​ནང་བསྟན་དཔལ་འབྱོར་རིག་པའི་ཕྱོགས་ཀྱི་དོགས་འདྲིར་ལན་བཏབ་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བཅར་འདྲི། »​ནང་བསྟན་དཔལ་འབྱོར་རིག་པའི་ཕྱོགས་ཀྱི་དོགས་འདྲིར་ལན་བཏབ་པ།
​ནང་བསྟན་དཔལ་འབྱོར་རིག་པའི་ཕྱོགས་ཀྱི་དོགས་འདྲིར་ལན་བཏབ་པ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2018-06-10ལྟ་ཀློག (8853)རྩོམ་ཁུངས: དྲ་རྒྱ་ལས་བཏུས།པར་འདེབ།

ནང་བསྟན་དཔལ་འབྱོར་རིག་པའི་སྐོར་གྱི་བཅར་འདྲི།

དྲི་བར་ལན་འདེབས་མཁན།  དགེ་བའི་བཤེས་གཉེན་ཆེན་མོ་ཤེས་རབ་བསྟན་དར།  

དྲི་བ། ཁྱེད་ཀྱི་ནང་བསྟན་དཔལ་འབྱོར་རིག་པ་ཞེས་པ་བཏོན་པ་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། ཉིད་ཀྱི་ཕྱག་དཔེ་འདི་ནི་ས་སྐྱ་པཎ་ཆེན་གྱི་རྗེས་ནས་གཞུང་ལུགས་ལ་བསམ་གཞིག་བྱས་པ་ཐོག་མ་ཡིན་པས་བོད་ཀྱི་གཞུང་ལུགས་བསམ་བློའི་འཕེལ་རིམ་ཞིག་ཏུ་ངོས་བཟུང་ན་ཡང་འགལ་བ་མེད། ད་རེས་ཁྱེད་ལ་ཆེད་དུ་འདིའི་ཕྱོགས་ནས་བགྲོ་གླེང་ཞིག་བྱས་ན་བསམ་བྱུང་། 

ལན། ང་ཚོའི་བོད་ལ་རིག་གཞུང་གི་ཐད་ནས་བསམ་བློ་གཏོང་མཁན་མི་འདུག ངས་འདི་ལྟར་གཞུང་ལུགས་ཀྱི་ངོས་ནས་བསམ་བློ་གཏོང་འདོད་དེ། རིག་གནས་འདི་གཞུང་ལུགས་ཅན་དུ་མ་སོང་ན་བོད་ཀྱི་རིག་གནས་དེ་ད་དུང་ཆ་ཚང་བར་འགྲོ་ཐུབ་ཀྱིན་མེད་པ་དང་ཚན་རིག་ཅན་དུ་འགྲོ་ཐུབ་ཀྱིན་མེད་པའི་རྟགས་ཤིག་རེད། 

     གཞུང་ལུགས་སུ་མ་གྲུབ་པའི་ཐ་རེ་ཐོ་རེའི་བཤད་སྟངས་དེ་གོ་མི་ཆོད་པའི་ངས་སྟོན་པའི་གསུང་གི་དཔལ་འབྱོར་གྱི་སྐོར་ཡོད་ཚད་ཕྱོགས་བསྒྲིགས་བྱས་ནས་ནང་བསྟན་དཔལ་འབྱོར་རིག་པ་ཞེས་པའི་གཞུང་ལུགས་འདི་བཏོན་པ་ཡིན། དེ་བས་ནང་བའི་ངོས་ནས་བཤད་ན་ཐོར་བུ་བསྡུས་པའི་བསྟན་བཅོས་ཀྱི་ཁོངས་སུ་གཏོགས་པ་རེད། 

དྲི་བ། ད་ལྟའི་དུས་རབས་འདིར་ཁྱེད་ལ་གཞུང་ལུགས་ཀྱི་ངོས་ནས་བསམ་བློ་གཏོང་བའི་ཆ་རྐྱེན་གང་འདྲ་ཡོད་དམ། 

ལན། ངས་བལྟས་ན་ཆ་རྐྱེན་ཆེན་པོ་མི་འདུག ད་ལྟ་བོད་ལ་མཚོན་ན་སྙན་ངག་དང་ལྷུག་རྩོམ དགག་སྒྲུབ། ལོ་རྒྱུས་ཞིབ་འཇུག་མ་གཏོགས་གཞུང་ལུགས་ཀྱི་ཐད་ནས་བསམ་བློ་གཏོང་མཁན་མི་འདུག དེ་ནི་ངས་གཞུང་ལུགས་ལ་བསམ་བློ་གཏོང་བའི་རྨང་གཞི་རེད། གཞུང་ལུགས་མེད་པ་ལག་ལེན་གྱི་སྤྱི་བསྡོམས་བྱེད་མ་ཐུབ་པ་རེད་ལ་མ་འོངས་པའི་ལག་ལེན་ལ་ལམ་སྟོན་ཐུབ་ཀྱིན་མེད་པའི་རྟགས་རེད། དེ་བས་གཞུང་ལུགས་སྔོན་ཐོན་ལ་བསྙེག་ཐུབ་ཀྱིན་མེད་པ་གསལ་བཤད་བྱས་ཤིང་གཞུང་ལུགས་སྔོན་ཐོན་ལ་བསྙེག་ཐུབ་ཀྱིན་མེད་པ་འདིས་རིག་གནས་བསམ་བློའི་ཚད་དམའ་བ་དེ་མཚོན་པ་རེད། 

དྲི་བ། འོ་ན། ཁྱོད་ལ་ནང་བསྟན་དཔལ་འབྱོར་རིག་པ་ཞེས་པ་འདི་ཆེད་དུ་གླེང་དོན་ཅི་ཡིན། 

ལན། དེ་ནི་མི་རིགས་འདིའི་ཆེད་དུ་ཡིན་ལ། ནང་བསྟན་གྱི་ཆེད་དུ་ཡང་ཡིན། གཙོ་བོ་ནང་བའི་བསྟན་པའི་སྦྱིན་བདག་རྣམས་ཀྱི་ཆེད་དུ་ཡིན། ནང་བསྟན་ལ་དད་པའི་མི་རིགས་འདིས་ནང་བསྟན་གྱི་དགོངས་དོན་བཞིན་དཔལ་འབྱོར་གཉེར་ཞིང་བཀོལ་སྤྱོད་བྱས་ན་ཕྱོགས་གཅིག་ནི་མི་ཚེའི་བདེ་ཐབས་ལ་བཟང་ལ། ཕྱོགས་གཅིག་ནས་སྣོད་བཅུད་དོ་མཉམ་པར་ལ་ཕན་པ་རེད། བྱང་ས་ལས། སྐྱེས་བུའི་བྱེད་པ་རིག་པའི་བཟོའི་གནས་དང་། ལས་ཀྱི་གནས་ཀྱིས་ལོངས་སྤྱོད་སྒྲུབ་པ་གང་ཡིན་པ་དང་། བསྒྲུབས་པ་དེ་དག་ཀྱང་ཚོད་ཟིན་པར་ལོངས་སྤྱོད་པ་དང་། འདོད་པའི་འབྲས་བུ་རྣམ་པར་སྨིན་པར་འགྱུར་བའི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ཚེ་འདི་ལ་ལོངས་སྤྱོད་པར་འགྱུར་བ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་བསམ་གཏན་སྒྱུར་བ་ལ་མཁས་པས་ཚེ་འདི་ཉིད་ལ་བདེ་བའི་དོན་དུ་བྱ་བ་དང་། དེ་ལ་བརྟེན་ནས་ཚེ་འདི་ཉིད་ལ་གཞན་གྱི་དོན་བསྒྲུབ་པའི་ཕྱིར་ཞེས་ཀྱང་གསུངས་སོ། །

དྲི་བ། ནང་བསྟན་དཔལ་འབྱོར་རིག་པ་ཞེས་པ་འདི་གླེང་མ་ཐག་ལ་ལས་ཁྱེད་ལ་དགག་པ་གཏོང་བཞིན་ཡོད་ཅིང་། ལ་ལས་ཁྱེད་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཁྱེད་ལ་མཚོན་ན་དགག་པ་དང་རྒྱབ་སྐྱོར་ལ་དོན་སྙིང་ག་རེ་ཡོད་དམ།

ལན། དགག་པ་དང་རྒྱབ་སྐྱོར་དེ་ཁོ་ཚོའི་བསམ་བློ་མཚོན་པ་མ་གཏོགས་བདག་གི་བསམ་བློ་མཚོན་མེད། ཆེས་གསལ་བོར་མཐོང་བ་ནི་བདག་གི་བསམ་བློ་དེ་ཕ་རོལ་པས་དང་ལེན་བྱེད་ཐུབ་ཀྱིན་མེད་པ་མཚོན་ཞིང་བསམ་བློ་དང་ལེན་བྱེད་མ་ཐུབ་པའི་ལྟ་བ་དེ་ལ་བལྟས་ན་བདག་གི་བསམ་བློ་འདིས་ཁོ་ཚོ་ལ་ཕོག་ཐུག་བྱུང་བ་མཚོན་པ་རེད། རིག་གཞུང་གི་ངོས་ནས་གླེང་ན་དེ་འདྲའི་ཕོག་ཐུག་ནི་གཏོང་འོས་པ་ཞིག་རེད། གལ་ཏེ་ཕོག་ཐུག་མེད་ན་བསམ་གཞིག་ཀྱང་མེད་པ་རེད། དེ་བས་དགག་པ་གཏོང་མཁན་ཇི་འདྲ་མང་ན་དེ་འདྲ་ལེགས། ཡིན་ན་ཡང་། དགག་པ་གཏོང་མཁན་གྱི་ངོས་ནས་བཤད་ན་ཁོང་ཚོས་བདག་ལ་གནས་ལུགས་གླེང་ཁུལ་གྱིས་སྡིགས་མོ་བྱེད་ཀྱིན་ཡོད། དེ་ལ་དགོད་བྲོ་བའི་བསམ་ཚུལ་ཞིག་ལས་བྱུང་མ་སོང་།

དྲི་བ། ཟི་ལིང་ནས་ན་གཞོན་ཤེས་ཡོན་ཅན་འགའ་རེས་ཁྱོད་ཀྱིས་གཏམ་བཤད་ནང་བསྟན་དཔལ་འབྱོར་རིག་པ་ཉན་རྗེས་འོ་ད་གྲྭ་བ་འདི་དག་གིས་ཚོང་བརྒྱག་རྒྱུ་ཟེར། དེ་ལ་ཉིད་ཀྱིས་གང་འདྲ་དགོངས།

ལན། དེ་ནི་ངོ་མ་དགོད་བྲོ་བ་ཞིག་རེད། སྤྱིར་ན་དེང་རབས་ཀྱི་རིག་གནས་ལ་བློ་ཁ་མ་ཕྱོགས་པ་ཞིག་ལ་མཚོན་ན་སྐད་ཆ་དེ་རིགས་སྨྲ་བ་རྒྱུན་ལྡན་ཞིག་ཡིན་རྒྱུ་ཡིན་མོད། ན་གཞོན་ཤེས་ཡོན་ཅན་ཞིག་ལ་མཚོན་ན་དེ་ནི་ངོ་ཚ་ཞིག་རེད། དེས་དེང་རབས་རིག་གནས་ཅི་ཡང་མི་ཤེས་པ་མཚོན་པ་རེད། ཐ་ན་དཔལ་འབྱོར་རིག་པ་ཞེས་པ་འདིར་ངོ་གདོང་གི་འགྲེལ་ཀྱང་མི་འཁྱོངས་པའི་རྟགས་རེད། 

     བདག་གིས་ནང་བསྟན་དཔལ་འབྱོར་རིག་པ་གླེང་བ་ལ་དགོས་པ་འགའ་ཡོད་དེ། གཅིག་ནི་གྲྭ་བས་ཚོང་མི་རྒྱག་པའི་ཆེད་དུ་ཡིན། གཉིས་ནི་གྲོང་བས་དཔལ་འབྱོར་གཉེར་དགོས་ཀྱང་དཔལ་འབྱོར་ནི་ཁོའི་མཐར་ཐུག་གི་དམིགས་ཡུལ་དུ་མི་འགྱུར་བའི་ཆེད་དུ་ཡིན། གསུམ་ནི་དཔལ་འབྱོར་ལ་སྙིང་བོ་ལོན་པའི་ཆེད་དུ་ཡིན། བཞི་ནི་དཔལ་འབྱོར་གྱི་ཆེད་དུ་སྡིག་པ་མི་བསོགས་པའི་ཆེད་དུ་ཡིན།

     མདོར་ན་དཔལ་འབྱོར་ལ་ངོས་ཟིན་ཡང་དག་པ་ཞིག་འབྱུང་བའི་ཆེད་དང་དཔལ་འབྱོར་གྱིས་མི་ཚེ་དགོས་པ་ཞིག་བསྒྲུབ་པ་ལས་མི་ཚེ་དཔལ་འབྱོར་གྱི་བྲན་གཡོག་ཏུ་མི་འགྱུར་བ་སྟེ་ཆོས་དང་མཐུན་པའི་དཔལ་འབྱོར་ལས་ཆོས་དང་མི་མཐུན་པའི་དཔལ་འབྱོར་མི་གཉེར་བའི་ཆེད་དུ་ཡིན། དེ་ནི་ངས་བཤད་པའི་གཏམ་བཤད་དང་ནང་བསྟན་དཔལ་འབྱོར་རིག་པ་མདོར་བསྡུས་བཅས་ལས་གསལ་བོར་བཤད་ཡོད་པས་བློ་དང་ལྡན་པ་ཞིག་ཡིན་ན་དགོས་མེད་ཀྱི་ནོར་འཁྲུལ་དེ་རིགས་འབྱུང་དོན་ཅི་ཡང་མེད་དོ། །

དྲི་བ། ཁྱེད་ནང་བསྟན་དཔལ་འབྱོར་རིག་པ་ལས་གྲྭ་བ་རྣམས་ཀྱིས་ཚོང་རྒྱག་མི་ཆོག་ན་མི་ཆོག་པའི་ཁུངས་ག་འདྲ་ཡོད་དམ། དེས་ན་བྱང་ཆུབ་སེམས་དཔའ་རབ་བྱུང་བས་ཀྱང་ཚོང་རྒྱག་མི་ཆོག་པ་ཡིན་ནམ།

ལན། དེ་དེ་བཞིན་ཏེ། རབ་ཏུ་བྱུང་བ་ཞེས་པ་ནི་བདག་ཅག་གི་སྟོན་པས་མདོ་དང་ཆོས་འདུལ་བ་རྣམས་སུ་རབ་ཏུ་བྱུང་མིན་ནི་བུད་མེད་ཀྱི་སོ་ནམ་དང་དུད་འགྲོའི་སོ་ནམ། ཞིང་གི་སོ་ནམ། ཚོང་གི་སོ་ནམ་རྣམས་ཡིན་ནོ། །ཞེས་གསུངས་ལ་རབ་ཏུ་བྱུང་བ་རྣམས་ཀྱི་ལས་ནི་དེ་དག་མ་ཡིན་པར་ཇི་སྐད་དུ་ལྷག་བསམ་སྐུལ་བའི་མདོ་ལས། གང་ལ་བརྩོན་པ་མེད་པ་དང་། སྤོང་བ་མེད་པ། ཁ་ཏོན་དུ་བྱ་བ་དང་། མང་དུ་ཐོས་པ་ཡོངས་སུ་འཚོལ་བ་མེད་པ་དེ་དག་ནི་དེ་བཞིན་གཤེགས་པའི་བསྟན་ལ་རབ་ཏུ་བྱུང་བ་མ་ཡིན་ནོ། །བྱམས་པ། དེ་བཞིན་གཤེགས་པའི་བསྟན་པ་ནི་བསམ་གཏན་དང་སྤོང་བས་རབ་ཏུ་ཕྱེ་བ། ཡེ་ཤེས་ཀྱིས་འདུས་བྱས་པ། ཡེ་ཤེས་ཀྱིས་མཉམ་པར་བཞག་པ། མངོན་པར་བརྩོན་པས་རབ་ཏུ་ཕྱེས་པ་ཡིན་གྱི་ཁྱིམ་པའི་ལས་ཀྱི་མཐའ་དང་། ཞལ་ཏ་བྱེད་པས་རབ་ཏུ་ཕྱེས་པ་མ་ཡིན་ནོ། །ཞེས་གསུངས་པ་ལྟར་ཐོས་བསམ་སྒོམ་གསུམ་ལ་གཞོལ་དགོས་པ་ཡིན། དེ་བཞིན་ཤ་ར་བས་ཀྱང་ངས་ཁྱེད་ལ་གཏོང་བའི་ཕན་ཡོན་མི་རྗོད་ཀྱི་འཛིན་པའི་ཉེས་དམིགས་བརྗོད་པ་ཡིན་ཞེས་གསུངས་པའི་དོན་ཡང་དེ་ཡིན། 

     དེ་བཞིན་བྱང་ཆུབ་སེམས་ཁྱིམ་པ་ལས་རབ་བྱུང་བས་དངོས་པོ་རྩོལ་སྒྲུབ་ཀྱི་སྦྱིན་པ་གཏོང་བ་དགག་ཏེ། འཇུག་པ་ལས། སྦྱིན་སོགས་ཆོས་གསུམ་དེ་དག་ཕལ་མོ་ཆེ། །བདེ་བར་གཤེགས་པས་ཁྱིམ་པ་རྣམས་ལ་བསྔགས། །བསོད་ནམས་ཞེས་བྱའི་ཚོགས་ཀྱང་དེ་ཉིད་དེ། །སངས་རྒྱས་གཟུགས་ཀྱི་བདག་ཉིད་སྐུ་ཡི་རྒྱུ། །ཞེས་གསུངས་ཤིང་ལམ་རིམ་ཆེན་མོ་ལས་ཀྱང་། སྤྱིར་ཟང་ཟིང་གི་སྦྱིན་པ་ཁྱིམ་པའི་བྱང་སེམས་ཀྱིས་བྱེད་ལ་བྱང་སེམས་རབ་བྱུང་གིས་ཆོས་ཀྱི་སྦྱིན་པ་བྱ་བར་གསུངས། ཞེས་ལུང་འདྲེན་དང་བཅས་གསལ་བོར་གསུངས། དེའི་ཚུལ་ཀྱང་དེ་ཉིད་ལས། དེ་ཡང་ཐོས་པ་ལ་སོགས་པའི་བར་དུ་གཅོད་འགྱུར་བ་ལ་དགོངས་པར་བསླབ་བཏུས་སུ་གསུངས་ཏེ་རབ་བྱུང་གིས་ཟང་ཟིང་ཆེད་དུ་བསྒྲུབས་ནས་སྦྱིན་གཏོང་བྱེད་པ་བཀག་གི  རང་གི་དགེ་བ་ལ་མི་གནོད་པའི་སྔོན་གྱི་བསོད་ནམས་ཀྱི་མཐུས་མང་དུ་རྙེད་ན་ཟང་ཟིང་གཏོང་དགོས་པར་གསུངས་སོ། །ཞེས་གསུངས་པ་དེ་ལས་གསལ་བོར་ཤེས་སོ། །

དྲི་བ། ད་ལྟ་བོད་ཀྱི་ཤེས་ཡོན་ཅན་དག་གིས་ནང་བསྟན་དཔལ་འབྱོར་རིག་པ་ཐོག་མར་གླེང་མཁན་ཁྱོད་ཡིན་པར་འདོད་ཀྱང་ཉིད་ཀྱིས་རྩོམ་ཡིག་ལས་ནང་བསྟན་དཔལ་འབྱོར་རིག་པ་ཐོག་མར་གླེང་མཁན་དབྱིན་ཇི་བ་ཞིག་ཡིན་ཚུལ་གསུངས་ཡོད། ཁོང་གིས《ཆུང་བ་ནི་ཆེས་ལེགས་སོ》ཞེས་པ་ལས་ཅི་ཞིག་གསུངས་ཡོད་པ་དང་ཐེ་ལན་གྱི་མཁས་པས《ནང་བསྟན་དཔལ་འབྱོར་རིག་པ》ཞེས་པ་དེ་གཉིས་ཀྱི་བརྗོད་བྱ་གཙོ་བོ་གང་ཡིན། 

ལན། གཞུང་དེ་གཉིས་ལས་ནང་བསྟན་གྱི་དགོངས་པ་གཞིར་བཞག་ནས་དཔལ་འབྱོར་གཉེར་སྟངས་དང་དོ་དམ། དཔལ་འབྱོར་གྱི་སྤྱོད་སྟངས། ཐོན་ཁུངས་བཅས་ལ་ཞིབ་འཇུག་བྱས་ཤིང་། འདི་ལྟར་ཞིབ་འཇུག་བྱེད་དོན་ནི་ནུབ་ཕྱོགས་ཀྱི་དཔལ་འབྱོར་རིག་པས་སྐྱེལ་འོང་བའི་ཉེན་ཁ་ལས་སྐྱོབ་པའི་ཆེད་དུ་ཡིན། 

     ཁོང་གཉིས་ལས་དབྱིན་ཇི་བ་ལགས་ནི་ཧྲི་མ་ཧི(舒马赫)ས་ནི་འཛམ་གླིང་ན་གྲགས་པ་འབར་བའི་དཔལ་འབྱོར་བ་ཞིག་ཡིན་ལ་ཕུ་ཡུ་ཐོ་ནི་ཐེ་ལན་གྱི་ནང་བའི་མཁས་པ་ཆེན་པོ་ཞིག་ཡིན་པས་སྔ་མས་དཔལ་འབྱོར་རིག་པ་ལ་ཞིབ་འཇུག་དང་ལག་ལེན་ལས་ནུབ་ཕྱོགས་ཀྱི་དཔལ་འབྱོར་རིག་པའི་རང་བཞིན་དང་དམིགས་ཡུལ་བཅས་ལ་ཡིད་ཆད་དེ་ནང་བའི་རྒྱལ་ཁབ་ཏུ་ནང་བསྟན་ལ་སྦྱངས་ཏེ་ནང་བའི་དགོངས་པ་ལས་དཔལ་འབྱོར་རིག་པ་ལ་དབྱེ་ཞིབ་བྱས་ཏེ་ནུབ་ཕྱོགས་དཔལ་འབྱོར་རིག་པ་དང་ཁ་གཏད་དུ་ལངས་ནས་ཡང་དག་པའི་འཚོ་བ་དང་འདོད་ཆུང་ཆོག་ཤེས་ཀྱི་དགེ་མཚན། བདེན་པ་བདེན་དྲང་། གཞན་ཕན་ལྷག་བསམ་བཅས་དར་སྤེལ་གཏོང་བ་ཡིན་ལ། མཁས་དབང་ཕུ་ཡུ་ཐོ་ལགས་ཀྱིས་སྔ་མའི་རྒྱུན་བསྐྱངས་ཏེ་ནང་བའི་གསུང་རབ་ལས་བྱུང་བའི་དཔལ་འབྱོར་གྱི་ལྟ་བ་མང་བོས་ཁ་བསྐངས་ཏེ་ཆ་ཚང་ཞིང་ཕྲ་ཞིང་ཞིབ་པར་བྲིས་པ་ཞིག་ཡིན། ཕངས་པ་ཞིག་ལ་བདག་གིས་གཞུང་འདི་ཆ་ཚང་བ་ཀློག་པའི་སྐལ་བ་ད་དུང་ལྡན་མ་སོང་། 

དྲི་བ། འོ་ན་ཁྱོད་ཀྱི་ནང་བསྟན་དཔལ་འབྱོར་རིག་པ་འདི་དབྱིན་ཇིའི་དཔལ་འབྱོར་རིག་པ་བ་ཧྲི་མ་ཧི(舒马赫)དང་ཐེ་ལན་གྱི་མཁས་པ་ཕུ་ཡུ་ཐོ་གཉིས་ཀྱི་གཞུང་ལ་མ་བུ་ལྟ་བུའི་འབྲེལ་བ་ཡོད་དམ། ཁྱོད་ཀྱིས་འདི་འབྲི་དུས་དེ་གཉིས་ཀྱི་གཞུང་ལ་ཟུར་ལྟ་བྱས་ཡོད་དམ།

ལན། མེད། ང་ཚོའི་གཞུང་གི་བར་ལ་ཐད་ཀར་གྱི་འབྲེལ་བ་མེད། ཡིན་ན་ཡང་གཏན་ནས་འབྲེལ་བ་མེད་ཅེས་བཤད་མི་ཐུབ་སྟེ། ཁོང་གཉིས་ཀྱིས་ཀྱང་སྟོན་པའི་གསུང་ལས་བཤད་པ་ཡིན་ལ། ངས་ཀྱང་སྟོན་པའི་གསུང་ལས་བཤད་པ་ཡིན། དེ་ལས་ངེད་ཚོའི་གཞུང་འདི་དག་གི་བར་ལ་མ་གཅིག་ལས་སྐྱེས་པ་ལྟ་བུའི་ཉེ་བའི་འབྲེལ་བ་མ་གཏོགས་མེད། འདིར་གསལ་བོར་ཤེས་རྒྱུ་ནི་ཁོ་ཚོས་ཁུངས་གཏུགས་སའི་གཞུང་ནི་ལྷོ་བརྒྱུད་ནང་བསྟན་ཡིན་ལ། ངས་ཁུངས་གཏུག་སའི་སྟོན་པའི་གསུང་རབ་ནི་བོད་བརྒྱུད་ནང་བསྟན་ཏེ་ནང་བའི་བཀའ་བསྟན་འདི་ཡིན། ལྷོ་བརྒྱུད་ནང་བསྟན་ལ་ཐེག་དམན་མ་གཏོགས་མེད་ཅིང་བོད་བརྒྱུད་ནང་བསྟན་ལ་ཐེག་ཆེན་ཐེག་དམན་གཉིས་ཡོད་པ་མ་ཟད་མདོ་སྔགས་གཉིས་ཀྱང་ཡོད་ལ། སྔགས་ལ་རྒྱུད་སྡེ་བཞི་བོ་ཁ་ཚང་བ་རེད། དེ་བས་ངེད་ཚོའི་གཞུང་གི་བར་ན་མི་འདྲ་བ་ཡང་མང་བོ་ཞིག་འབྱུང་ངེས།

དྲི་བ། ཡང་ལ་ལས་ཁྱེད་ཀྱིས་ནང་བསྟན་དཔལ་འབྱོར་རིག་པ་བྲིས་ན་ནང་བསྟན་ཆབ་སྲིད་རིག་པ་དང་དམག་དོན་རིག་པ། ནང་བསྟན་བརྩེ་དུང་རིག་པ་ཡང་འབྲི་ངེས་རེད་ཅེས་བཤད་ཀྱིན་འདུག་པར་ཁྱེད་ཀྱིས་ཅི་ཞིག་དགོངས།

ལན། དེ་ནི་དགོད་བྲོ་བའི་སྐད་ཆ་ཞིག་རེད། དེས་མཚོན་པ་ནི་བསམ་བློའི་ཚད་ཧ་ཅང་དམའ་བ་དེ་རེད། དེ་ནི་སྤྱིར་བཏང་གི་འཆོལ་མའི་དམར་འཛིང་ལྟ་བུ་ལས་གཞུང་ལུགས་ལ་བསམ་བློའི་ཡོད་པའི་མི་ཞིག་གི་སྐད་ཆ་མིན་ལ། རིགས་པས་དཔྱད་ཐུབ་པའི་རྟོག་གེ་བ་ཞིག་གིས་བཤད་འོས་པའི་སྐད་ཆ་ཡང་མིན་པར་ངོས་འཛིན་བཞིན་ཡོད་པས་ངས་འཕོང་ཕྱིས་ཀྱི་རྡོ་བཞིན་དུ་དོར་བ་ཡིན། 

     གཞུང་ལུགས་ཀྱི་ངོས་ནས་བཤད་ན་དམག་དོན་རིག་པ་དང་བརྩེ་དུང་རིག་པ་འབྲི་མཁན་ཞིག་ཡོད་ན་དེ་ནི་བསམ་བློ་གཏོང་མཁས་པ་ཞིག་ཡིན་པ་མ་གཏོགས་ཚིག་གི་རོལ་རྩེད་ཀྱིས་དམོད་འོས་པ་ཞིག་ག་ལ་ཡིན། ད་ལྟ་བོད་ལ་ཆབ་སྲིད་རིག་པ་དང་དམག་དོན་རིག་པ་རྩོམ་མཁན་ཕར་ཞོགས་སྒྱུར་མཁན་ཡང་ཨ་ཁུ་རྣམ་རྒྱལ་ལྟ་བུ་རེ་གཉིས་ལས་མེད། བརྩེ་དུང་ལ་མགོ་འཁོར་བ་མང་བ་ལས་བརྩེ་དུང་རིག་པ་འབྲི་ཐུབ་པ་ཞིག་གཏན་ནས་མི་འདུག

     དེས་མཚོན་པ་ནི་ན་གཞོན་དག་གཞན་ལ་བཤད་པ་ལས་རང་གིས་མི་ནུས་པ་དེ་གསལ་བོར་མཚོན་པ་རེད། དེ་ལ་ན་གཞོན་ཞིག་གིས་ཁ་གསོན་པོ་དང་ལག་ཤི་རོ་ཟེར་ཀྱང་ངས་བལྟས་ན་ཁ་དེ་གསོན་པོ་ཞིག་ཡིན་པའི་དབང་དུ་བཏང་ན་སྨྱོན་པ་ཞིག་ལས་རྣལ་དུ་གནས་པའི་ཁ་ཞིག་མ་རེད། 

     ནང་བསྟན་ཆབ་སྲིད་རིག་པ་འབྲི་མཁན་སྔོན་ནས་བྱུང་ཡོད་པ་རེད། འཇུ་མི་ཕམ་དང་ཨ་མདོ་དགེ་བཤེས་འཇམ་དཔལ་རྒྱས་པའི་བློ་གྲོས་ཀྱིས《རྒྱལ་བོའི་ལུགས་ཀྱི་བསྟན་བཅོས》ནང་བསྟན་ཆབ་སྲིད་རིག་པ་རེད། གལ་ཏེ་ཆབ་སྲིད་སྐྱོང་སྟངས་ཀྱི་གཞུང་ལུགས་ལ་ཆབ་སྲིད་རིག་པ་མི་ཟེར་ན་ཁྱོད་ཀྱིས་འཇིག་རྟེན་འདིར་ཆབ་སྲིད་རིག་པ་ཞིག་གཏན་ནས་རྙེད་རྒྱུ་མ་རེད། བདེན་མི་བདེན་ལྟོས་དང་གསལ་བོར་ཡིན་ལ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་ཞིག་གིས་རྒྱལ་བོ་ལུགས་ཀྱི་བསྟན་བཅོས་དང་རྒྱལ་ཁབ་སྐྱོང་བའི་རིག་པ་གཤིབ་བསྡུར་བྱས་པའི་དཔྱད་རྩོམ་ཞིག་བྲིས་ཡོད་པས་དེར་བལྟས་ན་ཤིན་ཏུ་ལེགས་པ་རེད། འདིའི་ཐད་ནས་བརྗོད་རྒྱུ་མང་མོད། ཀླན་ག་ཞིག་ལ་ལན་མང་བོ་འདེབས་དོན་མི་འདུག

དྲི་བ། ད་ལྟ་མང་ཆེ་བ་ཞིག་སྟེ་མང་ཆེ་བ་ཞིག་ཧོལ་རྒྱུགས་བྱེད་མཁན་རེད། དེ་དག་གིས་ནང་བསྟན་དཔལ་འབྱོར་རིག་པ་གླེང་ན་ནང་བསྟན་དང་དཔལ་འབྱོར་གཉིས་ཀྱིས་གཙོ་བོ་དཔལ་འབྱོར་འཛིན་ངེས་རེད་སྙམ་པའི་ངོས་འཛིན་གནང་གིན་འདུག སྐད་ཆ་དེ་དག་ལ་ཁྱེད་ཀྱིས་ག་རེ་བསམ་གྱིན་འདུག

ལན། དེ་ནི་རྩ་བ་ནས་གོ་ལོག་པ་རེད། བདག་གིས་ནང་བསྟན་དཔལ་འབྱོར་རིག་པ་གླེང་དོན་ནི་ནང་བསྟན་དགོངས་དོན་ཇི་བཞིན་བཤད་པ་ལས་ནང་བསྟན་གྱི་དགོངས་དོན་བསྐྱུར་ནས་དཔལ་འབྱོར་གཉེར་རོགས་ཞེས་བཤད་ཀྱིན་མེད། ནང་བསྟན་གྱི་དགོངས་དོན་ཇི་བཞིན་དཔལ་འབྱོར་གཉེར་སྟངས་དང་དཔལ་འབྱོར་སྤྱོད་སྟངས་བཤད་པ་ལས་དཔལ་འབྱོར་ནང་བསྟན་ལས་ཀྱང་གཙོ་བོར་འཛིན་དགོས་ཞེས་བཤད་ཀྱིན་མེད།

     ནང་བསྟན་དཔལ་འབྱོར་རིག་པ་ནི་མདོར་བསྡུས་ན་དཔལ་འབྱོར་གྱི་ངོས་ནས་ནང་བསྟན་གྱི་ཉམས་ལེན་ཞིག་ཡོད་པ་སྟོན་གྱིན་ཡོད་ལ། དེ་ནི་ཆོས་དང་མཐུན་པའི་དཔལ་འབྱོར་དེ་ཡིན་པ་ལས་ཆོས་དང་མི་མཐུན་པའི་དཔལ་འབྱོར་དགག་དགོས་པ་རེད། འདི་ནི་བསྟན་པའི་སྦྱིན་བདག་ཅིག་ལ་མཚོན་ན་ངེས་པར་ཤེས་དགོས་པ་ཞིག་རེད། ཤེས་སོང་ན་དཔལ་འབྱོར་གྱིས་བཀོལ་སྟངས་དང་གཉེར་སྟངས་གསལ་བོར་ཤེས་ན་དཔལ་འབྱོར་གྱི་ཆེད་དུ་མི་དགེ་བ་མི་བསྒྲུབ་ལ། དཔལ་འབྱོར་ལ་བརྟེན་ནས་དགེ་བ་བསྒྲུབ་པས་འདི་ཕྱི་གཉིས་ལ་ཕན་པ་རེད།

དྲི་བ། གོ་ཐོས་ལྟར་ན་རྒྱ་གར་གྱི་ལྷ་རམས་པའི་ནང་དུ་ཡང་ནང་བསྟན་དཔལ་འབྱོར་རིག་པའི་སྐོར་གྱི་རྩོད་གླེང་བྱེད་ཀྱིན་འདུག་སྟེ། ལ་ལས་འདི་འདྲ་ཞིག་ཡོད་ཅེས་གསུངས་ཀྱིན་ཁྱེད་ཀྱིས་འདི་ལྟར་བཏོན་པ་ལ་ཆེས་ལེགས་པ་ཞིག་ཏུ་བརྗོད། ལ་ལས་ཁྱེད་ཀྱི་གླེང་གཞི་འདི་ནང་བསྟན་དང་འགལ་བར་ངོས་འཛིན་གྱིན་འདུག

ལན། དེ་ངས་གསལ་བོར་ཤེས་མ་སོང་། ཕལ་ཆེར་རྩོད་པ་ཡོད་ན་ཕལ་ཆེར་ནང་བསྟན་དཔལ་འབྱོར་རིག་པ་ཞེས་པའི་མིང་འདི་ལས་བྱུང་བའི་རྩོད་པ་ཡིན་རྒྱུ་རེད། དེ་མིན་བདག་གིས་རྩོམ་ཡིག་དེ་ཞིབ་ཏུ་བཀླགས་ཡོད་ན་རྩོད་པ་ཞིག་འབྱུང་དོན་མེད། དེ་ལྟར་བཤད་པའི་རྒྱུ་མཚན་ཡང་བདག་གིས་བཤད་པའི་དོན་མཐའ་དག་སངས་རྒྱས་ཀྱི་དགོངས་པ་བཞིན་བཤད་ཡོད་པས་ལྷ་རམས་པ་ཞིག་ཡིན་ན་ངས་བཤད་པའི་སྐད་ཆ་འདི་དག་སྟོན་པའི་གསུང་དང་མཐུན་མིན་གསལ་བོར་ཤེས་རྒྱུ་རེད། 

     ངས་ནང་བསྟན་དཔལ་འབྱོར་རིག་པ་ཞེས་པའི་མིང་ལས་བྱུང་བའི་རྩོད་པ་ཡིན་རྒྱུ་རེད་ཅེས་བཤད་དོན་འདི་གནད་འགག་ཆེན་པོ་ཡོད་དེ། ད་ལྟ་མང་བོ་ཞིག་གིས་དཔལ་འབྱོར་རིག་པ་ཞེས་གླེང་ན་གོམས་པའི་དབང་གིས་ནུབ་ཕྱོགས་ནས་བྱུང་བ་ལས་གཞན་དུ་མེད་པའི་ངོས་འཛིན་བྱེད་ཀྱིན་ཡོད་པས་བོད་ནང་ནས་སྐྱ་སེར་སྐོར་ཞིག་འུར་ལངས་དོན་ཡང་དེ་ལ་ཐུག་ཡོད། དཔལ་འབྱོར་རིག་པའི་གཞུང་ལུགས་མ་བྱུང་བ་མ་གཏོགས་རིག་གནས་མཐའ་ཡས་པ་ཡོད་པའི་མི་རིགས་ཤིག་ཡིན་ན་དེའི་གཞུང་དུ་དཔལ་འབྱོར་རིག་པའི་གཞུང་ཡོད་ངེས་རེད། དཔེར་ན་ད་ལྟ་རྒྱའི་མཁས་པ་དག་གིས་ཀྱང་ཁུང་ཙི་དང་ལོ་ཙིའི་རིག་གནས་ལས་དཔལ་འབྱོར་རིག་པ་གླེང་སྟེ་ནུབ་ཕྱོགས་ཀྱི་དཔལ་འབྱོར་རིག་པས་ཐག་མི་ཆོད་པ་དག་ཁོ་ཚོས་དཔལ་འབྱོར་རིག་པས་ཐག་གཅོད་པའི་ཡིད་ཆེས་ཀྱིས་ལག་ལེན་ལ་བསྟར་བཞིན་པ་དེས་གསལ་བོར་ཤེས་ཐུབ་པ་རེད།

དྲི་བ། ལ་ལས་ཁྱེད་ལ་སྡིགས་མོ་དྲག་ཏུ་བྱེད་པ་དེས་ཉིད་ཀྱི་དགོངས་པ་བསམ་ཚུལ་ག་འདྲ་སྐྱེས་སམ།

ལན། སྡིགས་མོ་ནི་དངོས་གནས་སྡིགས་མོ་རེད། མི་བཟང་བོ་དང་སྐྱེས་བུ་དམ་པས་སྡིགས་མོ་བྱེད་ན་དེ་ནི་འཇིགས་དགོས་པ་ཞིག་དང་སྡིགས་མོ་བྱེད་པའི་གནད་ལ་བསམ་གཞིག་བྱ་དགོས་པ་ཞིག་རེད། མི་ངན་པ་དང་ཐ་ཤལ་གྱིས་སྡིགས་མོ་བྱས་ན་རང་ཉིད་མི་ངན་པ་དང་ཐ་ཤལ་དུ་སོང་མེད་པ་གསལ་བོར་མཚོན་པས་དེ་ལྟ་བུའི་སྡིགས་མོ་ནི་བྱེད་འོས་པ་ཞིག་རེད། དེ་ལྟ་བུའི་སྡིགས་མོ་བྱེད་མཁན་མང་ནའང་དེ་དག་གིས་ཁོ་རང་ཉིད་མཚོན་པ་ལས་བདག་མི་མཚོན་ཞིང་། མི་ཐ་ཤལ་དག་གིས་སྡིགས་མོ་བྱེད་པ་དེས་བདག་མི་ཐ་ཤལ་ཞིག་མིན་པ་དེ་མཚོན་ཞིང་། ངས་བཤད་བཞིན་པ་དག་དེ་དག་གི་སེམས་པའི་འཁྱེར་སོ་དང་འགལ་བ་འབའ་ཞིག་ཡིན་པ་མཚོན་པ་རེད། དེ་བས་སྡིགས་མོ་དེ་རིགས་ནི་ཆུ་ཡི་ཝུ་བ་ལྟ་བུའམ། ཡང་ན་ཁྱི་ཡི་ཟུག་ངུ་ལྟ་བུ་ལས་བསམ་གྱིན་མེད། དེ་འདྲ་ཞིག་མ་ཡིན་ནམ། ཁྱི་ཟུག་ན་དེའི་སྟེང་ལ་ཁོང་ཁྲོ་སྐྱེ་བ་དེ་ཁྱི་དང་ན་ཟླ་ཡིན་པར་མཚོན་མེད་དམ། དེ་བས་བཤད་ན་གནས་ཚུལ་འདི་ཤིན་ཏུ་སྟབས་བདེ་རེད། ཁོ་ཚོས་བདག་ལ་སྡིགས་མོ་བྱེད་པ་དེས་ཁོ་ཚོའི་ནང་བསྟན་དཔལ་འབྱོར་རིག་པ་འདི་ཁོ་ཚོའི་བསམ་བློར་མ་ཆུད་པ་ལས་གཞན་ཅི་ཡང་མིན་ལ། ཁོ་ཚོའི་བསམ་བློར་མ་ཆུད་པའི་དབང་གིས་ད་གཟོད་འགོག་འདོད་ནས་གུ་ཅོ་བཏོན་པ་ཙམ་རེད། དགོད་བྲོ་བ་ཞིག་ལ་ཀུ་ཅོ་དེས་འདི་ལྟ་བུའི་གཞུང་ལུགས་འགོག་སྙམ་པ་ནི་སྙིང་རྗེ་བ་ཞིག་རེད།

དྲི་བ། མཚམས་འདི་ནས་འབྲེལ་བ་མེད་པ་ཞིག་འདྲི་འདོད་དེ། ད་ལྟ་སྐྱེས་བུ་དམ་པ་འགོག་མཁན་མང་བོའི་རྒྱུ་མཚན་ཅི་རེད། དཔེར་ན་བདག་ཅག་གི་སྟོན་པ་ལ་འགོག་མཁན་ཡང་མང་།

ལན། དེ་ནི་བསམ་བློ་མ་སྨིན་པ་དག་གིས་སྨིན་པའི་འཆོས་ཚུལ་བྱས་ཏེ། ཀུ་ཅོ་བསྒྲགས་ནས་གཞན་གྱིས་དོ་སྣང་བྱེད་པའི་ཆེད་དུ་རེད། དེ་ལྟ་བུའི་རང་ཚོད་མ་ཟིན་པའི་ཀུ་ཅོ་བསྒྲགས་ན་ཀུན་གྱིས་དོ་སྣང་བྱེད་པ་རེད། རང་ག་བ་ཞིག་ལ་དགག་པ་བརྒྱབས་ན་སུ་ཞིག་གིས་དོ་སྣང་བྱེད་དམ། དེ་བས་སྐྱེས་ཆེན་དམ་པ་ལ་དགག་པ་བརྒྱབ་ན་བྱིས་པ་དག་གིས་མིག་ཅེར་ནས་ལྟ་བ་རེད། ཁོ་ཚོའི་སྤྱོད་པ་དེ་འཐབ་རྩོད་འཛིན་ཕྱོགས་རེད། དོན་གྱིས་བཤད་ན་ད་ལྟ་ཁྱིས་མི་ལ་ཟུག་པ་ལྟ་བུ་རེད། 

     གནད་དོན་འདི་ནི་བདག་གིས་དྲི་བ་གོང་མའི་ལན་བཏབ་པ་བཞིན་རེད། ད་མང་བོ་བཤད་དོན་མི་འདུག འདིའི་ཐད་ལ་ཁུང་ཙིས་གསུངས་པ་དེར་གནས་ལུགས་ཆེན་པོ་ཡོད་པ་རེད།

དྲི་བ། ཁྱེད་ཀྱིས་ནང་བསྟན་དཔལ་འབྱོར་རིག་པ་ཞེས་པ་ཁྱིམ་པའི་ངོས་ནས་གླེང་བ་ཡིན་ནམ། ཆོས་པའི་ངོས་ནས་གླེང་བ་ཡིན།

ལན། བདག་གིས་ནང་བསྟན་དཔལ་འབྱོར་རིག་པ་འདི་དཔལ་འབྱོར་དང་ནང་བསྟན་གཉིས་གཞི་གཅིག་ཏུ་བསྲེས་པའི་གཞུང་ལུགས་ཤིག་སྟེ་མདོར་ན་ནང་བསྟན་གྱི་ངོས་ནས་དཔལ་འབྱོར་གླེང་བའི་རིག་པ་ཞིག་ཡིན་པས། ཆོས་པ་དང་རབ་བྱུང་གཉིས་ཀའི་ངོས་ནས་གླེང་བཞིན་ཡོད། གཙོ་བོ་ཐར་བ་དོན་དུ་གཉེར་མི་ཐུབ་པའི་ཁྱིམ་པའི་ངོས་ནས་གླེང་བ་ཡིན་པས་ཁྱབ་རྒྱ་ཤིན་ཏུ་ཆེ། ཐར་བ་དོན་གཉེར་བ་དག་གི་ངོས་ནས་ཀྱང་གླེང་དགོས་པས་ཆོས་དང་འཇིག་རྟེན་གཉིས་ཀྱི་ངོས་ནས་གླེང་ན་དགེ་མཚན་ཆེ་བ་ཞིག་རེད། དེ་ནི་གཞུང་ལས་བཤད་ན་ཡང་དག་པའི་འཚོ་བ་དང་འབྲེལ་བ་ཡོད་ཅིང་། དགེ་བ་དང་མི་དགེ་བ་དང་། ལས་འབྲས་ལྟ་བ་དང་ཡང་གཞི་གཅིག་ཏུ་འབྲེལ་ཡོད། མདོར་ན་དངུལ་ཆུ་ངག་དབང་རྡོ་རྗེས། ལོག་པའི་འཚོ་བས་མི་འཚོ་བར། །ཆོས་དང་མཐུན་པའི་འཚོ་བ་དང་། །བསམ་པ་ཆོས་བཞིན་འགྲུབ་པར་ཤོག །ཅེས་པའི་སྨོན་ལམ་འདིས་གནད་གཅིག་ཏུ་བསྡུས་འདུག

དྲི་བ། ལ་ལས་ནང་བསྟན་དཔལ་འབྱོར་རིག་པ་ཁྱེད་ཀྱིས་བློ་བཟོར་བསམ་པ་ལ་ཉིད་ཀྱིས་གང་འདྲར་དགོངས་བཞིན་ཡོད།

ལན། འདི་ནི་ཆོས་ལ་རྒྱུས་མེད་པའི་སྐད་ཆ་ཞིག་ཡིན། གལ་ཏེ་ཆོས་ལ་ཆ་རྒྱུས་ཡོད་པ་ཞིག་ཡིན་ན་ངས་གསར་བཟོ་ཞིག་ཡིན་མིན་གསལ་བོ་ཤེས་ངེས་ཏེ། འདིའི་དོན་མཐའ་དག་མདོ་སྔགས་ཀྱི་གཞུང་དུ་མ་བྱུང་བ་ཞིག་གཏན་ནས་མེད་པས། གལ་ཏེ་ངས་རང་བཟོ་བྱས་པ་ཡིན་ན་ང་ནི་བོད་ན་མེད་པའི་བསམ་བློ་པ་ཞིག་ཏུ་འགྱུར་ངེས་ཏེ་འདི་ལྟ་བུའི་གཞུང་ལུགས་ཤིག་གསར་བཏོད་བྱེད་མཁན་ཞིག་བོད་ན་ད་དུང་བྱུང་མེད་པས་སོ། །

དྲི་བ། ནང་བསྟན་ཆོས་ལུགས་ནང་དུ་རང་རྐྱ་འཕེར་བའི་དཔལ་འབྱོར་གཞུང་ལུགས་ཡོད་ན་དེ་བྱེ་མདོ་དབུ་སེམས་གང་གི་ལུགས་ཡིན། དེ་ཡོད་དོན་གྱི་གཞི་འཛིན་སའི་ཁུངས་ལུང་རེ་དྲངས་ན་ཅི་འདྲ་འདུག

ལན། ནང་བསྟན་གྱི་དཔལ་འབྱོར་རིག་པ་དེ་སྤྱི་ཆ་ནས་བྱེ་མདོ་དབུ་སེམས་གང་གི་ལུགས་སུ་ཡང་བཤད་མི་ཐུབ་མོད་དེ་དག་རེ་རེའི་གཞུང་དུ་དཔལ་འབྱོར་རིག་པ་ཡོད། ཁུངས་ནི་ངས་འདིར་ཆེད་དུ་འདྲེན་མི་དགོས་ཏེ《ས་སྐྱ་ལེགས་བཤད》དང《རྒྱལ་བོའི་ལུགས་ཀྱི་བསྟན་བཅོས།》《ནོར་ལྷ་དག་གི་སྒྲུབ་ཐབས》 མདོ་ལས་བྱུང་བའི་དཔལ་འབྱོར་གྱི་སྐོར་མང་བོ་ཡོད་པས་དེ་དག་ལ་གཟིགས་ན་གནད་མང་བོ་ཞིག་གོ་ཐུབ་ཅིང་བདག་གིས་བྲིས་པའི《ནང་བསྟན་དཔལ་འབྱོར་རིག་པ་བསྐྱར་དུ་གླེང་བ》ཞེས་པར་ལུང་མང་བོ་ཞིག་བཀོད་ཡོད་པས་འདིར་བཤད་པ་མང་དོགས་སོ། །

དྲི་བ། ནང་བསྟན་ཆོས་ལུགས་དང་དཔལ་འབྱོར་གཉིས་ལ་འགལ་བ་ཅི་ཡང་མེད་ཅེས་པར་འཐད་པར་མི་སེམས་ཏེ། དཔལ་འབྱོར་རིག་པའི་མཐར་ཐུག་གི་དམིགས་ཡུལ་ནི་གོ་སླ་མོར་བཤད་ན་འཁོར་བའི་ཕུན་ཚོགས་ཇི་ལྟ་ཅི་ལྟར་དོན་གཉེར་བྱེད་རྒྱུ་དེ་ཡིན་པར་འདོད་ལ། ནང་བསྟན་ཆོས་ལུགས་ཀྱི་མཐར་ཐུག་གི་དམིགས་ཡུལ་ནི་འཁོར་བའི་ཕུན་ཚོགས་ལས་ཡོངས་སུ་གྲོལ་བར་བྱ་རྒྱུ་དེ་ཡིན་ན། དེ་གཉིས་ནི་ཕན་ཚུན་སྤང་འགལ་དུ་སོང་འདུག་པ་མ་ཡིན་ནམ་སྙམ།

ལན། གནས་སྐབས་དང་མ་འབྲེལ་བའི་མཐར་ཐུག་ཅིག་མེད་ལ་མཐར་ཐུག་དང་མ་འབྲེལ་བའི་གནས་སྐབས་ཤིག་ཀྱང་གཏན་ནས་མེད། ནང་བསྟན་དཔལ་འབྱོར་རིག་པའི་དམིགས་ཡུལ་ནི་གོ་སླ་མོར་བཤད་ན་འཁོར་བའི་ཕུན་ཚོགས་ཇི་ལྟར་གཉེར་རྒྱུ་དེ་ཡིན་མོད་དེ་ཡང་ནང་བསྟན་གྱི་མི་ཆོས་དང་འབྲེལ་བའི་དཔལ་འབྱོར་རིག་པ་ཡིན་པ་ལ། དེ་མཐར་ཐུག་གི་དམིགས་ཡུལ་དུ་མི་བཤད་པས་དེང་རབས་དཔལ་འབྱོར་རིག་པ་དང་ གཏན་ནས་མི་འདྲ། འདིར་བཤད་པ་ནི་ཆོས་དང་མཐུན་པའི་དཔལ་འབྱོར་ཡིན་པ་ལས་ཆོས་དང་མི་མཐུན་པའི་དཔལ་འབྱོར་གཏན་ནས་མིན། ཆོས་དང་མཐུན་པའི་དཔལ་འབྱོར་དེས་ཚོགས་གསག་ཆོག་ལ་དགེ་བ་ཡང་བསྒྲུབ་ཆོག་ཅིང་གནས་སྐབས་ཀྱི་མཐུན་རྐྱེན་བཟང་བོ་ཞིག་ཡིན་པས་མཐུན་རྐྱེན་དེ་ལ་བརྟེན་ནས་རིམ་བཞིན་མཐར་ཐུག་གི་དམིགས་ཡུལ་བསྒྲུབ་དགོས་པ་རེད། དེ་སྒྲུབ་པ་ལ་གཞན་དོན་དུ་དེའི་སྒྲུབ་པའི་ནུས་པ་ལྡན་པར་བྱ་རྒྱུ་དེ་ཡིན་པས། གནས་ལུགས་དེ་ཤེས་ན་བདག་གིས་བཤད་པའི་དཔལ་འབྱོར་རིག་པ་ནི་ཐེག་ཆེན་གྱི་ངོས་ནས་བཤད་ན་གཞན་དོན་སྒྲུབ་པའི་ཡན་ལག་ཅིག་ཡིན་ལ་ཐེག་དམན་གྱི་ངོས་ནས་བཤད་ན་ཐར་བ་སྒྲུབ་པའི་མཐུན་རྐྱེན་ཞིག་ཡིན། མ་མཐའ་ཡང་དཔལ་འབྱོར་ལ་བརྟེན་ནས་རང་ཉིད་ངན་སོང་ལ་མི་ལྟུང་བར་བྱེད་པའི་ནང་བསྟན་དཔལ་འབྱོར་རིག་པའི་དགོས་པ་ཡིན། དེ་མིན་པར་རང་ཉིད་ངན་སོང་དུ་ལྟུང་བྱེད་དུ་སོང་ན་དེ་ནི་ཆོས་དང་མི་མཐུན་པའི་དཔལ་འབྱོར་དུ་གྱུར་པ་རེད། 

     ཡང་མི་ཆོས་ཕྱོགས་ནས་བཤད་ན་དེང་རབས་དཔལ་འབྱོར་རིག་པས་དེ་ལ་དོ་སྣང་མི་བྱེད་ལ་བདེན་དྲང་གིས་དཔལ་འབྱོར་གཉེར་བ་མ་ཡིན་པས་དཔལ་འབྱོར་གྱི་ཆེད་དུ་བདེན་དྲང་བྱེད་པ་དེ་ཡིན་ལ། ཀུན་སྤྱོད་ཀྱིས་དཔལ་འབྱོར་གཉེར་བ་མ་ཡིན་པར་དཔལ་འབྱོར་གྱི་ཆེད་དུ་ཀུན་སྤྱོད་དགོས་པ་དེ་རེད། དེ་ནི་གནས་སྐབས་དང་སྐབས་བསྟུན་ལས་བདེན་དྲང་ངོ་མ་མིན་ལ། ཀུན་སྤྱོད་ཀྱང་ངོ་མ་མ་ཡིན་པའི་ཁར་དེ་དག་གི་ཞེ་ཕུགས་ན་གཡོ་སྒྱུ་ཁྲམ་གསུམ་ཉལ་ཡོད་པ་རེད།

དྲི་བ། ཡང་ལ་ལས་ནང་བསྟན་དཔལ་འབྱོར་རིག་པ་ནི་དཔལ་འབྱོར་གྱི་ནང་བསྟན་སྤེལ་བ་ཆེད་དུ་བཤད་པ་ཞིག་ཏུ་ངོས་འཛིན་བཞིན་ཡོད་པས་ཁྱེད་ཀྱིས་དགོངས་པ་དང་མཐུན་ནམ།

ལན། དེ་ནི་བདག་གི་རྩོམ་ཡིག་གཏན་ནས་མ་བཀླགས་པའི་སྐྱོན་ཏེ། ངས་གང་དུ་ཡང་ནང་བསྟན་དཔལ་འབྱོར་རིག་པ་བཤད་པའི་དགོས་པ་ནི་ནང་བསྟན་གྱི་ཆེད་དུ་ཡིན་པ་བཤད་མེད་ལ། འདི་ནི་གཙོ་བོ་ནང་བའི་བསྟན་པའི་ཆེད་དུ་མིན་པར་ནང་བའི་བསྟན་པའི་སྦྱིན་བདག་གི་ཆེད་དུ་སྟེ། མདོར་ན་འགྲོ་བ་མིས་དཔལ་འབྱོར་ལ་ཆོས་དང་མཐུན་པར་འཚོལ་ཞིང་སྤྱད་པའི་ཆེད་དུ་ཡིན་པ་ལས་དཔལ་འབྱོར་གྱིས་སངས་རྒྱས་བསྟན་པ་རྒྱས་པར་བཤད་པ་ཞིག་གཏན་ནས་མིན་ན་ཡང་། དཔལ་འབྱོར་གྱིས་སངས་རྒྱས་ཀྱི་བསྟན་པ་རྒྱས་པའི་མཐུན་རྐྱེན་དུ་མི་འགྱུར་བ་ཞིག་མིན་ལ། ཡང་ན་གང་ཟག་གི་རྐྱེན་ལས་སངས་རྒྱས་ཀྱི་བསྟན་པ་ལ་གནོད་པ་མི་འབྱུང་བ་ཞིག་ཀྱང་གཏན་ནས་མིན།

དྲི་བ། ཁྱེད་ལྟར་ན་རྒྱུ་ནོར་མི་རྟག་པ་ཞེས་པར་ངོས་འཛིན་ག་རེ་གནང་གིན་ཡོད།

ལན། རྒྱུ་ནོར་མི་རྟག་པར་གསུངས་པ་ལ་འདི་ནི་ནང་བའི་གྲུབ་མཐའི་སྡོམ་ཞིག་ཡིན་པར་བཟུང་ན་ཆོག དེ་ནི་སྤྱི་ཆ་ནས་འདུས་བྱས་ཐམས་ཅད་མི་རྟག་པར་གསུངས་པའི་དགོངས་གཞི་ཡིན་ལ་ཆེད་དུ་རྒྱུ་ནོར་མི་རྟག་པར་གསུངས་པ་ལ་གནད་འགའ་ཡོད་དེ། གཅིག་ནི་རྒྱུ་ནོར་གྱི་ཆེད་དུ་མི་ཚེ་གཏོང་མི་རུང་བ་དང་། རྒྱུ་ནོར་ནི་མིའི་མཐུན་རྐྱེན་ཞིག་ཡིན་པ་ལས་མཐར་གཏུགས་ཀྱི་དམིགས་ཡུལ་མིན་པ་དང་། སྙིང་བོ་མེད་པའི་རྒྱུ་ནོར་ལ་བརྟེན་ནས་སྙིང་བོ་ལེན་པ་མཚོན་ཡོད་པས་དེ་ནི་ནང་བསྟན་དཔལ་འབྱོར་རིག་པའི་ ངོས་ནས་བཤད་ན་དགོས་པ་ཆེན་པོ་ཡོད་ཅིང་གནད་ཆེན་པོ་ཞིག་བསྟན་ཡོད་པའི་གསུང་ཞིག་རེད།

དྲི་བ། གཞུང་མང་བོར་རྒྱུ་ནོར་དུག་སྦྲུལ་གྱི་ཚང་དུ་གསུངས་པ་ལ་ཁྱེད་ཀྱིས་དཔལ་འབྱོར་གྱི་ངོས་ན་ཉེས་པ་མེད་གསུངས་པ་གཉིས་ཇི་ལྟར་འགལ་མེད་དུ་འཛིན།

ལན། འདི་དྲི་བ་ལེགས་པ་ཞིག་ཡིན་པ་མ་ཟད། གནད་ཆེ་བ་ཞིག་ཀྱང་རེད། གལ་ཏེ་རྒྱུ་ནོར་ལ་ཚོད་མ་ཟིན་ན་དེ་ནི་དུག་སྦྲུལ་གྱི་ཚང་ལྟ་བུ་སྟེ། རང་སྲོག་འཆོར་བྱེད་དང་རང་གཞན་གཉིས་འཕུང་བྱེད་པ་ཞིག་ལས་འདས་མེད་པ་དེ་རེད། དེ་ནི་མིའི་ངོས་ནས་བཤད་པ་སྟེ། སྐྱེས་པ་ཞིག་གི་ངོས་ནས་བཤད་ན་བུད་མེད་བདུད་དང་བུད་མེད་ཅིག་གི་ངོས་ནས་སྐྱེས་པ་བདུད་དུ་བཤད་པ་ལྟ་བུ་སྟེ་སྲེད་པ་འགོག་པའི་ཆེད་དུ་གསུངས་པ་རེད། དེ་ནི་འབྲོམ་སྟོན་པས། ཕྱུག་པོ་གསེར་སྲང་སྟོང་ལ་ཆགས་པ་དང་། །དབུལ་བོ་ཁབ་སྐུད་ཙམ་ལ་ཆགས་པ་གཉིས། །ཐར་བའི་བར་དུ་གཅོད་ལ་ཁྱད་པར་མེད། །དེས་ན་ཅི་ལའང་ཆགས་པ་མེད་པར་བྱ། །ཞེས་གསུངས་པ་ལྟར་ཏེ་མཐར་གཏུགས་ན་ཁོང་གིས། ཆགས་ན་ལྷ་ལ་ཆགས་ཀྱང་མི་གྲོལ་ཏེ། །ཞེན་ན་ཆོས་ལ་ཞེན་ཀྱང་འཆིང་བའི་རྒྱུ། །ཞེས་གསུངས་པ་དང་གནས་ལུགས་གཅིག་ཏེ་དཔལ་འབྱོར་གྱིས་ཆགས་པའི་རྐྱེན་བྱེད་པ་ལ་ཐུག་ཡོད། 

     ཡིན་ན་ཡང་། ནང་བསྟན་དཔལ་འབྱོར་རིག་པས་དེ་ནི་ཆེས་གནད་དུ་འཛིན་བཞིན་ཡོད་དེ། སྲེད་པ་ལ་བརྟེན་ནས་རྒུད་པ་འབྱུང་བ་མངོན་སུམ་དུ་གྲུབ། དེ་བས་ཆོས་དང་མཐུན་པའི་དཔལ་འབྱོར་ལ་བསྙེག་དགོས། དེ་ནི་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས། བཀྲེས་སྐོམ་དབུལ་ཕོངས་ཀྱིས་ཉེན་ན། །ལོག་པའི་འཚོ་བ་ཀུན་སྤངས་ནས། །ཆོས་དང་མཐུན་པའི་དཔལ་འབྱོར་གྱིས། །བདེ་སྐྱིད་དཔལ་ལ་རོལ་བར་འགྱུར། །ཞེས་གསུངས་པའི་ཚིག་འདི་ལ་བལྟས་ན་གསལ་བོར་ཤེས་ཤིང་གསུང་འདི་ནི་ཤིན་ཏུ་གལ་ཆེ་བ་ཞིག་རེད། 

དྲི་བ། འོ་ན་ཐར་བ་དོན་གཉེར་ལ་ཆོས་དང་མཐུན་པའི་དཔལ་འབྱོར་མཁོ་བ་ཡོད་དམ། ཡོད་ན་སྲིད་པའི་ཕུན་ཚོགས་ལ་ཡིད་འབྱུང་དགོས་པ་དང་འགལ་བ་མེད་དམ།

ལན། འདི་ལས་མང་བོ་ཞིག་མགོ་རྨོངས་བཞིན་ཡོད་པ་རེད། སྐྱེས་བུ་འབྲིང་གི་སྐབས་སུ་སྲིད་པའི་ཕུན་ཚོགས་ལ་ཡིད་འབྱུང་དགོས་ཀྱང་སྲིད་པའི་ཕུན་ཚོགས་སྐོར་ཞིག་དོན་དུ་གཉེར་དགོས་པ་རེད། དེའི་རྒྱུ་མཚན་ནི་གནས་སྐབས་དང་མཐར་ཐུག་གཉིས་ཀྱི་དགོས་པ་མི་འདྲ་བ་དེ་རེད། དེ་ནི་ལམ་རིམ་ཆེན་པོ་ལས་གསལ་བར་གསུངས་ཏེ། ལམ་རིམ་ཆེན་མོ་ལས། གསུམ་པ་དེ་ལ་ལོག་རྟོག་བསལ་བ་ནི། གསུང་རབ་ནས་འཁོར་བའི་ཕུན་ཚོགས་ཐམས་ཅད་ལ་ཡིད་ཕྱིར་ཕྱོགས་དགོས་པར་གསུངས་པས་འཁྲུལ་གཞི་བྱས་པ་ཁ་ཅིག་ལུས་དང་ལོངས་སྤྱོད་སོགས་ཕུན་སུམ་ཚོགས་པའི་མངོན་མཐོ་ནི་འཁོར་བ་ཡིན་པས་དེ་དོན་དུ་གཉེར་བ་མི་རིགས་སོ་སྙམ་ན། དོན་དུ་གཉེར་བྱ་ལ་གནས་སྐབས་སུ་དོན་དུ་གཉེར་དགོས་པ་དང་མཐར་ཐུག་གི་དོན་དུ་གཉེར་བྱ་གཉིས་ལས། འཁོར་བའི་ལུས་ལ་སོགས་པ་ཕུན་སུམ་ཚོགས་པ་གྲོལ་བ་དོན་གཉེར་གྱིས་ཀྱང་གནས་སྐབས་ཀྱི་དོན་དུ་གཉེར་དགོས་ཏེ། རྟེན་དེ་རིམ་པར་བརྒྱུད་པ་ལས་མཐར་ངེས་ལེགས་ཐོབ་པར་བྱ་བ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །

དྲི་བ། ནང་བསྟན་དཔལ་འབྱོར་རིག་པའི་ངོས་ནས་བཤད་ན་ལྐོག་ཟ་ལྐོག་རྔན་ལ་གོ་བ་ག་འདྲ་ལེན་ནམ།

ལན། དྲི་བ་འདི་ནི་ཤིན་ཏུ་ལེགས་པོ་ཞིག་རེད། དེ་ལ་ཕྱོགས་འགའ་ནས་གླེང་ཆོག་སྟེ་དང་བོ། ལྐོག་ཟ་ནི་གཞན་ནོར་རྐུ་བ་ཡིན་པས་མ་བྱིན་ལེན་གྱི་ཁོངས་སུ་གཏོགས་པས་ཉེས་པ་ཤིན་ཏུ་ཆེ། མ་བྱིན་ལེན་ནི་མི་དགེ་བ་བཅུའི་གྲས་ཡིན་པ་ཚང་མས་ཤེས་མོད། དམངས་ཀྱི་རྒྱུ་ནོར་ལྐོག་ཟ་མ་བྱིན་ལེན་ཡིན་པ་སུས་ཀྱང་ཤེས་མེད། འདི་ནི་ངེས་པར་ཤེས་དགོས་པ་ཞིག་རེད། དམངས་ཚོགས་ཀྱི་རྒྱུ་ནོར་ནི་ཚོགས་པ་ཞིག་གི་རྒྱུ་ནོར་ཡིན་པས་མི་རེ་གཉིས་ཀྱི་རྒྱུ་ནོར་བརྐུས་པ་ལས་ཉེས་པ་ཆེ། དེ་ལས་གསལ་བོར་ཤེས་དགོས་པ་ནི་ལྐོག་ཟ་བྱེད་མཁན་ཚོས་དམངས་ཀྱི་རྒྱུ་ནོར་ལྐོག་ཟ་བྱེད་པ་དེ་ཕྱོགས་འགའ་ནས་བསམ་དགོས་ཏེ་གཅིག་ནི་དེ་ཡིས་མ་འོངས་པར་ལོངས་སྤྱོད་རྒུད་པར་བྱེད་ལ། གཉིས་ནི་སྐྱེ་བ་ཕྱི་མར་ཡི་དྭགས་སུ་སྐྱེ་ཞིང་དེ་ལས་ཐར་ན་ཡང་སྐྱེ་བ་མང་བོར་དབུལ་བོར་སྐྱེ་ངེས་པ་ཡིན། ལྐོག་རྔན་ལེན་པ་ནི་ཚུལ་མིན་གྱི་རྒྱུ་ནོར་ཡིན་པས་དགག་བྱ་ཡིན་ཏེ་དེ་ནི་མ་བྱིན་ལེན་མིན་ཡང་དེ་ལ་བརྟེན་ནས་བདེན་བརྫུན་གོ་ལྡོག་དང་གཡོ་སྒྱུ་ཁྲམ་གསུམ་གྱི་ལས་ཀ་མང་བོ་བྱ་ངེས་པས་ལུགས་མཐུན་མིན་པའི་དཔལ་འབྱོར་སྟེ། དཔེར་ན་སྨད་ཚོང་མའི་རྒྱུ་ནོར་དང་ཤན་པའི་རྒྱུ་ནོར་ལྟ་བུར་མི་དགེ་བ་ལས་འབྱུང་བའི་རྒྱུ་ནོར་ཡིན་པས་ཉེས་པ་ཤིན་ཏུ་ཆེ་བར་འདོད། དེ་ནི་ཚུལ་མིན་ལུགས་མིན་དུ་སོང་བས་རང་ལ་རྒྱུ་ནོར་ཉམས་བྱེད་ཀྱི་རྒྱུ་ཞིག་བསགས་པ་ཡིན་པ་ལས་མ་འདས།

དྲི་བ། ད་ལྟ་མང་བོ་ཞིག་སྦྱིན་པ་ལ་ཞེ་སུན་བཞིན་ཡོད། དེའི་ཕྱོགས་ལ་ཁྱེད་རང་གི་དགོངས་པ་ག་འདྲ་འཛིན།

ལན། སྦྱིན་པ་ལ་སུན་བཞིན་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སུན་སྣང་སྐྱེ་བ་ཞིག་རེད་ལ། སྦྱིན་པ་ལ་དགག་པ་གཏོང་བ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་དགག་པ་གཏོང་བ་ཞིག་ཀྱང་རེད། ལྷག་པར་དམ་པའི་ཆོས་སྤོང་བར་བྱེད་པའི་སྤྱོད་པ་ཡ་ང་བ་ཞིག་ཀྱང་རེད། དུས་གང་དང་གནས་གང་དུའང་སྦྱིན་པ་ནི་མེད་དུ་མི་རུང་བ་ཞིག་ཡིན་ལ། ལྷག་པར་སློབ་དཔོན་ཀླུ་སྒྲུབ་ཀྱིས། སེམས་ཅན་མགོན་མེད་མ་ནུས་དང་། །འདོད་ཡོན་མེད་དང་ཟུག་རྔུས་བཏབ། །གཉེན་མེད་བྱེས་སུ་འཁྱམས་པ་ལ། །ཕན་ཡོན་གཞན་གྱི་དོ་ཟླ་མེད།ཅེས་གསུངས་པ་ལྟར་ཕན་ཡོན་དཔག་ཏུ་མེད་པ་ཞིག་ཀྱང་རེད། ལྷག་པར་སྐྱེས་རབས་དཔག་བསམ་འཁྲི་ཤིང་ལས། མི་རྣམས་ནོར་ནི་དངུལ་ཆུའི་ཐིགས་པ་ཁུ་ཚུར་དག་གིས་བསྡོམས་པའི་རྣམ་པར་མཐོང་། །དབུལ་དང་མགོན་མེད་རྣམས་ལ་སྟེར་ཞིང་ཉེ་བར་མཁོ་བར་གྱུར་པ་རབ་ཏུ་རྒྱས་པའི་དཔལ། །བསོད་ནམས་དགའ་ཚལ་གཙུག་ལག་ཁང་དང་མཆོད་རྟེན་བཅོམ་ལྡན་སྐུ་གཟུགས་རབ་གནས་ལ་སོགས་ཀྱིས། །ནོར་ལྡན་འདི་ནི་གྲགས་པས་ལྷན་ཅིག་མི་བཟད་གནས་སུ་གང་ཞིག་གང་གིས་རྣམ་པར་མཛེས། །ཞེས་སྦྱིན་པ་ལ་བསྔགས་པ་བརྗོད་པའི་གཏམ་ཤིན་ཏུ་མང་བ་རེད།

དྲི་བ། ངས་འདིར་འདྲི་རྒྱུ་ཞིག་ནི་ཐེག་དམན་གྱི་སྦྱིན་པ་དང་ཐེག་ཆེན་གྱི་སྦྱིན་པ་ལ་ཁྱད་པར་ཨེ་ཡོད། ཡོད་ན་སྦྱིན་པ་ལ་སྨད་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསྐུར་བ་བཏབ་པའི་རྒྱུ་མཚན་ཅི་ཡིན།

ལན། སྦྱིན་པ་ལ་ཐེག་དམན་གྱི་སྦྱིན་པ་དང་ཐེག་ཆེན་གྱི་སྦྱིན་པ་གཉིས་ཡོད་པ་མ་ཟད། ཕྱི་རོལ་པའི་སྦྱིན་པ་ཡང་ཡོད། འོ་ན་ཐེག་ཆེན་དང་ཐེག་དམན་གྱི་སྦྱིན་པའི་ཁྱད་པར་གང་ཞེ་ན། མདོ་ལས། ཟང་ཟིང་གི་སྦྱིན་པ་ནི་ཉན་ཐོས་ཀྱི་སྦྱིན་པ་ཡིན་ཏེ། ཚེ་དང་བསོད་ནམས་བསྐྱེད་པར་ཟད་ཀྱི་འཁོར་བ་ལས་མི་ཐར་རོ། །ཐེག་པ་ཆེན་པོའི་ཆོས་ཀྱི་སྦྱིན་པ་ནི་སེམས་ཅད་རྣམས་ཀྱི་བྱང་ཆུབ་ཀྱི་རྩ་བ་བསྐྱེད་པ་དང་། ཐེག་པ་གསུམ་གྱི་ཡེ་ཤེས་ཀྱི་སྲོག་སྡུད་པར་བྱེད་པའོ། །ཞེས་གསུངས་ཤིང་འདིར་བྱང་སེམས་ཀྱི་ཆོས་ཀྱི་སྦྱིན་པ་ལས་མ་གསུངས་ཀྱང་ཟང་ཟིང་གི་སྦྱིན་པ་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡིན་པས་བསོད་ནམས་ཀྱི་ཚོགས་སུ་འགྱུར་རོ། །

     སྦྱིན་པ་ལ་སྨད་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྨད་པའི་རྒྱུ་མཚན་ནི་སྦྱིན་པ་མཐར་ཕྱིན་པ་སྦྱིན་པའི་ཕར་ཕྱིན་ཡིན་ལ་དེ་ནི་སྦྱིན་པ་ལས་གཙོ་བོ་ཡིན་ཞིང་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིན་པས་སོ། །དེ་བས་སྦྱིན་པ་སྐོར་ལ་གོ་བ་གསལ་བོ་ཆགས་དགོས་ན་ལམ་རིམ་ཆེན་མོའི་སྦྱིན་པའི་ཐད་ལ་གཟིགས་ན་ལེགས་པ་ལས་སྐྱེས་བོ་མི་ཤེས་པ་དག་གིས་ཁར་རྒྱུགས་ནས་སྦྱིན་པ་ལ་སྨོད་པ་ནི་ཉེན་ཁ་ཤིན་ཏུ་ཆེའོ། །

དྲི་བ། འོ་ན་བྱང་ཆུབ་སེམས་དཔའ་ལ་དེ་འདྲའི་སྦྱིན་པ་དགོས་པའི་རྒྱུ་མཚན་ཅི་ཡིན།

ལན། དེ་ནི་སློབ་དཔོན་ཐོགས་མེད་ཀྱིས་བྱང་སར་གསལ་བོར་གསུངས་ཏེ། བྱང་ཆུབ་སེམས་དཔའ་ནི་འཇིག་རྟེན་པའི་བཟོ་དང་ལས་ཀྱི་གནས་ཤེས་པ་རྣམས་ཚོལ་བར་བྱེད་དོ། །སེམས་ཅན་རྣམས་ཀྱི་དོན་དུ་ཚེགས་ཆུང་ངུས་ལོངས་སྤྱོད་བསྒྲུབ་པའི་ཕྱིར་དང་། སེམས་ཅན་རྣམས་ཀྱིས་གཅེས་བར་བྱ་བ་བསྐྱེད་པའི་ཕྱིར་རོ། །བཟོ་དང་ལས་ཀྱི་གནས་ཤེས་པ་སྦྱིན་པའི་ཕན་འདོགས་པས་བསྡུས་པའི་ཕྱིར་རོ་ཞེས་དང་། དེ་ལ་སྦྱིན་པ་ནི་བྱང་ཆུབ་སེམས་དཔའི་ཕན་འདོགས་པའི་ཐབས་ཡིན་ཏེ། འདི་ལྟར་ཟང་ཟིང་གི་སྦྱིན་པ་སྣ་ཚོགས་ལ་ཕན་བཏགས་ན། སེམས་ཅན་རྣམས་ཚིག་ཉན་པར་བྱེད་པར་སེམས་སོ། །

དྲི་བ། འོ་ན་སྦྱིན་པ་ཡིན་ན་གང་ཡིན་ཡིན་ལ་སྦྱིན་དགོས་པ་དང་ཡོད་ཚད་ཅིག་སྦྱིན་དགོས་པ་ཞིག་ཡིན་ནམ།

ལན། བྱང་ཆུབ་སེམས་དཔའི་སྦྱིན་པ་གནས་མ་ཡིན་པ་སྐོར་ཞིག་ལ་མི་སྦྱིན་ལ་དངོས་པོ་ཡང་ཕ་རོལ་པར་ཕན་འདོགས་པ་མ་གཏོགས་སྦྱིན་པར་མི་བྱེད་དོ། །དེ་ཡང་བྱང་ས་ལས། ནང་དང་ཕྱི་རོལ་གྱི་དངོས་པོ་དེ་ལས་སྦྱིན་པ་གང་སེམས་ཅན་རྣམས་ལ་བདེ་བ་ཁོ་ནར་འགྱུར་གྱི། ཕན་པར་མི་འགྱུར་བའམ། ཡང་ན་བདེ་བར་མི་འགྱུར་ལ། ཕན་པར་མི་འགྱུར་བ་དེ་ནི་བྱང་ཆུབ་སེམས་སེམས་དཔས་གཞན་དག་ལ་སྦྱིན་པར་མི་བྱེད་དོ་ཞེས་གསུངས་པ་ལྟར་རོ། །

དྲི་བ། དེ་དག་བྱང་ཆུབ་སེམས་དཔའི་སྤྱོད་པ་འབའ་ཞིག་རེད། དེ་རང་ག་བའི་སྐྱེས་པོ་དང་བསྡུར་ན་བར་ཐག་རིང་བས། སྤྱི་ཚོགས་ལ་སྦྱར་ན་དེ་འདྲའི་འཚམ་པོ་ཡིན་ནམ། 

ལན། དེ་འདྲ་ཞིག་གཏན་ནས་མིན་ཏེ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཚད་མཐོ་ན་ཡང་ཁོང་གི་མཛད་པ་མཐའ་དག་སྤྱི་ཚོགས་དང་འབྲེལ་ཡོད་ལ། སེམས་ཅན་ཕལ་བའི་བདེ་སྡུག་གི་ཆེད་དུ་སྒྲུབ་བཞིན་པའི་ལས་ཀ་འབའ་ཞིག་རེད། 

     གནས་ལུགས་དེ་གསལ་བོར་བཤད་ན་བྱང་ཆུབ་སེམས་དཔའ་ནི་འཇིག་རྟེན་སྐྱེས་བུའི་ཚུལ་བཟུང་བའི་རླབས་ཆེ་བའི་སྐྱེས་བུ་དེ་དག་གི་ཁྲོད་དུ་ཡོད་པ་ལས་གཞན་དུ་མེད། དེ་བས་ཁོང་ཚོ་ནི་འཇིག་རྟེན་ལ་ཕན་བདེ་སྒྲུབ་པར་བྱེད་པའི་སྐྱེས་བོ་ཞིག་ཡིན་པ་ལས་ཆོས་ཕྱོགས་ཀྱི་དམིགས་བསལ་གྱི་གྲུབ་ཐོབ་ལྟ་བུའི་ཚུལ་ང་ཚོས་མཐོང་བའི་ངེས་པ་མེད། ཁོང་གི་དེ་ལྟར་བྱེད་དོན་ཡང་འགྲོ་བ་སེམས་ཅན་གྱི་ཆེད་དུ་རེད། འགྲོ་བ་སེམས་ཅན་ལ་ཕན་པའི་ལས་ཀ་ཞིག་ཡིན་ན་རང་ཉིད་ཕངས་མེད་དུ་བཏང་ནས་སྒྲུབ་མཁན་ཞིག་ཡིན་པས་སྤྱི་ཚོགས་དང་འབྲེལ་ཡོད་པ་ལས་སྤྱི་ཚོགས་དང་ཁ་བྲལ་བ་ཞིག་མ་རེད། 

     དེ་བས་ཁོང་གི་སྤྱོད་པ་རང་ག་བ་ལས་འདས་ཡོད་མོད་རང་ག་བ་དག་གིས་ཀྱང་དེར་བསླབས་ན་རིམ་བཞིན་འཇིག་རྟེན་ཕན་བདེ་ཕྱོགས་སུ་འགྲོ་ངེས་པ་ཡིན།

དྲི་བ། འོ་ན་བྱང་ཆུབ་སེམས་དཔའི་སྦྱིན་པ་གཏོང་བ་དེ་དར་སྤེལ་བཏང་ན་གཞན་སྒྱིད་ལུག་པར་འགྱུར་ངེས་པ་མ་རེད་དམ། 

ལན། སྒྱིད་ལུག་ཏུ་འགྱུར་མིན་གྱི་གནད་དོན་དེ་སྦྱིན་པ་ལ་བརྟེན་ནས་བྱུང་བ་མ་ཡིན་པར་རང་ཉིད་ཀྱི་ཀུན་སློང་གི་འཁྱེར་སོ་ལ་ཐུག་ཡོད། འགའ་ཞིག་གིས་རང་ཉིད་ཀྱིས་སློང་མི་དགོས་ན་ཡང་སློང་ཞིང་། འགའ་ཞིག་གིས་སློང་དགོས་ན་ཡང་མི་སློང་བ་རེད། ཡང་འགའ་ཞིག་ལ་སྟེར་མཁན་ཡོད་ན་ཡང་མི་ལེན་པ་རེད། 

     གལ་ཏེ་སྦྱིན་པས་སྤྲང་བོར་བཏང་བ་ཡིན་ན་བོད་ལ་མི་མང་ཡང་སྤྲང་བོ་འགའ་ཞིག་ལས་མེད་པའི་རྒྱུ་མཚན་ཅི་རེད། དེ་ནི་སྦྱིན་པས་སྤྲང་བོར་བསྒྱུར་བ་མ་ཡིན་པར་རང་ཉིད་ཀྱིས་རང་ཉིད་སྤྲང་བོར་བསྒྱུར་བ་རེད། རང་ཉིད་ཀྱི་སེམས་པ་སྤྲང་བོ་ཡིན་ན་མི་དེ་ནམ་ཡང་སྤྲང་བོ་ཡིན་ངེས།

     འོན་ཀྱང་། སྦྱིན་པ་ལ་མཐོང་ཆུང་བྱེད་པ་འདི་ནི་དོན་གྱིས་སྤྲང་བོ་ཞིག་ལ་མཐོང་ཆུང་བྱས་པ་ཞིག་ཡིན་པ་འདྲ་སྟེ། སྤྲང་བོར་རྐུན་མ་ལས་ཀྱང་མཐོང་ཆུང་བྱེད་པ་འདི་མི་རང་ཉིད་ལ་སྐྱོན་ཞིག་ཡོད་པ་མཚོན་པ་མ་ཡིན་ནམ།

དྲི་བ། ངས་དེ་ལྟར་བསམ་གྱིན་མེད་དེ། བོད་ན་སློང་མོ་བ་མང་བ་འདིས་བོད་ཀྱི་སྦྱིན་པས་གསོས་པ་རེད། གལ་ཏེ་སྦྱིན་པ་མེད་ན་དེ་དག་ཡོད་མི་སྲིད།

ལན། ངས་གོང་དུ་བཤད་པ་ནང་བཞིན་རེད། འདི་ནི་མི་རང་གི་བསམ་བློའི་འཁྱེར་སྟངས་ཤིག་རེད། གལ་ཏེ་སྦྱིན་པ་འདི་མེད་ན་སློང་མཁན་གྱི་བུད་མེད་འདི་དག་སྨད་ཚོང་མ་དང་སྐྱེས་པ་འདི་དག་རྐུན་མ་དང་ཇག་པར་མི་འགྱུར་བའི་ངེས་པ་མེད། འོན་ཀྱང་དེ་ལྟར་མ་གྱུར་པ་བོད་ན་སྦྱིན་པ་ཡོད་པའི་རྐྱེན་རེད། སྦྱིན་པ་བཏང་ན་ཁོ་ཚོས་རང་ཁ་སོས་པས་བྱ་བ་ངན་པར་འཇུག་མི་སྲིད་པ་རེད། གལ་ཏེ་སྦྱིན་པ་མེད་ན་འདི་དག་སྤྲང་བོ་མ་ཡིན་པར་སྨད་ཚོང་མ་དང་རྐུན་མ། མགོ་སྐོར་གཏོང་མཁན་ཡིན་ངེས་པས་དེ་ལས་ལྷག་པར་འཇིགས་སུ་རུང་བ་ཞིག་ག་ལ་ཡོད། 

     ངས་དཔེ་ཞིག་འཇོག་བོད་ན་སློང་མོ་བ་མང་བ་བདེན། བོད་ཀྱི་སློང་མོ་བ་ལ་ཟུར་གཅིག་བྱིན་ན་ཆོག་ལ། ཟུར་གཅིག་གི་དོན་དུ་སློང་བ་རེད། མི་རེ་རེ་ཟུར་གཅིག་རེ་བྱིན་པས་ཁོའམ་མོའི་འཚོ་བ་འཁྱོལ་འགྲོ་བས། ཁོའམ་མོས་སྒོར་བསླངས་ན་ཡང་བདེན་དྲང་གིས་སློང་བཞིན་ཡོད་ལ། མགོ་གཡོག་མགོ་སྐོར་དེ་འདྲ་མེད། 

     རྒྱ་ནག་གིས་སྦྱིན་པ་ལ་ཆ་རྒྱུས་མེད་ན་ཡང་སློང་མོ་བ་མང་བོ་ཡོད་པ་རེད། འོན་ཀྱང་དེ་དག་ལ་སྟེར་མཁན་མང་བོ་མེད་པས་རིམ་བཞིན་མགོ་སྐོར་གྱིས་སློང་མོ་དང་འཕྲོག་བཅོམ། བསླུ་བྲིད་བཅས་གཞི་གཅིག་ཏུ་བྱེད་མཁན་མང་བོ་ཡོད་པ་རེད། ད་དུང་གང་ཡིན་སར་མགོ་སྐོར་གཏོང་མཁན་མང་བ་འདིས་གསལ་བོར་མཚོན་པ་ཞིག་མ་ཡིན་ནམ། 

     ང་ཚོས་བཤད་པའི་སྦྱིན་པ་འདི་ནི་སྦྱིན་པ་ཙམ་མ་ཡིན་པར་འདིའི་ཕུགས་ན་ཡོད་པ་ནི་སྐྱེས་བོ་དེ་དག་ལེགས་ལམ་ལ་འགྲོ་བའི་ཆེད་དུ་བསམ་བློའི་སློབ་གསོ་གཏོང་བ་དེ་རེད། དེ་ནི་སྦྱིན་པ་གཏོང་མཁན་དག་གིས་ངེས་པར་ཐུགས་ལ་འཛིན་དགོས་པ་ཞིག་ཡིན། ལྷག་པར་སྦྱིན་པ་ནི་མི་ལ་འཕྲད་པའི་དཀའ་ངལ་ཐག་གཅོད་འདོད་ཀྱི་ལྷག་བསམ་ཞིག་དང་གདུང་སེམས་མཉམ་སྐྱེས་ཀྱི་བརྩེ་དུང་ཞིག་ཀྱང་ཡིན་ཞེས་བཤད་ན་འགྲིག 

དྲི་བ། འདིར་འདྲི་རྒྱུ་ཞིག་ནི་མདོ་དང་སྔགས་གཉིས་ལ་ནོར་སྒྲུབ་ཕྱོགས་ཀྱི་ཐད་དུ་ཁྱད་པར་ཡོད་དམ།

ལན། མི་འདྲ་སྟེ་མདོ་ལས་དཔལ་འབྱོར་ནི་རང་གི་སྐྱེ་བ་སྔོན་མར་སྦྱིན་པ་བཏང་བའི་འབྲས་བུ་ལས་བྱུང་བ་ཡིན་ལ། སྔགས་ལུགས་ལ་དེ་ལས་ཀྱང་རྒྱ་ཆེན་པོའི་སྒོ་ནས་བཤད་ཏེ་གནས་སྐབས་ཀྱི་འབྲས་བུ་ལོངས་སྤྱོད་ཆེ་བ་དང་། ཚེ་རིང་བ། ཤེས་རབ་འཕེལ་བ་སོགས་ཕར་ཕྱིན་ཐེག་པ་བ་རྣམས་ཀྱིས་སྦྱིན་པ་གཏོང་བ་ལ་སོགས་ཀྱིས་སྒྲུབ་བྱེད་ལ་སྔགས་ལས་ཛམ་བྷ་ལ་དང་ནོར་སྦྱིན་མ་ལ་སོགས་པ་སྒྲུབ་པ་སོགས་ཐབས་ཤིན་ཏུ་མང་ངོ་། །

དྲི་བ། ཁྱེད་ཀྱིས་སྔོན་གྱི་ནང་བསྟན་དཔལ་འབྱོར་རིག་པ་དེ་འབྲི་དུས་ཆེས་མ་འདང་ས་གང་ཞིག་ཡིན།

ལན། དེ་ནི་ངས་བཀའ་བསྟན་ཁ་ཚང་ལ་མཇལ་མ་ཐུབ་པ་དེ་རེད། དེ་བས་ངས་སྔོན་མར་བྲིས་པ་དག་གི་ནང་དུ་མི་འདང་བའི་ཆ་མང་བོ་ཞིག་ཡོད་པ་མཐོང་སོང་། དེ་ངས་རང་གིས་མཐོང་ཡོད་པ་ལས་བདག་ལ་དགག་པ་གཏོང་མཁན་སུས་ཀྱང་མཐོང་མེད་ལ་བདག་ལ་རྗེས་སུ་ཡི་རང་བྱེད་མཁན་དག་གིས་ཀྱང་མཐོང་མི་འདུག  འདི་ལྟ་བུ་གཞུང་ཆེན་པོ་ཞིག་འབྲི་དུས་གཞན་པའི་གཞུང་དང་མི་འདྲ་བ་ཞིག་ནི་འདི་ནི་ནང་བསྟན་དཔལ་འབྱོར་རིག་པ་ཡིན་པས་རང་གིས་བློ་ཚོད་ཀྱིས་བྲིས་ཆོག་པ་ཞིག་གཏན་ནས་མིན། དེ་ནི་འདི་འབྲི་བའི་དཀའ་ངལ་ཆེས་ཆེ་བ་ཞིག་ཡིན་ལ། རྣམ་དཔྱོད་ཀྱི་རྩལ་གྱིས་ལོངས་དཀའ་བའི་གནད་ཅིག་རེད། 

     བློ་བསྐྱེད་ཆེན་པོ་བྱུང་སོང་། བཀའ་དྲིན་ཆེ། ཁྱེད་ཀྱི་གཞུང་ལུགས་འདི་འཐུས་ཚང་དང་དགེ་མཚན་ལྡན་པ་ཞིག་ཏུ་གྱུར་ནས་འགྲོ་བ་དང་སེམས་ཅན་ལ་ཕན་པ་ཞིག་ཏུ་འགྱུར་བར་རེ་བ་བྱེད་ཀྱིན་ཡོད། བཀྲ་ཤིས་བདེ་ལེགས།

རྩོམ་ཁུངས།  ཁྱུང་བོ་བདེན་འཚོལ་བོད་ཡིག་འཕྲིན་སྟེགས་བཤུས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 63u9 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23533011
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།