ངའི་སློབ་གསོ་ནི་ཐོན་མིའི་སློབ་གསོ་ཡིན།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 9 ཚེས 19 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» ཐོན་མིའི་སློབ་གསོ། »ངའི་སློབ་གསོ་ནི་ཐོན་མིའི་སློབ་གསོ་ཡིན།
ངའི་སློབ་གསོ་ནི་ཐོན་མིའི་སློབ་གསོ་ཡིན།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2018-06-04ལྟ་ཀློག (5709)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

ངའི་སློབ་གསོ་ནི་ཐོན་མིའི་སློབ་གསོ་ཡིན།

 

སློབ་དཔོན་དམ་པ་དགེན་འཇིགས་མེད་རྒྱལ་མཚན་གྱིས་ཐོན་མིའི་སློབ་ཚོགས་ཀྱི་ཚོགས་མི་ལྔ་བརྒྱ་ལ་སྐད་འཕྲིན་ལས་སྤེལ་བའི་གསུང་བཤད་གནད་ཅན།

སྒྲ་བཤུ་བ། རྟ་ནག་ལུང་རིགས།

   རང་སློབ་གླིང་གི་མཐར་ཕྱིན་སློབ་མ་ཁོ་ནས་གྲུབ་པའི་སྐད་འཕྲིན་ཚོགས་པ་འདིའི་ནང་བཞུགས་པའི་སློབ་མ་ཡོངས་ལ་ངས་ཐོག་མར་མཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ། སྐད་འཕྲིན་ཚོགས་པ་འདི་བཙུགས་ནས་དུས་ཡུན་ཡང་གང་འཚམས་སོང་ཟིན་ལ། དུས་ཚོད་འདི་ཡི་རིང་ཐད་དུ་མཐར་ཕྱིན་སློབ་མ་ཡོངས་ཀྱིས་སློབ་གླིང་གི་སྤྱིའི་བྱ་གཞག་དང་།  ལྷག་པར་དུ་འདི་ལོའི་དགུ་དགུ་དགུའི་རོགས་སྐྱོར་གྱི་ཐད་ལ་ནུས་པ་བླ་ལྷག་ཏུ་བཏོན་ཟིན།  སྤྱིའི་ཆ་ནས་སྐད་འཕྲིན་ཚོགས་པ་འདིར་བགྲོ་གླེང་གནང་བ་དང་། སྤྱིའི་བྱ་གཞག་ལ་གྲོས་བསྡུར་བྱེད་པ་སོགས་མང་དུ་གནང་མྱོང་ཡོད་སྐད། དེ་དག་ཤིན་ཏུ་ནས་ལེགས་པོ་རེད། དེས་ན་དེ་རིང་འདིར་ངས་འདི་ནས་སྐད་ཆ་རེ་ཟུང་འཆད་རྒྱུའི་གོ་སྒྲིག་གནང་འདུག་ལ། ཚང་མ་མཉམ་གཅིག་ཏུ་འདིར་འཛོམས་རྒྱུ་བྱུང་བ་ལ་ཧ་ཅང་དགའ་བོ་བྱུང་། ཚང་མས་ཤེས་གསལ་ལྟར་ཤེས་རིག་ནོར་བུའི་སློབ་གླིང་བཙུགས་ནས་བགྲང་བྱ་ཉི་ཤུ་འཁོར་བའི་དུས་དེར། ཐོན་མིའི་སློབ་གསོའི་བགྲོ་གླེང་དང་སྐབས་བསྟུན་གྱིས་ཐོན་མིའི་སློབ་ཚོགས་ཀྱང་བཙུགས་པ་རེད། སྐབས་དེར་མཐར་ཕྱིན་སློབ་མ་མང་བོ་ཞིག་དངོས་སུ་བསླེབས་པ་དང་། བྱ་བ་འདྲ་མིན་གྱིས་ཡོང་མ་ཐུབ་པའང་ཡོད་མོད་ཀྱི། ཕལ་ཆེར་བརྒྱ་ཆའི་དྲུག་ཅུ་ནས་བདུན་ཅུ་བར་བསླེབས་ཡོད་ཚོད་ཡིན།

   སྐབས་དེར་དངོས་སུ་བགྲོ་གླེང་དང་བྱས་ཤིང་ཐོན་མིའི་སློབ་ཚོགས་ཞེས་པའི་མིང་གསར་དུ་བཏགས། ད་ནས་བཟུང་ཤེས་རིག་ནོར་བའི་སློབ་གླིང་གི་མཐར་ཕྱིན་སློབ་མ་ཞིག་ཡིན་ཚེ་ཐོན་མིའི་སློབ་ཚོགས་ཀྱི་ཚོགས་མི་ཡིན་པ་གསལ་བསྒྲགས་བྱས་པ་རེད།  དེས་ན་ང་ཚོས་ཐུན་མོང་དུ་ཐོན་མིའི་སློབ་ཚོགས་ཞེས་པ་འདི་འདྲ་ཞིག་གཟུག་དགོས་པའི་རྒྱུ་མཚན་ཅི་ཡིན་ཟེར་ན། སྤྱིར་བཤད་ན་ང་ཚོའི་བོད་གངས་ཅན་པ་ཚང་ལ་ཆོས་དང་འཇིག་རྟེན་གཉིས་ཆ་ནས་བཀའ་དྲིན་ཆེ་བ་ནི་སློབ་དཔོན་ཐོན་མི་མཆོག་ཡིན་ལ། ཁོང་ནི་དངོས་གནས་རང་ཅག་ལ་བསམ་གྱིས་མི་ཁྱབ་པའི་བཀའ་དྲིན་ཆེན་པོ་ཡིན་ནའང་།  རང་གི་སྲོལ་རྒྱུན་རིག་གནས་ལ་དོ་སྣང་བྱེད་མཁན་ཞིག་མིན་ཕྱིན་སློབ་དཔོན་ཐོན་མིའི་མཛད་འཕྲིན་ལ་ཡི་རངས་རྗེས་དྲན་དེ་འདྲ་མི་བྱེད་པའི་སྣང་ཚུལ་ཞིག་རང་རེའི་སྤྱི་ཚོགས་སུ་བྱུང་དང་འབྱུང་བཞིན་པ་རེད། དེ་བས་སློབ་དཔོན་ཐོན་མིའི་བཀའ་དྲིན་རྗེས་སུ་དྲན་པའི་ཕྱིར་དང་། དེ་ནས་ང་ཚོའི་བོད་ཀྱི་སློབ་གསོར་མཚོན་ན་ཚང་མས་ཡར་འཐེན་མར་འཐེན་བྱས་ཏེ། ཚང་མའི་ཁ་ཕྱོགས་གཅིག་ལ་འགྲོ་མི་ཐུབ་པ་དང་། བོད་མི་རིགས་ཀྱི་སློབ་གསོ་ཞེས་གླེང་ཚེ་ནུབ་གླིང་གི་མཁས་པ་གང་རུང་ཞིག་གམ་ཡང་ན། ཡང་ན་ནང་ལོག་གི་མཁས་པ་རེ་ཟུང་གི་སྐད་ཆ་རེ་དྲངས་ནས་སྡོམ་ཚིག་འཇོག་པ་ལྟ་བུས་རང་ཅག་གི་སློབ་གསོའི་ཁ་ཕྱོགས་ཡིན་ནའང་འདྲ། མི་ཚེའི་རིན་ཐང་ཡིན་ནའང་ཆོག གང་དང་གང་ཡིན་ནའང་ཁ་ཕྱོགས་ཡང་དག་པ་ཞིག་ཏུ་འགྲོ་ཐུབ་ཀྱིན་མེད་པ་དེ་ལྟར་རེད། རང་རེའི་མི་རིགས་ཀྱི་ཆོས་དང་རིག་གཞུང་། སྲོལ་རྒྱུན་བཅས་ཀྱི་ཁ་ཕྱོགས་དང་མཐུན་ཞིང་། ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཅན་གྱི་སློབ་གསོའི་ཁ་ཕྱོགས་ཤིག་ཆགས་ཐུབ་ཀྱིན་མེད། དེ་བས་ངེད་ཚོའི་ཐོན་མིའི་སློབ་གསོ་ཞེས་པའི་ཁ་ཕྱོགས་འདི་འདྲ་ཞིག་ལ་བསྙེགས་ཏེ་བོད་ཀྱི་སློབ་གསོ་ཟེར་ན་ཁུངས་ལུང་ལྡན་པ། རྩ་བ་ཡོད་པ། ཁ་ཕྱོགས་ཡང་དག་པ་ཞིག་ཡོང་བའི་ཆེད་དུ་ཐོན་མིའི་སློབ་ཚོགས་ཞེས་པ་འདི་བཙུགས་པ་རེད། ཡང་གཞན་ཞིག་ནས་བཤད་ན་རང་རེའི་སློབ་གྲྭ་འདི་ཉིད་ནི་སྲོལ་རྒྱུན་གྱི་སློབ་གསོའི་ཁ་ཕྱོགས་གཙོ་བོར་བཟུང་བའི་སློབ་གྲྭ་ཞིག་ཡིན་པས། སློབ་ཁྲིད་བྱེད་སྟངས་ཡིན་ནའང་རེད། འབྱུང་འགྱུར་གྱི་དུས་སུ་སློབ་མ་སྐྱེད་སྲིང་བྱེད་སྟངས་ཡིན་ནའང་ཆོག གང་ལྟར་སྲོལ་རྒྱུན་གྱི་སློབ་གསོའི་ཁ་ཕྱོགས་གཙོ་བོར་བཟུང་ཡོད་པས་ཀྱང་ཐོན་མིའི་སློབ་ཚོགས་བཙུགས་པ་ལ་དགོས་པ་ཆེན་པོ་ཡོད། ད་དུང་རང་གི་སློབ་གྲྭའི་ཁ་ཕྱོགས་ཡུན་རིང་དུ་གནས་ཐུབ་པ་དང་། སྲོལ་རྒྱུན་གྱི་སློབ་གསོ་ཕྱོགས་སོ་སོར་དར་སྤེལ་གཏོང་བ་ལ་སོགས་པ་ནུས་པ་དང་ཕན་པ་བསམ་གྱིས་མི་ཁྱབ་པ་ཡོད་པར་བསམ་ནས་ཀྱང་སློབ་ཚོགས་འདི་ཉིད་བཙུགས་པ་རེད། དེ་ནས་མི་སྒེར་ལ་བསམ་བློ་གཏང་ནའང་རང་ཉིད་བོད་མི་རིགས་ཤིག་ཏུ་གྱུར་ཚར་དུས་རང་གི་རིག་གནས་དང་ཆོས་ལུགས་བཅས་ལ་མི་སྒེར་རང་ཉིད་ཀྱིས་ཀྱང་རྒྱུས་ལོན་བྱས་པ་ཙམ་དུ་མ་ཟད། རང་གི་བསམ་བློའི་ཕྱོགས་སུའང་ཐོན་མིའི་སློབ་གསོའི་ཤུགས་རྐྱེན་ཐེབས་རྒྱུ་དང་། འདིའི་ཕྱོགས་ལ་ནུས་ཤུགས་གང་ཡོད་འདོན་རྒྱུ་ལས་གཞན་ད་དུང་། རང་ཉིད་ཀྱི་མི་ཚེ་དོན་ལྡན་དུ་གཏོང་བ་ལའང་ཐོན་མིའི་སློབ་གསོ་ནི་མེད་མི་རུང་གི་མཐུན་རྐྱེན་ཡང་དག་ཅིག་ཡིན་པ་བཅས་ཀྱི་སླད་དུ་ཐོན་མིའི་སློབ་ཚོགས་ཞེས་པ་འདི་བཙུགས་གནང་བ་ཡིན། མདོར་བསྡུས་ན་ཐོན་མིའི་སློབ་གསོ་ནི་མི་རིགས་དང་། སློབ་གྲྭ། མི་སྒེར་གང་ལ་བསམ་བློ་བཏང་ནའང་ཐོན་མིའི་སློབ་གསོ་འདི་ཡར་རྒྱས་སུ་གཏོང་ཐུབ་ན་ཚང་མ་ཕན་ཐོགས་འདུག་སྙམ་ནས་སློབ་ཚོགས་འདི་སྒྲུབ་པ་རེད།

   དེས་ན་ང་ཚོའི་སློབ་གསོའི་ཁ་ཕྱོགས་ནི་བོད་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་མཐུན་པ། ཆོས་ལུགས་དང་རྒྱབ་འགལ་མ་སོང་བ་ཞིག་ཡིན་ལ། འདི་ནི་ང་ཚོའི་སློབ་གསོའི་ཁ་ཕྱོགས་སམ་ཐོན་མིའི་སློབ་གསོའི་ཁ་ཕྱོགས་ཡིན། དེས་ན་ང་ཚོའི་མཐར་ཕྱིན་སློབ་མ་རྣམས་ནི་ས་ཆ་གང་དུ་ཡོད་ནའང་ཆོག  བྱ་བ་ཅི་ཞིག་བསྒྲུབ་ནའང་འགྲིག གང་ལྟར་བསམ་བློ་ཡི་ཆ་ལ་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གནས་ཀྱི་གཟུངས་གཞུག་ཡོད་པ། བསམ་བློ་དང་ཀུན་སྤྱོད་གང་ཡིན་ནའང་རང་ཉིད་ཀྱིས་རང་ཉིད་ལ་བདག་ལེགས་པོ་ཞིག་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད།

   དེས་ན་སློབ་གྲྭ་འདིའི་ནང་དུ་སློབ་མཐར་ཕྱིན་པའི་སློབ་མ་ཞིག་ལ་མཚོན་ན་སློབ་གྲྭ་འདིའི་སློབ་གསོའི་ཁ་ཕྱོགས་ནི་ཐོན་མིའི་སློབ་གསོའི་ཁ་ཕྱོགས་ཡིན་པ་དང་། ཐོན་མིའི་བཀའ་དྲིན་ཅན་གྱི་བསམ་བློའི་ཁ་ཕྱོགས་ནི་ཡང་དག་པ་ཞིག་ཡིན་པ་དེ་ཡི་ཕྱིར་ན་རང་ཉིད་ཀྱིས་སྤྱི་ཚོགས་སུ་ཐོན་མིའི་སློབ་གསོའི་སྟེང་དུ་ཤུགས་སྣོན་པ་དང་། དེ་ལ་བསླབ་པ་སློབ་གཉེར་བྱ་རྒྱུ་ནི་ཤིན་ཏུ་ནས་འགངས་ཆེ་བ་ཡིན། ང་ཚོའི་སློབ་གྲྭའི་མཐར་ཕྱིན་སློབ་མ་ཞིག་ཡིན་ཕྱིན་ཐོན་མིའི་སློབ་གསོའི་རྐང་འཛིན་པ་དང་། ཐོན་མིའི་སློབ་གསོ་དར་སྤེལ་གཏོང་མཁན་ཡིན་པས། སྤྱི་ཚོགས་གང་དུ་གནས་ནའང་རང་ཉིད་ཀྱི་བསམ་བློ་དང་ཀུན་སྤྱོད་གང་ལའང་བདག་ཡག་པོ་ཞིག་བྱེད་དགོས་པ་ཡིན།

   དེ་ལྟར་མིན་པར་ཐོན་མིའི་སློབ་ཚོགས་ཀྱི་མིང་བཟུང་ནས་བསམ་བློ་དང་ཀུན་སྤྱོད་ནི་ཐོན་མིའི་སློབ་གསོ་དང་རྒྱབ་འགལ་དུ་སོང་བ་ཡིན་ན། གཅིག་ནས་མི་སྒེར་གྱི་རིན་ཐང་ལ་གནོད་པ་དང་། གཉིས་སུ་སློབ་གྲྭའི་མཚན་སྙན་ལའང་ཤུགས་རྐྱེན་ངན་པ་ཐེབས་སྲིད་པ་དང་། དེ་རྒྱ་ཆེ་རུ་སོང་ན་བོད་མི་རིགས་སྤྱི་ལའང་བསམ་བློ་དང་ཀུན་སྤྱོད་ཆ་ནས་གནོད་པ་ཡོང་བ་ཡིན་པས། ཐོན་མིའི་སློབ་གསོ་དར་སྤེལ་གཏོང་མཁན་དང་རྐང་འཛིན་མཁན་ཞིག་ལ་མཚོན་ན་ཆེས་ཐོག་མར་རང་ཉིད་ཀྱི་བསམ་བློ་དང་ཀུན་སྤྱོད། བྱ་བ་བྱེད་སྟངས་བཅས་ལ་ཤིན་ཏུ་ནས་མཉམ་འཇོག་དང་དོ་སྣང་བྱེད་དགོས་པ་ནི་གཙོ་བོའི་ནང་གི་གཙོ་བོ་ཡིན། དེ་བས་ཐོན་མིའི་སློབ་ཚོགས་ཀྱི་སློབ་མ་རྣམས་ནི་ཡུལ་གང་ཞིག་དང་སྤྱི་ཚོགས་གང་ཞིག  བྱ་བ་ཅི་ཞིག་སྒྲུབ་ཀྱིན་ཡོད་ནའང་ལས་རྒྱུ་འབྲས་དཔང་བོར་བཞག་ནས་བྱ་བ་བྱེད་མཁན་འབའ་ཞིག་ཏུ་འགྱུར་རྒྱུ་ལས། དགེ་རྒན་ཞིག་གམ་ཕ་མ་ཞིག་གི་སྒྲིག་ལམ་མེད་ཚེ་ལས་མི་དགེ་བ་སྣ་ཚོགས་སྒྲུབ་མཁན་ཞིག་ཏུ་གཏན་ནས་འགྱུར་མི་རུང་བ་ཡིན། དེ་དག་གཙོ་བོ་རེད།

   དེ་ནས་ཐོན་མིའི་སློབ་ཚོགས་ཞེས་པའི་ཚོགས་པ་འདི་འདྲ་ཞིག་གཟུག་དགོས་པའི་རྒྱུ་མཚན་གཞན་ཡིན་ན། སློབ་གླིང་འདི་ནས་སློབ་མཐར་ཕྱིན་པའི་སློབ་མ་སུ་དང་སུ་ཞིག་ཡིན་ནའང་། སློབ་གླིང་འདིའི་སློབ་མ་ཞིག་ཡིན་ཕྱིན་ནས་ས་ཕྱོགས་གང་དུ་ཡོད་ཀྱང་ཆོག  བྱ་བ་གང་ཞིག་སྒྲུབ་ཀྱིན་ཡོད་ནའང་རུང་ཚང་མ་བླ་མ་གཅིག་གི་སློབ་མ་དང་། དཀྱིལ་འཁོར་གཅིག་གི་ལྷ་ཚོགས། སློབ་གྲྭ་གཅིག་གི་སློབ་མ་ཡིན་པས་གཅིག་གིས་གཅིག་ལ་རོགས་རེས་བྱེད་པ་དང་། མཐུན་སྒྲིལ་འཛིན་པ་བཅས་བྱེད་རྒྱུ་དེའང་ཐོན་མིའི་སློབ་ཚོགས་ཀྱི་དམིགས་ཡུལ་ཡིན། མཐར་ཕྱིན་པའི་སྔ་གཞུག་གི་དབང་གིས་ངོ་ཤེས་མི་ཤེས་དང་། ས་གནས་གཅིག་མི་གཅིག་དེ་འདྲ་ཡོད་རྒྱུ་རེད་མོད། ས་ཆ་མི་གཅིག་པ་དང་ཕན་ཚུན་ངོ་མི་ཤེས་པ་གཙོ་བོ་མ་ཡིན་པར་སློབ་གྲྭ་གཅིག་དང་དགེ་རྒན་གཅིག་གིས་སྐྱེད་སྲིང་བྱས་པ་ཡིན་པའི་ཆ་ནས་གཅིག་གིས་གཅིག་ལ་མཐོང་ཆེན་དང་རྒྱབ་སྐྱོར་བྱེད་པ་བཅས་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་མཐར་ཕྱིན་པའི་སློབ་མ་ཞིག་ཡིན་ན་ངེས་པར་བསྒྲུབ་དགོས་པ་ཞིག་ཡིན་ལ། ཐོན་མིའི་སློབ་ཚོགས་གཟུག་དགོས་པའི་དམིགས་ཡུལ་གྱི་ཆ་ཤས་ཤིག་ཀྱང་ཡིན། དེ་ལྟར་སོང་ན་མཐུན་སྒྲིལ་ཡོད་སོང་བ་རེད་ལ་མཐུན་སྒྲིལ་ཡོད་དུས་ནས་ཐུན་མོང་མིན་པའི་སྟོབས་ཤུགས་ཤིག་ཀྱང་རང་བཞིན་གྱིས་ཆགས་འགྲོ་བ་ཡིན།

   སྤྱིར་ཡིན་ནའང་སློབ་གྲོགས་ཟེར་བ་འདིས་ནི་གཅིག་གིས་གཅིག་ལ་རྒྱབ་སྐྱོར་བྱས་པའི་སྟོབས་ཤུགས་ནི་སུས་ཀྱང་འགྲན་མི་ནུས་པའི་སྟོབས་ཤུགས་ཤིག་ཡིན་པ་དེ་ལྟར་ཡིན། ང་རང་ཉིད་ལ་མཚོན་ནའང་རྒྱལ་ཁབ་ཀྱི་སློབ་གྲྭ་དང་ནང་བསྟན་སློབ་གྲྭ་སོགས་སློབ་གྲྭ་མང་དུ་འགྲིམས་པ་ཡིན་པས། རང་ཉིད་ཀྱིས་བྱ་བ་གང་ཞིག་བསྒྲུབ་ནའང་ཕྱོགས་སོ་སོ་ནས་སློབ་གྲོགས་ཚོས་རོགས་རམ་མི་དམན་པ་བྱས་དང་བྱེད་བཞིན་པ་འདིས་ནི་རང་གི་བྱ་བའི་སྟེང་དུ་ཕན་ཐོགས་ཆེན་པོ་བྱུང་དང་འབྱུང་བཞིན་པ་དེ་འདྲ་རེད། དེས་ན་སློབ་གླིང་འདིར་མཐར་ཕྱིན་པའི་སློབ་མ་དང་། དགོས་དབང་གིས་མཐར་མ་ཕྱིན་ནའང་འདིར་སློབ་གཉེར་བྱེད་མྱོང་མཁན་ཞིག་ཡིན་ཕྱིན་ཚང་མས་གཅིག་གིས་གཅིག་ལ་རོགས་འདེགས་བྱས་པ་ཡིན་ན། མི་རང་ཉིད་ཀྱིས་ཀྱང་བྱ་བ་བདེ་བླག་ཏུ་འགྲུབ་པ་དང་། ཚོགས་པའི་ངོས་ནས་ཀྱང་བྱ་བ་སྣ་ཚོགས་ཡིད་བཞིན་དུ་བསྒྲུབ་པ་ལ་ནུས་པ་ཆེན་པོ་ཐོན་ཐུབ་ལ། སློབ་གྲྭ་ལའང་ཕན་ཐོགས་མི་དམན་པ་ཡོད་ཐག་ཆོད་ཡིན།

   དེང་སྐབས་བོད་ཁམས་ཀྱི་ས་ཆ་སོ་སོར་ཐོན་མིའི་སློབ་ཚོགས་ཡོད་ལ། ཐོན་མིའི་སློབ་ཚོགས་ཡོད་པ་ཙམ་གྱི་མི་ཆོག་པར་ས་གནས་གང་དུ་ཐོན་མིའི་སློབ་ཚོགས་ཡོད་ན་སློབ་ཚོགས་དེ་ཉིད་ཀྱིས་ས་ཆ་དེ་ཉིད་ལ་སྣེ་ཁྲིད་བྱས་ཏེ་ས་གནས་དེ་ཉིད་ལེགས་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བར་ནུས་པ་འདོན་དགོས་པ་ཡིན་ལ། གཞན་ལ་ཕན་པ་བསྒྲུབ་པའི་ཕྱོགས་ལ་བརྩོན་པ་བསྐྱེད་རྒྱུ་ནི་གནད་ཀྱི་དོན་པོ་རེད། སྤྱིར་བཏང་བཤད་ན་ཁྱེད་ཅག་སློབ་གྲྭར་ཡོད་དུས་ཡིན་ནའང་འདྲ། སློབ་མཐར་ཕྱིན་དུས་ཡིན་ནའང་ཆོག  སློབ་མཐར་ཕྱིན་ནས་སྤྱི་ཚོགས་ཀྱི་ས་གནས་སོ་སོར་ངེད་ཅག་ཐུག་དུས་ཡིན་ནའང་རུང་ནམ་རྒྱུན་བཤད་རྒྱུ་གཅིག་ཡོད་པ་ནི་རྒྱལ་ཁབ་དང་། མི་རིགས། སྤྱི་ཚོགས་ལ་ཕན་པའི་མི་ཞིག་ཏུ་འགྱུར་རྒྱུའི་ཕྱོགས་ལ་བརྩོན་པ་བསྐྱེད་རྒྱུ་དང། ལྷག་བསམ་རྣམ་དག་བྱེད་རྒྱུ་དེ་ཡིན་ལ། དོན་ངོ་མར་བཤད་ནའང་ངེད་ཅག་གི་མཐར་ཕྱིན་སློབ་མ་རྣམས་ཀྱི་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་པའི་གནས་སྟངས་ནི་ངོ་མ་ཡག་པོ་རེད། དཔེར་ན་ཁེ་ལས་གཉེར་མཁན་དང་། སྨན་ཁང་དང་སློབ་གྲྭ་འཛུགས་མཁན། གཞན་པའི་རྒྱལ་ཁབ་ཀྱི་ལས་བྱེད་དང་དགེ་རྒན་གྱི་ལས་གཉེར་བ་སོགས་དང་། དགོན་པའི་དགེ་རྒན་དང་། ལས་སྣེ་གང་ཡིན་ནའང་རང་གི་ཕྲག་ཏུ་བབ་པའི་འོས་འགན་དེ་ཉིད་རྒྱུ་འབྲས་དཔང་བོར་བཞག  ལྷག་བསམ་རྣམ་དག་གིས་སྒྲུབ་མཁན་ཧ་ཅང་མང་བོ་འདུག་པ་ནི་དངོས་གནས་རྗེས་སུ་ཡི་རང་གི་གནས་ཁོ་ན་ཡིན། དེ་བས་དེང་སྐབས་སྤྱིའི་ཆ་ནས་སྤྱི་ཚོགས་ཁྱོན་ཡོངས་ཀྱིས་ཁས་ལེན་པ་ལྟ་བུ་ཞིག་ཆགས་ཡོད་པའི་རྒྱུ་མཚན་ཡང་མཐར་ཕྱིན་སློབ་མ་རྣམས་ཀྱིས་ལྷག་བསམ་རྣམ་དག་གིས་བྱ་བ་ལེགས་པོ་སྒྲུབ་པ་དེའི་དྲིན་ཡིན་པ་སྨྲས་མེད་རེད། ཡང་ཕྱོགས་གཞན་ཞིག་ནས་འདི་ལྟ་བུའི་ལྟ་བ་དང་སྤྱོད་པ་ལ་མི་དགའ་མཁན་ཡང་ཡོད་སྲིད་ལ། སློབ་གྲྭའི་ཕྱོགས་ནས་མི་འདང་སའང་ཡོད་ཐག་ཆོད་ཡིན་པས་ཕྱིར་ན། དགའ་མི་དགའ་བཤད་མཁན་རེ་ཡང་ཡོད་ངེས་མོད་སྤྱིའི་ཆ་ནས་རང་རེའི་སློབ་གྲྭ་འདིས་སྤྱི་ཚོགས་ལ་ཕན་ཐོགས་པ་ནི་བཤད་མ་དགོས་པ་ཡིན་པས། དགེ་རྒན་དང་ལས་བཟོ་བ་ཚང་མས་དཀའ་ལས་བླ་མེད་མྱངས་སོང་ནའང་། འདི་ལྟར་སྤྱི་ཚོགས་ལ་ཕན་ཐོགས་ངེས་ཅན་ཞིག་སྒྲུབ་ཐུབ་སོང་ན་དཀའ་ལས་མྱངས་པ་ལའང་འབྲས་བུ་སྨིན་སོང་བ་ཡིན་པས་སྡུག་མྱངས་པས་མྱང་གོ་ཆོད་སོང་བ་རེད།

   རྒྱུ་མཚན་དེ་དག་གི་ཕྱིར་ན་ང་ཚོ་ཚང་མས་སྤྱི་ཚོགས་ལ་ཐོན་པའི་ནུས་པ་ཤིན་ཏུ་རྒྱ་ཆེ་ལ། སྤྱི་ཚོགས་ཀྱིས་གདེངས་འཇོག་བྱས་པའི་ཚད་གཞིའང་ཤིན་ཏུ་མཐོ། དེ་བས་སྤྱི་ཚོགས་ཀྱིས་གདེངས་འཇོག་མང་བོ་བྱེད་བཞིན་པའི་སྐབས་འདིར་མཐར་ཕྱིན་སློབ་མ་རང་ཉིད་ཀྱིས་ཀྱང་སྐ་རགས་སྲ་སྡོམ་བྱས་ཏེ་སྤྱི་ཚོགས་ལ་ཕན་པ་རེ་ཨེ་སྒྲུབ་དང་ཕན་རེ་ཨེ་ཐོགས་ལྟ་བ་ནི་ཤིན་ཏུ་གལ་ཆེ་བར་མཐོང་། དེང་སྐབས་སྤྱི་ཚོགས་ཀྱི་ལས་རིགས་སོ་སོར་ལས་མི་རེ་བསྡུ་བའི་ཚེ་ནའང་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་མ་ཞིག་ཡིན་ཚེ་དེ་ནི་འཇོན་ནུས་དང་ཀུན་སྤྱོད་གང་གི་ཕྱོགས་ནས་ཀྱང་ལེགས་པོ་ཡོད་པའི་ལྟ་ཚུལ་འཛིན་པ་ཤིན་ཏུ་མང་བས། སྤྱི་ཚོགས་ཀྱི་མཐོང་སྣང་ཇེ་ཡག་ཡིན་པའི་སྐབས་འདིར་ང་ཚོ་རང་ངོས་ནས་ཀྱང་ཇེ་རྒྱས་ཇེ་ལེགས་སུ་གཏང་རྒྱུ་ནི་མི་སྒེར་དང་སློབ་གྲྭ་གང་ལ་མཚོན་ནའང་གལ་ཆེན་ནང་གི་དོན་ཆེན་ཡིན། འདི་ནི་ཚང་མའི་ཕྲག་ཏུ་བབ་པའི་འོས་འགན་ཡིན་པས་ཕྱིར་ན་མུ་མཐུད་ནས་འབད་བརྩོན་བྱེད་རྒྱུའི་རེ་བ་བཏོན་པ་ཡིན་ལ་ཁྱེད་ཅག་གིས་ཀྱང་དེ་བཞིན་བསྒྲུབ་པའི་ཡིད་ཆེས་རྣལ་མའང་ཡོད།

   དེ་བཞིན་དུ་ས་གནས་སོ་སོའི་ཐོན་མིའི་སློབ་ཚོགས་དག་ལ་མཚོན་ནའང་གཅིག་གིས་གཅིག་ལ་མཉམ་འབྲེལ་བྱེད་པ་དང་། ཕན་ཚུན་ལ་རོགས་རེས་བྱེད་པ། སློབ་ཚོགས་ཕར་ཕྱོགས་ན་ཡོད་པའི་ལེགས་ཆ་ལེན་པ་དང་། ཚུར་ཕྱོགས་ཀྱི་མི་འདང་བའི་ཆ་ལ་ཁ་གསབ་དང་ལེགས་བཅོས་བྱེད་པ་སོགས་སློབ་ཚོགས་ཕན་ཚུན་ལ་སློབ་སྦྱོང་དང་། བསམ་བློ་བརྗེ་རེས་བྱེད་རྒྱུའང་གལ་ཆེན་པོར་མཐོང་། དེ་ལྟར་བྱས་ན་ང་ཚོའི་སྟོབས་ཤུགས་ཀྱང་ཇེ་ཆེར་འགྲོ་རྒྱུ་ཡིན་པ་ཐག་ཆོད་ཡིན། དེ་ལས་གཞན་ང་ཚོའི་ཐོན་མིའི་སློབ་ཚོགས་ཀྱི་སྤྱི་སྟེ་ད་ལྟ་སློབ་གྲྭ་ན་ཡོད་པའི་ཚོགས་གཙོ་དང་དྲུང་ཡིག་ཆེན་མོ་ལ་སོགས་དང་ས་གནས་སོ་སོའི་སློབ་ཚོགས་གཉིས་ཀྱིས་གཅིག་གིས་གཅིག་ལ་འབྲེལ་བ་བྱེད་རྒྱུ་དང་། ཕན་ཚུན་ལ་རྒྱུ་མཚན་བཤད་པ་སོགས་བྱས་ཏེ་འདི་ཉིད་རྩ་འཛུགས་ཀྱི་རྣམ་པ་ཅན་དུ་འགྱུར་རྒྱུ་ནི་ཤིན་ཏུ་གལ་ཆེན་ཡིན། སློབ་ཚོགས་འདི་ནི་ཅིའི་ཕྱིར་རྩ་འཛུགས་ཅན་དུ་འགྱུར་དགོས་པ་རེད་ཟེར་ན། སློབ་གྲྭ་རུ་ཡོད་པའི་སློབ་ཚོགས་སྤྱིའི་འགོ་བ་དག་གི་བཀོད་འདོམས་ཀྱིས་ནུས་པ་ཡོད་ཚད་ལྷན་ཅིག་ཏུ་སྦྲེལ་བ། མཐུན་སྒྲིལ་གྱི་ནུས་ཤུགས་གཅིག་ཏུ་བསྒྲིལ་བ་སོགས་དགེ་མཚན་ཆེ་བའི་རྩ་འཛུགས་ཅན་དུ་འགྱུར་རྒྱུ་དེ་གནད་ཀྱི་དོན་པོ་དང་། སློབ་ཚོགས་ཕན་ཚུན་གྱིས་ཕན་ཚུན་ལ་བརྩི་བཀུར་བྱེད་པ། སྤྱིའི་སྒྲིག་ལམ་དང་མ་འགལ་བ་ཞིག་གི་སྒོ་ནས་བྱ་བ་བསྒྲུབ་ན་ད་གཟོད་ང་ཚོ་ལ་རྩ་འཛུགས་ཡོད་པས་གོ་ཆོད་སོང་བ་རེད། སྒྲིག་ལམ་ཞེས་པ་ནི་ཡོད་པ་ཙམ་གྱིས་མི་ཆོག་པར་ཚང་མས་སྒྲིག་ལམ་ལ་སློབ་སྦྱོང་དང་། དེ་ནས་སྒྲིག་ལམ་དེ་ཉིད་ལག་བསྟར་བྱས་པ་ཡིན་ན་རྩ་འཛུགས་དེ་ཉིད་ཀྱི་བྱ་བ་ལེགས་པར་འགྲུབ་པ་ལ་ནུས་པ་ཐོན་པ་ཡིན།

  དེ་ནས་སྤྱི་ཚོགས་སྟེང་བྱ་བ་སྒྲུབ་མཁན་སུ་ཞིག་ཡིན་ནའང་ཆོས་ཁྲིམས་དང་སྲིད་ཁྲིམས་གང་ལའང་མི་འགལ་བའི་ལམ་ནས་བྱ་བ་བསྒྲུབ་རྒྱུ་གལ་ཆེན་ཡིན་པ་སྟེ། ཁྲིམས་ལུགས་དང་འགལ་བའི་བྱ་བ་བསྒྲུབ་ཚེ་རང་ཉིད་ལ་གནོད་སྐྱལ་བ་ཙམ་དུ་མ་ཟད། སྤྱིའི་བྱ་གཞག་ལའང་གནོད་ཚབས་ཆེན་པོ་བཏང་བ་ཡིན་པས་ཁྲིམས་ལུགས་དང་མི་འགལ་བ་གཞིར་བཞག་གི་ཐོག་ནས་བྱ་བ་བསྒྲུབ་རྒྱུའང་ཤིན་ཏུ་ནས་གལ་ཆེ། ཁྲིམས་ལུགས་དང་འགལ་ཚར་དུས་བྱ་བ་ཡོད་ཚད་སྒྲུབ་པའི་སྒོ་བཀག་པ་ཡིན་པས་ང་ཚོ་ཚང་མས་ཁྲིམས་ལུགས་དང་མཐུན་པའི་སྒོ་ནས་བྱ་བ་མཉམ་རུབ་ཀྱིས་བསྒྲུབ་དགོས། དེ་ལྟར་མཉམ་འབྲེལ་གྱི་སྒོ་ནས་བསྒྲུབ་རྒྱུའི་བྱ་ཤིན་ཏུ་མང་སྟེ།  དཔེར་ན་ས་གནས་སོ་སོའི་ཐོན་མིའི་སློབ་ཚོགས་གང་རུང་གིས་གསབ་སྦྱོང་འཛིན་གྲྭ་འཛུགས་པ་སོགས་སློབ་གསོའི་བྱ་བ་མཉམ་འབྲེལ་གྱིས་སྒྲུབ་པ་དང་། ཚོང་ལས་མཉམ་འབྲེལ་གྱིས་སྒྲུབ་པ་སོགས་ཡོད་པས་ཚང་མས་མཉམ་འབྲེལ་གྱི་ནུས་པ་འདོན་རྒྱུའང་གལ་བོ་ཆེ་རུ་སྣང་། མཉམ་འབྲེལ་དེའང་བསམ་བློའི་ཁ་ཕྱོགས་གཅིག་ཏུ་མཐུན་པའི་མཉམ་འབྲེལ་དེ་གཙོ་བོ་ཡིན་པས་ཕྱིར་ན་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སློབ་མ་ཞིག་ཡིན་ཚེ་བསམ་བློའི་ཁ་ཕྱོགས་དང་འདུ་ཤེས་ཀྱི་འཛིན་སྟངས་སོགས་འདྲ་ས་མང་བོ་ཞིག་ཡོད་པ་ཡིན། སློབ་གླིང་འདིར་སློབ་གཉེར་དུ་ཡོང་མཁན་ཚང་མ་ནི་སྲོལ་རྒྱུན་རིག་གནས་ལ་དགའ་ཞེན་ཡོད་པ་ཤ་སྟག་དང་། འདིའི་ནང་གི་ཁྲིད་བྱ་ཡོད་ཚད་ཀྱང་སྲོལ་རྒྱུན་རིག་གནས་ལ་མཁོ་བ་ཁོ་ན་ཁྲིད་ནས་ཡོང་བ་ཡིན་པས་ན། སློབ་གླིང་འདིའི་མཐར་ཕྱིན་སློབ་མ་དག་ནི་བསམ་བློའི་འཁོར་ཕྱོགས་དང་འགྲོ་ཕྱོགས་གཅིག་ཏུ་མཐུན། དེ་བས་བྱ་བ་ཞིག་མཉམ་དུ་ལས་ན་སྒྲུབ་ཐུབ་ལ། དེ་མ་གཏོགས་དེང་སང་མི་མང་བོས་མཉམ་འབྲེལ་གྱིས་བྱ་བ་སྒྲུབ་ཐུབ་ཀྱིན་མེད་པ་འདི་ནི་བསམ་བློའི་འཛིན་སྟངས་དང་། རིག་གནས་ཀྱི་རྒྱབ་ལྗོངས་སོགས་མང་བོ་མ་འདྲ་བའི་རྒྱུ་མཚན་གྱིས་ཕྱོགས་གཅིག་ལ་འགྲོ་མི་ཐུབ་པ་དེ་འདྲ་རེད་མོད། རང་རེ་དེ་ལྟར་མིན་པར་བསམ་བློའི་ཁ་ཕྱོགས་གཅིག་ཏུ་མཐུན་པ་འདི་ནི་མཉམ་འབྲེལ་བྱེད་ཐུབ་པའི་ཆ་རྐྱེན་ཆེ་ཞིག་ཡིན། དེ་ལྟར་གཅིག་གིས་གཅིག་ལ་ཡིད་ཆེས་བྱེད་རྒྱུ་དང་། ཁྲེལ་མེད་ཀྱི་ལས་མི་བསྒྲུབ་རྒྱུ་ནི་གལ་ཆེན་ཡིན་མོད། རེ་འགས་སློབ་གྲོགས་ཡིན་ཞེས་ཡིད་ཆེས་བྱེད་པ་དང་རྒྱབ་སྐྱོར་བྱེད་པ་དང་རེ་ཟུང་གིས་དེ་ལ་དོ་སྣང་མི་བྱེད་པ་སོགས་བྱས་ན་རང་དོན་དང་གཞན་དོན་གཅིག་ཀྱང་མི་འགྲུབ་པ་ཡིན་པས་ཕན་ཚུན་གྱི་ཡིད་ཆེས་མི་བརླག་རྒྱུ་དེ་གཙོ་བོ་རེད། དེ་བས་སུ་ཡིན་ནའང་ཁྲིམས་འགལ་དང་ལུགས་འགལ་མ་ཡིན་པའི་ཐོག་ནས་མདུན་ལམ་ལེགས་པོ་ཞིག་སྐྱེད་སྲིང་བྱ་རྒྱུ་དང་། དེ་ལ་ཧུར་བརྩོན་གྱིས་འཇུག་རྒྱུ་དེ་ཡིན།

   ཐོན་མིའི་སློབ་གསོ་ཡུན་རིང་དུ་གནས་རྒྱུ་དང་ཡུན་རིང་དུ་བསྐྱང་རྒྱུ། སློབ་གྲྭ་འདི་ཉིད་ཡུན་གནས་ཡོང་བ་སོགས་གང་ལ་མཚོན་ནའང་ཐོན་མིའི་སློབ་ཚོགས་འདི་ཉིད་ནི་ཧ་ཅང་མེད་དུ་མི་རུང་བ་ཞིག་སྟེ། ཚོང་ལས་མཉམ་ལས་ཡིན་ནའང་ཆོག སློབ་གསོ་དང་རིག་གནས། དགེ་ལས་གང་ཡིན་ནའང་ང་ཚོས་ནུས་པ་མང་བོ་ཐོན་དང་འདོན་བཞིན་ཡོད། ནུས་པ་འདི་དག་ཀྱང་སློབ་གྲོགས་ཕན་ཚུན་མཉམ་འབྲེལ་བྱས་པའི་ནུས་པ་དེ་ཡིན། སློབ་ཚོགས་འདི་ཉིད་བཙུགས་པ་ནས་བཟུང་ད་བར་གྱི་བྱ་བའི་བརྒྱུད་རིམ་ཡོད་ཚད་ལ་ཕྱིར་དྲན་བྱས་ན། ཐོན་མིའི་སློབ་ཚོགས་ཞེས་པ་འདིས་ནུས་པ་ཆེན་པོ་ཐོན་ཡོད་པ་ང་ཚོས་ཤེས་ཡོད་ལ་ཤེས་ཀྱང་དགོས། དཔེར་ན་ཐོན་མིའི་སློབ་ཚོགས་མ་ཚུགས་ཡར་སྔོན་དུ་རང་རེའི་སློབ་གྲྭའི་དྲ་ཚིགས་འདི་ཉིད་ཀྱང་ཐེངས་མང་ལ་དངུལ་འབོར་ཆེན་བཏང་ནས་ལས་པ་རེད་མོད། ཇེ་རྒྱས་ཇེ་ལེགས་སུ་གཏོང་བ་དང་རྒྱུན་སྐྱོང་བ་སོགས་ཀྱི་ཆ་ནས་འཐུས་ཤོར་དུ་སོང་བ་ཡིན་པས། ང་ཚོས་ཐོན་མིའི་སློབ་ཚོགས་བཙུགས་ཚར་རྗེས་ཀྱི་བྱ་བ་ཨང་དང་བོ་དྲ་ཚིགས་གསར་དུ་སྒྲུབ་འགོ་བརྩམས་པ་དེ་རེད་ལ། དེང་སྐབས་སློབ་གྲྭའི་དྲ་ཚིགས་འདི་ཉིད་ནི་ཧ་ཅང་གི་ཕུན་སུམ་ཚོགས་པ་ཞིག་ཏུ་གྱུར་དང་འགྱུར་བཞིན་ཡོད་པའི་ཁར་འདིའི་ནང་གི་གསར་འགོད་པ་དང་། ཡིག་གཏགས་པ། དོ་དམ་པ་སོགས་སུ་ཡིན་ནའང་བྱ་བ་འདི་ལ་ཧུར་བརྩོན་དང་རྒྱུན་འཁྱོངས་ཏེ་རང་རང་ས་ནས་རྩོམ་ཡིག་འབྲི་བསྒྱུར་སོགས་རྒྱུན་འཁྱོངས་བྱས་པས། དྲ་ཚིགས་འདི་ཉིད་བསྒྲུབས་ནས་ཡིན་རིང་ཞིག་སོང་མེད་ནའང་ཀློག་མཁན་གྱི་ལྟ་ཀློག་གི་གྲངས་ཀ་སོགས་ནི་ཧ་ཅང་མཐོན་པོར་བསླེབས་པ་དང་། གདེངས་འཇོག་བྱེད་མཁན་ཡང་ཤིན་ཏུ་མང་ལ་གསར་དུ་བསྒྲུབས་པའི་དྲ་ཚིགས་དག་ལས་ང་ཚོའི་སློབ་གྲྭའི་དྲ་ཚིགས་ནི་ཅུང་ཁྱད་པར་འཕགས་པ་འདི་ཉིད་ཀྱང་ཐོན་མིའི་སློབ་ཚོགས་བཙུགས་པའི་གྲུབ་འབྲས་ཆེ་ཤོས་ཤིག་རེད།

    དེ་ནས་དེང་སྐབས་ཁྲི་འདུ་རུ་ལས་བཞིན་པའི་རྭ་རྒྱའི་བཀའ་འགྱུར་གྱི་པར་གཞིའི་སྐོར་རེད། འདི་ལ་མཚོན་ནའང་ཐོན་མིའི་སློབ་ཚོགས་བཙུགས་རྗེས་ཤེས་རབ་ཀྱིས་སྦྱིན་བདག་བཙལ་བ་སོགས་བྱས་པ་དང་། སྦྱིན་བདག་བཙལ་བ་ཙམ་མ་ཡིན་པར་ཚེགས་དང་བརྩོན་འགྲུས་མང་བོ་ཞིག་བཏང་སྟེ། ཞུ་དག་བཤེར་འབེབས་བྱེད་པ་ལ་སོགས་པ་ཐོན་མིའི་སློབ་ཚོགས་ཀྱིས་མགོ་བཟུང་བ་ནས་ད་ལྟའི་བར་དུ་བྱ་བའི་རྒྱུན་མ་ཆད་པར་མུ་མཐུད་དུ་ལས་བཞིན་ཡོད་པ་དེ་འདྲ་རེད་ལ། ལས་གཞི་འདི་ཡང་འཇིག་རྟེན་ན་རྙེད་པར་དཀའ་བའི་རྭ་རྒྱའི་བཀའ་འགྱུར་དེ་ཉིད་རྙེད་ཟིན་པར་མ་ཟད་སློབ་མིའི་སློབ་ཚོགས་ཀྱིས་གསར་དུ་པར་འདེབས་ཀྱི་འགོ་འཛུགས་ཐུབ་སོང་བ་འདིའང་སློབ་ཚོགས་ཀྱི་གཟི་བརྗིད་ཅིག་ཡིན་པར་མ་ཟད།  ཐོན་མི་བཀའ་དྲིན་ཅན་གྱིས་རང་རེའི་ཡུལ་གངས་ཅན་གྱི་ལྗོངས་ལ་ནང་བའི་བསྟན་པ་སྤེལ་བར་མཛད་པ་ལ་འབྲི་བསྒྱུར་གྱི་ཕྱག་ལས་མཛད་པ་བཞིན། ང་ཚོས་ཀྱང་ཐོན་མིའི་སློབ་ཚོགས་བཙུགས་མ་ཐག་ནས་བཟུང་འཇིག་རྟེན་འདིར་བཞུགས་མི་འདུག་ཅེས་གླེང་བཞིན་པའི་རྭ་རྒྱའི་བཀའ་འགྱུར་རྙེད་པར་མ་ཟད། དེ་ཉིད་དཔར་སྐྲུན་གྱི་ལས་གཞི་འགོ་ཚུགས་པ་ཚང་མ་རྟེན་འབྲེལ་ཕུན་སུམ་ཚོགས་པ་དང་། ཐོན་མིའི་སློབ་ཚོགས་བཙུགས་པའི་གྲུབ་འབྲས་བླ་ན་མ་མཆིས་པ་དེ་ཡིན།

   དེ་ནས་སློབ་ཚོགས་ཀྱིས་ཟི་ལིང་དུ་ཐོན་མིའི་སློབ་གསོའི་ཞབས་ཞུ་ལྟེ་གནས་འཛུགས་བཞིན་པ་འདི་ཉིད་ཀྱང་བྱ་བ་རྒྱ་ཆེན་པོ་དང་། མ་འོངས་པ་ན་ས་གནས་སོ་སོའི་སློབ་ཚོགས་ཚང་མས་ཟི་ལིང་གི་ཕྱོགས་ནས་མཉམ་འབྲེལ་གྱིས་བྱ་བ་སྒྲུབ་ཚེ་སྒྲུབ་ཐུབ་པ་སོགས་བྱ་བ་ཆེན་པོ་ཞིག་་འགོ་འཛུགས་བྱས་པ་ཡིན་པས་ན། ཐོན་མིའི་སློབ་ཚོགས་ཀྱི་ཚོགས་མི་སྟེ་མཐར་ཕྱིན་ཚང་མས་རང་རང་ས་ནས་དགེ་ལས་ཀྱི་སྦྱིན་བདག་བཙལ་བ་སོགས་བྱས་པས་དེང་སྐབས་ཀྱི་བྱ་བ་ལ་གྲུབ་འབྲས་བླ་མེད་ཐོབ་ཡོད། དེང་སྐབས་སློབ་ཚོགས་ཀྱི་ངོས་ནས་པར་ཁང་རེ་ཟུང་བཙུགས་ཡོད་པ་དང་། ཟ་ཁང་ཡང་རེ་ཟུང་འཛུགས་ཐུབ་ཡོད་པ་སོགས་ཀྱང་མཐར་ཕྱིན་སློབ་མ་སྟེ་སློབ་ཚོགས་ཀྱི་ནུས་པ་ཡིན།

དེ་བཞིན་ས་གནས་སོ་སོའི་སློབ་ཚོགས་ཀྱིས་ཀྱང་ཁ་པར་ཆེད་འཚོང་དང་། པར་ཁང་། ཟ་ཁང་སོགས་ཁེ་ལས་ཀྱི་སྐོར་མང་བོ་ཞིག་བསྒྲུབས་དང་སྒྲུབ་བཞིན་པ་འདི་ལའང་སློབ་ཚོགས་ཀྱི་ནུས་པ་མི་དམན་པ་ཐོན་ཡོད་པ་ཡིན། ནང་སྒོས་སུ་སློབ་གྲྭ་རང་ཉིད་ཀྱིས་སྒྲུབ་པའི་སྤྲི་ཆུར་བཟོ་གྲྭ་ལྟ་བུ་ལ་མཚོན་ནའང་བོད་ཁམས་ཀྱི་ས་ཆ་སོ་སོར་ཚོང་ཚབ་ཀྱི་མི་སྣ་ནི་མཐར་ཕྱིན་སློབ་མ་དག་ལས་བདམས་ཏེ་རང་རང་ས་ནས་ཧུར་བརྩོན་བྱེད་བཞིན་ཡོད་ཅིང་། སྤྲི་ཆུར་དང་འོ་ཕྱེ་སོགས་བོད་ཁམས་ཀྱི་ས་ཆ་སོ་སོར་བཀྲམ་ཐུབ་པ་འདི་ཡང་སློབ་ཚོོགས་ཀྱི་ནུས་པ་ལ་བརྟེན་ནས་བྱུང་བ་ཡིན། དེ་ལྟར་ད་ལྟ་སློབ་གྲྭ་ན་བྱ་བ་བསྒྲུབས་དང་སྒྲུབ་བཞིན་པའི་དགེ་རྒན་ལས་བཟོ་བ་ཡོངས་དང་། ས་གནས་སོ་སོའི་ཐོན་མིའི་སློབ་ཚོགས་གཉིས་ཀྱིས་གཅིག་གིས་གཅིག་ལ་རོགས་རམ་བྱས་དང་། མཐུན་སྦྱོར་བྱས་པའི་བཀའ་དྲིན་ལས་བྱ་བ་མང་བོ་ཞིག་འགྲུབ་ཡོད། དེ་བས་ད་དུང་མུ་མཐུད་དུ་འབད་བརྩོན་དང་རྒྱུན་འཁྱོངས་བྱ་རྒྱུ་ཤིན་ཏུ་གལ་ཆེ། ད་ལྟ་བྱ་བ་མང་བོ་ཞིག་འགྲུབ་འདུག་སྙམ་ནས་རྟ་ཁ་གློད་པ་ཡིན་ན་རྗེས་ཕྱོགས་ཀྱི་བྱ་བ་ཡར་རྒྱས་སུ་འགྲོ་རྒྱུ་ནི་ཤིན་ཏུ་དཀའ།  དེ་བཞིན་དུ་ཐོན་མིའི་སློབ་ཚོགས་སྤྱི་དང་སློབ་ཚོགས་ཀྱི་རྒྱུན་ལས་རྣམ་པས་གཅིག་གིས་གཅིག་ལ་རྒྱབ་སྐྱོར་བླ་མེད་བྱས་རྐྱེན་གྲུབ་འབྲས་གཟེངས་སུ་ཐོན་པ་འདི་ཡིན། རྗེས་སོར་སློབ་ཚོགས་རྒྱུན་ལས་ཀྱི་སྐབས་མ་བརྗེ་བའི་བར་དུ་རང་རང་ས་ནས་ད་དུང་མུ་མཐུད་དུ་ཧུར་བརྩོན་དང་མཉམ་འབྲེལ་བྱས་ཏེ་མཉམ་མྱོང་བརྗེ་རེས་ཀྱིས་མཚོན་པའི་བྱ་བ་མང་བོ་ཞིག་རྒྱུན་བསྐྱངས་ནས་བསྒྲུབ་རྒྱུ་ནི་ཤིན་ཏུ་གལ་ཆེ། འདི་ལྟར་འགྲོ་ཐུབ་ཚེ་ཐོན་མིའི་སློབ་ཚོགས་ཟེར་ཆོག་པའི་ཤེས་རིག་ནོར་བུའི་གླིང་གི་མཐར་ཕྱིན་སློབ་མ་རྣམས་ཀྱི་རང་ཉིད་ཀྱི་མ་ཡུམ་སློབ་གྲྭ་ལ་འདི་ལས་ལྷག་པའི་ཞབས་ཞུ་དང་བཀའ་དྲིན་འཇལ་ཐབས་ཤིག་གཏན་ནས་མེད་ལ། དུས་ཡུན་མི་ལོ་ཉི་ཤུ་ལྷག་གི་རིང་ལ་དགེ་རྒན་དང་ལས་བཟོ་བ་ཡོངས་ཀྱི་དཀའ་སྤྱད་དང་སྡུག་རུས་བྱས་ནས་བསྒྲུབས་དང་སྒྲུབ་བཞིན་པའི་བྱ་བ་དང་། སློབ་མ་རང་ཉིད་ཀྱིས་ཀྱང་བརྩོན་འགྲུས་དང་འབད་འབུངས་བྱས་པའི་བྱ་བ་ལའང་མཇུག་འབྲས་ལེགས་པོ་ཞིག་ཡོང་གིན་ཡོད་པ་དེ་ལྟར་ཡིན་པས།  རང་ཉིད་ཀྱི་མ་ཡུམ་སློབ་གྲྭ་དང་དགེ་རྒན་གྱི་བཀའ་དྲིན་ཡང་དེ་ལས་ལྷག་པའི་འཇལ་ཐབས་ཤིག་གཏན་ནས་མེད་པ་ཡིན། ན་ནིང་རེ་བའི་གཟེངས་རྟགས་ཐོབ་དུས་ཀྱང་བཤད་མྱོང་། གསེར་གྱི་གཟེངས་རྟགས་འདི་ནི་ང་མི་སྒེར་ལ་ཐོབ་པ་ཞིག་གཏན་ནས་མིན་ཏེ། གཟེངས་རྟགས་འདི་ཉིད་ནི་ངས་ལེན་པ་ལ་སྤོབས་པ་ཞིག་ཡོད་པ་ནི། ཐོན་མིའི་སློབ་ཚོགས་ཞེས་པ་མ་འོངས་པ་ན་ཡུལ་གངས་རིའི་ལྗོངས་ལ་ངའི་སློབ་གསོ་འདི་ཉིད་དར་སྤེལ་བྱེད་མཁན་ཞིག་ཡོད་པས་ཡིན་ལ། ངའི་སློབ་གསོ་ནི་ཐོན་མིའི་སློབ་གསོ་ཡིན་ལ། ཐོན་མིའི་སློབ་གསོ་དར་སྤེལ་གཏོང་མཁན་ལ་ཐོན་མིའི་སློབ་ཚོགས་ཞེས་པ་ཞིག་ཡོད། ཐོན་མིའི་སློབ་ཚོགས་ཀྱི་ཚོགས་མི་རེ་རེ་ཡི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཡོང་ན་ད་གཟོད་ཐོན་མིའི་སློབ་གསོ་དར་རྒྱས་གོང་འཕེལ་དང་། ཡུན་རིང་དུ་གནས་པ་ལ་ནུས་པ་ཆེན་པོ་ཐོན་ཐུབ་པ་ཡིན་ལ་དེ་ལྟར་ང་ཉིད་ལའང་ཡིད་ཆེས་ཡོད་ཅེས་བཤད་པ་ཡིན། དེ་ལྟར་སློབ་ཚོགས་ཀྱི་སློབ་མ་སུ་དང་སུ་ཡིན་ནའང་དེ་ལྟར་བསམ་བློ་གཏོང་བ་དང་། ལྷག་བསམ་རྣམ་དག་གིས་བྱ་བ་བསྒྲུབ་རྒྱུ་ནི་ཤིན་ཏུ་གལ་ཆེ། སྤྱིར་བཏང་མི་སུ་ཞིག་ཡིན་ནའང་སྤྱི་ཞིག་ལ་བྱ་བ་བསྒྲུབ་རྒྱུ་དང་། གཞན་ལ་ཕན་འདོགས་པ་སོགས་ཀྱི་བསམ་བློ་རྣམ་པར་དག་པ་ཞིག་ཡོད་ན་གཞན་ལ་ཕན་ཡང་ཐོགས་ངེས་ལ། སྤྱིའི་དོན་ཡང་འཁྱོངས་ཐག་ཆོད་ཡིན་ལ། གཞན་ལ་ཕན་ཐོགས་ཤིང་སྤྱི་བའི་བྱ་གཞག་དག་འཁྱོངས་ཡོད་པའི་ཚེ་ན་ཁྱེད་ཀྱི་རང་དོན་ཞོར་ནས་འགྲུབ་ཡོད། དེ་ནི་ཆོས་ཉིད་ལྟ་བུ་ཞིག་རེད། སྤྱིའི་དོན་སྒྲུབ་མཁན་ཞིག་ཡིན་ན་རང་དོན་མི་འགྲུབ་པ་ཞིག་གཏན་ནས་མེད། དེ་མ་གཏོགས་ཁ་ནས་གཞན་དོན་ཞེས་གླེང་ནའང་ཕུགས་སུ་རང་དོན་ཁོ་ན་མ་གཏོགས་མི་བསམ་ཚེ་མཇུག་འབྲས་ལེགས་པོ་ཞིག་ཡེ་ནས་མི་ཡོང་བ་ལྟ་བུ་ཡིན་པས། དེ་ལྟ་བུ་མ་ཡིན་པར་བྱ་བ་གང་བསྒྲུབ་ནའང་ལྷག་བསམ་རྣམ་དག་གི་སྒོ་ནས་རང་གི་མི་རིགས་དང་། རྒྱ་ཆེ་ས་ནས་སེམས་ཅན་ཐམས་ཅད་ལ་ཕན་ཞིག་འདོགས་རྒྱུའི་བསམ་བློ་ཡང་དག་པ་ཞིག་བཟུང་ནས་བྱ་བ་ཞིག་བསྒྲུབ་ན་ད་གཟོད་རང་དོན་དང་གཞན་དོན་གཉིས་འགྲུབ་པར་མ་ཟད། ཚེ་འདི་དང་ཕྱི་མ་གཉིས་ཀ་ལ་ཡོད་པའི་དོན་ཆེན་ཞིག་ཡིན། བསམ་པ་བཟང་ན་ས་དང་ལམ་བཟང་།། བསམ་པ་ངན་ན་ས་དང་ལམ་ཡང་ངན།།  ཞེས་གསུངས་པ་ལྟར་དུ་བསམ་པ་བཟང་བོ་ཞིག་གི་རྒྱུ་བྱས་ཏེ་བྱ་བ་གང་བསྒྲུབས་ཀྱང་དེ་ནི་དགེ་བའི་ལས་ཡིན་པའི་ཕྱིར་ན་ཆོས་སུ་འགྲོ་བ་དང་། དེ་མ་ཡིན་པར་བསམ་པ་ངན་པ་དང་འཇིག་རྟེན་ཆོས་བརྒྱད་སོགས་ཀྱི་དབང་དུ་སོང་ནས་གསེར་གྱི་སྐུ་ཞིག་བཞེངས་ནའང་། བྱ་བ་དེ་ཉིད་ལེགས་པོ་ཡིན་ནའང་བསམ་པ་ངན་སོང་བའི་རྒྱུ་མཚན་གྱིས་བྱ་བ་དེ་ཉིད་བརླགས་འགྲོ་བ་ལྟ་བུ་རེད། དེའི་རྒྱུ་མཚན་གྱིས་ཚང་མས་དུས་རྒྱུན་དུ་རང་གི་བསམ་བློ་དེ་ཉིད་དགེ་བའི་ངོ་བོར་འགྱུར་རྒྱུ་དང་། བྱ་བ་གང་ཞིག་སྒྲུབ་ཀྱང་དེ་ཉིད་ཆོས་ཀྱི་ངོ་བོར་འགྱུར་ཐུབ་པ་ཞིག་བྱེད་ཐུབ་སོང་ན་དེ་ནི་ཚེ་འདི་ཕྱི་གཉིས་དང་རང་དང་གཞན་གྱི་དོན་རྒྱ་ཆེན་པོ་འགྲུབ་སོང་བ་ཡིན། དེའི་ཕྱོགས་ལ་ཚང་མས་ཧུར་བརྩོན་བྱེད་རྒྱུ་ནི་ངའི་རེ་བ་ཡིན། དེ་རིང་སྐད་འཕྲིན་ཚོགས་པ་འདིར་མཐར་ཕྱིན་སློབ་མ་ལྔ་བརྒྱ་དང་ལྷན་དུ་འཛོམས་ནས་སྐད་ཆ་བཤད་རྒྱུ་བྱུང་བ་ལ་ཤིན་ཏུ་དགའ་ཡོད་ལ། གློ་བུར་དུ་འདི་ལྟར་བཤད་དགོས་ཐུག་དུས་གང་བཤད་འདི་བཤད་མེད་པ་དང་། མགོ་མཇུག་བར་གསུམ་ཚང་བ་ཞིག་ཀྱང་མ་བྱུང་མོད། རང་གི་ཡིད་ལ་དྲན་པ་དང་བཤད་བསམ་པ་དག་བཤད་ཟིན་པ་ཡིན། དེ་ནས་ཚང་མས་བྱ་བ་ལམ་འགྲོ་ཡོང་བ་དང་ལུས་ལ་ན་ཚ་མེད་པ། བསམ་པའི་དོན་ཀུན་འགྲུབ་པའི་སྨོན་འདུན་ཞུས་པ་ཡིན། བཀྲ་ཤིས་བདེ་ལེགས།

ཆན། གསུང་བཤད་འདིའི་ཁ་བྱང་ཡི་གེར་འགོད་མཁན་གྱིས་བཏགས།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སློབ་མའི་དཔུང་སྡེ་ཐོན་མིའི་སློབ་ཚོགས།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སློབ་མའི་ལས་གནས་བྱ་བའི་སྤྱི་བསྡོམས་རེའུ་མིག


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། gd6k བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ངའི་སློབ་གསོ་ནི་ཐོན་མིའི་སློབ་གསོ་ཡིན།   སྤེལ་མཁན།: རྩོམ་སྒྲིག་པ། སྤེལ་དུས:2018/6/4
འདིར་འཛིན་གྲྭ་ཁ་ཤས་ལ་ཆད་ལྷག་ཤོར་བ་ནི་འཛིན་གྲྭའི་འཐུས་ཚབ་པས་སྐབས་ཐོག་ཏུ་ཡིག་ཚགས་ཡར་སྤྲོད་མ་ཐུབ་པས་ཡིན་ལ་རྗེས་མ་འཛིན་གྲྭའི་འཐུས་ཚབ་པས་དུས་ལྟར་ཡིག་ཚགས་སོགས་ཡར་སྤྲོད་པར་འཚལ།
  ངའི་སློབ་གསོ་ནི་ཐོན་མིའི་སློབ་གསོ་ཡིན།   སྤེལ་མཁན།: སྙིང་གསོན་པོ། སྤེལ་དུས:2018/6/4
སྐབས་བཅུ་དྲུག་པའི་འཛིན་གྲྭ་གཉིས་པ་སྟོང་བ་ཉིད་ཡིན་པ་ཅིའི་ཕྱིར་རེད་ལགས།🙏🙏🙏
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
5784668
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号