན་ལ་བྱོན། བསམ་ཡས་སུ་ཉི་མ་དགོང་ཕྱེད་ལ་སླེབས་སོ།།

རྩོམ་ཡིག་མཁོ་སྤྲོད་པ། གསར་འགོད་པ།  ནགས་བཟའ་བློ་བཟང་ཆོས་གྲགས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 0wp3 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23557476
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།