དྲན་འོས་པའི་མི།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སྙན་རྩོམ། »དྲན་འོས་པའི་མི།
དྲན་འོས་པའི་མི།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2018-06-05ལྟ་ཀློག (11289)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

དྲན་འོས་པའི་མི།

བཤེས་གཉེན་བཀའ་དྲིན་ཅན་དགེ་རྒན་བཛྲ་ཚུལ་ཁྲིམས་ཚང་ལ་མཆོད་པའི་ཕྱིར་དྲན་ཚིགས་བཅད་ཤ་ར་མ།
—ཧོར་གཙང་བསོད་ནམས།
ཐོད་པའི་གཉེར་མའི་བར་མཚམས་སུ།།
མི་ལོ་བཅུ་ཡི་ཡར་སྔོན་བཏགས།།
རང་སེམས་སྒུལ་བའི་སློབ་གླིང་ཞིག།
བསང་ཆུའི་འགྲམ་ནས་ག་ལེར་ཐོས།།
ཀུན་མཁྱེན་བླ་མའི་ཐུགས་སྲས་ཤིག།
ཁྱུང་མགོན་རི་བོའི་འདབས་སུ་བཞུགས།།
གུང་ཐང་བསྟན་པའི་ཞལ་གདམས་ཤིག།
ར་རྒྱའི་གནས་དེར་ཡོད་རབས་སྐད།།
རྩམ་ཁུག་མལ་གདན་ཁྱེར་ནས་བྲོས།།
སྟོང་སྒོར་དམར་པོ་རུམ་ནས་སོང་།།
ས་དམར་ལུང་བའི་ལག་མཐིལ་ནས།།
དགེ་སློབ་དེ་ཚོར་རིམ་གྱིས་མཇལ།།
ཐོག་མའི་བསམ་པ་དགེ་རྒན་གཅིག།
བར་དུ་བསྟེན་ཚུལ་དགེ་རྒན་གཅིག།
ཐ་མར་གྱེས་ཁར་དགེ་རྒན་གཅིག།
ཚེ་འདིར་ཁོང་ནི་དྲན་པར་འོས།།
དེ་ལྟ་དེ་ལྟར་མཇལ་དར་འཐེན།།
ཞལ་རས་དྭངས་ལ་ལྷ་གཟུགས་ཅན།།
གསུང་སྐད་འཇམ་ལ་སོ་ཕྲེང་བཞད།།
ཐུགས་སེམས་དྲང་ལ་བག་དང་ལྡན།།
ཐོག་མར་བཀྲ་ཤིས་བདེ་ལེགས་དང་།།
བསམ་པའི་ཀུན་སློང་ཡ་རབས་སྲོལ།།
སྤྱོད་པའི་ཚུགས་ཀ་ཞི་བའི་ལུགས།།
སློབ་ལ་བརྩོན་ཞེས་ནན་གྱིས་བསྐུལ།།
མོས་པའི་དད་པ་ཡིན་མིན་ཅི།།
བྱིས་བློའི་སེམས་འདི་གཙང་སེ་གཙང་།།
སྒོ་གསུམ་གུས་པ་བདེན་མིན་ཅི།།
ཨ་གསར་བློ་དེ་བརྟན་སེ་བརྟན།།
ཡུན་གྱིས་འདྲེས་ཤིང་ལྷོད་ཀྱིས་མཐུད།།
བྱིས་པ་བཞིན་དུ་གཉོར་ཞིང་གཅེས།།
གང་སློབ་མ་ཤེས་ཡང་ཡང་ཁྲིད།།
གང་ལས་མ་འགྲིག་ཞིབ་ཏུ་བསྟན།།
སྐབས་རེར་སྤྱོད་འཇུག་ཟབ་ཁྲིད་ལས།།
སྤྱན་ཆབ་ཕུད་དོན་ཅི་ཡིན་ནམ།།
དུས་རྒྱུན་ངལ་གསོ་མེད་པ་དེས།།
མལ་སར་ལྷུང་དོན་གང་ཡིན་ནམ།།
ནམ་གུང་ཆུ་ཚོད་གཉིས་པའི་སྟེང་།།
གཟིམ་ཤག་དེ་ན་འོད་ཅིག་ཡོད།།
ཐོ་རེངས་ཆུ་ཚོད་ལྔ་བའི་དུས།།
སྒེའུ་འགྲམ་དེ་ན་དབྱངས་ཤིག་ཡོད།།
སྔ་དྲོ་སློབ་ཐུན་གཉིས་དང་གསུམ།།
ཕྱི་དྲོ་འཆད་ཁྲིད་གསུམ་དང་བཞི།།
ངལ་བ་མེད་པའི་སེམས་དཔའ་ཁྱེད།
མཛད་པའི་ནང་གི་མཛད་པ་ཆེ།།
ཉིན་ཞིག་གནམ་ཁབ་འགེལ་ཞོར་དུ།།
དཔེ་ཁྲིད་བྱས་པ་ད་དུང་དྲན།།
མཚན་ཞིག་རྐང་བའི་ལྷུ་ཆེན་དེ།།
གས་ཆག་ཤོར་བ་གཟེར་གྱིས་བཤད།།
རིས་སུ་མ་ཆད་དགེ་སློབ་བསྐྱངས།།
ཕྱོགས་སུ་མ་སོང་སྒྲིག་ལམ་བཟུང་།།
དོན་དང་ལྡན་པའི་སློབ་གླིང་དེར།།
ཁྱེད་ཉིད་བཞུགས་དུས་སྤྲོ་ཞིང་བརྟས།།
ཁྱེད་ཀྱི་སློབ་དང་ཉམས་ལེན་དེ།།
འགྱོད་པ་མེད་པར་གནས་འདིར་འཐིམས།།
མི་ལོ་ཉི་ཤུའི་དཀའ་སྤྱད་དེ།།
མི་རབས་རྗེས་མའི་དཔུང་དུ་ཤར།།
ཆོས་དང་རིག་གཞུང་དར་སྤེལ་ཆེད།།
སློབ་འབངས་ཡོངས་ཀྱི་སློབ་གཉེར་དོན།།
མ་ལོ་འདས་ཁར་མ་ཕེབས་པའི།།
མི་སེམས་ཡོད་པ་ཀུན་གྱིས་ཤེས།།
ལ་ལས་ཁྱེད་ལ་ཚིག་རྩུབ་སྨྲས།།
ཁྱེད་ཀྱིས་དགའ་བཞིན་སྤྲོ་བཞིན་བསུས།།
ལ་ལས་ཁྱེད་ལ་ལོག་པར་བཀྱོན།།
ཁྱེད་ཀྱིས་བཟོད་པ་རྩལ་དུ་འདོན།།
མཚན་དང་སྙན་པ་མི་མཁོ་ཞིང་།།
རྒྱུ་དང་ནོམ་པར་མི་ཆགས་ཤིང་།།
ཤེས་རབ་དང་ནི་བྱམས་བརྩེ་དེ།།
ཤིན་ཏུ་གཅེས་ལ་རབ་ཏུ་འཛིན།།
རྩམ་རྐྱང་མ་གཏོགས་མེད་ན་ཡང་།།
སྒོར་གཅིག་འདིའོ་སྟོང་ན་ཡང་།།
ས་རྡུལ་འདམ་ཉོག་བརྫིས་ན་ཡང་།།
སྐབས་དེ་དགའ་ཞིང་དུང་བས་བཟི།།
རྣམ་དཔྱོད་འགྲན་པའི་གར་སྟེགས་དེ།།
ཤེས་རིག་འགྲན་གླེང་ཞེས་སུ་གསོལ།།
སྔ་རྒོལ་ཕྱི་རྒོལ་རིག་པའི་ཐབས།།
དམ་བཅའི་རྩོད་པའི་ལམ་དེ་གཏོད།།
སྒྲ་དང་ཚད་མའི་གོ་དོན་བཞག།
གཤིས་དང་མཐུན་པའི་སྤྱོད་པ་བཞག།
དུས་དང་རན་པའི་གོ་བརྡ་སྤྲད།།
སྟོན་པ་ཁྱེད་ལ་ཞེན་ཞིང་ཆགས།།
མཚན་དང་སྙན་པ་མི་མཁོ་ཞིང་།།
རྒྱུ་དང་ནོམ་པར་མི་ཆགས་ཤིང་།།
ཤེས་རབ་དང་ནི་བྱམས་བརྩེ་དེ།།
ཤིན་ཏུ་གཅེས་ལ་རབ་ཏུ་ལེན།།
མཁས་པའི་ནང་ན་མཁས་པ་མང་།།
ལུས་སེམས་འདུལ་བར་ཁྱེད་ཉིད་མཁས།།
དགེ་རྒན་ནང་ན་དགེ་རྒན་མང་།།
རང་སེམས་དཀྱིལ་ན་ཁྱེད་ཉིད་དོ།།
ཞི་ཞིང་དུལ་བའི་གཤིས་དེ་དྲན།།
དགའ་ཞིང་སྤྲོ་བའི་འཛུམ་དེ་དྲན།།
གཙང་ཞིང་དག་པའི་སེམས་དེ་དྲན།།
བརྟན་ཞིན་བརླིང་བའི་སྐུ་དེ་དྲན།།
སྐྲ་དཀར་ཉག་མའི་ཕུགས་དེ་སྐྱོ།།
གཉེར་མའི་རླབས་ཀྱི་རྒྱུན་དེ་སྡུག།
སློབ་བུ་ང་འདྲའི་ལན་ཆགས་ཀྱིས།།
ཁྱེད་ཀྱི་ཐུགས་དགོངས་ག་ཚོད་དཀྲུག།
དགེ་སློབ་ཀུན་གྱིས་མ་འདང་བའི།།
ཁྱེད་སྐུའི་སྙུང་གཞི་ནམ་ཞིག་སངས།།
ལྷ་དང་ལྷ་རྗེ་མྱུར་བྱོན་ཅིག།
ཆེད་དུ་སྨན་བླའི་ཐུགས་ཀྱིས་བཞེས།།
ཁྱེད་ཀྱི་བཀའ་དྲིན་ཁོ་ན་དེས།།
ངེད་ཚོའི་དད་སྟོབས་རྒུད་པ་མེད།།
སློབ་དཔོན་མཆོག་གི་སྐུ་ཚེ་བརྟན།།
ཁྱེད་རང་བདེ་ན་ང་ཚོ་སྐྱིད།།
ཁྱེད་ཀྱི་སློབ་སྟོན་ཆ་ཚང་བོ།།
སྐྱེ་བ་གཅིག་ལ་མ་ཐུབ་ཀྱང་།།
གཞན་ལ་གནོད་འཚེ་མེད་པ་ཞིག།
ཚེ་འདིར་ཤུགས་ཀྱིས་འབད་བཞིན་ཡོད།།
རྡོ་དང་འདྲ་བ་མ་ཡིན་ཞིང་།།
རྩྭ་ལྟར་གཡོ་བ་མ་ཡིན་པའི།།
ཧོར་གཙང་བུ་ངའི་ཕྱིར་དྲན་འདི།།
ཤ་དང་རུས་པའི་བརྩེ་བ་ཡིན།།
ཁྱེད་ཉིད་ང་ཚོའི་གཟི་བྱིན་ཡིན།།
ཁྱེད་ཉིད་ང་ཡི་དྲིན་ཆེན་ཡིན།།
འཁོར་བའི་བྱིངས་སུ་ལྷུང་ན་ཡང་།།
འོད་ཟེར་དེ་ལ་འཇུས་ནས་ཡོད།།
ཚིག་རྩུབ་ངག་འཁྱལ་གང་བྲིས་པ།།
ཐུགས་དང་འགལ་ན་བཟོད་པར་གསོལ།།
ཡོན་ཏན་ཀུན་གྱི་གཞི་གཅིག་པུ།།
དམ་པ་ཁྱེད་ལ་ཕྱག་འཚལ་ལོ།།
ས་ག་ཟླ་བའི་ཚེས་༦ཉིན་ཉི་མ་བླ་བྲང་ནས།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། jg9m བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  དྲན་འོས་པའི་མི།   སྤེལ་མཁན།: འཛུམ་དཀར སྤེལ་དུས:2022/3/26
ཡག་པོ་འདུག
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23530067
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།